ཀིང་གི་སྐུ་ཁམས་ཧ་ཅང་བདེ་ཐང་རེད། མཁའ་དབུགས་གཙང་ཞིང་ནམ་དུས་བཟང་བའི་དགུན་ཁ་ཞིག་ལ་ཁོང་རླངས་འཁོར་དུ་བསྡད་དེ་ལྷོ་ཕྱོགས་ཨ་ལཱ་བྷཱ་མཱ་(Alabama)ཡི་མོན་ཌ་གྷོ་མེ་རེ་ས་ཁུལ་དུ་བསྐྱོད་བཞིན་ཡོད། ཁོང་གིས་རླངས་འཁོར་ནང་དུ་སྒྲ་སྡུད་འཕྲུལ་འཁོར་ལས་གྲགས་པའི་སྲོལ་རྒྱུན་གྱི་རོལ་དབྱངས་ཤིག་ལ་ཉན་ནས་ཡོང་གི་ཡོད། ཁོང་ནི་སྲོལ་རྒྱུན་གྱི་རོལ་དབྱངས་རིགས་ལ་ཉན་རྒྱུར་དགའ་པོ་ཡོད་པ་དང་། ད་ལྟ་ཉན་བཞིན་པ་དེ་ནི་ཁོང་དགའ་ཤོས་བྱེད་སའི་རོལ་དབྱངས་ཤིག་རེད། རོལ་དབྱངས་དེ་ནི་སྙན་ཞིང་འཇེབས་ལ། ཁོང་གི་མཐའ་འཁོར་གྱི་ཡུལ་ལྗོངས་ཀྱང་མཛེས་ཤིང་སྡུག
   སྐབས་འདིར་ཀིང་ནི་སྤྲོ་སྣང་ལྡན་པའི་མི་ཞིག་ཡིན་པ་ལ་ཡང་རྒྱུ་མཚན་འགའ་ཤས་ཡོད་དེ། ཁོང་ལོ་ན་གཞོན་(དགུང་ལོ་ཉེར་ལྔ)ཞིང་གཉེན་སྒྲིག་བྱས་ཡོད་པ་དང། ཡེ་ཤུའི་ལྷ་ཁང་ཞིག་གི་འགོ་གཙོ་ཡིན་པ་རེད། དེའི་ཁར་ད་དུང་ཁོང་ལ་རང་འདོད་དུ་འདེམས་ཀ་བྱ་ཆོག་པའི་ལས་ཀ་ཡག་པོ་ཁ་ཤས་རག་སྟེ། ནུབ་ཕྱོགས་སུ་ཡོད་པའི་ཡེ་ཤུའི་ལྷ་ཁང་གཉིས་ཀྱིས་ཁོང་འགོ་གཙོ་རུ་བསྐོ་འདོད་ཡོད་ལ། མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གསུམ་གྱིས་ཁོང་ལ་གལ་གནད་ཆེ་བའི་ལས་ཀ་བཀོད་སྒྲིག་བྱ་འདོད་ཡོད་པ་རེད།
   ལྷོ་ཕྱོགས་སུ་ཡོད་པའི་ཡེ་ཤུའི་ལྷ་ཁང་གཅིག་གིས་ཁོའི་ཐོག་ལ་ཅུང་ཙམ་གཟབ་ནན་གྱིས་ལྟ་ཞིབ་བྱས་ཏེ། ཁོང་ལ་འགོ་གཙོ་ཡི་གོ་གནས་དངོས་སུ་མ་སྤྲད་པར། ཁོང་གིས་རེས་གཟའ་ཉི་མ་ཁ་ཤས་ཀྱི་རིང་ཆོས་བཤད་འདོད་ཡོད་ཚེ་བཤད་ཆོག་པར་བྱས་པ་དང་། ཀིང་གིས་དེ་ནི་ཁོང་གི་མཁྱེན་ཡོན་ལ་ཚོད་ལྟ་བྱེད་ཀྱི་ཡོད་པ་ཤེས་པ་རེད། གལ་ཏེ་ཁོས་བྱ་གཞག་ཡག་པོ་བསྒྲུབ་ཐུབ་པ་ཡིན་ན་ཁོང་ལ་འགོ་གཙོ་ཡི་གོ་གནས་དེ་རག་སྲིད་པ་ཞིག་རེད། དེ་ནི་ཡེ་ཤུའི་ལྷ་ཁང་ལེགས་པོ་ཞིག་ཡིན་པ་དང་། ཀིང་གི་བསམ་པར་ཡང་ལས་གནས་དེ་རག་ན་བསམ་གྱི་ཡོད།
   སྤྱི་ལོ་༡༩༥༤ ལོའི་ཟླ་དང་པོའི་ནང་ཁོང་རྗོར་རྗེ་ཡ་ཡི་ཨ་ཌ་ལན་ཌ་རུ་ཡོད་པའི་རང་ཁྱིམ་ནས་རླངས་འཁོར་དུ་ཞུགས་ཏེ་མོན་ཌི་གྷོ་མི་རེ་ས་ཁུལ་དུ་སོང་། ཀིང་མོན་ཌི་གྷོ་མི་རེ་ས་གནས་སུ་འབྱོར་བ་དང་ཁོང་གདན་ཞུ་བྱེད་མཁན་གྱི་ཡེ་ཤུའི་ལྷ་ཁང་དེར་ལྟ་རུ་སོང་། དེ་ནི་ཌེག་སེ་ཊེར་(Dexter)གཞུང་ལམ་འགྲམ་གྱི་ཁྲུས་ཆོག་བྱེད་སའི་ཡེ་ཤུའི་ལྷ་ཁང་ཞིག་ཡིན་ལ། རྒྱལ་ནང་དུ་ནང་འཁྲུག་བྱུང་རྗེས་འཛུགས་སྐྲུན་བྱས་པའི་ས་ཕག་གི་ཁང་རྩེག་ཅིག་ཡིན། ཁང་རྩེག་དེའི་རྡོ་སྐས་ལས་ནང་འཁྲུག་འདུམ་སྒྲིག་ལྷན་ཁང་གི་དབུ་ཁྲིད་དམ་པ་ཇེ་ཧྥེར་སིན་ཌཱ་ཝི་ས་(Jefferson Davis)ཡིས་དམ་འབུལ་བྱེད་སའི་མཛེས་ཤིང་བརྗིད་ཆགས་པའི་སྲིད་གཞུང་གི་ཁང་རྩེག་དེ་མཐོང་ཐུབ། མོན་ཌ་གྷོ་མེ་རེ་ནི་ནང་འཁྲུག་འདུམ་སྒྲིག་ལྷན་ཁང་ཐོག་མར་དབུ་བརྙེས་ས་ཡིན་པར་གྲགས།
   དགོང་མོ་དེར་ཀིང་གི་ཐུགས་སེམས་ཅུང་ལྷོད་ལ་མི་འབབ་པའི་སྣང་བ་ཞིག་ཤར། ཁོང་གི་སེམས་སུ་ཡེ་ཤུའི་ལྷ་ཁང་འདིའི་འབྲེལ་ཡོད་ཚོའི་བློ་ལ་ཁོ་རང་འབབ་ཀྱི་ཡོད་དམ་སྙམ་པ་དང་། ཡེ་ཤུའི་ཆོས་ཁང་འདིའི་འཐུས་མི་མང་ཆེ་བ་ཤེས་ཡོན་དང་རྣམ་དཔྱོད་ཅན་འབའ་ཞིག་ཡིན་པས། ཁོས་ཀྱང་རང་གི་རིག་སྟོབས་དང་འཇོན་ཐང་ཡོད་ཚད་ཁོང་ཚོའི་མིག་སྔར་སྟོན་ཐུབ་པ་བྱ་དགོས་སམ། ཡང་ན་ཁོ་རང་གི་འདུན་མ་ཡོད་ཚད་དཀོན་མཆོག་གི་བསླུ་བ་མེད་པའི་མགོན་སྐྱབས་གནང་རྒྱུར་རེ་བཅོལ་བྱ་དགོས་སྙམ་གྱིན། མཐར་ཀིང་གིས་རང་ཉིད་ཀྱི་འདུན་མ་ཡོད་ཚད་དཀོན་མཆོག་གི་བསླུ་བ་མེད་པའི་མགོན་སྐྱབས་གནང་རྒྱུར་བློ་བཅོལ་རྒྱུའི་ཐག་བཅད་དེ། ཁོང་རང་ཉིད་ཀྱིས་རང་ཉིད་ལ་”ཀིང། ཁྱོད་ཀྱིས་དཀོན་མཆོག་ལ་ཡིད་ཆེས་བྱས་ན་བྱ་གཞག་ཡོད་ཚད་ལེགས་པའི་ལམ་དུ་འགྲོ་ངེས་”ཞེས་བཤད་མྱོང་།
   ཁོང་གི་དགོངས་དོན་ཇི་བཞིན། ཟླ་བ་གཅིག་གི་རྗེས་སུ་ཡེ་ཤུའི་ལྷ་ཁང་དེའི་འཐུས་མི་ཚང་མས་ཁོང་ཆོས་ཁང་དེའི་འགོ་ཁྲིད་དུ་འདུག་པའི་རེ་འདུན་ཞུས། སྐབས་དེར་ཀིང་གིས་བྱ་གཞག་ཅི་ཞིག་བསྒྲུབ་རྒྱུ་ཡིན་པ་ཐག་གཅོད་དགོས་པའི་དུས་ལ་བབས། ཁོང་དང་ཁོང་གི་བཟའ་ཟླ་ཀོ་རེ་ཌཱ་(Coretta)གཉིས་ཀ་ལྷོ་ཕྱོགས་ས་ཁུལ་གྱི་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ཁྲིམས་སྲོལ་དེར་དགའ་པོ་གཏན་ནས་མ་བྱུང་། ཁྲིམས་སྲོལ་དེས་རིགས་རྒྱུད་དཀར་ནག་ཐ་དད་དུ་དགར་བར་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་དེ། མི་རིགས་ནག་པོ་ཚོ་མི་རིགས་དཀར་པོ་འགྲོ་སའི་སློབ་གྲྭ་དང་སྤྱི་གླིང་། ཟློས་གར་ཁང་དང་མགྲོན་ཁང་། དེ་བཞིན་ཟ་འཐུང་བྱེད་སའི་ས་ཆ་གང་དུ་ཡང་འགྲོ་མི་ཆོག་པ་དང་། མི་རིགས་ནག་པོ་ཚོ་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ནང་དུ་འགྲུལ་བཞུད་བྱེད་དུས་ཀྱང་འདུག་སའི་རྐུབ་སྟེགས་མི་རིགས་དཀར་པོ་ལས་ལོགས་སུ་ཡོད་པ་རེད། རིགས་རྒྱུད་དབྱེ་འབྱེད་འདི་ལ་རྗམ་ཁུ་རོ་(Jim Crow)ཞེས་འབོད་པ་དང་། རྗམ་ཁུ་རོ་ཡི་དམིགས་ཡུལ་གཙོ་བོ་ནི་མི་རིགས་ནག་པོ་ཚོ་གྲལ་རིམ་གཉིས་པའི་མི་སེར་དུ་བསྒྱུར་རྒྱུ་དེ་རེད།
   གནས་བབ་ཁ་ཤས་ཀྱི་ཆ་ནས་རྗམ་ཁུ་རོ་དབྱེ་འབྱེད་རིང་ལུགས་ཀྱི་ངོ་བོ་འདི་ཁྲིམས་སྲོལ་ལས་ཀྱང་ལྷག་པའི་གོམས་གཤིས་ཀྱི་ངོ་བོར་གྱུར་ནས་ཡོད། མི་རིགས་དཀར་པོ་དང་ནག་པོ་གཉིས་དད་མོས་བྱ་ཡུལ་གྱི་ཆོས་ལུགས་གཅིག་ཡིན་ཡང་ཆོས་ཁང་མི་འདྲ་བའི་ནང་དུ་འགྲོ་བཞིན་ཡོད་པ་དང་། མི་རིགས་ནག་པོ་དང་དཀར་པོའི་སྨན་པ་དང་ཁྲིམས་རྩོད་པ་དང་དགེ་རྒན་རྣམས་ཀྱང་མཉམ་དུ་འཛོམས་ཀྱི་མེད།
   བྱང་ཕྱོགས་ས་ཁུལ་དུ་ཀིང་དང་ཁོང་གི་བཟའ་ཟླ་གཉིས་ལ་རྗམ་ཁུ་རོ་ཡི་ཁྲིམས་སྲོལ་གྱིས་མི་སྐྱིད་པའི་སྣང་བ་ཡེ་ནས་སྤྲད་མྱོང་མེད་ལ། དེར་ཁོང་གཉིས་ཀྱི་བྱིས་པ་ཚོ་ལ་ཡང་དཀའ་ངལ་འཕྲད་མ་མྱོང་། ཀིང་དང་ཁོང་གི་གཟའ་ཟླ་གཉིས་ཀ་བྱང་ཕྱོགས་ས་ཁུལ་དེར་སློབ་གྲྭ་རུ་ཞུགས་མྱོང་ཡོད་པ་དང་། དེར་ཁོང་གཉིས་ཀར་མི་རིགས་དཀར་པོ་ཚོའི་ལྟ་སྟངས་ཡག་པོ་ཡོད་པ་རེད།
   དེ་ལྟར་ཡང་ཀིང་གིས་ཁོང་གི་བཟའ་ཟླས་མོས་མཐུན་བྱས་པ་བཞིན་ཨ་ལ་བྷ་མ་ཡི་མོན་ཌ་གྷོ་མེ་རེ་ས་ཁུལ་དུ་བྱ་བ་བསྒྲུབ་རྒྱུའི་ཐག་གཅོད་བྱས། ལྷོ་ཕྱོགས་ས་ཁུལ་ནི་ཁོང་གཉིས་ཀྱི་རང་ཁྱིམ་ལྟ་བུ་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གཉིས་ལ་ཤེས་ཡོན་དང་སྦྱོང་བརྡར་ཐོབ་ཡོད་པ་རེད། ལས་སྐལ་དམན་པའི་ལྷོ་ཕྱོགས་ས་ཁུལ་གྱི་མི་རིགས་ནག་པོ་ཚོར་རོགས་རམ་བྱ་རྒྱུ་ནི་ཁོང་གཉིས་ཀྱི་ལས་འགན་དུ་གྱུར་ཡོད་ལ། ཁོང་གཉིས་ཀྱི་སེམས་སུ་ལྷོ་ཕྱོགས་ས་ཁུལ་དུ་ངོ་མཚར་བའི་དོན་དག་ཅིག་འབྱུང་བར་ངེས་སྙམ་གྱི་ཡོད་པ་མ་ཟད། ལྷོ་ཕྱོགས་ཀྱི་ས་ཁུལ་དེ་རྗམ་ཁུ་རོ་ཡི་ཁྲིམས་སྲོལ་ལས་ཐར་ཏེ་རྣམ་པ་གསར་པ་ཞིག་ཏུ་འགྱུར་ངེས་རེད་སྙམ་གྱི་ཡོད། དེ་ལྟར་བྱུང་ན་ལྷོ་ཕྱོགས་ས་ཁུལ་ཡར་རྒྱས་ཡོང་ངེས་ལ། ཁོང་གཉིས་ཀྱིས་འགྱུར་ལྡོག་གི་རྣམ་པ་གསར་པ་དེ་མཐོང་འདོད་ཡོད་པ་རེད།
   སྤྱི་ལོ༡༩༥༤ ལོའི་ཟླ༡༠ པའི་ཚེས་༡ ཉིན་ཀིང་དངོས་སུ་ལས་གནས་གསར་པ་དེར་ཞུགས་ནས་བྱ་བ་བསྒྲུབ་འགོ་བརྩམས། ལས་གནས་ལ་ཞུགས་པའི་ཐོག་མའི་ཟླ་ངོ་དེ་དག་གི་རིང་ཁོང་ལས་བྲེལ་ཧ་ཅང་ཆེ་ཞིང་ཆེས་སྐྱིད་སྣང་ཆེ་བའི་དུས་སྐབས་ཤིག་ཀྱང་ཡིན་པ་རེད། ཁོང་གིས་ཆོས་ཁང་གི་འགོ་གཙོ་ཚོས་ཕྱག་ལས་གནང་བའི་རྒྱུན་སྲོལ་ལྟར་བྱ་གཞག་བསྒྲུབས་ཏེ། རེས་གཟའ་ཉི་མ་ནམ་ཡིན་ལ་ཆོས་གསུངས་པ་དང་། གཉེན་སྒྲིག་བྱེད་མཁན་ཚོའི་ཆེད་དུ་གསུང་ཆོས་གནང་བ༑ དེ་བཞིན་འདས་མཆོད་བསྒྲུབ་པ་སོགས་བྱས་པ་དང། བདུན་ཕྲག་རེའི་ནང་ནས་ཉིན་གཅིག་ལ་ནད་ཀྱིས་མནར་བའི་སྐྱེ་བོ་ཚོའི་ཁྱིམ་དུ་སོང་སྟེ་ཁོང་ཚོའི་ཆེད་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད།
   འོན་ཀྱང་རྒྱུན་སྲོལ་གྱི་བྱ་གཞག་འདི་དག་གིས་ཀིང་གི་ཐུགས་འདོད་ཡེ་ནས་མ་ཚིམ། ཁོང་གིས་ལྷ་ཁང་གི་འཐུས་མི་ཚོ་ཙམ་མ་ཡིན་པའི་མི་གཞན་གྱི་ཆེད་དུ་ཡང་ཁེ་ཕན་ཡོད་པའི་བྱ་གཞག་མང་ཙམ་བསྒྲུབ་འདོད་སྐྱེས། ཁོས་རང་གིས་བྱ་བ་བསྒྲུབ་སའི་ལྷ་ཁང་དེའི་ངོས་ནས་དབུལ་ཕོངས་དང་ནད་ཀྱིས་མནར་བའི་སྐྱེ་བོ་ཚོར་རོགས་རམ་བྱ་འདོད་སྐྱེས། ད་དུང་ཁོང་གིས་གཞོན་སྐྱེས་ཚོ་མཐོ་རིམ་སློབ་གྲྭར་ཞུགས་པའི་རོགས་རམ་དང་། ན་གཞོན་སྒྱུ་རྩལ་པ་ཚོར་སློབ་གཉེར་བྱེད་པའི་གཞོགས་འདེགས་གནང་རྒྱུ་དང་། མི་རིགས་ནག་པོའི་མི་དམངས་ཚོ་ཐོ་འགོད་ཀྱིས་འོས་འདེམས་བྱེད་པའི་ཐོབ་ཐང་རག་པར་རོགས་རམ་བྱ་འདོད་སོགས་ཡོད་པ་རེད། (དེ་ནི་ལྷོ་ཕྱོགས་ས་ཁུལ་འདིར་བསྒྲུབ་དཀའ་ཤོས་ཀྱི་ལས་དོན་ཞིག་ཡིན་པ་རེད།) ཁོང་གི་ངོས་ནས་མི་རིགས་ནག་པོ་ཚོ་རྒྱལ་ཡོངས་རིགས་རྒྱུད་དཀར་པོའི་ཡར་ཐོན་ལྷན་ཚོགས་ནང་ཞུགས་རྒྱུ་དང་། རྒྱལ་ཡོངས་རིགས་རྒྱུད་དཀར་པོའི་ཡར་ཐོན་ལྷན་ཚོགས་ཀྱི་ངོས་ནས་ཁྲིམས་གཏུགས་ཀྱིས་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་བྱ་འདོད་ཡོད། ཀིང་གི་བསམ་པར་ལྷ་ཁང་ཞིག་གི་ངོས་ནས་དེའི་མངའ་ཁོངས་ཀྱི་འཐུས་མི་གཅིག་པུར་ལྟ་སྐྱོང་བྱེད་པ་ནི་དེ་ཙམ་སྙིང་པོ་མེད་པ་ཞིག་ཏུ་འདོད་པ་དང་། ལྷ་ཁང་ཞིག་གི་ལས་འགན་ནི་མིའིི་རིགས་ཀྱི་འཚོ་བའི་གནས་བབ་དངོས་ལ་གཟིགས་སྐྱོང་གནང་རྒྱུ་དེ་ཡིན་པར་འདོད། ཁོང་གིས་”འཚོ་བའི་གནས་བབ་ཇེ་ཞན་དུ་གྱུར་བ་དེས་མི་སེམས་ལ་འཇིགས་སྣང་བསྐྲུན་ངེས་པ་དང་། ཆོས་ལུགས་ཀྱི་ལས་འགན་ནི་དབུལ་ཕོངས་ཀྱིས་མནར་བའི་སྐྱེ་འགྲོ་ཡོངས་ལ་གཟིགས་སྐྱོང་གནང་རྒྱུ་དེ་རེད།”ཅེས་གསུངས་པ་རེད།
   ཡེ་ཤུ་ལྷ་ཁང་དེའི་འཐུས་མི་ཚོ་ཀིང་གི་རྣམ་པ་གསར་བའི་ལྟ་ཚུལ་དེར་འདོད་མོས་བྱུང་བ་དང་། ཁོང་ཚོས་ལྟ་ཚུལ་དེ་དག་གང་མགྱོགས་ལག་ལེན་དུ་བསྟར་ཐབས་བྱས། དེའི་རྗེས་ཀྱི་ཟླ་བ་འགའ་ཤས་ནང་ཌེག་སེ་ཊེར་(Dexter)གཞུང་ལམ་རྒྱུད་ཀྱི་ཁྲུས་ཆོག་བྱེད་སའི་ཡེ་ཤུའི་ལྷ་ཁང་དེར་མི་འབོར་ཇེ་མང་དུ་སོང་བ་དང་། འཐུས་མི་ཚོས་ལས་དོན་ལེགས་འགྲུབ་ཡོང་བར་ཕུལ་བའི་རྒྱབ་སྐྱོར་གྱི་མ་དངུལ་ཡང་ཇེ་མང་དུ་གྱུར། ཀིང་གིས་ལྷ་ཁང་གི་རྣམ་པ་ཡར་རྒྱས་འགྲོ་བ་མཐོང་བས་དགའ་ཚོར་ཆེན་པོ་སྐྱེས། སྐབས་དེར་ད་དུང་ཁོང་གིས་ཆེས་མཐོའི་སློབ་དཔོན་ཆེན་མོའི་མཚན་གནས་ཐོབ་པར་ཕྱག་ལས་ཀྱང་གནང་གི་ཡོད། མི་འགྱངས་པར་ཁོང་གི་མཚན་གནས་དེ་འབུམ་རམས་པ་ཆགས་རྒྱུ་རེད། ཟླ་ངོ་འདི་དག་ནི་ཁོང་གི་མི་ཚེའི་ནང་ཆེས་སྤྲོ་སྣང་ཆེ་བའི་དུས་སྐབས་ཤིག་ཡིན་པར་ངེས།
   སྤྱི་ལོ༡༩༥༥ ལོའི་ཟླ་༡༢ པའི་ཚེས་༡ ཉིན་མོན་ཌ་གྷོ་མེ་རེ་ས་ཁུལ་དུ་བྱུང་བའི་དོན་རྐྱེན་དེས་ཀིང་གི་མི་ཚེ་ཧྲིལ་པོར་འགྱུར་ལྡོག་བཏང་བ་མ་ཟད། དེས་ད་དུང་ས་ཁུལ་དེའི་མི་རིགས་ནག་པོའི་མི་དམངས་སྟོང་ཕྲག་ལྔ་བཅུ་ཡི་འཚོ་གནས་ལ་འགྱུར་བ་བཏང་། དེས་ལོ་ངོ་ཁ་ཤས་ཀྱི་ནང་ཨ་མེ་རི་ཁ་རྒྱལ་ཡོངས་ཀྱི་མི་རིགས་ནག་པོ་མང་ཆེ་བའི་འཚོ་གནས་ལ་འགྱུར་བ་ཐེབས་པར་རམ་འདེགས་བྱས་པ་མ་ཟད་བསམ་ཤེས་ཡོད་པའི་མི་རིགས་དཀར་པོ་མང་པོ་ཞིག་ལ་ཡང་འགྱུར་བ་བཏང།
   ཉིན་མོ་དེར་མོན་ཌ་གྷོ་མེ་རེ་ས་ཁུལ་དུ་དོན་རྐྱེན་ཅི་ཞིག་བྱུང་བ་རེད་ཅེ་ན། མི་རིགས་ནག་པོའི་བུད་མེད་རཱོ་སཱ་པག་ས་(Rosa Parks)ཟེར་བ་ཞིག་སྤྱི་སྤྱོད་འགྲུལ་འཁོར་ནང་གི་མི་རིགས་དཀར་པོ་འདུག་སའི་རྒྱབ་ཀྱི་རྐུབ་སྟེགས་ཤིག་ཏུ་བསྡད་ཡོད། ཁྲིམས་སྲོལ་ལྟར་མི་རིགས་དཀར་པོ་ཚོ་མདུན་དང་མི་རིགས་ནག་པོ་ཚོ་རྒྱབ་ཏུ་འདུག་དགོས།
   བུད་མེད་པག་ས་ནི་ཚེམ་བཟོ་བ་ཞིག་ཡིན་ལ་ཁོ་མོ་ལས་ཀ་ནས་ཕྱིར་ཁྱིམ་ལ་ལོག་ཡོང་བའི་སྐབས་མི་རིགས་དཀར་པོ་ཁ་ཤས་ཁོ་མོ་ཡོད་སའི་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་འཛུལ་བྱུང་། ཁོང་ཚོར་འགྲུལ་འཁོར་ནང་དུ་མི་རིགས་དཀར་པོ་འདུག་སའི་རྐུབ་སྟེགས་ཀྱིས་མ་འདང་བས། འགྲུལ་འཁོར་ཁ་ལོ་བས་བུད་མེད་པག་ས་(Parks)དང་མི་རིགས་ནག་པོ་གཞན་པ་གསུམ་འགྲུལ་འཁོར་གྱི་མཇུག་ཏུ་སོང་ཞེས་བཤད། བུད་མེད་པག་སེ་མཇུག་ཏུ་སོང་ཚེ་འགྲུལ་འཁོར་ནང་མི་ཡིས་ཁེངས་ཏེ་ཡར་ལངས་དགོས་ཀྱི་ཡོད། མི་རིགས་ནག་པོ་གཞན་གསུམ་གྱིས་ཁ་ལོ་བས་ཅི་བཤད་ལ་ཉན་ཏེ་འགྲུལ་འཁོར་གྱི་མཇུག་ཏུ་སོང་། བུད་མེད་པག་ས་ཡིས་”མི་འགྲོ་”ཞེས་མོ་རང་འདུག་སའི་རྐུབ་སྟེགས་དེ་བློས་མ་བཏང། རྗེས་སུ་ཁོ་མོས་བཤད་པ་ལྟར་ན་མོ་རང་གི་རྐང་པར་རྨས་སྐྱོན་ཕོག་ཡོད་པ་རེད།
   ནམ་རྒྱུན་དང་གཏན་ནས་མི་འདྲ་བ་འདི་ཅི་ཡིན་ནམ། བུད་མེད་པག་ས་ཡིས་མི་འགྲོ་ཞེས་འགྲུལ་འཁོར་ཁ་ལོ་བར་ཡ་ལན་བསློགས་པ་དེས་མོ་ཁྲིམས་སྲོལ་དང་འགལ་ཡོད།    ཨ་ལ་བྷ་མ་ས་ཁུལ་གྱི་ཁྲིམས་སྲོལ་ལྟར་ན་མོ་རང་འགྲུལ་འཁོར་གྱི་རྒྱབ་ཏུ་མི་འདོད་བཞིན་དུ་འགྲོ་དགོས་ཀྱི་ཡོད། གལ་ཏེ་མོས་ཁ་ལོ་བས་བཤད་པར་མ་ཉན་ཚེ། མོ་རང་འཛིན་བཟུང་བྱ་རྒྱུ་དང་ཉེས་ཆད་གཅོད་པའམ་ཡང་ན་བཙོན་འཇུག་ཀྱང་བྱ་སྲིད་པ་རེད། བུད་མེད་པག་སེ་དེ་མ་ཐག་འཛིན་བཟུང་བྱས།
   ཁོ་མོ་འཛིན་བཟུང་བྱས་པའི་གནས་ཚུལ་དེ་མོན་ཌ་གྷོ་མེ་རེའི་ས་ཁུལ་གྱི་མི་རིགས་ནག་པོ་ཚོའི་ནང་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། ཁོང་ཚོས་གནས་ཚུལ་དེར་ངོ་རྒོལ་བྱ་རྒྱུའི་ཐག་བཅད། ཉིན་ཁ་ཤས་ཀྱི་རྗེས་སུ་ཁོང་ཚོས་མར་ཊེན་ལུ་ཐར་ཀིང་ཁོ་རང་ཚོའི་འགོ་ཁྲིད་དུ་འདེམས་བསྐོ་བྱས། དེ་ནི་ཁོང་ལ་མཚོན་ན་བློ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་མོད་ཁོང་གིས་དེར་མོས་མཐུན་བྱས། ཁོང་ཚོས་ཁོ་རང་ཚོའི་གྲོང་སྡེ་དེར་གསར་དུ་སླེབས་པའི་ཀིང་དེ་ལྟར་འདེམས་བསྐོ་བྱས་པའི་རྒྱུ་མཚན་ཅི་ཡིན་ནམ། སྤྱིར་བཏང་བཤད་ན་ཁོང་ཕྱི་མི་ཞིག་མ་ཡིན་ནམ། ཕལ་ཆེར་དེ་རུ་ཁོང་ལ་ལས་སྐལ་ཞིག་ཡོད་པ་ཡིན་རྒྱུ་རེད་ལ།    ཁོ་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་ཡོད་པ་དེས་ཁོ་རང་ཕུལ་བྱུང་མི་སྣ་ཞིག་ཏུ་བསྒྱུར་བ་ཡིན་རྒྱུ་རེད།

མདུན་ཤོག

Menu