ཁྲིམས་གཏུག་གིས་ངོ་རྒོལ་ལས་འགུལ་འགོག་ཐབས་མ་བྱུང་། ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུ་བྱས་པ་དེས་མི་རིགས་ནག་པོ་ཚོའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་ཤུགས་སྔར་ལས་ཇེ་ཆེར་བཏང་། ད་སྐབས་ཀིང་གིས་ངོ་རྒོལ་ལས་འགུལ་འགོག་མི་ཐུབ་པའི་གདེང་ཚོད་རྙེད་ཡོད། ད་སྐབས་མི་རིགས་དཀར་པོའི་འགོ་ཁྲིད་ཚོ་སྔར་གྱི་འཇིགས་སྐྲག་གིས་མནར་བའི་མི་རིགས་ནག་པོ་ཚོའི་ཁ་གཏད་དུ་ལང་རྒྱུ་ལས་ལྡོག་སྟེ་འཇིགས་ཞུམ་བྲལ་བའི་མི་རིགས་ནག་པོ་གསར་པ་ཞིག་གི་ཁ་གཏད་དུ་ལངས་དགོས་ཆགས་ཡོད།
   ད་ལྟ་མོན་ཌ་གྷོ་མེ་རེ་ས་ཁུལ་ཡར་ཐོན་ལྷན་ཚོགས་ཀྱི་འགོ་ཁྲིད་རྣམ་པའི་སྙིང་སྟོབས་ཀྱང་ཇེ་ཆེར་སོང་ཡོད། ཁོང་ཚོས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་ཐག་གཅོད་བྱས། ཁོང་ཚོའི་ནང་གི་ཁྲིམས་རྩོད་པ་ཚོ་ཨ་རིའི་སྤྱི་མཐུན་མངའ་སྡེའི་སྲིད་གཞུང་གི་ཁྲིམས་ཁང་ཆེན་མོར་ཞུ་གཏུག་བྱེད་དུ་སོང་། ཁྲིམས་རྩོད་པ་ཚོས་ཁྲིམས་དཔོན་ཚོ་ལ་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་ངན་དེ་མེད་པར་བཟོ་དགོས་པའི་རེ་འདུན་བཏོན་ལ། ཁོང་ཚོས་དེ་ནི་ཨ་རིའི་སྤྱི་མཐུན་མངའ་སྡེའི་རྩ་ཁྲིམས་དང་འགལ་ཡོད་ཚུལ་བཤད། སྤྱི་ལོ་༡༩༥༤ ལོའི་ཟླ་༥ པའི་ནང་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་ངོས་ནས་སློབ་གྲྭའི་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་དེ་རྩ་ཁྲིམས་དང་འགལ་ཡོད་སྐོར་བཤད་དེ། སློབ་གྲྭ་ཁག་གི་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་མེད་པར་བཟོ་དགོས་པའི་བཀའ་རྒྱ་བསྒྲགས། སྤྱི་ལོ་༡༩༥༦ ལོའི་ཟླ་༥ པའི་ནང་མོན་ཌ་གྷོ་མེ་རེ་ས་ཁུལ་ཡར་ཐོན་ལྷན་ཚོགས་ཀྱི་ཁྲིམས་རྩོད་པ་ཚོས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་དེ་མེད་པར་བཟོ་ཐབས་ཀྱི་རེ་བ་བྱས། ཨ་རིའི་སྤྱི་མཐུན་མངའ་སྡེའི་ཁྲིམས་དཔོན་ཚོས་མོན་ཌ་གྷོ་མེ་རེ་ས་ཁུལ་ཡར་ཐོན་ལྷན་ཚོགས་ཀྱི་ཁྲིམས་རྩོད་པ་ཚོའི་རེ་འདུན་ལྟར། ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་དེ་རྩ་ཁྲིམས་དང་མི་མཐུན་པ་ཞིག་ཡིན་ཚུལ་བཤད། འོན་ཀྱང་མོན་ཌ་གྷོ་མེ་རེ་གྲོང་ཁྱེར་གྱི་ཁྲིམས་རྩོད་པ་ཚོས་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲོལ་དེ་ཁྲིམས་ལུགས་དང་མཐུན་པས། གནད་དོན་འདི་ཐག་གཅོད་བྱེད་པར་གོང་རིམ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གཏུག་བཤེར་བྱ་དགོས་ཚུལ་བཤད། སྐབས་འདིར་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་གི་ལས་འགུལ་མུ་མཐུད་སྤེལ་གྱི་ཡོད་ལ།    མཐར་མི་རིགས་ནག་པོ་ཚོར་རྒྱལ་ཁ་འཐོབ་པའི་རེ་བ་ཡོད།
   རྒྱལ་ཁ་དེ་དཀའ་ཚེགས་མེད་པར་ཐོབ་པ་ཞིག་མ་ཡིན་ཏེ། མོན་ཌ་གྷོ་མེ་རེ་ས་གནས་ཀྱི་གཞུང་ཞབས་པ་ཚོས་ལས་འགུལ་ཕམ་པར་རྒྱག་ལ་ཁད་བྱས། སྤྱི་ཟླ་༡༢ པའི་ནང་ཁོང་ཚོས་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་ཁྲིམས་ཁང་ཞིག་ལ་མོན་ཌི་གྷོ་མེ་རི་ས་གནས་ཡར་ཐོན་ལྷན་ཚོགས་ཀྱི་རླངས་འཁོར་རྣམས་འགོག་དགོས་བའི་འབོད་སྐུལ་ཞུས་ཤིང་། རླངས་འཁོར་དེ་དག་ཁྲིམས་མཐུན་མིན་ཚུལ་བཤད།
ཀིང་ཡི་མུག་གི་ནང་དུ་ལྷུང་། ཁོང་གིས་མོན་ཌ་གྷོ་མེ་རེ་ས་གནས་ཁྲིམས་ཁང་གིས་རླངས་འཁོར་རྣམས་འགྲོ་མི་ཆོག་པའི་བཀའ་རྒྱ་གཏོང་རྒྱུ་ཡིན་པ་ཤེས་ཡོད། རླངས་འཁོར་དག་མེད་ཚེ་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱེད་པའི་ལས་འགུལ་གྱི་རྒྱུན་ཇི་ལྟར་སྐྱོང། ལས་འགུལ་རྒྱུན་འཁྱོང་བྱ་རྒྱུའི་རེ་བ་ཟད་པ་ལྟར་གྱུར། ཀིང་གིས་”དེ་ནི་ང་ཚོར་དཀའ་སྡུག་ཆེ་ཤོས་ཀྱི་དུས་སྐབས་རེད་”ཅེས་གསུངས།
   སྤྱི་ཟླ་༡༡ པའི་ཚེས་༡༣ ཉིན་ཀིང་དང་མོན་ཌ་གྷོ་མེ་རེ་ས་གནས་ཡར་ཐོན་ལྷན་ཚོགས་ཀྱི་ཁྲིམས་རྩོད་པ་ཚོ་རླངས་འཁོར་རྣམས་འགྲོ་རྒྱུག་བྱེད་ཆོག་པ་ཡོང་ཆེད་ཁྲིམས་ཁང་དུ་བཅར། ཉིན་གུང་ཡོལ་མཚམས་སུ་ཁྲིམས་རའི་ནང་དུ་ནམ་རྒྱུན་དང་མི་འདྲ་བའི་སྐད་ཅོར་ཆེ་རུ་སོང་། གསར་འགོད་པ་ཚོ་ཁྲིམས་རའི་སྒོའི་ཕྱི་ནང་ལ་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་ཡོད། ཁོང་ཚོས་གནས་ཚུལ་ཞིག་ཤེས་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར་སྣང་། གློ་བུར་དུ་ཁོང་ཚོའི་ནང་ནས་གཅིག་གིས་ཀིང་གི་ལག་ཏུ་ཤོག་ལྷེ་ཞིག་བཞག་ཅིང་། ཁོས་ཀིང་ལ་”འདི་ཀློགས་དང་། འདི་ནི་ཁྱེད་ཀྱིས་ཡུན་རིང་རེ་སྒུག་བྱ་ས་དེ་རེད།”ཅེས་བཤད།
ཀིང་གིས་ཨ་རིའི་སྤྱི་མཐུན་མངའ་སྡེའི་སྲིད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ཁྲིམས་སྲོལ་དེ་རྩ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་པར་ངོས་འཛིན་བྱས་པ་བཀླགས། ཁོང་གི་སེམས་པ་སྤྲོ་བས་ཁེངས། ཁོང་ཁྲིམས་རའི་མཐའ་འཁོར་ལ་རྒྱུགས་ཏེ་ཡིད་དགའ་བའི་གཏམ་བཟང་དེ་ཁྱབ་བསྒྲགས་བྱས་པས། ཁོང་ཚོའི་ནང་ནས་གཅིག་གིས་”བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེས་ཝ་ཤིང་ཌོན་ཌེ་སེ་(Washington D.C)ནས་ཐུགས་རྗེས་གཟིགས་བྱུང་།”ཟེར།
   ཉིན་དེའི་དགོང་མོར་མོན་ཌ་གྷོ་མེ་རེ་ས་གནས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་རླངས་འཁོར་འགྲོ་རྒྱུག་མི་ཆོག་པའི་བཀའ་ཕབ། འོན་ཀྱང་ད་ནི་དེ་ཙམ་གྱིས་སྐྱོན་ཆེན་པོ་མེད། ཉིན་ཁ་ཤས་ཀྱི་རྗེས་སུ་མོན་ཌ་གྷོ་མེ་རེ་ས་གནས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་འབྱོར་རྒྱུ་ཡིན་ལ། དེ་ནས་བཟུང་སྤྱི་སྤྱོད་འགྲུལ་འཁོར་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་དེ་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
དགོང་མོ་དེར་རྒྱལ་ཁ་དེ་སྤྲོ་བའི་ངང་བསུ་སླད་མི་རིགས་ནག་པོ་སྟོང་ཕྲག་མང་པོ་ལྷན་དུ་འཛོམས། ཁོང་ཚོས་མགུར་དབྱངས་ཤིག་བཏང་བ་དེ་ཇི་བཞིན་བློ་སྤོབས་ཀྱང་ཇེ་མཐོར་སོང་ཡོད། དེ་ནས་མི་རིགས་དཀར་པོའི་ཆོས་དཔོན་རོ་བྷེར་ཌ་གྷ་རེ་ཛ་(Robert Graetz)ཡིས་ཡེ་ཤུའི་གསུང་རབ་ནང་ནས་ཚན་པ་ཞིག་བཀླགས། ”ང་བྱིས་པའི་དུས་སུ། ངས་བྱིས་པ་ཇི་བཞིན་སྐད་ཆ་བཤད་ཀྱི་ཡོད་ལ། ངས་བྱིས་པ་ཇི་བཞིན་གོ་བ་ལེན་གྱི་ཡོད། ངས་བྱིས་པ་ཇི་བཞིན་བསམ་བློ་གཏོང་གི་ཡོད། འོན་ཀྱང་ང་འཚར་ལོངས་བྱུང་བ་ནས་ངས་བྱིས་བློའི་དྲི་མ་ཡོད་ཚད་རིང་དུ་དོར་བ་ཡིན།”
མི་མང་ཚོས་སྤྲོ་སྣང་གིས་དགའ་འབོད་བྱས་ཤིང་ལག་རས་རྣམས་གཡུག་གཡུག་བྱས། ཁོང་ཚོས་རང་ཉིད་འཚར་ལོངས་བྱུང་ཡོད་པ་ཤེས་ཀྱི་ཡོད་ལ། ཀིང་གིས་ཁོང་ཚོའི་སེམས་ཁམས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་སིམ་ཡོད་པ་མཁྱེན་གྱི་ཡོད།
   འདུ་འཛོམས་ཀྱི་སྐབས་སུ་ལས་འགུལ་མཚམས་འཇོག་བྱ་རྒྱུའི་ཐད་འོས་ཤོག་འཕངས། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་རྒྱ་མ་འབྱོར་བར་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་རྒྱུ་བྱས། མཚན་གུང་གདེངས་ཞྭ་གྱོན་པའི་ཀེ་ཀེ་ཀེ་རླངས་འཁོར་བཞི་བཅུ་ཙམ་མི་རིགས་ནག་པོ་རྣམས་འདུག་སའི་གྲོང་གསེབ་བརྒྱུད་ནས་སླེབས། སྔོན་ཆད་ད་ཚོད་མི་རིགས་ནག་པོ་ཚོ་ཁང་ཁྱིམ་ནང་དུ་འཛུལ་ཏེ་ནང་སྒོ་གཏད་ཅིང་གློག་སྒྲོན་ཡང་གཟིམ་ནས་ཡོད། འོན་ཀྱང་དེ་རིང་དེ་ལྟར་མིན་པར་ཁོང་ཚོ་གློག་སྒྲོན་གྱི་ངོགས་སུ་སྒོའི་ཁྱམས་གྱི་ཐེམ་པའི་སྟེང་ཙོག་པུར་བསྡད་ཡོད། ད་དུང་ཁ་ཤས་ཀྱིས་ཀེ་ཀེ་ཀེ་ཚོའི་ཕྱོགས་སུ་ལག་པ་གཡུག་གཡུག་ཀྱང་བྱས་པས། ཀེ་ཀེ་ཀེ་ཚོ་ཡིད་མ་ཆེས་པ་ལྟར་གྱུར་ཅིང་། ཁང་མིག་ཁ་ཤས་ཀྱི་སྒོ་འགྲམ་བརྒྱུད་ནས་སོང་མཐར་ཡིད་སུན་གྱིན་ཕྱིར་ལོག་དགོས་བྱུང་། ད་སྐབས་ཀིང་ལ་ལས་དོན་གཞན་ཞིག་ཡོད་པ་ནི་མི་རིགས་ནག་པོ་ཚོ་སྤྱི་སྤྱོད་འགྲུལ་འཁོར་དང་མཉམ་འབྲེལ་བྱ་འཇུག་རྒྱུའི་གྲ་སྒྲིག་བྱེད་དགོས་པ་དེ་ཡིན། ཀིང་དང་འགོ་ཁྲིད་གཞན་པ་ཚོས་མི་རིགས་ནག་པོ་ཚོ་ལ་སྤྱི་སྤྱོད་འགྲུལ་འཁོར་ནང་འདུག་མཁན་མི་རིགས་དཀར་པོ་ཚོར་སྤྱོད་ལམ་ཡག་པོ་སྟོན་དགོས་པ་དང་འབྲེལ་ལམ་ཡག་པོ་འཛིན་དགོས་པའི་བསླབ་བྱ་བརྒྱབ། ཀིང་གིས་”མི་རིགས་ནག་པོ་ཚོས་མི་རིགས་དཀར་པོ་ལས་རྒྱལ་བའི་རང་རློམ་གྱི་བསམ་བློ་མ་གཏོང་། རྒྱལ་ཁ་དེ་མི་རིགས་དཀར་པོ་ཚོ་ལས་རྒྱལ་བ་ཞིག་མ་ཡིན། དེ་ནི་ལྷོ་ཕྱོགས་ས་ཁུལ་དང་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་མི་མང་ཡོངས་ལ་དྲང་བདེན་ལས་ཐོབ་པའི་རྒྱལ་ཁ་ཞིག་ཡིན་པ་རེད།”ཅེས་གསུངས།
   སྤྱི་ལོ་༡༩༥༦ ལོའི་ཟླ་༡༢ པའི་ཚེས་༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་དེ་མོན་ཌ་གྷོ་མེ་རེ་(Montgomery)ས་གནས་སུ་འབྱོར། དེ་སྔ་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་ཡོད་པའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་སྲོལ་མཇུག་བསྒྲིལ། ཀིང་གིས་ཕྱི་ཉིན་ཞོགས་པ་འཆམ་མཐུན་བྱུང་བའི་སྤྱི་སྤྱོད་འགྲུལ་འཁོར་ཐོག་མ་དེའི་ནང་ཁོ་རང་དངོས་སུ་འགྲོ་རྒྱུའི་གཏན་ཁེལ་བྱས། ཕྱི་ཉིན་ཞོགས་པ་ཆུ་ཚོད་༥ དང་སྐར་མ་༥༥ ཡི་ཐོག་ལ་ཀིང་དང་ཁོང་གི་ལས་རོགས་གསུམ་ཁོང་གི་ཁྱིམ་དང་ཉེ་སར་ཡོད་པའི་སྤྱི་སྤྱོད་འགྲུལ་འཁོར་གྱི་འབབ་ཚིགས་སུ་སོང། གནས་ཚུལ་དེ་གཟུགས་མཐོང་གློག་འཕྲིན་གྱི་བརྒྱུད་ལམ་ཡོངས་ལ་གྲགས་ཤིང་གསར་འགོད་པ་ཚོས་འཚང་ཁ་ཤིག་ཤིག་གིས་དྲི་བ་མང་པོ་བཏོན། རིང་པོ་མ་འགོར་བར་སྤྱི་སྤྱོད་འགྲུལ་འཁོར་དེ་འབབ་ཚིགས་སུ་འབྱོར་ཞིང་སྒོ་ཕྱེས་པ་དང་ཀིང་ནང་ལ་བུད། ཀིང་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་ཞུགས་པའི་འགྲུལ་གླ་དེ་དངུལ་སྒམ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་བཞག་པ་དང་ཁ་ལོ་བས་མཛུམ་མདངས་དང་བཅས་ཁོང་ལ་སྣེ་ལེན་བྱས།
   ཁ་ལོ་བ་དེས་ཁོང་ལ་”སྐུ་ཉིད་བཀུར་འོས་ཀིང་མཆོག་ཡིན་པ་འདྲ། ཨེ་རེད་ལགས།”ཞེས་དྲིས་པ་དང།
   ཀིང་གིས་”ཡིན་ལགས།”ཞེས་ལན་བསྐྱོན།
   ཁ་ལོ་བས་”ཞོགས་པ་འདིར་སྐུ་ཉིད་ཕེབས་པར་ང་ཚོ་དགའ་བོ་བྱུང།”ཞེས་བཤད།
   དེ་ལྟར་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་མོན་ཌ་གྷོ་མེ་རེས་ས་གནས་སུ་སྤྱི་སྤྱོད་འགྲུལ་འཁོར་དང་འཆམ་མཐུན་ཐོག་མར་བྱུང་བ་རེད། དེ་ནི་སྤྱི་ལོ་༡༩༥༥ ལོའི་ཟླ་༡༢ པའི་ཚེས་༥ ཉིན་”ཉིན་གཅིག་གི་རིང་།” སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱ་རྒྱུ་བྱས་པ་ནས་ཉིན་གྲངས་༣༨༢ འགོར་བའི་རྗེས་སུ་ཡིན་པ་རེད། ཐོག་མར་སྤྱི་སྤྱོད་འགྲུལ་འཁོར་ལ་དཀའ་ངལ་ཅུང་ཙམ་འཕྲད། མི་རིགས་དཀར་པོ་མང་ཆེ་བ་ཞིག་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་མི་རིགས་དཀར་ནག་འཆམ་མཐུན་བྱ་རྒྱུ་དེ་ཞི་བདེའི་ངང་དོན་དུ་གཉེར། མི་རིགས་དཀར་པོ་ཁ་ཤས་ཆེད་དུ་མི་རིགས་ནག་པོ་ཚོ་དང་མཉམ་དུ་རྐུབ་སྟེགས་གཅིག་གི་སྟེང་བསྡད་དེ་ཕན་ཚུན་མཛའ་གྲོགས་ཀྱི་འདུ་ཤེས་མངོན་པར་བྱས།
   འོན་ཀྱང་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་རིགས་རུས་དབྱེ་འབྱེད་བྱེད་མཁན་ཁ་ཤས་ཀྱིས་དབྱེ་འབྱེད་ཀྱི་འདུ་ཤེས་དེ་ད་དུང་མ་དོར། ཉིན་འགའ་ཤས་ཀྱི་རྗེས་སུ་དྲག་སྤྱོད་ཀྱིས་གཏོར་བཤིག་བྱེད་འགོ་བརྩམས། དམིགས་བསལ་མཚན་མོར་གསང་ཐབས་ཀྱིས་སྤྱི་སྤྱོད་འགྲུལ་འཁོར་དག་མེར་བསྲེགས་བཏང། སྤྱི་ཟླ་༡ པོའི་ཚེས་དགུ་ཉིན་རཱལ་ཧྥ་ཨ་བྷེར་ནཱ་ཐེ་(Ralf Abenathy)ཡི་ནང་དང་ཆོས་ཁང་འགད་རྫས་ཀྱིས་གཏོར། རོ་བྷེར་ཌ་གྷ་རེ་ཛ་(Robert Graetz)ཡི་ནང་ལ་ཡང་འགད་རྫས་གཡུགས་པ་དང། ཆོས་ཁང་གཞན་གསུམ་ཡང་འགད་རྫས་ཀྱིས་གཏོར། ཁང་རྩེག་གི་ཆ་ཡོངས་ལ་གཏོར་བཤིག་ཚབས་ཆེན་ཐེབས། སྤྱི་ཟླ་༡ པོའི་ཚེས་༢༨ ཉིན་ཀིང་གི་ཕྱི་སྒོའི་ཁྱམས་འོག་ཏུའང་འགད་རྫས་ཤིག་གཡུགས་མོད་གས་འཐོར་མ་བྱུང་།
   དྲག་ལས་སྤེལ་བ་དེ་དག་གིས་ཀིང་གི་སེམས་ལ་གནོན་ཤུགས་སྤྲད། ཁོང་གིས་དོན་རྐྱེན་འདི་དག་ཚང་མའི་རྒྱུ་རྐྱེན་རང་ཉིད་ཡིན་ནམ་སྙམ་གྱིན་ཡིད་ལ་གནོང་འགྱོད་སྐྱེ་འགོ་བརྩམས། ཚོགས་ཆེན་ཞིག་གི་སྐབས་ལ་ཁོང་གིས་ངར་ཤུགས་ཆེན་པོས་”དཀོན་མཆོག་ཐུགས་རྗེ་ཅན། ངས་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་རང་དབང་རྩོད་ལེན་བྱེད་པའི་ཁྲོད་དུ་མི་གཅིག་གིས་ཀྱང་ཚེ་སྲོག་ཤོར་མི་དགོས་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་གལ་ཏེ་མི་ཞིག་ངེས་པར་དུ་འཆི་དགོས་ཚེ། དེ་ནི་ང་རང་ཉིད་ཡིན་པར་ཤོག་”ཅེས་བཤད།
   མང་ཚོགས་ཚོས་”མ་རེད། དེ་འདྲ་མ་གསུངས།”ཞེས་འུར་སྐད་བརྒྱབ། དེ་ནས་ཀིང་གིས་མུ་མཐུད་ནས་གཏམ་བཤད་བྱེད་མ་ཐུབ། རྗེས་སུ་མི་རིགས་ནག་པོ་མང་པོ་ཞིག་གིས་གནད་དོན་འདི་ཁྱེད་རང་གཅིག་པུ་མ་རེད་ང་ཚོ་ཚང་མར་འབྲེལ་བ་ཡོད་པ་རེད་ཅེས་བཤད་པས་ད་གཟོད་ཀིང་གིས་སེམས་པ་ཅུང་ལྷོད་ལ་བབས།
   དྲག་སྤྱོད་སྤེལ་ཏེ་འགད་རྫས་གཡུག་མཁན་ཚོས་རིགས་རུས་བར་འཁོན་འཛིན་གྱི་ཟིང་འཁྲུག་ལང་འཇུག་དགོས་བསམ་མོད། མི་རིགས་ནག་པོ་ཚོའི་ངོས་ནས་རྙོག་ཟིང་མ་བསླངས། ཀིང་གིས་མི་རིགས་ནག་པོ་ཚོར་”གནས་སྟངས་ཅི་འདྲ་ཞིག་ལ་ཐུག་ཀྱང་ང་ཚོའི་ངོས་ནས་འཚེ་བ་དང་ལྡན་པའི་ལས་ནམ་ཡང་བསྒྲུབ་མི་རུང་། འདི་ནི་ཡེ་ཤུ་སྟོན་པ་རིན་པོ་ཆེའི་བསྟན་དོན་ཡིན་ལ། དེ་ནི་ལམ་བུ་ཞིག་འཕྲེད་ཀྱིས་བཅད་ནས་འགྲོ་སྟངས་རེད།”ཅེས་གསུངས།
   སྐབས་དེར་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་མི་རིགས་དཀར་པོ་མང་ཆེ་བ་དྲག་སྤྱོད་ཀྱི་ལས་སྤེལ་བར་ཧ་ཅང་མ་སྐྱིད་པ་བྱུང་། མང་པོ་ཞིག་འཆམ་མཐུན་བྱེད་པར་མི་དགའ་བར་གྱུར་མོད། ཁོང་ཚོས་གཏན་ལ་ཕབ་ཟིན་པའི་ཁྲིམས་སྲོལ་ལ་གུས་བརྩི་བྱ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་རྗེས་གྲོང་ཁྱེར་ནང་ནས་ཁྱིམ་དང་ཆོས་ཁང་ལ་འགད་རྫས་གཡུག་པར་དོགས་ཡོད་ཀྱི་མི་བདུན་འཛིན་བཟུང་བྱས་མཐར་ད་གཟོད་སྤྱི་སྤྱོད་འགྲུལ་འཁོར་གྱི་འཆམ་མཐུན་ལེགས་ལམ་དུ་སོང་། ཀིང་གིས་”མཐར་འཆམ་མཐུན་བྱུང་བའི་སྤྱི་སྤྱོད་འགྲུལ་འཁོར་དག་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་གཞུང་ལམ་དུ་ཤར་སྐྱོད་ཐུབ་པ་བྱུང་པར་བཟློག་ཐབས་མེད་པའི་དཀའ་ངལ་མང་པོ་ཞིག་མ་འཕྲད།”ཅེས་གསུངས།
   ཀིང་ལ་མཚོན་ན་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་རང་དབང་རྩོད་ལེན་བྱེད་པའི་ལས་འགུལ་དེ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད། དེས་ད་ནས་བཟུང་མི་རིགས་ནག་པོ་ཚོར་དྲང་བདེན་གྱི་རྒྱལ་ཁ་མ་ཐོབ་བར་དཀའ་ངལ་ལ་གདོང་ལེན་དང་རང་དབང་འཐབ་རྩོད་བྱ་རྒྱུའི་སྟ་གོན་ཡིན་པ་མཚོན་གྱི་ཡོད།

མདུན་ཤོག

Menu