གྲོང་ཁྱེར་བྷིར་མིན་གྷཱམ་གྱི་ནང་གི་ལས་འགུལ་ལ་ཐོབ་པའི་རྒྱལ་ཁ་དེས་ཡུལ་ཕྱོགས་གང་སར་ཡོད་པའི་མི་རིགས་ནག་པོ་ཚོར་བག་ཆགས་ཟབ་མོ་བཞག སྤྱི་ལོ་༡༩༦༣ ལོའི་དབྱར་ཁར་ཨ་རིའི་གྲོང་ཁྱེར་ཡོད་ཚད་ནང་གི་མི་རིགས་ནག་པོ་ཚོས་ཡར་ལངས་བྱས་ཏེ་”མྱུར་དུ་རང་དབང་”དགོས་པའི་འདོད་འདུན་བཏོན། ཁོང་ཚོས་གོ་མེད་ཚོར་མེད་ངང་མནར་གཅོད་མྱངས་ཤིང་བཟོད་སྒོམ་ཆེན་པོའི་ངང་རེ་སྒུག་བྱས་ནས་ཡིད་ཐང་ཆད་ཡོད། ད་སྐབས་བྲན་གཡོག་རིང་ལུགས་མེད་པར་བཟོ་བའི་ཁྲིམས་གཞི་གཏན་ལ་ཕབ་སྟེ་ལོ་ངོ་བརྒྱ་ཕྲག་གཅིག་འདས་ནས་བྲན་གཡོག་ཚོ་ལ་རང་དབང་ཐོབ་ཡོད། འོན་ཀྱང་དོན་དངོས་སུ་མི་རིགས་ནག་པོ་ཚོར་རང་དབང་ཐོབ་ཡོད་དམ། ཁོང་ཚོར་མི་རིགས་དཀར་ནག་གི་དབྱེ་འབྱེད་བྱས་ཚེ་རང་དབང་ཐོབ་མེད། ཁོང་ཚོར་འོས་ཤོག་འཕེན་པའི་ཐོབ་ཐང་མེད་ཚེ་རང་དབང་ཐོབ་མེད། ཁོང་ཚོར་ལས་རིགས་ཡག་པོ་གཉེར་བའི་ཐོབ་ཐང་བྲལ་ཚེ་རང་དབང་ཐོབ་མེད། ད་ལྟ་མི་རིགས་ནག་པོ་ཚོ་ཁོང་ཁྲོ་ལང་ཡོད། ཁོང་ཚོས་གཞུང་ལམ་བརྒྱུད་དེ་གོམ་བགྲོད་བྱས་ཤིང་གཞུང་ཁང་དག་གི་ནང་དུ་མཉམ་སྡོད་ཀྱི་ལས་འགུལ་སྤེལ། ཁོང་ཚོས་འགྲིམ་འགྲུལ་བྱེད་པའི་ལམ་ཁ་བཀག་ཅིང་ཚོང་ཁང་དག་གི་ནང་ཉོ་ཚོང་བྱེད་མཁན་ཚོ་ཡང་མི་འགྲོ་བའི་འགོག་རྐྱེན་སྤྲད། དེ་ལྟར་ཉིན་རྟག་ཏུ་ས་ཁུལ་གང་སར་མི་རིགས་ནག་པོ་ཚོས་ངོ་རྒོལ་ལས་འགུལ་སྤེལ། ཀིང་གིས་སྤྱི་ལོ་༡༩༦༣ ལོའི་དབྱར་ཁ་ནི་མི་རིགས་ནག་པོའི་གསར་རྗེ་ཡི་འགོ་རྩོམ་པའི་དུས་སྐབས་ཡིན་པར་བརྗོད་ལ། གསར་རྗེ་དེའི་སྣེ་ཁྲིད་མཁན་ནི་ཀིང་ཁོ་རང་ཡིན་པ་སྨོས་མ་དགོས་པ་ཞིག་རེད།
   དབྱར་ཁ་དེར་མི་རིགས་ནག་པོ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་དེ་ཨ་རི་རྒྱལ་ཡོངས་ཀྱི་མི་མང་ཚང་མར་རྒྱུས་མངའ་ཡོད་པ་ཞིག་ཏུ་གྱུར་ཅིང། ཨ་རིའི་གྲོས་ཚོགས་ཁང་ཆེན་ཕོ་བྲང་དཀར་པོའི་ནང་དུ་སྲིད་འཛིན་དམ་པ་ཀེན་ནའེ་ཊེ་མཆོག་གིས་”ང་ཚོས་འཛམ་གླིང་ཡོངས་ལ་རང་རེའི་རྒྱལ་ཁབ་འདི་མི་རིགས་ནག་པོ་ཚོ་མ་གཏོགས་མི་ཚང་མར་རང་དབང་ཡོད་པའི་ས་ཆ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱ་རྩིས་ཡིན་ནམ།
   ང་ཚོས་འཛམ་གླིང་ཡོངས་ལ་རང་རེའི་རྒྱལ་ཁབ་འདིར་མི་རིགས་ནག་པོ་ཚོ་མ་གཏོགས་གྲལ་རིམ་གཉིས་པའི་མི་སེར་མེད་ཅེས་འགྲེལ་བརྗོད་བྱ་རྩིས་ཡིན་ནམ།
   ང་ཚོས་འཛམ་གླིང་ཡོངས་ལ་རང་རེའི་རྒྱལ་ཁབ་འདིར་མི་རིགས་ནག་པོ་མ་གཏོགས་གྲངས་ཉུང་མི་རིགས་ལ་བགྲང་བའི་མངའ་ཁོངས་མེད་ཅེས་འགྲེལ་བརྗོད་བྱ་རྩིས་ཡིན་ནམ་”ཞེས་གསུངས།
   དེ་རྗེས་སྲིད་འཛིན་ཀེན་ནའེ་ཊེ་མཆོག་གིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འཚོགས་པའི་སྐབས་མི་རིགས་དཀར་ནག་གི་དབྱེ་འབྱེད་བྱེད་སྲོལ་མེད་པར་གཏོང་ཆེད་སྤྱི་དམངས་ཐོབ་ཐང་གི་ནུས་པ་གོང་མཐོར་ཡོང་བའི་ཁྲིམས་གཞི་ཞིག་རྩ་ཁྲིམས་ནང་གཏན་འབེབས་བྱ་དགོས་བའི་དགོངས་ཚུལ་བཏོན། ངོ་རྒོལ་ལས་འགུལ་དག་ལ་གྲུབ་འབྲས་གང་འཚམ་ཐོབ་ཀྱི་ཡོད་པའི་ཁར། སློབ་གྲྭ་ཁག་དང། སྤྱི་གླིང། མགྲོན་ཁང། གུང་ཚིགས་ཟ་ས་སོགས་སུ་གཅིག་སྡུད་ཀྱི་ནུས་པ་ཐོན་པའི་ལས་འགུལ་སྤེལ་པས། བཟོ་ལས་ཐོན་སྐྱེད་གཉེར་མཁན་གྱི་བཟོ་གྲྭ་མང་དག་ཅིག་གིས་མི་རིགས་ནག་པོ་ཚོ་ལས་ཞུགས་བྱ་ཆོག་པའི་འགོ་ཐོག་མར་བརྩམས་ཤིང་། མང་པོ་ཞིག་གིས་མི་རིགས་ནག་པོ་ཚོར་གོ་གནས་གལ་ཆེན་གྱི་ལས་རིགས་གཉེར་བའི་གོ་སྐབས་ཐོག་མར་སྤྲད་པ་དང་། ཡང་མང་པོ་ཞིག་གིས་མི་རིགས་ནག་པོ་ཚོས་ལས་གཉེར་བྱེད་པའི་གོ་གནས་གོང་མཐོར་གཏོང་འགོ་བརྩམས།
   འོན་ཀྱང་འགྱུར་ལྡོག་ཆེ་ཤོས་ཤིག་ནི་མི་རིགས་ནག་པོ་ཚོས་རང་ཉིད་ལ་ངོས་འཛིན་བྱེད་སྟངས་ཐད་འགྱུར་བ་སོང་བ་དེ་རེད། ཁོང་ཚོས་རང་གི་རིགས་ལ་མཐོང་ཆེན་བྱེད་པའི་བསམ་བློ་གསར་པ་རྙེད། མི་རིགས་དཀར་པོའི་ཚོང་པ་ཞིག་གིས་”འདི་ནི་ངའི་ཡིད་དུ་སྣང་ཚུལ་ཙམ་ཞིག་ཡིན་ནམ་ཡང་ན་དེང་སྐབས་གྲོང་རྡལ་འདིའི་ནང་གི་མི་རིགས་ནག་པོ་ཚོའི་མགོ་འཕང་ཅུང་ཙམ་ཇེ་མཐོར་སོང་ཡོད་པ་རེད།”ཅེས་དྲིས།
   སྤྱི་ལོ་༡༩༦༣ ལོའི་དོན་རྐྱེན་རིམ་པ་བརྒྱུད་ནས་ཡོངས་སུ་གྲགས་པའི་ཝ་ཤིང་ཀྲོན་ལ་ཞི་བའི་གོམ་བགྲོད་བྱས་པ་དེ་བྱུང་ཞིང། གོམ་བགྲོད་དེའི་དམིགས་ཡུལ་ནི་མི་རིགས་ནག་པོ་ཚོར་འདོད་མོས་བཞིན་ལས་ཞུགས་བྱེད་པའི་གོ་སྐབས་དང་རང་དབང་འཐོབ་ཆེད་ཡིན། དེས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། སྤྱི་ལོ་༡༩༦༣ ལོའི་ཟླ་༨ པའི་ཚེས་༢༨ ཉིན་ཕྱོགས་མཐའ་ཁག་ནས་ཨ་རིའི་མི་མང་སྟོང་ཕྲག་ཉིས་བརྒྱ་དང་ལྔ་བཅུ་ཙམ་ཝཱ་ཤིང་ཌོན་ཌེ་སི་ལ་འཛོམས། ཨ་རིའི་མངའ་སྡེ་ཡོངས་རྫོགས་ནས་རྒན་དར་གཞོན་གསུམ་ཚང་མ། མི་རིགས་དཀར་ནག་གི་དབྱེ་བ་དང། ཆོས་ལུགས་ཀྱི་དབྱེ་བ། གྲལ་རིམ་མཐོ་དམན་གྱི་དབྱེ་བ་དང། ལས་གནས་དང་ཚོགས་པ་སོགས་ཀྱི་དབྱེ་བ་གང་ལའང་མ་ལྟོས་པར་གནམ་གྲུ་དང་། མེ་འཁོར། སྤྱི་སྤྱོད་འགྲུལ་འཁོར་དང། སྒེར་གྱི་རླངས་འཁོར་སོགས་སུ་ཞུགས་ཏེ་འདུ་འཛོམས་བྱ་བར་སླེབས། ཞོགས་པ་དེར་ཚང་མས་གླུ་གཞས་གཏོང་བཞིན་ཞི་བའི་ངང་ནས་གོམ་བགྲོད་ཀྱིས་ལེིན་ཀོན་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་སོང་། དེ་རུ་གོ་མཚོན་ཐོགས་མེད་པའི་ཞི་བའི་དམག་དཔུང་འདིས་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པར་སྣེ་ཁྲིད་མཁན་གྱི་འགོ་ཁྲིད་ཚོའི་གཏམ་བཤད་གནང་བར་ཉན། འོན་ཀྱང་དེ་དག་ཀུན་གྱི་ནང་ནས་ཀྱང་ཁོང་ཚོས་ལྟ་འདོད་དང་ཉན་འདོད་ཀྱི་རེ་བ་ཆེན་པོ་བྱེད་ས་དེ་ནི་ཀིང་ཡིན་ལ། ཀིང་གིས་ཁོང་ཚོའི་རེ་བ་ཡིད་བཞིན་དུ་བསྐངས་ཏེ། སྐབས་དེར་ཁོང་གིས་གནང་བའི་གཏམ་བཤད་ཀྱིས་མི་ཚོའི་སེམས་སུ་བསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག
   ཁོང་གིས་”ང་ལ་རྨི་ལམ་ཞིག་ཡོད། རྨི་ལམ་དེ་ནི་ཨ་རི་རྒྱལ་ཁབ་ཀྱི་རྨི་ལམ་དང་ངོ་བོ་དབྱེར་མེད་དུ་འབྲེལ་ནས་ཡོད། ང་ལ་ཉིན་ཞིག་རྒྱལ་ཁབ་འདི་རྨོངས་གཉིད་ལས་སད་ཅིང་ཡར་ལངས་ནས་དཀོན་མཆོག་གིས་འགྲོ་བ་མི་རྣམས་འདྲ་མཉམ་གྱི་ངོ་བོར་བསྐྲུན་པའི་བདེན་ལུགས་རྣམས་ལ་ཡིད་ཆེས་རྙེད་དེ། ཆོས་དང་མཐུན་པའི་འཚོ་བ་སྐྱེལ་ངེས་ཡིན་པའི་རྨི་ལམ་ཞིག་ཡོད།”
   ”ང་ལ་ཉིན་ཞིག་རྗོར་རྗེ་ཡཱ་ཡི་དམར་མདངས་ལྡན་པའི་རི་ཁུག་དེ་དག་ཏུ། དེ་སྔའི་བྲན་གཡོག་གི་བུ་རྒྱུད་རྣམས་དང་བྲན་གཡོག་བདག་པོའི་བུ་རྒྱུད་ཚོ་ཕུ་ནུའི་མཛའ་བརྩེ་ཡི་མདུན་ཅོག་གཅིག་གི་སྟེང་མཉམ་སྡོད་བྱེད་པའི་བགོ་སྐལ་གྱི་ཉི་མ་ཞིག་འཆར་ངེས་ཡིན་པའི་རྨི་ལམ་ཞིག་ཡོད། ང་ལ་ནམ་ཞིག་མི་སི་སི་པི་(Mississippi)མངའ་སྡེ་ནི་གཉའ་གནོན་དང་དྲང་བདེན་མིན་པའི་ཚ་དུག་ཆེས་ཆེ་སའི་མངའ་སྡེ་ཞིག་ཡིན་ནའང། དེ་རང་དབང་དང་དྲང་བདེན་གྱི་གྲིབ་བསིལ་ལྡན་པའི་ས་གཤིས་གཤིན་པོ་ཞིག་ཏུ་འགྱུར་ངེས་ཡིན་པའི་རྨི་ལམ་ཞིག་ཡོད།”
   ”ང་ལ་ནམ་ཞིག་རང་གི་ལོ་ན་ཆུང་བའི་བྱིས་པ་འདི་བཞི་པོ་རང་ཉིད་ཀྱི་གཤིས་སྤྱོད་ལ་ལྟ་བ་ལས་ལུས་ཀྱི་ཤ་མདངས་ཀྱི་ཁ་དོག་ལ་བལྟས་ནས་དབྱེ་འབྱེད་མི་བྱེད་པའི་རྒྱལ་ཁབ་ཅིག་གི་ནང་དུ་མི་ཚེ་སྐྱེལ་ཐུབ་པའི་རྨི་ལམ་ཞིག་ཡོད།”
   ”ང་ལ་ནམ་ཞིག་ལུང་ཁུག་ཡོད་ཚད་ཀྱི་ངོས་མཐོན་པོར་སྙོམས་ཤིང་། རི་བོ་དང་དེའུ་འབུར་ཡོད་ཚད་ཀྱི་ངོས་དམའ་རུ་སྙོམས་པ་དང་། ས་ཁོད་མི་སྙོམས་པ་རྣམས་སྙོམས་པར་བསྒྱུར་པ་དང་། ཀྱག་ཀྱོག་ཆེ་བའི་ས་ཁུལ་རྣམས་ཁོད་ཡངས་པའི་བདེ་ཐང་དུ་བསྒྱུར་བའི་རྨི་ལམ་ཞིག་ཡོད། འདི་ནི་ང་བྱང་ཕྱོགས་ས་ཁུལ་དུ་ཕྱིར་ལོག་ཁའི་ཡིད་ཆེས་དེ་ཡིན། ཡིད་ཆེས་འདི་དང་ལྷན་དུ་ང་ཚོས་རེ་ལྟོས་ཟད་པའི་ཡི་མུག་གི་བྲག་རི་དེ་གསིལ་ནས་རེ་བཞག་གི་བྲག་རྡོ་ཞིག་ཏུ་བསྒྱུར་ཐུབ་ངེས། ཡིད་ཆེས་འདི་དང་ལྷན་དུ་ང་ཚོས་མཉམ་རུབ་ཀྱིས་ལས་ལ་བརྩོན་ཐུབ་ཅིང་། ང་ཚོས་མཉམ་འཛོམས་ཀྱིས་སྨོན་ལམ་འདེབས་ཐུབ། ཡིད་ཆེས་འདི་དང་ལྷན་དུ་ང་ཚོས་ཆིག་བསྒྲིལ་གྱིས་རང་དབང་རྩོད་ལེན་བྱ་ཐུབ་ལ་མཉམ་དུ་བཙོན་ཁང་ནང་དུ་བསྐྱོད་ཐུབ། ཡིད་ཆེས་འདི་དང་ལྷན་དུ་ང་ཚོས་ཉིན་ཞིག་རང་དབང་ཐོབ་ངེས་ཡིན་པའི་གདེང་ཚོད་དང་མཉམ་དུ་རང་དབང་གི་ཕྱོགས་སུ་ལངས་ཐུབ།”
   ”ཉིན་མོ་དེར་དཀོན་མཆོག་གིས་བྱམས་སྐྱོང་གནང་བའི་མི་ཀུན་གྱིས་《རང་དབང་གི་སྒྲ་དབྱངས་གྲག་ཏུ་ཆུགས་》”ཞེས་པའི་ནང་དོན་གསར་པ་ལྡན་པའི་གླུ་གཞས་ལེན་ཐུབ་ངེས། དེར་བརྟེན་རང་དབང་གི་སྒྲ་དབྱངས་དེ་བརྗིད་ཉམས་ལྡན་པའི་ཧཱམ་ཤེར་གསར་པའི་རི་རྒྱུད་ཀྱི་རྩེ་དང་བརྟན་ཅིང་བརྗིད་པའི་ནེའུ་ཡོག་གྲོང་ཁྱེར་གྱི་རི་སུལ་དག་ནས་གྲག་ཏུ་ཆུགས། ད་དུང་དེས་ག་ལ་ཚད། རང་དབང་གི་སྒྲ་དབྱངས་དེ་རྗོར་རྗེ་ཡཱ་ཡི་བྲག་རིའི་གསེབ་དང་མི་སི་སི་པི་ས་ཁུལ་གྱི་རི་ཚོགས་དང་དེའུ་འབུར་ཡོད་ཚད་ཀྱི་གསེབ་ནས་གྲག་ཏུ་ཆུགས།”
   ”ང་ཚོས་རང་དབང་གི་སྒྲ་དབྱངས་དེ་གྲོང་ཁྱེར་དང་གྲོང་གསེབ་ཡོད་ཚད་དང། གྲོང་ཁྱེར་དང་མངའ་སྡེ་ཡོད་ཚད་ཀྱི་ནང་ཁྱབ་ཏུ་བཅུག་ཚེ། ང་ཚོས་དཀོན་མཆོག་གིས་རིས་མེད་བྱམས་སྐྱོང་གནང་བའི་མི་རིགས་དཀར་པོ་དང། ནག་པོ། འཇིའུ་ཡི་རིགས་དང། ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོ་དང་། ཡེ་ཤུ་གསར་མའི་ལུགས་ཀྱི་རྗེས་འཇུག་པ་སོགས་ཚང་མར་མཛའ་བརྩེ་ཡི་ལག་རྡང་སྦྲེལ་ཏེ་མི་རིགས་ནག་པོའི་གནའ་རབས་ཀྱི་ཆོས་དཔེའི་ནང་གི།
   ”ང་ཚོར་རང་དབང་ཐོབ་བྱུང་།
   ང་ཚོར་རང་དབང་ཐོབ་བྱུང་།
   བསླུ་བ་མེད་པའི་དཀོན་མཆོག་ཐུགས་རྗེ་ཅན།
   མཐར་ང་ཚོ་ཚང་མས་རང་དབང་གི་དཔལ་ལ་རོལ་ཐུབ་བྱུང་།”ཞེས་པའི་ཚིག་འབྲུ་དག་གླུ་རུ་ལེན་པའི་བགོ་སྐལ་གྱི་ཉིན་མོ་དེ་མྱུར་དུ་བསུ་ཐུབ་ངེས།”
   ཀིང་གིས་གཏམ་བཤད་གནང་ཚར་བ་དང་དེར་འཛོམས་པའི་སྐྱེས་ཕོ་མོ་ཚང་མས་དགའ་འབོད་ཀྱི་སྐད་གསེང་མཐོན་པོར་བསྒྲགས།
   ཨ་རིའི་མི་དམངས་ས་ཡ་མང་པོས་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ནས་ཞི་བའི་གོམ་བགྲོད་དང་ཀིང་གིས་གསུང་བཤད་གནང་བར་བལྟས་ཡོད་ལ། ཁོང་ཚོས་ཉིན་མོ་དེ་ནི་ལོ་རྒྱུས་ནང་ཆེས་རིན་ཐང་ལྡན་པའི་ཉིན་མོ་ཞིག་ཡིན་པ་ཤེས་ཡོད།
   དབྱར་ཁ་དེར་མི་རིགས་ནག་པོ་ཚོས་རྒྱལ་ནང་དུ་ནང་འཁྲུག་བྱུང་བའི་རྗེས་སུ་སྔར་བྱུང་མ་མྱོང་བའི་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་པོ་སྤོས། འོན་ཀྱང་ཁོང་ཚོར་ཐོབ་པའི་རྒྱལ་ཁ་དེ་དག་ལ་མི་རིགས་དཀར་པོའི་རིགས་ཞེན་གྱི་ལྟ་བ་མཁྲེགས་འཛིན་མཁན་ཚོས་རྒོལ་ལན་སློག་རྒྱུ་མཚམས་བཞག་མེད། དེར་ད་དུང་མི་རིགས་ནག་པོ་ཚོ་ལ་ཁ་གཏད་གཅོག་པར་དྲག་སྤྱོད་ཀྱི་ལས་ཐབས་མང་པོ་སྤེལ་གྱི་ཡོད་ལ། དེ་ལས་དྲག་སྤྱོད་ཀྱི་ལས་གཉིས་ནི་ཆེས་ཚད་ལས་བརྒལ་བ་ཞིག་བྱུང་སྟེ། སྤྱི་ལོ་༡༩༦༣ ལོའི་སྤྱི་ཟླ༦ པའི་ཚེས་༡༢ ཉིན་མི་སི་སི་པི་མངའ་སྡེའི་ཇཱག་སོན་(Jackson)ས་ཁུལ་དུ་མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་སྣེ་ཁྲིད་མཁན་གྲགས་ཆེན་མེ་གྷར་ཨེ་ཝེར་ས་ལ་མེ་མདའ་བརྒྱབ་སྟེ་བཀྲོངས་པ་དང། སྤྱི་ལོ་༡༩༦༣ ལོའི་སྤྱི་ཟླ་༩ པའི་ཚེས་༡༥ ཉིན་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་བྷིར་མིན་གྷཱམ་གྲོང་ཁྱེར་ནང་གི་ཁྲུས་ཆོག་བྱེད་སའི་ཡེ་ཤུ་ལྷ་ཁང་ཞིག་གི་ནང་དུ་འགད་རྫས་གཡུགས་ཤིང་། གཟའ་ཉི་མའི་འཛིན་གྲྭའི་ནང་གི་མི་རིགས་ནག་པོའི་སློབ་ཕྲུག་བུ་མོ་བཞི་བསད།
   དེའི་རྗེས་སུ་སྤྱི་ལོ་༡༩༦༣ ལོའི་སྤྱི་ཟླ་༡༡ པའི་ཚེས་༢༢ ཉིན་ཨ་རི་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་དྲག་སྤྱོད་ཀྱི་སྦྱོར་བ་གཞན་ཞིག་བརྩམས་ཏེ། དེང་སང་གི་ཌེག་སཱ་ས་(Texas)ས་ཁུལ་གྱི་དྷཱ་ལཱ་ས་(Dallas)རུ་སྲིད་འཛིན་དམ་པ་ཀེན་ནའེ་ཌི་སྐུ་སྲོག་མེ་མདའི་ཁ་ནས་ཤོར། ཐོག་མར་སུས་ཀྱང་སྲིད་འཛིན་མཆོག་དགྲོངས་མཁན་དེ་སུ་ཡིན་མ་ཤེས། འོན་ཀྱང་ཀིང་གི་ངོས་ནས་དེ་ནི་འཁོན་འཛིན་གྱི་འཁྲུགས་རྐྱེན་ཞིག་གིས་ཡིན་པ་ལས་མི་སྒེར་ཞིག་ལ་མཛུབ་མོ་འཛུགས་ས་མེད་པར་བརྗོད་དེ། ཁོང་གིས་”སྲིད་འཛིན་དམ་པ་ཀེན་ནའེ་ཊེ་ཡི་གྲོངས་རྐྱེན་ལ་འུ་ཅག་ཚང་མར་འབྲེལ་བ་ཡོད་པ་རེད། འུ་ཅག་གིས་འཁོན་འཛིན་ལ་བཟོད་སྒོམ་བྱས་པ་རེད། འུ་ཅག་གི་མི་ཚེའི་འཚོ་བའི་བརྒྱུད་རིམ་ཡོད་ཚད་ནང་དྲག་སྤྱོད་ཀྱི་རིགས་ལ་བཟོད་སྒོམ་བྱས་པ་རེད། འུ་ཅག་གིས་མི་ཞིག་གི་འཚོ་གནས་ལ་འདུ་ཤེས་འཛིན་སྟངས་དེ་རང་ཉིད་ཀྱི་འདོད་ལུགས་དང་མཐུན་ཚེ་ད་གཟོད་མི་དེའི་ཚེ་སྲོག་ལ་རིན་ཐང་སྤྲོད་པ་དང་དེ་ལྟར་མིན་ན་ཕ་རོལ་པོོའི་ཚེ་སྲོག་ལ་རིན་ཐང་མི་སྤྲོད་པའི་རང་ལྟ་མཆོག་འཛིན་གྱི་རིགས་ལ་བཟོད་སྒོམ་བྱས་པ་རེད། དེར་བརྟེན་ཡ་རབས་ཀྱི་ལུགས་བཟང་འདི་དར་ཤུགས་ཆེན་པོ་བྱུང་བའི་མཐར་ཚང་མས་གུས་བརྩི་བྱེད་སའི་སྲིད་འཛིན་དམ་པ་ཁོང་གི་སྐུ་སྲོག་ལའང་བར་ཆད་བྱུང་བ་རེད། འུ་ཅག་གིས་རྒྱལ་ཁབ་འདིའི་གཟི་བརྗིད་དུ་གྱུར་བའི་སྐྱེས་བུ་དམ་པ་ཞིག་སྐུ་གྲོངས་བར་མྱ་ངན་ཞུ་བ་དང་ལྷན་དུ། ང་རང་ཚོའི་ལུས་སེམས་ཀྱང་རྗེས་ལུས་ཀྱི་ནད་གཅོང་གིས་གཟིར་ཀྱིན་ཡོད་པར་གདུང་ཚོར་ཟབ་མོ་སྐྱེ་དགོས།”གསུངས།
   སྤྱི་ཟླ་༦ པའི་ནང་སྲིད་འཛིན་དམ་པ་ཀེན་ནའེ་ཊེ་མཆོག་གིས་གྲོས་ཚོགས་ནང་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་མཚམས་འཇོག་ཡོང་ཐབས་སུ་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་ནུས་པ་ལྡན་པ་ཞིག་གཏན་འབེབས་བྱ་དགོས་པའི་དགོངས་ཚུལ་བཏོན། སྲིད་འཛིན་དམ་པ་ཁོང་སྐུ་གྲོངས་བའི་སྐབས་སུ་ད་དུང་རྩ་ཁྲིམས་ཀྱི་སྒྲིག་གཞི་དེ་གཏན་ལ་ཕབ་མེད། ཉིན་ལྔ་ཡི་རྗེས་སུ་སྲིད་འཛིན་གསར་པ་ལེན་ཊོན་བྷི་རྗོན་སན་(Lyndon B. Johnson)མཆོག་གིས་གྲོས་ཚོགས་ནང་གཏམ་བཤད་གནང་སྟེ་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་ཡོང་བར་རྩ་ཁྲིམས་ནང་སྒྲིག་གཞི་དེ་གང་མགྱོགས་གཏན་འབེབས་ཡོང་ཐབས་ལ་འབད་དགོས་པའི་དགོངས་ཚུལ་བཏོན་པ་དང། ཁོང་གིས་དེ་ནི་སྐུ་གཤེགས་པའི་སྲིད་འཛིན་དམ་པ་ཀེན་ནའེ་ཊེ་མཆོག་ལ་གུས་བརྩི་དང་དྲན་གསོའི་རྣམ་པ་མཚོན་པའི་བྱ་གཞག་གལ་ཆེན་ཞིག་ཀྱང་ཡིན་པར་གསུངས།
   སྤྱི་ལོ་༡༩༦༤ ལོའི་ཟླ་༧ པའི་ཚེས་༢ ཉིན་གྲོས་ཚོགས་ནང་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་ཡོང་བར་རྩ་ཁྲིམས་ནང་སྒྲིག་གཞི་དེ་གཏན་འབེབས་བྱ་རྒྱུའི་མོས་མཐུན་བྱུང་ཞིང། སྲིད་འཛིན་དམ་པ་རྗོན་སན་གྱིས་གཏན་ལ་ཕབ་པའི་མིང་རྟགས་བཀོད། ཨ་རིའི་གྲོས་ཚོགས་ཀྱི་ཚོམས་ཆེན་དཀར་པོའི་ནང་དུ་སྲིད་འཛིན་རྗོན་སན་གྱིས་གྲོས་མཐུན་ལ་མིང་རྟགས་འགོད་པའི་སྐབས་དེར་ཀིང་ཡང་ཚོམས་ཆེན་དཀར་པོའི་ནང་དུ་ཕེབས་ཡོད། ཁྲིམས་སྲོལ་གཏན་འབེབས་བྱེད་པའི་གྲོས་གཞི་དེ་སྤྱི་ལོ་༡༩༦༤ ལོའི་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་རྩ་འཛིན་ཁྲིམས་གཞི་ཞིག་ཏུ་གྱུར་བ་དང། དེས་ནི་མི་རིགས་ནག་པོ་ཚོ་གྲལ་རིམ་དང་པོའི་མི་སེར་གྱི་ངོ་བོར་བསྒྱུར་བར་ཕན་ཐོགས་ཆེན་པོ་བྱུང། རྩ་འཛིན་ཁྲིམས་གཞི་དེའི་ནང་དོན་གཙོ་བོ་ནི།
   དང་པོ། མི་སུ་འདྲ་ཞིག་ཡིན་ཡང་དེའི་རིགས་རུས་ལ་བལྟས་ནས་ཟ་ཁང་དང། མགྲོན་ཁང་། རླངས་རྫས་མཁོ་སྤྲོད་ཁང་དང་། གར་བརྙན་སོགས་སུ་འགྲོ་བའི་རང་དབང་ལ་ཚོད་འཛིན་གྱིས་བཀག་འགོག་བྱ་མི་ཆོག
གཉིས་པ། མི་སུ་འདྲ་ཞིག་ཡིན་ཡང་དེའི་རིགས་རུས་ལ་བལྟས་ནས་མང་ཚོགས་འདུ་འཛོམས་བྱ་སའི་གླིང་ག་དང་། ཆུར་རྐྱལ་ས། མཚོ་འགྲམ་དང་། དཔེ་མཛོད་ཁང་སོགས་སུ་འགྲོ་བའི་རང་དབང་ལ་ཚོད་འཛིན་གྱིས་བཀག་འགོག་བྱ་མི་ཆོག
   གསུམ་པ། མི་སུ་འདྲ་ཞིག་ཡིན་ཡང་འཛིན་རིམ་དྲུག་པ་སློབ་མཐར་ཕྱིན་ཡོད་ཚེ་ཚོད་ལྟའི་ཡིག་རྒྱུགས་གཏོང་མི་དགོས་པར་འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་ཡོད།
བཞི་པ། ངལ་རྩོལ་ལས་མི་བརྒྱ་ལས་མང་པའི་བཟོ་ལས་ཐོན་སྐྱེད་སྡེ་ཁག་ཆེན་པོ་དག་དང་། ཚོགས་མིའི་གྲངས་འབོར་བརྒྱ་ལས་བརྒལ་བའི་མནའ་འབྲེལ་སྡེ་ཚན་དག་གིས་བྱ་གཞག་བསྒྲུབ་པའི་ནུས་པ་ཅན་གྱི་ལས་མི་སུ་འདྲ་ཞིག་ཡིན་ཡང་ལས་ཁུངས་ནས་ཕུད་མི་ཆོག
   ལྔ་པ། ཨ་རི་རྒྱལ་ཡོངས་ཀྱི་ཁྲིམས་དོན་སྤྱི་ཁྱབ་པའི་ངོས་ནས་མི་རིགས་དཀར་ནག་གི་དབྱེ་འབྱེད་བྱེད་སྲོལ་ཡོད་པའི་སློབ་གྲྭ་ཁག་ནང་གི་འབྲེལ་ཡོད་ལས་བྱེད་ཚོ་ཁྲིམས་རྭར་ཁྲིད་དེ་གནད་དོན་ཐག་གཅོད་བྱ་ཆོག
སྐབས་འདིར་ཀིང་གི་མཚན་སྙན་འཛམ་གླིང་ཡོངས་ལ་ཁྱབ་ཡོད། ཁོང་ལ་ཨ་རི་རྒྱལ་ཁབ་ཀྱི་ནང་དང་ཕྱིའི་རྒྱལ་ཁབ་ཁག་ནས་ཆེ་བསྟོད་ཀྱི་གཟེངས་རྟགས་མང་པོ་ཕུལ། སྤྱི་ལོ་༡༩༦༤ ལོའི་ཟླ་༡༠ པའི་ནང་ཀིང་ལ་འཛམ་གླིང་ནང་གི་གཟེངས་རྟགས་ཆེ་ཤོས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་ཆེ་བ་བརྗོད་པའི་གཟེངས་རྟགས་དེ་ཕུལ།  ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གི་ནོ་སྦེལ་གཟེངས་རྟགས་འབུལ་བའི་སྡེ་ཚན་གྱི་ངོས་ནས་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་དེ་ཕུལ་བ་རེད། ཀིང་གིས་གཟེངས་རྟགས་དེ་ཡིས་”རང་དབང་དང་འགྲོ་བ་མིའི་རྩིས་ཐང་རག་པར་འབད་པ་བྱེད་མཁན་ཚོ་ལ་འཛམ་གླིང་མི་དམངས་ཚང་མས་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་པ་རེད།”ཅེས་གསུངས། དེ་ནི་དྲང་བདེན་འཐོབ་པར་འཚེ་མེད་ཞི་བའི་ལམ་ལ་ཞུགས་མཁན་གྱི་མི་མང་ས་ཡ་མང་པོར་ཐོབ་པའི་ལེགས་སྐྱེས་ཤིག་ཡིན་ཞིང་། གཟེངས་རྟགས་དེས་ཁོང་ལ་དྲང་བདེན་གྱི་སླད་དུ་འཐབ་རྩོད་བྱ་བར་སྔར་མེད་ཀྱི་སྐུལ་ལྕག་ཆེན་པོ་ཞིག་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།
   མཐར་ཁོང་ནོར་ཝེ་(Norway)རྒྱལ་ཁབ་ཀྱི་ས་ཆ་ཨོ་སུ་ལའོ་(Oslo)ཞེས་པར་གཟེངས་རྟགས་དེ་བཞེས་ཆེད་གནམ་གྲུར་བསྡད་ནས་ཕེབས། ཁོང་གིས་ནོར་ཝེ་ཡི་ཨོ་ལཱ་ཝ་(Olav)རྒྱལ་པོའི་རྒྱལ་རྒྱུད་ལྔ་པ་གཙོས་དེར་འཛོམས་པའི་མི་ཚང་མར་”ཉེ་ཆར་ཨཱ་ལཱ་བྷ་མཱ་ས་ཁུལ་གྱི་གྲོང་ཁྱེར་བྷིར་མིན་གྷཱམ་དུ་ངའི་རྗེས་འཇུག་པ་ཚོས་མི་དང་མིའི་བར་ལ་སྤུན་ཟླའི་མཛའ་བརྩེ་བཅངས་དགོས་བའི་རེ་འབོད་ཀྱི་ཁ་གཡང་བསྒྲགས་པའི་ལན་དུ། དྲག་ཤུགས་ཆེ་བའི་འགྱིག་སྦུག་ནང་གི་ཆུ་གཏོང་བ་དང། མཆེ་སྡེར་གཟེངས་ཤིང་འཇིགས་རྔམ་ཆེ་བའི་སྒོ་ཁྱི་གློད་དེ་བཙན་གནོན་བྱས་པ་མ་ཟད། ཤི་རྨས་ཀྱང་ཚབས་ཆེན་ཕོག་པ་དེ་ད་ལྟ་འང་ངའི་ཡིད་ངོར་ཝ་ལེར་དྲན་གྱི་འདུག་ལ། ཉེ་ཆར་མི་སི་མི་པི་མངའ་ཁུལ་གྱི་ཧྥི་ལཱ་ཊེལ་ཧྥི་ཡཱ་(Philadelphia)ས་ཆ་རུ་ན་གཞོན་ཚོས་འོས་ཤོག་འཕེན་པའི་ཐོབ་ཐང་རག་པའི་རེ་འདུན་བཏོན་པར་སྙིང་རྗེ་མེད་པའི་དྲག་གནོན་དང་། མི་གསོད་ཁྲག་སྦྱོར་གྱི་སྡིག་སྤྱོད་སྤེལ་བ་དེ་ད་ལྟའང་ངའི་ཡིད་ལ་ཝ་ལེར་དྲན་གྱི་འདུག དེར་བརྟེན་ངས་གཟེངས་རྟགས་འདི་ཕྱོགས་མཐའ་ཀུན་དམག་དཔུང་གིས་བསྐོར་བའི་ཁྲོད་དུ་ངར་ཤུགས་ཆུང་བའི་འཐབ་རྩོད་པ་དག་ལ་ཡིད་ཆེས་བཅོལ་ཞིང། ནོ་སྦེལ་བྱ་དགའ་ཡི་དམིགས་ཡུལ་གཙོ་བོ་སྟེ་ཞི་བདེ་དང་སྤུན་ཟླའི་མཛའ་བརྩེ་ཐོབ་པར་རྩོད་ལེན་བྱས་ཀྱང་། ད་དུང་རྒྱལ་ཁ་ཐོབ་མེད་པའི་ལས་འགུལ་ཞིག་ལ་ཕུལ་བའི་རྒྱུ་མཚན་ཅི་ཡིན་ཤེས་འདོད་བྱུང་། བསམ་བློ་ཞིབ་ཏུ་བཏང་ཚེ་གཟེངས་རྟགས་འདི་ནི་ངས་དེ་རིང་ཚབ་བྱས་ཏེ་ལེན་པའི་ལས་འགུལ་ལ་གདེང་འཇོག་ཆེན་པོ་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དེའི་དོན་ནི་འཚེ་མེད་ཞི་བ་ནི་དྲག་སྤྱོད་དང་བཙན་གནོན་ལ་བརྟེན་མ་དགོས་བར་དྲག་སྤྱོད་དང་བཙན་གནོན་ལས་ཐར་བར་ཆབ་སྲིད་ཀྱི་འགག་རྩའི་གནད་དོན་དང་དེང་སྐབས་མིའི་རིགས་ལ་མཁོ་བའི་བླང་དོར་གྱི་གནད་དོན་ལ་གསལ་འདེབས་བྱེད་པའི་དོགས་གཅོད་ཀྱི་དྲི་ལན་ཞིག་ཡིན་པ་དེ་རེད།
   ”ངས་དེ་རིང་ཨ་རི་རྒྱལ་ཁབ་ལ་བཅོལ་བའི་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ཤིག་དང་འགྲོ་བ་མིའི་རིགས་ཀྱི་འབྱུང་འགྱུར་ལ་ཐེ་ཚོམ་བྲལ་བའི་ཡིད་ཆེས་ཤིག་དང་སྦྲགས་གཟེངས་རྟགས་འདི་དང་ལེན་བྱེད་ཀྱི་ཡོད། ངས་མིའི་རིགས་ནི་འཚོ་གནས་ཀྱི་གཙང་ངོགས་སུ་གཡེང་བའི་བེད་མེད་བདག་མེད་ཀྱི་ཅ་དངོས་ཤིག་དང་འདྲ་བར་འཛིན་པའི་ལྟ་ཚུལ་དེར་ངོས་ལེན་མི་བྱེད་ལ། ངས་འགྲོ་བ་མིའི་རིགས་ལ་དམག་འཁྲུག་དང་རིགས་རུས་དབྱེ་འབྱེད་ཀྱི་མུན་པ་འཐིབས་ཤིང་སྐར་ཚོགས་ཀྱི་འོད་སྣང་མེད་པའི་མཚན་མོ་འབའ་ཞིག་ལས་ཞི་བདེ་དང་སྤུན་ཟླའི་མཛའ་བརྩེ་ཡི་ཉི་གཞོན་འཛུམ་པའི་འོད་སྣང་ཞིག་འཆར་རྒྱུ་གཏན་ནས་མེད་པར་མོས་མཐུན་མི་བྱེད།”
   ཀིང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་ལྷན་དུ་ཐོབ་པའི་ཨ་སྒོར་༥༤༠༠༠ཡོད་པ་དེ་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་ཆེད་དུ་སྤྲད།

མདུན་ཤོག

Menu