[toc]

དཔར་སྐྲུན་གསལ་བཤད།

༄༅། །བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་དབུས་པའི་འཇིག་རྟེན་གྱི་སྟོན་པ་དང་སྐྱེས་ཆེན་དམ་པ་རིམ་བྱོན། ཁྱད་པར་བཙན་དབང་ལ་ངོ་རྒོལ་དང་མི་རིགས་རང་དབང་རྩོད་ལེན་སླད་འཚེ་མེད་ཞི་བའི་མཛད་ཐབས་རྒྱུན་སྐྱོང་གནང་མཁན་བདག་ཉིད་ཆེན་པོ་གྷན་དྷི་དང། མར་ཊིན་ལུ་ཐར་ཀིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཅས་ཀྱི་མི་ཚེའི་ལོ་རྒྱུས་དང་རིན་ཐང་བྲལ་བའི་བསླབ་བྱ་ནི། བོད་ཙམ་དུ་མ་ཟད་འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཡོད་གཤིས་དེང་རབས་ཤེས་ཡོན་སློབ་གསོའི་སྲོག་སྙིང་དུ་འཇོག་འོས་པ་བཞིན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་དུའང་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། བཟང་སྤྱོད་སློབ་གསོ་བཅས་གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིར་འཇུག་རྒྱུ་དང་། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་སློབ་ཚན་ཅི་རིགས་པའི་སློབ་དེབ་བམ་ཟུར་རྒྱན་གྱི་ཀློག་དེབ་ནང་གཞག་དགོས་པའི་ལམ་སྟོན་གནང་ཡོད།
    དེ་ལྟར་ཕྱི་ལོ་༢༠༠༩ ལོར་བཞུགས་སྒར་དྷ་སར་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གིས་གདན་ཞུས་འཚེ་མེད་ཞི་བའི་སྦྱོང་བརྡར་གྱི་སློབ་སྟོན་པ་སྐུ་ཞབས་ཇན་ཌལར་(Rabbi Everett Gendler)དང་སྐུ་ཟླ་ཌོག་ཊར་མེ་རའེ་(Dr.Mary Gendler)གཉིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་གདན་ཞུས་ཀྱིས་འཚེ་མེད་ཞི་བའི་སྐོར་གྱི་སློབ་སྟོན་གསུང་བཤད་གནང་བའི་སྐབས། ཤེས་རིག་འབྲེལ་ཡོད་ཁག་དང་བཀའ་མོལ་འཕྲོས་དོན་དུ། འཚེ་མེད་ཞི་བའི་སྦྱོང་བརྡར་གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་ཁ་འབྲལ་ཐབས་མེད་པའི་ནང་དོན་གལ་ཆེན་ཞིག་ཡིན་གཤིས། བསླབ་གཞི་དེ་རིགས་ཀྱི་ནང་དོན་དང་འབྲེལ་བའི་ཀློག་བལྟའི་དེབ་རིགས་དང། གསུང་བཤད། གཏམ་རྒྱུད། ལོ་རྒྱུུས་སོགས་གཞི་རིམ་སློབ་གྲྭའི་ནང་མཁོ་འདོན་གནང་སླད། མཁས་དབང་རྣམ་གཉིས་ཀྱིས་མར་ཊིན་ལུ་ཐར་ཀིན་གྱི་མི་ཚེ་ལོ་རྒྱུས་དང༌བྱིས་པའི་སྒྲུང་གཏམ་འགའ་བཅས་བསྐུར་གནང་མཛད་པ་རང་གཞུང་གི་སྲིད་བྱུས་དགོངས་དོན་དང་མཐུན་པ་མ་ཟད། བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་མིའི་སྤྱི་ཚོགས་བྱིངས་དང་ཁྱད་པར་གཞི་རིམ་དང་མཐོ་རིམ་སློབ་མ་རྣམས་ལ་དུས་སྐབས་སོ་སོར་འཚེ་མེད་ཞི་བའི་ལྟ་གྲུབ་དང་མང་གཙོའི་གོ་རྟོགས་སྤེལ་དང་སྤེལ་མུས་ལགས་ནའང། གཞི་རིམ་སློབ་གྲྭ་ཁག་ལ་འདིའི་སྐོར་གྱི་བསླབ་གཞི་དང་ཟུར་རྒྱན་གང་འོས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་གལ་འགངས་ཆེ་བར་བརྟེན། སྐུ་ཞབས་བྷུདྷ་སྐྱབས་ལ་བོད་སྒྱུར་རེ་སྐུལ་ཞུས་དོན་བཞིན་བོད་སྒྱུར་དཔར་སྒྲིག་གནང་སྟེ་ད་ལམ་ཀློག་མཁན་རྣམས་ཀྱི་སྤྱན་སྔར་འབུལ་བ་ཡིན་ན། ཀློག་མཁན་སྤྱི་དང་ཁྱད་པར་གཞི་རིམ་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་རང་རང་གི་བསླབ་གཞི་གལ་ཆེན་ཞིག་ཏུ་འདུ་ཤེས་པའི་སྒོ་ནས་ཀློག་བལྟ་དང། བསམ་ཞིབ། བགྲོ་གླེང་། ཉམས་ལེན། རྟོག་ཞིབ་བཅས་རྒྱལ་ཁབ་དང་མི་རིགས། གང་ཟག་སྒེར་གྱི་མི་ཚེ་བཅས་ལེགས་ལམ་དུ་འཇུག་པའི་རྒྱུར་འགྱུར་བའི་འབད་བརྩོན་དགོས་པའི་རེ་སྐུལ་ཞུ་རྒྱུ་དང༌ཆབས་ཅིག། ལས་གཞི་འདི་དང་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༩ ཉིན།

གླེང་བརྗོད།

སྒྱུར་པ་པོའི་གསལ་བཤད།

   མར་ཊིན་ལུ་ཐར་ཀིང་མཆོག་ནི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་ནང་གི་གཅིག་ཡིན་ལ། ཁོང་གི་ལོ་རྒྱུས་མདོར་བསྡུས་འདི་ནི་དྲང་བདེན་དང་རང་དབང་ཆེད་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་དང། འཚེ་མེད་ཞི་བ་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན། ཤར་ཕྱོགས་ཀྱི་འཚེ་མེད་ཞི་བའི་རིག་གཞུང་ཟབ་མོའི་བག་ཆགས་ཀྱིས་སྙིང་སྟོབས་དང་གསོན་ཤུགས་རྙེད་དེ། མི་ལོ་ཉིས་བརྒྱའི་བཙན་གནོན་དང་དབང་བསྒྱུར་ལས་རྒྱལ་བར་གྱུར་བའི་སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གི་མཛད་བཟང་ལ་བཀུར་བསྟི་དང་ཡི་རང་བྱེད་མཁན་ནུབ་ཕྱོགས་པ་ཞིག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ལག་བསྟར་གྱིས་རྒྱལ་ཁ་བླངས་པའི་ལོ་རྒྱུས་ཤིག་ཡིན། 
   རང་དབང་དང་དྲང་བདེན་ནི་མིའི་རིགས་ཀྱི་ཁྱིམ་གཞི་ཆེན་པོར་མཁོ་བའི་བདེ་སྐྱིད་ཀྱི་དྲོད་ཁོལ་ཡིན་ལ། རང་དབང་དང་དྲང་བདེན་མེད་པའི་སེམས་རྩ་འཁྱག་ས་ནས་ཚེ་སྲོག་ལ་མཛེས་སྡུག་གི་གཉོམ་ལག་རྒྱས་མི་ཐུབ། དེར་བརྟེན་དམ་པ་ཁོང་དྲོད་ཁོལ་དང་མཛེས་སྡུག་དེ་ལྟ་བུ་ཞིག་འཚོལ་སྙེག་བྱེད་པའི་ལམ་དུ་ཞུགས་པ་ནས། གདུག་རྩུབ་ཆེ་བའི་དྲག་སྤྱོད་ཀྱི་རྒོལ་བ་སྣ་ཚོགས་ཀྱིས་ཁོང་གི་སྐུ་སྲོག་འཕྲོག་པའི་སྦྱོར་བ་ལན་མང་བརྩམས་མོད། ཐེ་ཚོམ་དང་འཇིགས་སྣང་གི་དྲ་བ་ཡོངས་སུ་གཏོར་ཏེ་ཁོང་གི་སྐུ་སྲོག་མེ་མདའི་ཁ་ནས་མ་ཤོར་བར་རླབས་ཆེན་གྱི་རྨི་ལམ་ཞིག་མངོན་དུ་འགྱུར་བར་འབད་པའི་སྙིང་སྟོབས་ཀྱི་བྲག་རི་དེ་ཞིག་མ་མྱོང་།
རང་རིགས་ལ་མཚོན་ན། རིན་ཐང་ལྡན་པའི་ལོ་རྒྱུས་ཀྱི་སློབ་གསོ་འདི་ལྟ་བུ་ནི་རྨོངས་གཉིད་ལས་དཀྲོག་པའི་ཅོང་བརྡ་ཞིག་ཡིན་ལ། མུན་ཀློང་དུ་འཁྱར་བར་སྒྲོན་མེ་ཞིག་ཀྱང་ལོས་ཡིན།  འོན་ཀྱང་ང་རང་ཉིད་ཀྱི་ངོས་ནས་གནོང་འགྱོད་དང་བཅས་དོན་གཉེར་ཅན་གྱི་ཀློག་པ་པོ་ཚོར་དགོངས་དག་ཞུ་རྒྱུ་ཞིག་ནི། ལོ་ཙྰའི་བྱ་བ་འདིར་ཐོག་མར་འཇུག་པའི་རྐང་སྟབས་འཁྱར་འཁྱོར་འདིས་ཁྱེད་ཅག་ལ་ཡིད་མི་ཚིམ་པའི་སྣང་ཚུལ་མང་པོ་ཞིག་བསྐྱེད་ངེས་པ་དེ་ཡིན།
   ཀིང་གི་ལོ་རྒྱུས་འདི་ཨིན་ཡིག་ལས་བསྒྱུར་བ་ཞིག་ཡིན་ལ། སྒྱུར་ཐབས་ཀྱི་ཆ་ནས་དོན་སྒྱུར་དང་ཐད་སྒྱུར་གཉིས་ཟུང་འབྲེལ་བྱས་ཡོད་མོད་གཙོ་བོ་ཐད་སྒྱུར་བྱས་ཡོད། དེབ་འདིའི་ནང་གི་འབྲེལ་ཡོད་ས་ཆའི་མིང་དང་། ཚོགས་པའི་མིང་།  མི་སྒེར་གྱི་མིང་སོགས་བོད་སྐད་ཀྱི་གཤིས་དང་མི་མཐུན་པ་མང་པོ་ཞིག་གི་སྒྲ་རང་སོར་བཞག་ཡོད།
མཐར་དེབ་འདིའི་ལས་དོན་ཐད་རོགས་རམ་གནང་མཁན་ཡོངས་ལ་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྒྱུར་བ་པོས། སྤྱི་ལོ་༢༠༡༠ཟླ་༤ཚེས་༢༥ཉིན།

དེབ་ཀྱི་དཀར་ཆག

སྔོན་གླེང།
དང་པོ། ཁོང་དང་ཁོང་གི་དུས་སྐབས། 
གཉིས་པ། དབུ་ཁྲིད་དུ་བསྐོས་པ།   
གསུམ་པ། ཀིང་དང་གྷན་དྷི།   
བཞི་བ། རྗམ་ཁུ་རོ་སྤྱི་སྤྱོད་འགྲུལ་འཁོར།
ལྔ་པ། སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱས་པ།
དྲུག་པ། འཚེ་མེད་ཞི་བ་དང་མི་རིགས་དཀར་ནག་དབྱེ་འབྱེད་བར་གྱི་འགལ་འདུ།
བདུན་པ། ལས་འགུལ་ལ་རྒྱལ་ཁ་ཐོབ་སྟེ་སྤྱི་སྤྱོད་འགྲུལ་འཁོར་དང་མཉམ་འབྲེལ་བྱས་པ། 
བརྒྱད་པ། དེང་རབས་ཀྱི་མའོ་སེ་ས།  
དགུ་པ། བྷེར་མན་གྷེམ་གྱི་གཡུལ་འགྱེད།  
བཅུ་པ། ཀིང་གྲོང་ཁྱེར་བྷེར་མན་གྷེམ་དུ་བཙོན་ཁང་ནང་སོང་སྟེ་རྒྱལ་ཁ་ཐོབ་པ། 
བཅུ་གཅིག་པ། གྲོང་ཁྱེར་བྷེར་མན་གྷེམ་གྱི་ལས་འགུལ་རྗེས་སུ་བྱུང་བའི་མི་རིགས་ནག་པོའི་གསར་བརྗེ། 
བཅུ་གཉིས་པ། སྤྱི་ལོ་༡༩༦༥ ལོར་ཨཱ་ལཱ་བྷ་མཱ་ས་ཁུལ་དུ་རང་དབང་རྩོད་ལེན་བྱེད་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།   
བཅུ་གསུམ་པ། དབུལ་ཕོངས་ཀྱི་དཀའ་སྡུག་སེལ་ཆེད་འཐབ་རྩོད་བྱས་པ།
བཅུ་བཞི་པ། མཐར་རང་དབང་གི་དཔལ་ལ་རོལ་བ། 

རྩོམ་པ་པོ། ཨི་ར་པེག
སྒྱུར་པ་པོ། བུད་དྷ་སྐྱབས།

མདུན་ཤོག

Menu