རིང་པོ་མ་སོང་བར་དྲང་བདེན་ཆེད་དུ་སྤེལ་བའི་འཐབ་རྩོད་ཀྱི་ལས་འགུལ་དེའི་དབང་གིས་ཀིང་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་སེལ་མཱ་(Selma)ས་གནས་སུ་འགྲོ་དགོས་བྱུང་། ཨཱ་ལཱ་བྷཱ་མཱ་དང་ལྷོ་ཕྱོགས་ཀྱི་མངའ་སྡེ་གཞན་དག་ནང་ད་དུང་ཡང་མི་རིགས་ནག་པོ་ཚོ་ལ་འོས་ཤོག་འཕེན་པའི་ཐོབ་ཐང་མེད། སེལ་མཱ་ས་གནས་ཀྱི་མི་འབོར་ཕྱེད་ལྷག་མི་རིགས་ནག་པོ་ཡིན་མོད། མི་རིགས་ནག་པོ་བརྒྱ་རེའི་ནང་ནས་གཅིག་གིས་མ་གཏོགས་འོས་འཕེན་ཐུབ་ཀྱི་མེད། མི་རིགས་ནག་པོ་ཚོའི་ནང་ནས་འོས་ཤོག་འཕེན་པར་ཐོ་འགོད་བྱེད་མཁན་ཚོ་དཀའ་ངལ་ལ་གཏོད་ཀྱི་ཡོད་དེ། ཁོང་ཚོར་ཁྲིམས་ལུགས་ནང་གི་དོན་ཚན་རིང་པོ་རེ་བློ་ཐོག་ནས་ཤར་མར་སྐྱོར་དགོས་པའི་ཆ་རྐྱེན་འདོན་གྱི་ཡོད་ལ། མཚམས་རེར་མི་རིགས་ནག་པོ་ཚོས་རང་གི་མིང་ཡིག་གི་དག་ཆ་ཅུང་ནོར་བ་ཙམ་གྱིས་འོས་ཤོག་འཕེན་པར་ཐོ་འགོད་བྱེད་པའི་གྲས་ནས་ཕྱིར་ཕུད་ཀྱི་ཡོད། སྐྱོན་ཆ་ཕྲ་མོ་ཙམ་ལའང་ཁ་གཡར་ཏེ་མི་རིགས་ནག་པོ་ཚོའི་ལག་ནས་འོས་ཤོག་འཕེན་པའི་གོ་སྐབས་འཕྲོག་ཐབས་བྱེད་ཀྱི་ཡོད།
   སྤྱི་ལོ་༡༩༦༥ ལོའི་ནང་ཀིང་གིས་སེལ་མཱ་ས་ཁུལ་དུ་འོས་ཤོག་འཕེན་པའི་མི་རིགས་ནག་པོ་ཚོ་ཐོ་འགོད་བྱ་ཐུབ་ཐབས་ལ་འབད་རྒྱུའི་འགོ་བརྩམས། ཁོང་གིས་སྣེ་ཁྲིད་པའི་མི་རིགས་ནག་པོ་འབོར་ཆེན་ཞིག་གིས་ཞི་བའི་གོམ་བགྲོད་ཀྱིས་ཁྲིམས་རའི་ཕྱོགས་སུ་འོས་ཤོག་འཕེན་པར་ཐོ་འགོད་བྱེད་དུ་སོང་། ཁྲིམས་ར་རུ་སླེབས་དུས་ཁོང་ཚོ་ཤེ་རི་ཧྥ་རྗིམ་ཀ་ལཱག་(Sheriff Jim Clark)ལ་ཐུག མི་ཚོས་བཤད་རྒྱུན་ལ་ཁོང་གི་མངའ་འོག་ན་ཡོད་པའི་ལས་བྱེད་ཁ་ཤས་ཀེ་ཀེ་ཀེ་ཡི་ཚོགས་མི་ཡིན་པར་བརྗོད། ཀ་ལཱག་གིས་བཀའ་རྒྱ་བཏང་སྟེ་བདུན་ཕྲག་བདུན་ཙམ་གྱི་ནང་དུ་མི་རིགས་ནག་པོ་ཉིས་སྟོང་བཙོན་ལ་བཅུག་པ་དང་། དེའི་ནང་གི་གཅིག་ནི་ཀིང་ཡིན།
   སྐབས་དེར་མཚན་མོ་ཞིག་ལ་ཞི་བའི་གོམ་བགྲོད་ནང་ཞུགས་པའི་མི་རིགས་ནག་པོ་ཞིག་གྲོང་རྡལ་དང་ཉེ་སར་མེ་མདའ་བརྒྱབ་སྟེ་བསད། ཁོང་དབུགས་ཀྱི་རྒྱུ་བ་མ་ཆད་གོང་མེ་མདའ་རྒྱག་མཁན་དེ་མངའ་སྡེ་གཞུང་གི་དམག་མི་ཞིག་རེད་ཅེས་བཤད། ཀིང་གིས་སེལ་མཱ་ས་གནས་ནས་བར་ཐག་མ་ལེ་ལྔ་བཅུ་ཙམ་ཡོད་པའི་མོན་ཌ་གྷོ་མི་རེ་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་ཁང་བར་ཞི་བའི་གོམ་བགྲོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བར་གྲ་སྒྲིག་བྱས། ཁོང་གིས་”ངས་ཁྱེད་ཀྱི་ཁྱིམ་དུ་འགད་རྫས་མི་གཡུག་པའི་འགན་ལེན་བྱ་ཐུབ་ཀྱི་མེད་ལ། ངས་ཁྱེད་ཀྱིས་གཅར་རྡུང་མྱོང་མི་དགོས་པའི་ཁག་ཐེག་ཀྱང་བྱེད་ཐུབ་ཀྱི་མེད། འོན་ཀྱང་ང་ཚོ་དྲང་བདེན་གྱི་ཕྱོགས་སུ་ཅིས་ཀྱང་ལང་ཐུབ་དགོས།”ཞེས་གསུངས།
   ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་མངའ་སྡེའི་སྲིད་སྐྱོང་རྗོར་རྗེ་ཡཱ་ཝཱ་ལཱ་སེ་(Georgia Wallace)ཡིས་ཞི་བའི་གོམ་བགྲོད་དེ་འགོག་ཐབས་བྱས། འོན་ཀྱང་སྤྱི་ཟླ་༣ པའི་ཚེས་༧ ཏེ་རེས་གཟའ་ཉི་མའི་ཉིན་མི་རིགས་ནག་པོ་དྲུག་བརྒྱ་ལྔ་བཅུ་ཙམ་དང་མི་རིགས་དཀར་པོ་ཁ་ཤས་ཀྱིས་མོན་ཌ་གྷོ་མི་རེ་ས་གནས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་གོམ་བགྲོད་འགོ་བཙུགས། སེལ་མཱ་ས་གནས་ཀྱི་མཐའ་མཚམས་བརྒལ་མ་ཐག་དྲག་ཆས་དཀྲིས་པའི་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་དམག་མི་དྲུག་ཅུ་ཙམ་གྱིས་ཁོ་ཚོའི་མདུན་ནས་བཀག་པ་དང་། ཤེ་རི་ཧྥ་ཀ་ལཱག་གིས་མངགས་པའི་མི་ཚོ་ཡང་དེར་སླེབས་ཡོད་ལ་ཁ་ཤས་ཀྱི་རྟ་བཞོན་ཡོད། མངའ་སྡེའི་སྤྱི་བདེ་མི་སྣ་ཞིག་གིས་ཞི་བའི་གོམ་བགྲོད་བྱེད་མཁན་ཚོ་ཕྱིར་ལོག་དགོས་པའི་བཀའ་བཏང་། ཁོས་ཞི་བའི་གོམ་བགྲོད་པ་ཚོ་ལ་དུས་ཡུན་སྐར་མ་གཉིས་ཀྱི་གོ་སྐབས་སྤྲད་དེ་དེའི་ནང་ཚུད་ལ་ཕྱིར་ལོག་དགོས་ཞེས་བཤད། འོན་ཀྱང་ཞི་བའི་གོམ་བགྲོད་བྱེད་མཁན་ཚོ་ཕྱིར་མ་ལོག་པར་རང་སོར་བསྡད་པས། སྤྱི་བདེ་མི་སྣ་ཚོ་ཞི་བའི་གོམ་བགྲོད་བྱེད་མཁན་ཚོའི་ཕྱོགས་སུ་ཡོང་སྟེ། མིག་ཚ་བའི་དུག་རླངས་དང་། དབྱུག་པ་དང་། ལྕག་ཚན་སོགས་སྤྱད་ནས་ཉེས་རྡུང་བཏང་། ཞི་བའི་གོམ་བགྲོད་བྱེད་མཁན་ཁ་ཤས་ས་རུ་འགྱེལ་བའི་སྟེང་དུ་རྟ་བཏང་སྟེ་རྨིག་པས་བརྫི་རུ་བཅུག། མི་བདུན་ཅུ་ལྷག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་།
   ཨ་རི་རྒྱལ་ཡོངས་ཀྱི་མི་མང་པོ་ཞིག་གིས་གནས་ཚུལ་དེ་ཐོས་པས་ཁོང་ཁྲོ་རབ་ཏུ་ལངས་ཏེ། གྲོང་ཁྱེར་མང་པོ་ཞིག་གི་ནང་དུ་ཞི་བའི་གོམ་བགྲོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ། སྤྱི་ཟླ་༣ པའི་ཚེས་༩ སྟེ་རེས་གཟའ་མིག་དམར་ཉིན་ཀིང་གིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞན་ཞིག་སྤེལ་རྒྱུའི་འབོད་སྐུལ་བྱས། སྐབས་དེར་ཨ་རི་རྒྱལ་ཡོངས་ཀྱི་ས་ཁུལ་ཀུན་ནས་མི་རིགས་དཀར་པོའི་ཡེ་ཤུ་ཆོས་ཁང་གི་ཆོས་དཔོན་དང་བླ་མ། ཁྲིམས་ལུགས་སློབ་དཔོན་གྱི་རིགས་སོགས་མི་གྲངས་བཞི་བརྒྱ་ལྷག་སེལ་མཱ་ས་གནས་སུ་ཡོང་ནས་ཞི་བའི་གོམ་བགྲོད་བྱེད་མཁན་ཚོ་དང་མཉམ་དུ་ལས་འགུལ་ནང་ཞུགས། ཡང་བསྐྱར་སྤྱི་བདེ་མི་སྣ་ཚོས་ཁོང་ཚོ་མུ་མཐུད་ནས་འགྲོ་རུ་མ་བཅུག་པར་བཀག་མོད། ཐེངས་འདིར་ཞི་བའི་སྒོ་ནས་འགོག་ཐབས་བྱེད་པ་ལས་སྔར་བཞིན་དྲག་པོ་མ་བྱས།
   འོན་ཀྱང་དགོང་མོ་དེར་སེལ་མཱ་ས་ཁུལ་དུ་ཁྲིམས་མེད་ལུགས་མེད་ཀྱི་མི་རིགས་དཀར་པོ་གསུམ་གྱིས་མི་རིགས་དཀར་པོའི་ཡེ་ཤུའི་ཆོས་དཔོན་གསུམ་ལ་གཅར་རྡུང་བྱས་པ་དང་། གཅར་རྡུང་བྱ་ས་དེ་དག་ལས་བྷོ་ས་ཌོན་ནས་ཡིན་པའི་ཆོས་དཔོན་རྗམ་སུ་རེབ་སྐུ་གྲོངས་ཤིང་དོན་རྐྱེན་དེས་ཨ་རིའི་མི་དམངས་ཡོངས་ཀྱི་སེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། སྲིད་འཛིན་རྗོན་སན་གྱིས་”འདི་ནི་མ་འོངས་པར་ཨ་རིའི་རྒྱལ་ཁབ་ཀྱི་ནང་བསྐྱར་དུ་འབྱུང་རྒྱུར་སྔོན་འགོག་ནན་པོ་བྱ་དགོས་བའི་རྐྱེན་ངན་”ཞིག་ལ་ངོས་འཛིན་བྱས། སྐབས་དེར་སེལ་མཱ་ས་ཁུལ་དུ་སོང་སྟེ་ཞི་བའི་གོམ་བགྲོད་ཀྱིས་ལས་འགུལ་སྤེལ་མཁན་ཚོ་དང་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་སོང་།
   མཐར་ཨ་རི་རྒྱལ་ཡོངས་ཀྱི་ཁྲིམས་དཔོན་ཞིག་གིས་མངའ་སྡེའི་སྲིད་སྐྱོང་ཝཱ་ལཱ་སེ་(Wallace)དང་འབྲེལ་ཡོད་ཚང་མར་ཞི་བའི་གོམ་བགྲོད་བྱེད་པ་དེ་བཀག་འགོག་མ་བྱེད་ཅེས་བཀའ་བཏང་ལ། ཁོང་གིས་ད་དུང་ཝཱ་ལཱ་སེ་ལ་ཞི་བའི་གོམ་བགྲོད་བྱེད་མཁན་ཚོ་ལ་སྤྱི་བདེ་མི་སྣའི་ངོས་ནས་བདེ་འཇགས་ཐད་སྲུང་སྐྱོབ་བྱ་དགོས་པའི་བཀའ་བཏང་། ཝཱ་ལཱ་སེ་ཡིས་མངའ་སྡེ་གཞུང་གི་ངོས་ནས་གོམ་བགྲོད་བྱེད་མཁན་ཚོར་སྲུང་སྐྱོབ་ཀྱི་འགན་ལེན་བྱེད་པར་མཐུན་རྐྱེན་སྦྱོར་རྒྱུའི་དངུལ་མེད་ཅེས་བརྗོད་པར། སྲིད་འཛིན་རྗོན་སན་གྱིས་ཨཱ་ལཱ་བྷཱ་མཱ་ས་གནས་སུ་ཡོད་པའི་རྒྱལ་སྲུང་དམག་མི་དང་ཨ་རི་གཞུང་གི་དམག་མི་བཏང་སྟེ་ཞི་བའི་གོམ་བགྲོད་བྱེད་མཁན་ཚོའི་བདེ་འཇགས་འགན་ལེན་བྱེད་པའི་སྲུང་སྐྱོབ་བྱ་རྒྱུའི་བཀའ་བཏང་།
   སྤྱི་ཟླ་༣ པའི་ཚེས་༢༡ ཉིན་ཞི་བའི་གོམ་བགྲོད་བྱེད་མཁན་མི་གྲངས་སུམ་སྟོང་བརྒལ་བ་ཞིག་མོན་ཌ་གྷོ་མི་རེ་ཡི་ཕྱོགས་སུ་བསྐྱོད་རྒྱུའི་འགོ་བརྩམས། སྐབས་དེའི་ལས་འགུལ་གྱི་སྣེ་ཁྲིད་མཁན་ནི་ཀིང་དང་རཱལ་ཧྥ་བྷན་ཆེ་(Ralf Bunche)གཉིས་ཡིན། ཁོང་ཚོས་ཉིན་ལྔའི་རིང་གོམ་བགྲོད་བྱས་ཤིང་། ཉིན་གང་གོམ་བགྲོད་བྱས་ཏེ་མཚན་མོར་ཞིང་ཁའི་ནང་དུ་ཉལ་གྱིན་ཡོང་བ་ཡིན་ལ། ཟ་མ་ཚ་བོའི་རིགས་དོས་སྐྱེལ་འགྲུལ་འཁོར་ནང་ཁྱེར་ནས་ཁོང་ཚོར་མཁོ་སྤྲོད་ཡོང་ཐབས་བྱས། ཉིན་ལྔ་པ་དེར་ཁོང་ཚོ་གོམ་བགྲོད་ཀྱིས་མངའ་སྡེའི་གྲོས་ཚོགས་ཀྱི་མདུན་ཐང་དུ་སླེབས་ཤིང། དེར་མི་རིགས་དཀར་པོ་དང་ནག་པོ་སྟོང་ཕྲག་མང་པོ་ཁོང་ཚོ་དང་མཉམ་ཞུགས་བྱས། ཁོང་ཚོས་ཝཱ་ལཱ་སེ་ལ་མི་རིགས་ནག་པོ་ཚོས་འོས་ཤོག་འཕེན་པའི་ཐོབ་ཐང་སྐོར་བཤད་འདོད་ཡོད་མོད། ཝཱ་ལཱ་སེ་ཁོང་ཚོའི་མཐོང་སར་མ་བུད། སྐབས་དེར་ཀིང་གིས་གཏམ་བཤད་ཅིག་སྤེལ།
ཁོང་གིས་”མི་ཚོས་ང་ཚོ་འདིར་སླེབས་ཐབས་མེད་པར་བཤད་མྱོང་ཡོད་ལ། ཁ་ཤས་ཀྱིས་ད་དུང་ང་ཚོ་ཚང་མ་བསད་ནས་མ་ཚར་ན་ཁྱེད་ཚོ་ས་ཆ་འདིར་སླེབས་ཐུབ་པའི་རེ་བ་མ་བྱེད་ཅེས་བཤད་མྱོང་ཡོད་པ་རེད། འོན་ཀྱང་དེ་རིང་འཛམ་གླིང་མི་མང་ཚང་མས་ང་ཚོ་འདིར་འབྱོར་ཏེ་ང་ཚོས་སུ་ལ་ཡང་བསླུ་བྲིད་བྱེད་དུ་འཇུག་རྒྱུ་མིན་ཟེར་གྱི་ཡོད་པའི་གནས་ཚུལ་གསལ་པོར་རྟོགས་ཀྱི་ཡོད་པ་རེད།”ཅེས་གསུངས།
   ཀིང་གིས་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་ཡོད་པའི་སློབ་གྲྭ་ཁག་དང་། འོས་བསྡུ་བྱ་སའི་ས་ཆ་ཁག་དང་། དེ་བཞིན་དབུལ་ཕོངས་ཀྱི་གནད་དོན་སོགས་ཀྱི་ཐད་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་མང་ཙམ་སྤེལ་བའི་འབོད་སྐུལ་བྱས་ཤིང་། ཁོང་གིས་”ད་ལྟ་ང་ཚོར་ངེས་པར་དུ་རང་དབང་རག་དགོས་ལ། འོས་ཤོག་འཕེན་པའི་ཐོབ་ཐང་དང་། ཁྲིམས་ལུགས་ངོས་ནས་འདྲ་མཉམ་གྱི་བདག་དབང་སྲུང་སྐྱོབ་དགོས།”ཞེས་བཤད།
   ལས་འགུལ་སྤེལ་ཚར་རྗེས་གོམ་བགྲོད་བྱེད་མཁན་ཚོ་ཞི་བའི་ངང་ནས་རང་སར་སོང་མོད། དགོང་མོ་དེར་དྲག་སྤྱོད་ཀྱི་ལས་མང་དག་ཅིག་སྤེལ། སྤྱི་དམངས་ཐོབ་ཐང་སྐོར་ལ་བྱ་བ་སྒྲུབ་པའི་མི་རིགས་དཀར་པོའི་བུད་མེད་ཞིག་ལ་མེ་མདའ་བརྒྱབ་སྟེ་མོ་རང་གི་རླངས་འཁོར་ནང་བསད། ཀེ་ཀེ་ཀེ་ཡི་ཚོགས་ཁུངས་ཀྱི་མི་གསུམ་འཛིན་བཟུང་བྱས་ཤིང་། དེའི་ནང་ནས་གཉིས་ལ་ལོ་བཅུའི་ཁྲིམས་ཆད་བཅད།
    ཞི་བའི་གོམ་བགྲོད་འགོ་མ་བཙུགས་གོང་སྲིད་འཛིན་རྗོན་སན་གྱིས་གྲོས་ཚོགས་སུ་གཏམ་བཤད་ཅིག་གནངས་། ཁོང་གིས་”རང་རེའི་རྒྱལ་ཁབ་ཀྱི་སྤུན་ཟླ་མི་རིགས་སུ་འདྲ་ཞིག་ཡིན་ཡང་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་པར་བྱ་དགོས། ཁག་ཅིག་ལ་འོས་ཤོག་འཕེན་པའི་ཐོབ་ཐང་མེད་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ང་ཚོ་ཚང་མས་རང་ལྟ་མཆོག་འཛིན་དང་དྲང་བདེན་མིན་པའི་ལས་ལ་གཞོལ་རྒྱུ་མཚམས་འཇོག་བྱ་དགོས།”ཞེས་གསུངས།
    ད་དུང་སྲིད་འཛིན་རྗོན་སན་གྱིས་གྲོས་ཚོགས་ནང་དུ་འོས་ཤོག་འཕེན་པའི་ཐོབ་ཐང་གི་ཁྲིམས་གཞི་གསར་པ་ཞིག་རྩ་ཁྲིམས་ནང་གཏན་འབེབས་བྱ་དགོས་པའི་གྲོས་འཆར་བཏོན་པ་དང་། གྲོས་འཆར་དེ་རྩ་ཁྲིམས་ནང་གཏན་ལ་ཕབ་སྟེ་སྤྱི་ལོ་༡༩༦༥ ལོར་གཏན་ལ་ཕབ་པའི་རྩ་ཁྲིམས་ནང་གི་འོས་བསྡུའི་ཐོབ་ཐང་གི་སྒྲིག་གཞིའི་དོན་ཚན་ཞིག་ཏུ་གྱུར། འོས་བསྡུའི་ཐོབ་ཐང་གི་སྒྲིག་གཞི་ཞིག་རྩ་ཁྲིམས་ནང་གཏན་ལ་ཕབ་པ་དེས། སྤྱི་ལོ་༡༩༦༤ ལོར་མི་རིགས་ནག་པོའི་ས་གནས་སོ་སོའི་མི་འབོར་གྱི་གྲངས་ཚད་ཕྱེད་ཀ་མ་ཟིན་ཙམ་གྱིས་འོས་ཤོག་འཕེན་པའི་ཆ་རྐྱེན་དུ་ཡིག་རྒྱུགས་གཏོང་དགོས་བའི་ལམ་སྲོལ་དེ་རིགས་མེད་པར་བཟོས་པ་མ་ཟད། འོས་བསྡུ་བྱ་སའི་ས་གནས་ཁག་ཏུ་འོས་ཤོག་འཕེན་མཁན་ཚོ་ཐོ་འགོད་བྱ་བར་ལྟ་རྟོག་བྱེད་པའི་ལས་བྱེད་རྣམས་སྲིད་གཞུང་གི་ངོས་ནས་གཏོང་རྒྱུ་བྱས། དེ་ནི་སེལ་མཱ་ས་གནས་སུ་ཞི་བའི་གོམ་བགྲོད་བྱས་པ་དེར་ཐོབ་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་རེད།

མདུན་ཤོག

Menu