ཀིང་དང་ཁོང་གི་གཟའ་ཟླ་གཉིས་རེས་གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ནས་ཡར་ལངས། ཁོང་གཉིས་ཀྱི་ཁྱིམ་ནས་ཧྥི་ཁྲེ་ལྔ་ཙམ་གྱི་ས་ན་སྤྱི་སྤྱོད་འགྲུལ་འཁོར་འབབ་ཚིགས་ཤིག་ཡོད་ལ། ཁོང་གཉིས་ཀྱི་སྒེའུ་ཁུང་ལས་འབབ་ཚིགས་དེ་མཐོང་ཐུབ་ཀྱི་ཡོད། འབབ་ཚིགས་དེ་ལས་སྤྱི་སྤྱོད་འགྲུལ་འཁོར་དང་པོ་དེ་ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་འགྲོ་ཡི་ཡོད། ཀིང་གིས་མི་རིགས་ནག་པོ་རྣམས་དེའི་ནང་དུ་འགྲོ་ཡི་ཡོད་མེད་ལྟ་ཞོར་དུ་ཐབ་ཚང་ནང་སོང་ནས་འཚིག་ཇ་དཀར་ཡོལ་གང་འཐུང་བའི་སྐབས། གློ་བུར་དུ་ཀོ་རེ་ཌཱ་ཡིས་”མར་ཀྲེན་མགྱོགས་པོ་འདིར་ཤོག་དང་།”ཞེས་སྐད་གཏོང་བ་ཐོས་པས། ཀིང་ཐབ་ཚང་ལས་མགྱོགས་པོ་ཀོ་རེ་ཌཱ་སར་རྒྱུགས་ནས་སོང། ཀོ་རེ་ཌཱ་ཡིས་སྤྱི་སྤྱོད་འགྲུལ་འཁོར་གྱི་ཕྱོགས་སུ་མཛུབ་མོ་བཙུགས་ཏེ་”ལྟོས་དང། སྤྱི་སྤྱོད་འགྲུལ་འཁོར་དེ་སྟོང་པ་རེད།”ཅེས་བཤད། ཀིང་གིས་དེ་དངོས་སུ་མཐོང་བས་རང་གི་མིག་གིས་མཐོང་བ་འདི་དངོས་གནས་ཡིན་ནམ་སྙམ་སྟེ་དགའ་ཚོར་དང་སྦྲགས་ཡིད་མི་ཆེས་བའི་སྣང་བ་ཞིག་ཤར། ནམ་རྒྱུན་སྤྱི་སྤྱོད་འགྲུལ་འཁོར་དེ་ལས་ཀར་འགྲོ་མཁན་གྱི་མི་རིགས་ནག་པོ་ཚོས་ཁེངས་འགྲོ་མོད། དེ་རིང་སྟོང་པ་རེད་འདུག་ལ། དེའི་རྗེས་ཀྱི་འགྲུལ་འཁོར་དེ་ཡང་སྟོང་པ་ཡིན་པ་མཐོང་།  སྤྱི་སྤྱོད་འགྲུལ་འཁོར་གསུམ་པ་དེའི་ནང་གཞི་ནས་མི་རིགས་དཀར་པོ་གཉིས་འགྲོ་མཁན་བྱུང།
   ཀིང་གིས་རང་གི་རླངས་འཁོར་བསྐོར་ནས་གྲོང་རྡལ་ཡོངས་ལ་ལྟ་རུ་སོང། ས་གནས་ཚང་མ་ནས་མི་རིགས་ནག་པོ་ཚོ་སྤྱི་སྤྱོད་འགྲུལ་འཁོར་ནང་མ་སོང་བའི་གནས་ཚུལ་དེ་གཅིག་མཚུངས་ཡིན་པ་རེད། ཁོང་གིས་ཞོགས་པ་ནས་ཉིན་གུང་བར་མི་རིགས་ནག་པོ་སྤྱི་སྤྱོད་འགྲུལ་འཁོར་དུ་འགྲོ་མཁན་བརྒྱད་མ་གཏོགས་མ་མཐོང། ཀིང་གིས་”བློ་ཡུལ་ལས་འདས་པ་ཞིག་བྱུང་སོང་།”ཞེས་བཤད། མཐའ་མ་དེར་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོ་ཚོ་གཉིད་ལས་སད་བྱུང་། ཁོང་ཚོ་གང་ལ་སོང་ཡང་སྤྱི་སྤྱོད་འགྲུལ་འཁོར་དུ་མ་བསྡད་པར་རྐང་ཐང་དུ་འགྲོ་བ་དང་། གླ་འཁོར་ཆུང་ཆུང་ཚོའི་ནང་དུ་འདུག་པ། སྒེར་གྱི་རླངས་འཁོར་ནང་དུ་འགྲོ་བ་སོགས་བྱས་ལ། འགའ་ཤས་ཀྱིས་དྲེལ་ཞོན་ནས་འགྲོ་བ་དང།    ཡང་ཁག་ཅིག་ཤིང་རྟ་འཁོར་ལོར་བསྡད་ནས་སོང་། ཀིང་དང་སྤུན་ཟླ་མི་རིགས་ནག་པོ་ཚོ་ལ་སྤོབས་པ་ཆེན་པོ་སྐྱེས། ཁོང་གི་བསམ་པར་ཁོང་ཚོས་རང་དབང་གི་ཆེད་དུ་དཀའ་སྡུག་མྱོང་བར་ཅི་མི་སྙམ་པའི་སྙིང་སྟོབས་དེ་ལས་ངོ་མཚར་རྨད་དུ་བྱུང་བ་ཞིག་གང་ན་ཡོད་སྙམ།
   དེ་ནས་ཀིང་གིས་རླངས་འཁོར་བཏང་སྟེ་ཁྲིམས་ཁང་གི་ཕྱོགས་སུ་རཱོ་སཱ་པག་ས་ཡི་ཁྲིམས་རྩོད་ལ་ལྟ་རུ་སོང་། ཁྲིམས་དཔོན་གྱིས་ཁོ་མོ་ཁྲིམས་ལུགས་ཀྱི་ནང་དུ་མི་རིགས་དཀར་ནག་དབྱེ་བ་ཡོད་པའི་ལམ་སྲོལ་དང་འགལ་བར་བརྩིས་ཏེ་ཁྲིམས་ཆད་ཨ་སྒོར་བཞི་བཅུ་བཅད།
   དེའི་དགོང་མོར་མི་རིགས་ནག་པོའི་འགོ་ཁྲིད་ཚོས་ཚོགས་འདུ་གཞན་ཞིག་བསྐོངས་ཏེ། ཁོང་ཚོས་ལས་འགུལ་ལ་སྣེ་ཁྲིད་བྱེད་པའི་ཚོགས་པ་ཞིག་འཛུགས་རྒྱུའི་ཐག་གཅོད་བྱས་ཤིང་། ཚོགས་པ་དེའི་མིང་ལ་མོན་ཌི་གྷོ་མེ་རི་ཡར་ཐོན་ལྷན་ཚོགས་ཞེས་བཏགས། སྐབས་དེར་ཀིང་ཧང་སང་དགོས་པ་ཞིག་ལ། ཁོང་གིས་མིན་ཟེར་ཁོམ་མ་སོང་གོང་ཁོ་རང་མོན་ཌ་གྷོ་མེ་རེ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལ་འོས་འདེམས་བྱས་འདུག་པ་དང་། ཁོང་ལས་འགན་དེ་ལ་འདོད་མོས་རྩ་བ་ནས་མ་བྱུང་། ཁོང་མོན་ཌ་གྷོ་མེ་རེ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལ་འོས་འདེམས་མ་བྱས་པའི་བདུན་ཕྲག་གསུམ་གྱི་གོང་ཏག་ཏག་ལ་ཁོང་གིས་རྒྱལ་ཡོངས་ས་གནས་མི་རིགས་དཀར་པོའི་སྔོན་ཐོན་ཚོགས་པའི་ཚོགས་གཙོ་བྱ་རྒྱུར་མོས་མཐུན་བྱས་མེད། ཁོང་གི་བསམ་པར་ཁོ་རང་ལ་ཆོས་ཁང་དུ་ཕྱག་ལས་གནང་བར་དུས་ཚོད་མང་ཙམ་དགོས་ཀྱི་འདུག་སྙམ་གྱི་ཡོད། འོན་ཀྱང་ད་ལྟ་ཁོང་འོས་འདེམས་བྱས་ཚར་བས། མིན་ཟེར་ཐབས་མེད་པར་གྱུར། དེར་བརྟེན་ཀིང་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོའི་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་བྱེད་མཁན་དུ་གྱུར། དེ་ནི་ཁོང་གིས་སྤྱི་དམངས་ཐོབ་ཐང་རྩོད་ལེན་གྱི་སྣེ་ཁྲིད་པའི་འགན་ཁུར་བ་ཐོག་མ་ཡིན་པ་རེད།
   མི་རིགས་ནག་པོའི་འགོ་ཁྲིད་ཚོས་དེའི་རྗེས་སུ་ཅི་ཞིག་བྱེད་དགོས་གཏན་མ་ཁེལ་བར་ལུས། ཁ་ཤས་ཀྱིས་དོ་དགོང་ནས་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་བའི་ངོ་རྒོལ་ལས་འགུལ་དེ་མཚམས་བཞག་ན་ཡག་པོ་རེད། དེ་ཉིན་གཅིག་ཙམ་རིང་ཡག་པོ་བྱུང་ནའང་རྗེས་ཕྱོགས་ཕལ་ཆེར་ནུས་པ་མེད་པ་ཞིག་ཏུ་འགྱུར་ངེས། དེ་དུས་མི་རིགས་དཀར་པོ་ཚོས་འཕྱ་སྨོད་བྱ་སའི་ཡུལ་ཞིག་ཏུ་འགྱུར་ངེས་སྙམ། མཐར་དགོང་མོ་དེར་ཚོགས་འདུ་ཆེན་པོ་ཞིག་བསྐོངས་ཏེ་དེའི་སྟེང་ཐག་གཅོད་ཅི་བྱུང་ན་དེ་ལྟར་བྱ་རྒྱུ་བྱས། གལ་ཏེ་མི་མང་མང་པོ་ཞིག་འཛོམས་ཏེ་ཁོང་ཚོའི་ངོས་ནས་ངོ་རྒོལ་ལས་འགུལ་དེ་མུ་མཐུད་ནས་སྤེལ་རྒྱུའི་འདོད་པ་ཡོད་ཚེ་དེ་ལྟར་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱུང་།
   ཀིང་དགོང་མོ་དེར་གཏམ་བཤད་བྱ་རྒྱུ་གྲ་སྒྲིག་བྱེད་པར་ནང་ལ་ལོག། འོན་ཀྱང་དང་པོ་ཁོས་རང་གི་བཟའ་ཟླ་ཀོ་རེ་ཌཱ་ལ་ཁོང་མོན་ཌ་གྷོ་མེ་རེ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལ་འོས་འདེམས་བྱུང་ཚུལ་བཤད་དགོས། ཁོས་རང་གི་བཟའ་ཟླས་དེའི་ཐད་ལ་ལྟ་སྟངས་ཅི་འདྲ་ཞིག་ཡོད་དམ་སྙམ། མོས་ཀིང་གིས་ཕྱག་ལས་དེ་གནང་ཚེ་རང་ཉིད་དང་མཉམ་འགྲོ་མཉམ་འདུག་བྱ་རྒྱུའི་དུས་ཚོད་ཉུང་དུ་འགྲོ་ངེས་ཡིན་པ་ཤེས་ཀྱི་ཡོད་ལ། མི་རིགས་དཀར་པོ་འགའ་ཤས་ཀྱིས་ཁོང་ལ་དྲག་རྒོལ་ཡང་བྱ་སྲིད་པས་ཉེན་ཁ་ཆེན་པོ་ཞིག་ཏུ་ཡང་མཐོང་གི་ཡོད། འོན་ཀྱང་། མོས་ཀིང་ལ་ཁྱེད་རང་གིས་ལས་དོན་ཅི་ཞིག་བསྒྲུབ་ཀྱང་ངས་དེ་ལ་རྒྱབ་སྐྱོར་ཡོད་ཅེས་བཤད།
དེ་ནས་ཀིང་གིས་གཏམ་བཤད་གྲ་སྒྲིག་བྱ་རྒྱུའི་འགོ་བཙུགས། དུས་ཡུན་ཅུང་འགོར་སོང་བས། ཁོང་ལ་གཏམ་བཤད་གྲ་སྒྲིག་བྱེད་ཁོམ་ཆུ་ཚོད་ཕྱེད་ཀ་ཙམ་ལས་མེད། དུས་རྒྱུན་ཁོང་གིས་རེས་གཟའ་ཉི་མའི་ཉིན་ཆོས་བཤད་པར་ཆུ་ཚོད་བཅོ་ལྔའི་རིང་གྲ་སྒྲིག་བྱེད་ཀྱི་ཡོད། ཐེངས་འདིའི་གཏམ་བཤད་ནི་ཁོང་གི་མི་ཚེའི་ནང་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད། ཁོང་གིས་དཀོན་མཆོག་གིས་མགོན་སྐྱབས་གནང་བར་གསོལ་འདེབས་བྱས། དཀའ་ངལ་ཆེ་ཤོས་ནི་ཁོང་གིས་མི་དམངས་ཚོ་ལ་སྒུལ་ཤུགས་ཐེབས་པའི་གསུང་བཤད་ངར་ཤུགས་ལྡན་པ་ཞིག་གནང་འདོད་ཡོད་མོད། འཚེ་བའི་ལས་ཀྱི་སྣ་འདྲེན་དུ་འགྱུར་བའི་འཁོན་སེམས་བསླངས་འདོད་ཡེ་ནས་མེད་པས། ཐུགས་བརྩེ་བ་ཆེན་པོས་ཉེ་རིང་ཆགས་སྡང་མེད་པའི་ཕྱག་ལས་ཤིག་གནང་དགོས་པ་དེ་རེད།
   ཀིང་གིས་སེམས་ནང་ལ་གཏམ་བཤད་ཀྱི་གོ་རིམ་དང་ནང་དོན་རྣམས་གྲ་སྒྲིག་བྱས་རྗེས། དགོང་ཟས་མགྱོགས་པོར་ཟོས་ཏེེ་ཧོལ་ཌ་གཞུང་ལམ་གྱི་ཡེ་ཤུ་ཆོས་ཁང་(Holt Street Church)དུ་ཚོགས་འདུ་ལ་ཞུགས་པར་སོང། ཆོས་ཁང་དུ་སླེབས་པར་ཁང་རྩེག་ལྔ་ཙམ་ཡོད་པའི་སར་སླེབས་དུས། ཀིང་གཞུང་ལམ་ཁྲོད་ཀྱི་འགྲུལ་འཁོར་གྱི་འཚང་ཁའི་ནང་དུ་ལྷུང་། དང་པོ་ཁོང་གིས་འཚང་ཁ་ཆེ་བའི་འགྲུལ་འཁོར་དེ་དག་ཚང་མ་ཚོགས་འདུ་ལ་ཞུགས་པར་འགྲོ་བཞིན་ཡོད་པ་མ་ཤེས། མི་གྲངས་སུམ་སྟོང་བཞི་སྟོང་ཞིག་ཆོས་ཁང་གི་ནང་དུ་མ་ཤོང་བས་ཕྱི་ལོགས་སུ་ཡར་ལངས་ནས་བསྡད་ཡོད། ཁོང་ཚོས་སྐད་གསེང་མཐོན་པོ་གྲགས་པའི་སྒྲ་སྐྱེལ་འཕྲུལ་ཆས་ལས་གཏམ་བཤད་ཐོས་ཐུབ་ཀྱི་ཡོད། འཚང་ཁའི་ཁྲོད་ནས་ཀིང་ཆོས་ཁང་ནང་གི་མདུན་གྲལ་དུ་སླེབས་པར་སྐར་མ་བཅོ་ལྔ་ཙམ་འགོར། ཀིང་གིས་འདུ་འཛོམས་བྱུང་བའི་མི་དམངས་ཚོས་བསླངས་པའི་བློ་ཡི་ངར་ཤུགས་དེ་ནི་འགོག་ཏུ་མེད་པའི་དུས་ཀྱི་རླབས་ཕྲེང་དྲག་ཏུ་འཕྱུར་བ་དང་ཀུན་ནས་མཚུངས་གསུངས།
   ”མདུན་དུ་སྐྱོད་པའི་ཡེ་ཤུ་ཆོས་ལ་དད་མཁན་དམག་གི་དཔུང།།”ཞེས་པའི་མགུར་དབྱངས་ཀྱིས་སྣེ་དྲངས་ཏེ་ཚོགས་འདུ་འགོ་འཛུགས་བྱས། མི་དམངས་ཚོས་ཀིང་ལ་སྒྲོག་པའི་སྐད་གསེང་མཐོན་པོའི་སྒྲ་དབྱངས་དེ་ནི་”ལྷ་ཡི་ཡུལ་གྱི་དགའ་མགུའི་དབྱངས་སྙན་བྲག་ཅར་འཁོར་དང་མཚུངས།།”དེ་རྗེས་ཀིང་མགྱོགས་པོ་གཏམ་བཤད་གནང་བར་ཡར་བཞེངས།
   ཁོང་གིས་སྤྱི་སྤྱོད་འགྲུལ་འཁོར་ས་ཚིགས་ཁག་ཏུ་མི་རིགས་ནག་པོ་ཚོ་ལ་མཐོང་ཆུང་གི་ལྟ་སྟངས་ངན་པ་འཛིན་པའི་སྐོར་ལ་གཏམ་བཤད་བྱས། མི་རིགས་ནག་པོ་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་མང་དྲགས་པས་ལུས་སེམས་ནད་ཀྱིས་མནར་ཞིང་ངལ་དུབ་ཀྱིས་གཟིར་གྱིན་ཡོད། ཁོང་ཚོས་དྲང་བདེན་རྩོད་ཀྱི་ཡོད། ངོ་རྒོལ་ལས་འགུལ་སྤེལ་བའི་དུས་ལ་སླེབས་ཟིན་པ་རེད། འོན་ཀྱང་། ཁོང་གིས་ངོ་རྒོལ་ལས་འགུལ་དེ་ཁྲིམས་སྲོལ་དང་བཀའ་རྒྱ་ལ་ངེས་པར་དུ་བསྟུན་དགོས་གསུངས། ཁོང་ཚོས་ཀེ་ཀེ་ཀེ་(K.K.K)-(Ku Klux Klan)ཡི་འཚེ་བའི་ལས་ལ་རྩ་བ་ནས་དཔེ་ལྟ་མི་རུང། བརྩེ་སེམས་ནི་ཁོ་ཚོའི་རང་ལུགས་སུ་འཛིན་དགོས་ཀྱི་ཡོད། ཡེ་ཤུ་སྟོན་པ་མཆོག་གིས་ཀྱང་”རང་ལ་དམོད་ཚིག་འཕེན་པ་ཡི། །ལན་དུ་ཤིས་ཚིག་བརྗོད་པར་བྱ། །དགྲ་རྣམས་བརྩེ་བས་སྐྱོང་བར་བྱ། །”ཞེས་གསུངས་ཡོད་པ་མིན་ནམ། ཁོང་ཚོས་མི་རིགས་དཀར་པོའི་སྤུན་ཟླ་ཚོའི་བར་ལ་འཁོན་འཛིན་གཏན་ནས་མི་རུང་། དེ་ནས་ཀིང་གིས་བྷོོ་ཀེར་ཌེ་ཝ་ཤིང་ཌོན་(Booker T.Washington)གྱི་གསུང་བཤད་ཅིག་ཕྱིར་དྲན་བྱས། ”ཝ་ཱཤིང་ཌོན་ནི་སྤྱི་ལོ་༡༩༠༠ ལོའི་ནང་གི་མི་རིགས་ནག་པོའི་དབུ་ཁྲིད་གྲགས་ཅན་ཞིག་རེད། ཁོང་གིས་མི་གཞན་ལ་རང་ཉིད་ལ་སྐྱོན་འཛུགས་བྱེད་པའི་གོ་སྐབས་ནམ་ཡང་མ་སྤྲོད།”ཅེས་གསུངས་པ་རེད།
   ཀིང་གིས་གཏམ་བཤད་གནང་ཚར་བ་དང་། མི་ཚང་མ་ཡར་ལངས་ནས་དགའ་འབོད་ཀྱི་སྐད་གསེང་མཐོན་པོར་བསྒྲགས། དེ་ནས་བུད་མེད་རཱོ་སཱ་པག་ས་ཡར་བཞེངས་བཅུག་པ་དང་། མི་དམངས་ཀྱིས་མོ་ལ་དགའ་བསུ་ཆེན་པོ་བྱས།
   རཱལ་ཧྥ་ཨ་བྷེར་ནཱ་ཐེ་(Ralf Abernathy)ཡིས་མཇུག་སྡོམ་གསུང་བཤད་གནང། ཁོང་གིས་མི་དམངས་རྣམས་ལ་དོན་ཚན་ཁ་ཤས་བསྒྲགས་ཏེ་དོན་ཚན་དེ་དག་ལེགས་འགྲུབ་མ་བྱུང་བར་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་རྒྱུའི་རེ་འདུན་ཞུས།
   དོན་ཚན་དང་པོ། འགྲུལ་འཁོར་ཁ་ལོ་བ་ཚོས་མི་རིགས་ནག་པོ་ཚོ་ལ་ལྟ་སྟངས་ཡག་པོ་འཛིན་དགོས།
   དོན་ཚན་གཉིས་པ། སྤྱི་སྤྱོད་འགྲུལ་འཁོར་ནང་འདུག་མཁན་འགྲུལ་བ་ཚོ་སུ་སྔོན་ལ་སླེབས་ན་དེར་སྔོན་ལ་འདེམས་ཀ་ཡོད་པ་དང་། མི་རིགས་ནག་པོ་ཚོ་རྒྱབ་དང་མི་རིགས་དཀར་པོ་ཚོ་མདུན་དུ་འདུག་དགོས།(འདི་ལྟར་བྱེད་པ་ནི་མི་རིགས་དཀར་ནག་དབྱེ་བ་མེད་པར་བཟོ་ཆེད་མ་ཡིན།    དེ་ནི་མི་རིགས་ནག་པོ་ཚོས་རང་གི་རྐུབ་སྟེགས་མིི་རིགས་དཀར་པོ་ཚོ་ལ་སྤྲོད་མ་དགོས་པ་ཞིག་ཡོང་བའི་ཆེད་ཡིན།)
   དོན་ཚན་གསུམ་པ། མི་རིགས་ནག་པོ་ཚོ་འདུག་སའི་ས་ཁུལ་ཁག་ཏུ་འགྲོ་རྒྱུག་བྱེད་པའི་སྤྱི་སྤྱོད་འགྲུལ་འཁོར་ཁ་ལོ་བར་མི་རིགས་ནག་པོ་ཚོ་བསྐོ་དགོས།
   དོན་ཚན་དེ་དག་བགྲང་ཚར་བ་དང་ཨ་བྷེར་ནཱ་ཐེ་ཡིས་”དོན་ཚན་འདི་དག་ལ་མོས་མཐུན་ཡོད་མཁན་ཚང་མ་ཡར་བཞེངས་རོགས།”ཞེས་བཤད་པ་དང། ཆོས་ཁང་གི་ཕྱི་ནང་ཀུན་ཏུ་ཡོད་པའི་མི་མང་ཚང་མ་ཡར་ལངས་ཏེ་སྐད་གསེང་མཐོན་པོས་དགའ་བའི་འབོད་སྒྲ་བསྒྲགས། མི་རིགས་ནག་པོ་ཚོ་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་རྒྱུའི་མང་མོས་གྲོས་ཐག་བཅད།
   ཚོགས་འདུ་གྲོལ་རྗེས་ཀིང་གིས་རླངས་འཁོར་བསྐོར་ཏེ་ནང་དུ་ལོག་སྐབས་སེམས་ལ་དགའ་སྣང་གིས་ཁེངས་ཡོད། ཁོང་གི་བསམ་པར་ཚོགས་འདུ་འདི་འདྲ་ཞིག་བྱུང་བ་དེ་ཡང་མི་རིགས་ནག་པོ་ཚོའི་རྒྱལ་ཁ་ཆེན་པོ་ཞིག་རེད་སྙམ། ཁོང་ཚོར་དཔལ་དང་གཟི་བརྗིད་ཀྱི་བླ་སྲོག་གསར་པ་ཞིག་རྒྱས་ཏེ་དྲང་བདེན་གྱི་ཆེད་དུ་ཡར་ལ་ལངས་བྱུང་། ཀིང་གིས་ཉིན་མོ་དེ་ནི་མོན་ཌ་གྷོ་མེ་རེ་ཡི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པར་བརྗོད། དེར་ཡོད་པའི་མི་རིགས་ནག་པོ་ཚོས་ལས་འགུལ་ཞིག་གི་འགོ་བརྩམས་ཏེ་ཕྱོགས་ཀུན་ན་ཡོད་པའི་མི་རིགས་ནག་པོ་ཚང་མར་རེ་བཞག་གསར་པ་ཞིག་བསྐྲུན།

མདུན་ཤོག

Menu