རིང་པོ་མ་འགོར་བར་ཀིང་དང་མོན་ཌ་གྷོ་མེ་རེ་ས་ཁུལ་ཡར་ཐོན་ལྷན་ཚོགས་ཀྱི་འགོ་ཁྲིད་ཁ་ཤས་ཀྱིས་དཀའ་ངལ་ཆེ་བའི་བྱ་གཞག་ཁག་ཅིག་ལ་གདོང་ལེན་བྱ་དགོས་བྱུང་། ཐོག་མར་ཁོང་ཚོས་ལས་ཀ་བྱེད་པའི་མི་རིགས་ནག་པོ་ཚོ་ཁྱིམ་དང་ལས་ཀ་བྱེད་སའི་བར་འགྲུལ་སྐྱོད་བྱེད་པའི་ཐབས་ལམ་ཞིག་ཐག་གཅོད་བྱ་དགོས། གནས་སྐབས་རིང་ཁོང་ཚོ་མི་རིགས་ནག་པོའི་གླ་འཁོར་སྡེ་ཚན་ཁག་ལ་བརྟེན་དགོས་བྱུང་ཞིང་། གླ་འཁོར་དེ་ཚོས་ཀྱང་སྔར་བཞིན་འགྲུལ་གླ་སྤྱི་སྤྱོད་འགྲུལ་འཁོར་གྱི་གོང་ཚད་དང་གཅིག་མཚུངས་སེན་ཁྲེ་༡༠ ལས་ལེན་གྱི་མེད། འོན་ཀྱང་དེ་ལྟར་ཉིན་ཁ་ཤས་འགོར་རྗེས་ས་གནས་བདེ་འཇགས་ལས་ཁུངས་ནས་མི་རིགས་ནག་པོའི་གླ་འཁོར་སྡེ་ཚན་གྱི་འགྲུལ་གླ་ཉུང་ཉུང་ལེན་པ་དེ་བཀག་འགོག་བྱས། བདེ་འཇགས་ལས་ཁུངས་ནས་མི་རིགས་ནག་པོའི་གླ་འཁོར་སྡེ་ཚན་ཁག་ལ་ཉུང་མཐར་ཡང་མི་རེ་ནས་འགྲུལ་གླ་ལ་སེན་ཀྲི་༤༥ ལེན་དགོས་པའི་བཀའ་བཏང་།    དེ་ནི་ཁྲིམས་སྲོལ་རེད།
   དེར་བརྟེན།    ཀིང་གིས་རླངས་འཁོར་ཡོད་མཁན་སྒེར་བ་ཚོ་དང་ཁ་ལོ་བ་ཚོར་གླ་འཁོར་གྱི་ཚབ་བྱེད་པའི་འབོད་སྐུལ་ཞུས་པ་དང་། མི་སུམ་བརྒྱ་ལྷག་ཅིག་གིས་སྒེར་གྱི་རླངས་འཁོར་སྤྱོད་པའི་མཐུན་རྐྱེན་སྦྱར་བ་དང་ཁ་ལོ་བ་བྱེད་པའི་དང་བླངས་ཞབས་ཞུ་བསྒྲུབས། དེ་མུར་གྲོང་ཁྱེར་གྱི་ཁྱོན་ཡོངས་ལ་མི་རིགས་ནག་པོ་ཚོ་རྒྱུན་དུ་སྐྱེལ་འདྲེན་བྱེད་སའི་རླངས་འཁོར་འབབ་ཚིགས་ཁག་གཏན་འབེབས་བྱས། ཡུན་རིང་པོ་ཞིག་ལ་མི་རིགས་ནག་པོ་ཚོ་སྐྱེལ་འདྲེན་བྱེད་པའི་སྒེར་གྱི་རླངས་འཁོར་དེ་དག་གིས་དུས་རྒྱུན་གྱི་སྤྱི་སྤྱོད་རླངས་འཁོར་ལས་ལྷག་པའི་ཞབས་ཞུ་ཡག་པོ་བསྒྲུབས། དེ་ལྟར་ནའང་མི་རིགས་ནག་པོ་མང་པོ་ཞིག་ད་དུང་ཡང་རྐང་ཐང་དུ་འགྲོ་བཞིན་ཡོད། ཁོང་ཚོས་རྐང་ཐང་དུ་སོང་ན་གནས་བབ་ཡར་རྒྱས་སུ་འགྲོ་ངེས་རེད་སྙམ་གྱི་ཡོད། མི་རིགས་ནག་པོའི་བུད་མེད་ཅིག་གིས་”ང་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་དུ་རྐང་ཐང་ལ་འགྲོ་ཡི་མེད།    ང་རང་ཉིད་ཀྱི་བྱིས་པ་དང་མ་འོངས་པའི་བུ་རབས་ཚ་རྒྱུད་ཚོའི་ཆེད་དུ་རྐང་ཐང་ལ་འགྲོ་བཞིན་ཡོད།”ཅེས་བཤད།
   དཀའ་ངལ་གཞན་ཞིག་འཕྲད་པ་ནི། མ་དངུལ་གྱི་དཀའ་ངལ་རེད། ཁོང་ཚོར་རླངས་འཁོར་ལ་རླངས་རྫས་ཉོ་བྱེད་དང་། གཞུང་བསྒྲུབ་ཁང་གི་འགྲོ་སོང་། ལས་ཀ་ལས་མཁན་ཚོའི་འགྲོ་སོང་དང་། ཁ་པར་གྱི་གླ་སོགས་ལ་འགྲོ་སོང་གཏོང་རྒྱུའི་དངུལ་དགོས་ཀྱི་ཡོད། མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་ནག་པོ་ཚོས་ཚོགས་འདུའི་སྐབས་མ་དངུལ་ཞིག་སྤྲད་ཡོད། འོན་ཀྱང་ཁོང་ཚོས་རང་ཉིད་ཀྱི་འཁོས་འབྱོར་ལ་དཔག་སྟེ་སྤྲད་པའི་ཞལ་འདེབས་དེས་འགྲོ་སོང་གཏོང་བར་མ་འདང་། གནས་ཚུལ་བཟང་པོ་ཞིག་ནི། གསར་ཤོག་ཚང་མའི་མདུན་ཤོག་ངོས་སུ་ཁོང་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་ཐོན་པ་དང་། ས་ཆ་གང་སར་སྤྱི་སྤྱོད་འགྲུལ་འཁོར་ནང་མི་འགྲོ་བའི་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། གསར་ཁང་ཁག་གིས་ས་གནས་སོ་སོར་གསར་འགོད་པ་མངགས་པ་དང་། རིང་པོ་མ་འགོར་བར་ཨ་རི་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་དང་། འཛམ་གླིང་ཁྱོན་ཡོངས་ནས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་རྒྱུའི་འགོ་བརྩམས་པས། མུ་མཐུད་དུ་དུས་ཡུན་རིང་པོ་ཞིག་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་དངུལ་འདང་ངེས་བྱུང་།
   འོན་ཀྱང་ལས་འགུལ་དེར་རླངས་འཁོར་དང་མ་དངུལ་ལས་ལྷག་པའི་ལམ་སྟོན་གྱི་སྙིང་སྟོབས་ཤིག་ཀྱང་མཁོ་ཡོད། ལས་འགུལ་དེར་རྒྱབ་སྐྱོར་བྱེད་པའི་མི་རིགས་དཀར་པོའི་བུད་མེད་ཅིག་གིས་འདིའི་ཐད་འགྲེལ་བརྗོད་གསལ་བོ་བྱས་ཡོད། ཁོ་མོས་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་གསར་ཤོག་སྟེང་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་གི་ངོ་རྒོལ་ལས་འགུལ་སྐོར་བྲིས་ཡོད། མོས་མི་རིགས་ནག་པོའི་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་གི་ལས་འགུལ་དང་རྒྱ་གར་ནང་སྤེལ་བའི་གྷན་དྷིའི་ལས་འགུལ་གཉིས་བསྡུར་ཡོད། ལས་འགུལ་གྱི་ཐབས་ལམ་གསལ་བོ་ཆགས་སོང་བས། རིང་པོ་མ་སོང་བར་མི་ཚང་མས་གྷན་དྷི་དང་འཚེ་མེད་ཞི་བའི་སྐོར་ལ་གླེང་སློང་བྱས།
   ཀིང་དང་འགོ་ཁྲིད་གཞན་པ་ཚོས་བདུན་ཕྲག་རེའི་ཚོགས་ཆེན་ཐོག་གྷན་དྷིའི་དགོངས་ཚུལ་དག་གི་ཐོག་གྲོས་བསྡུར་ཡང་ཡང་བྱས། ཀིང་གིས་གྷན་དྷི་ལ་”རྒྱ་གར་གྱི་དྲང་སྲོང་སྨུག་ཆུང་།”ཞེས་འབོད། མི་མང་ཚོ་ལ་ཕ་རོལ་པོོ་བརྩེ་སེམས་ཀྱིས་སྐྱོང་བ་ལས་སྡང་སེམས་ཀྱིས་གནོད་མ་བྱེད་ཅེས་ཡང་ནས་ཡང་དུ་འབོད་སྐུལ་བྱས། ཁོང་ཚོར་ཕ་རོལ་པོོའི་དྲག་སྤྱོད་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་ཡོད་དགོས་པ་དང་རང་ངོས་ནས་དྲག་སྤྱོད་ནམ་ཡང་སྤེལ་མི་ཉན་ཞེས་གདམས། ཀིང་གིས་”ང་ཚོའི་དམིགས་ཡུལ་ནི་མི་རིགས་དཀར་པོའི་སྤུན་ཟླ་ཚོ་ཕམ་པར་རྒྱག་རྒྱུ་དང་ངོ་ཚར་གཏད་རྒྱུ་དེ་མིན།    ང་ཚོའི་དམིགས་ཡུལ་ནི་སྤུན་ཟླའི་མཛའ་བརྩེ་དང་བསམ་ཤེས་འཐོབ་པ་བྱ་རྒྱུ་དེ་ཡིན།”ཞེས་གསུངས།
   ཉིན་ཁ་ཤས་ཀྱི་ནང་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་གི་ངོ་རྒོལ་ལས་འགུལ་མཚམས་འཇོག་པའི་ཚོགས་འདུ་ཞིག་བསྐོང་བ་དང་། ཚོགས་འདུ་དེར་མོན་ཌ་གྷོ་མེ་རེ་ཡར་ཐོན་ལྷན་ཚོགས་ཀྱི་འགོ་ཁྲིད་རྣམས་དང་། གྲོང་ཁྱེར་གྱི་ལས་བྱེད་རྣམས། སྤྱི་སྤྱོད་འགྲུལ་འཁོར་སྡེ་ཚན་གྱི་འཛིན་སྐྱོང་དོ་དམ་པ་གཉིས་བཅས་འཛོམས་ཡོད་པ་དང་། ཀིང་གིས་མོན་ཌ་གྷོ་མེ་རེ་ཡར་ཐོན་ལྷན་ཚོགས་ཀྱི་ཚབ་བྱས་ནས་གཏམ་བཤད་བྱས། ཁོང་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་མི་སུ་སྔོན་ལ་སླེབས་ན་དེ་རང་མོས་ཀྱིས་རྐུབ་སྟེགས་སྟེང་འདུག་ཆོག་པ་སྟེ་མི་རིགས་ནག་པོ་ཚོར་མཚོན་ན། རྒྱབ་ཀྱི་རྐུབ་སྟེགས་སྟེང་འདུག་ཆོག་པའི་ཡ་རབས་ཚུལ་མཐུན་གྱི་ལྟ་སྟངས་འཛིན་དགོས་པ་དང་། མི་རིགས་ནག་པོ་ཁ་ཤས་སྤྱི་སྤྱོད་འགྲུལ་འཁོར་གྱི་ཁ་ལོ་བར་འཇོག་དགོས་ཚུལ་སོགས་མི་རིགས་ནག་པོ་ཚོའི་རེ་འདུན་གསལ་བཤད་བྱས།
ཐོག་མར་ཀིང་གིས་རེ་བ་ཆེན་པོ་བྱས། གྲོང་ཁྱེར་གྱི་ལས་བྱེད་ཅིག་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་གི་རྐུབ་སྟེགས་སྐོར་གྱི་བསམ་ཚུལ་དེ་འགྲིག་པའི་རྣམ་འགྱུར་བསྟན། འོན་ཀྱང་སྤྱི་སྤྱོད་འགྲུལ་འཁོར་སྡེ་ཚན་གྱི་འཛིན་སྐྱོང་དོ་དམ་པ་གཅིག་གིས་དེ་ནི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལུགས་སྲོལ་དང་འགལ་བ་རེད་ཅེས་ཨུ་ཚུགས་བྱས། ཁོང་གིས་ད་དུང་”མི་རིགས་ནག་པོ་ཚོས་གང་ས་གང་དུ་ཁོང་ཚོ་མི་རིགས་དཀར་པོ་ཚོ་ལས་རྒྱལ་ཁ་ཐོབ་ཡོད་པའི་རློམ་སེམས་བྱེད་པར་ལྟོས་དང་། ང་ཚོས་འདི་ལ་རྒྱབ་སྐྱོར་བྱ་རྒྱུ་མིན།”ཞེས་བཤད།
   ཀིང་གིས་མི་རིགས་ནག་པོ་ཚོས་རློམ་སེམས་བྱས་མེད། དེ་ལྟར་བྱེད་དོན་མེད་ཅེས་བཤད་པ་དང་། མཐར་ཁོང་གིས་སྤྱི་སྤྱོད་འགྲུལ་འཁོར་གྱི་འཛིན་སྐྱོང་དོ་དམ་པ་དེར་སྤྱི་སྤྱོད་འགྲུལ་འཁོར་སྡེ་ཚན་གྱི་ངོས་ནས་མི་རིགས་ནག་པོ་ཚོ་ལ་ཅི་ཞིག་བྱ་རྒྱུ་ཡིན་ཞེས་དྲིས། འཛིན་སྐྱོང་དོ་དམ་པ་དེས་སྤྱི་སྤྱོད་འགྲུལ་འཁོར་སྡེ་ཚན་གྱི་ངོས་ནས་མི་རིགས་ནག་པོ་ཚོ་ལ་ལྟ་སྟངས་ཡག་པོ་འཛིན་ཆོག་དེ་ལས་ལྷག་གང་ཡང་བྱ་ཐུབ་ཀྱི་མེད་ཅེས་བཤད།
དེ་ལྟ་བུ་ཞིག་གིས་མི་རིགས་ནག་པོའི་འགོ་ཁྲིད་ཚོའི་འདོད་བློ་མ་ཁེངས་པས། གྲུབ་འབྲས་གང་ཡང་མེད་པར་ཚོགས་འདུ་གྲོལ།    ཀིང་གིས་མི་རིགས་དཀར་པོའི་འགོ་ཁྲིད་ཚོས་ཁོང་ཚོའི་ལུགས་སྲོལ་དེ་སྲུང་སྐྱོབ་བྱ་ཆེད་ཁ་གཏད་ཀྱི་ངར་ཤུགས་ཆེ་རུ་བཏང་བ་ཤེས་བྱུང་།
   ཁོང་གི་མཐོང་ཚུལ་དེ་བདེན་པ་རེད། ཡུན་རིང་ཞིག་ལ་མི་རིགས་ནག་པོའི་འགོ་ཁྲིད་ཚོའི་སྐོར་ལ་རྫུན་གཏམ་བསྒྲགས་ཤིང་། མི་རིགས་ནག་པོའི་མི་དམངས་ཚོ་ལ་མི་རིགས་ནག་པོའི་འགོ་ཁྲིད་ཚོ་ཀཱ་ཌི་ལཱག་ས་(Cadillacs)ཡི་ཕྱོགས་མཐའ་ཁག་ཏུ་སོང་ནས་ལས་འགུལ་ལ་ཁ་གཡར་ཏེ་དངུལ་རག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་ངན་སྐུལ་བྱས། མི་རིགས་དཀར་པོ་ཁ་ཤས་ཀྱིས་མི་རིགས་ནག་པོའི་འགོ་ཁྲིད་ཚོ་དབྱེན་དཀྲུག་བྱ་ཐབས་བྱས། ཁོང་ཚོས་”ཀིང་དང་མི་རིགས་ནག་པོའི་འགོ་ཁྲིད་ལོ་གཞོན་ཚོ་མེད་པར་བཟོས་པ་ན་གཞི་ནས་གནས་ཚུལ་ཚང་མ་ཐག་ཆོད་ངེས།”ཞེས་བཤད། ཁོང་ཚོས་ངོ་རྒོལ་ལས་འགུལ་འགོག་ཐབས་ཐེངས་མང་བྱས་མོད་གྲུབ་འབྲས་གང་ཡང་མ་བྱུང་། མི་རིགས་ནག་པོའི་མི་དམངས་དང་ཁོང་ཚོའི་འགོ་ཁྲིད་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ནས་བསྡད།
   དེ་རྗེས་མོན་ཌ་གྷོ་མེ་རེའི་གྲོང་ཁྱེར་གྱི་ལས་བྱེད་ཚོ་ངར་ཤུགས་ཇེ་ཆེར་འགྲོ་འགོ་བརྩམས། གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་གྱིས་གཟིགས་མཐོང་གློག་འཕྲིན་བརྒྱུད་གཏམ་བཤད་ཅིག་སྤེལ། ཁོང་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་གི་ལས་འགུལ་དང་ལྷན་དུ་གོམ་པ་རིམ་སྤོ་བྱས་ཡོང་གི་ཡོད་པའི་བྱ་སྤྱོད་འདི་འགོག་རྒྱུ་ཡིན་ཞེས་བཤད། རིང་པོ་མ་འགོར་བར་སྤྱི་བདེ་མི་སྣས་སྒེར་གྱི་རླངས་འཁོར་ཁ་ལོ་བ་ཚོ་གནད་དོན་ཆེ་ཆུང་ཅི་འདྲ་ཞིག་ཡིན་ནའང་འཛིན་རྐྱང་བྱེད་པའི་འགོ་བཙུགས། ཁ་ལོ་བ་ཁ་ཤས་ལ་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་དང་རྩ་འཛིན་ཡིག་ཆ་ཡོད་མེད་འདྲི་དཔྱོད་བྱས། རླངས་འཁོར་གཞན་གྱི་ནང་འགྲོ་མཁན་དང་རྐང་ཐང་ལ་འགྲོ་བའི་མི་རིགས་ནག་པོ་ཚོ་ལ་གཞན་གྱི་རླངས་འཁོར་ནང་འགྲོ་བ་དང་རྐང་ཐང་དུ་འགྲོ་བ་ལ་བཀག་འགོག་བྱེད་པའི་ཁྲིམས་སྲོལ་ཡོད་པ་རེད་ཅེས་བཤད། མི་རིགས་ནག་པོ་འགའ་ཤས་འཁྱམ་པོ་ལྡོམ་པོ་རེད་ཅེས་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་། རླངས་འཁོར་ཁ་ལོ་བ་ཁ་ཤས་ལས་གནས་ནས་ཕུད། ཁ་ལོ་བ་ཚོ་རླངས་འཁོར་གཏོང་ཆོག་པའི་ཆོག་མཆན་ལག་ཁྱེར་ཤོར་འགྲོ་ངེས་རེད་སྙམ་སྟེ་ཞེད་སྣང་སྐྱེས། འོན་ཀྱང་ཀིང་གིས་མི་རིགས་ནག་པོའི་མི་མང་ཚོ་ལ་སྙིང་སྟོབས་ཇེ་ཞན་དུ་མི་འགྲོ་བའི་འབོད་སྐུལ་ཞུས།
   མཐར་ཀིང་ཁོ་རང་ཡང་རླངས་འཁོར་གཏོང་བའི་མགྱོགས་ཚད་ཐལ་དྲག་པའི་སྐྱོན་འཛུགས་འོག་འཛིན་བཟུང་བྱས་ཏེ། བདེ་འཇགས་མི་སྣའི་རླངས་འཁོར་ཞིག་གི་ནང་གྲོང་ཁྱེར་གྱི་བཙོན་ཁང་ཕྱོགས་སུ་ཁྲིད། ལམ་བར་དུ་ཀིང་གི་བསམ་པར་སྤྱི་བདེ་མི་སྣ་འདི་ཚོས་ཁོ་རང་ལམ་ལོག་ཏུ་ཁྲིད་དེ་མི་མེད་ཁུག་ཀྱོག་ཅིག་ནས་ཁྲིམས་མེད་ལུགས་མེད་ཀྱིས་ལག་རུབ་བྱས་མི་ཡོང་ངམ་སྙམ་སྟེ་དངངས་སྐྲག་སྐྱེས། འོན་ཀྱང་མཐར་ཁོང་ཁྲིམས་ཁང་གི་ཉེ་སར་སླེབས་པ་ཤེས་པས་སེམས་སུ་དགའ་ཚོར་སྐྱེས།
   ཀིང་ནི་ཡ་རབས་སྤྱོད་བཟང་གི་མི་སེར་ཡག་པོ་ཞིག་ཡིན་པ་མ་ཟད། དེ་སྔོན་ཁྲིམས་དང་འགལ་བའི་བྱ་བ་བསྒྲུབས་ཏེ་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་མེད། འོན་ཀྱང་ད་སྐབས་ཁོང་ལ་ཉེས་ཅན་པ་སྤྱིར་བཏང་བ་ཞིག་ལྟར་བཙོན་ལས་བྱས།    ཐོག་མར་ཁོང་ལ་མཛུབ་ཐེལ་རྒྱག་བཅུག་པ་དང་། དེ་ནས་ར་བཟི་དང་རྐུན་ཇག་ཚོ་བཅུག་སའི་མི་སྡུག་པའི་དྲི་ངན་གྱིས་ཁེངས་བའི་བཙོན་དོང་ནང་དུ་གཡུགས། ཀིང་གིས་བཙོན་ཁང་ནང་གི་ཡ་ང་བའི་གནས་སྟངས་དེ་མཐོང་བས་ཧ་ལས་ཤིང་། ནམ་ཉི་མ་ཞིག་ལ་ཁོང་གིས་ཡ་ང་བའི་གནས་སྟངས་འདི་ལ་འགྱུར་ལྡོག་གཏོང་བའི་བྱ་བ་ཞིག་བསྒྲུབ་ངེས་པའི་དམ་བཅའ་སྙིང་ལ་བཅངས།
ཀིང་བཙོན་ཁང་དུ་ཡུན་རིང་འདུག་དགོས་མ་བྱུང། དུས་ཡུན་ཐུང་ཐུང་ཞིག་གི་ནང་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་དེ་གྲོང་རྡལ་ཀུན་ལ་ཁྱབ། དེ་མ་ཐག་ཁོང་གི་གྲོགས་པོ་ཚོ་བཙོན་ཁང་གི་ཕྱོགས་སུ་རྒྱུགས་ཏེ། མི་ཚོགས་ཀྱིས་བཙོན་ཁང་གི་མདུན་ཡོངས་སུ་ཁེངས་པ་དང་། བཙོན་སྲུང་བ་ཚོར་དངངས་སྐྲག་སྐྱེས། ཁོང་ཚོས་ཀིང་ལ་འགན་ལེན་གྱི་ཁྲིམས་དཔང་ཡོད་པའི་ཐོག་ནས་མགྱོགས་པོར་གློད་གྲོལ་བཏང། (དེ་ནི་མི་ཞིག་གིས་འགན་ལེན་ཁྲིམས་དཔང་གི་དངུལ་སྤྲད་པ་ན་ཁྲིམས་བཤེར་མ་བྱས་གོང་རང་དབང་ངང་གློད་གྲོལ་ཐོབ་ཀྱི་ཡོད་པ་ཞིག་རེད།) ཀིང་གིས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་དུ་འཛོམས་པའི་གྲོགས་པོ་ཚོ་མཐོང་བས་སེམས་ནང་གི་སྙིང་སྟོབས་ཇེ་བརྟན་དུ་གྱུར་ཅིང་། ཁོ་རང་ཁེར་རྐྱང་མིན་པ་ཤེས་བྱུང་།
   བཙན་དབང་གིས་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱེད་པའི་ངོ་རྒོལ་ལས་འགུལ་འགོག་ཐབས་བྱས་པ་དེ་ངལ་བ་འབྲས་མེད་དུ་གྱུར་བ་དང། མི་རིགས་དཀར་པོའི་རིགས་ཞེན་གྱི་ལྟ་བ་འཛིན་མཁན་ཁ་ཤས་ཀྱིས་གཡོ་སྒྱུ་ཡིས་འཇབ་རྒོལ་གྱི་ངན་ལས་སྤེལ་འགོ་བརྩམས། ཉིན་མཚན་མེད་པར་ཀིང་གི་ནང་དུ་ཁ་པར་རྒྱུན་ཆད་མེད་པར་གཏོང་འགོ་བརྩམས་པ་དང་། ཁ་པར་གཏོང་མཁན་ཚོས་ཀིང་དང་ཁོང་གི་བཟའ་ཟླ་ལ་གྲོང་རྡལ་དང་ཁ་བྲལ་རྒྱུ་ཡིན་ནམ་ཡང་ན་འདེམས་ཀ་གཞན་ཞིག་བྱ་རྒྱུ་ཞེས་ཉེན་བརྡ་བཏང། རྒྱུན་དུ་ཀིང་དང་ཁོང་གི་བཟའ་ཟླ་གཉིས་ལ་མཚང་མིང་ནས་འབོད་པ་དང་། ཁོང་གཉིས་ལ་ཡི་གེ་མང་པོ་བཏང་སྟེ་གྲོང་རྡལ་དང་ཁ་བྲལ་དགོས་པའི་ཉེན་བརྡ་ཡང་ཡང་བཏང། ཕལ་ཆེར་ཉིན་རྟག་ཏུ་མི་རིགས་དཀར་པོ་ཚོས་ཀིང་མེད་པར་བཟོ་རྒྱུའི་འཆར་གཞི་འཐེན་གྱི་ཡོད་སྐོར་གྱི་ཉེན་བརྡ་བཏང། ཐོག་མར་ཀིང་གིས་ཁོ་རང་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་བབ་ཅིག་ཏུ་ལྷུང་ཡོད་པ་ཤེས་ཏེ། བདུན་རེའི་ཚོགས་འདུ་འཚོག་གི་ཡོད་པའི་དགོང་མོ་ཞིག་ལ་ཁོང་གིས་མི་རིགས་ནག་པོ་ཚོ་ལ་”གལ་ཏེ་ཉིན་ཞིག་ཁྱེད་ཚོས་ང་གན་རྐྱལ་དུ་འགྱེལ་ཏེ་ཤི་ཡོད་པའི་གནས་ཚུལ་ཐོས་ནའང་། ངའི་རེ་བ་ནི་ཁྱེད་ཚོ་ཕྱི་ནུར་བྱས་ཏེ་འཚེ་བ་དང་ལྡན་པའི་ལས་སྣ་གཅིག་ཀྱང་མི་བསྒྲུབ་རྒྱུ་དེ་ཡིན་ལ། ངའི་རེ་བ་ནི་ཁྱེད་ཚོས་མུ་མཐུད་ནས་ད་ལྟ་བར་ཕྱི་རུ་མངོན་པའི་རྩིས་ཐང་གི་གཟི་བརྗིད་དེ་མི་འདོར་བར་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་དེ་ཡིན།”ཞེས་གསུངས། དེ་ལྟར་གསུང་བ་ཐོས་པ་དང་འདུ་འཛོམས་བྱུང་བའི་མང་ཚོགས་ཚོ་ཁུ་སིམ་མེར་གྱུར།
   ཐོག་མར་ཀིང་གིས་ཁ་པར་དང་ཡི་གེ་མང་པོ་ཡོང་བ་ལ་གདོང་ལེན་བྱས། འོན་ཀྱང་རྗེས་སུ་ཁ་པར་དང་ཡི་གེ་དེའི་རིགས་ཀྱིས་ཁོང་གི་སེམས་བག་མི་ཕེབས་པ་བཟོས།  མཚན་མོ་ཞིག་ལ་ཀིང་གི་སེམས་སུ་ད་ནས་བཟུང་གདོང་ལེན་བྱེད་དཀའ་བའི་སྣང་བ་ཞིག་ཤར་ལ། ཁོང་གི་སེམས་སུ་འཇིགས་སྣང་སྐྱེས་ཏེ་ལས་དོན་བསྒྲུབ་རྒྱུ་མཚམས་འཇོག་བྱ་དགོས་པའི་སྣང་བ་ཤར་བ་དང་། ཁོང་གིས་”ད་ནི་ངའི་ནུས་ཤུགས་ཡོད་ཚད་རྫོགས་སོང་། ད་ང་ལ་ནུས་པ་ཅི་ཡང་མེད། ད་ནས་བཟུང་ང་གཅིག་པུས་གདོང་ལེན་བྱེད་མི་ཐུབ་པའི་མཚམས་ལ་སླེབས་སོང་།”ཞེས་བཤད་དེ་གསོལ་འདེབས་བྱས།
སྐབས་དེར་ཀིང་གི་སྣང་བར་དཀོན་མཆོག་དངོས་སུ་ཡོད་པ་ལྟར་ཚོར། ཁོ་རང་གི་སེམས་ནས་”ཐོབ་ཐང་དང་དྲང་བདེན་གྱི་རྒྱབ་རྩ་ལ་ལོངས་ཤོག་དང་། དཀོན་མཆོག་གིས་ཉིད་ལ་ཇི་སྲིད་བར་དུ་མགོན་སྐྱབས་གནང་ངེས།”ཞེས་པ་ཞིག་དྲན་ཞིང། དེ་མ་ཐག་ཀིང་གི་སེམས་ནང་གི་འཇིགས་སྣང་ཚང་མ་ཡལ་ཏེ་ད་ནས་བཟུང་གནས་ཚུལ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཡང་གདོང་ལེན་བྱ་རྒྱུའི་སེམས་ཐག་བཅད།
   ཀིང་གིས་རང་ཉིད་ཀྱི་བསམ་བློའི་ངར་ཤུགས་ཡོད་ཚད་གང་མགྱོགས་སླར་གསོ་བྱ་དགོས་ཀྱི་ཡོད། དེ་ལྟར་ཉིན་གསུམ་འགོར་བའི་རྗེས་སུ་མི་ཞིག་གིས་ཀིང་གི་ནང་སྒོའི་ཁྱམས་འོག་ཏུ་འབར་རྫས་ཤིག་གཡུགས་པས་འགས་གཏོར་ཆེན་པོ་བྱུང་། འབར་རྫས་དེ་འགས་འཐོར་བྱུང་བའི་ཤུགས་ཀྱིས་ཁང་པའི་མདུན་ངོས་གཏོར། སྐབས་དེར་ཀིང་ཚོགས་འདུ་ཞིག་ལ་སོང་ནས་ནང་དུ་མེད་པ་དང་། ཁོང་གི་བཟའ་ཟླ་དང་བུ་མོ་ཡོ་ཀི་(Yoki)གཉིས་གྲོགས་མོ་ཞིག་དང་ལྷན་དུ་ནང་ན་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་མི་གཅིག་ལའང་རྨས་སྐྱོན་མ་ཐེབས། སྐབས་དེར་བུ་ཡོ་ཀི་སྦུག་གི་ཁང་པ་ཞིག་ནང་ཉལ་ནས་བསྡད་ཡོད་པ་དང་། ཀིང་གི་བཟའ་ཟླ་ཀོ་རེ་ཌཱ་དང་མོའི་གྲོགས་མོ་གཉིས་ཀྱིས་ཕྱི་ལོགས་ཀྱི་ཁྱམས་འོག་ཏུ་ཅི་ཞིག་གཡུག་པའི་སྒྲ་ཐོས་པ་དང་ནང་ལ་བྲོས་སོང་བས་བསད་རྨས་ཀྱི་དོན་རྐྱེན་ཅི་ཡང་མ་བྱུང་།
   ཀིང་གིས་དོན་རྐྱེན་དེ་གོ་མ་ཐག་ཁྱིམ་གྱི་ཕྱོགས་སུ་རྒྱུགས་ནས་སོང། ཁོང་སླེབས་དུས་ཁྱིམ་གྱི་སྒོ་འགྲམ་དུ་མི་རིགས་ནག་པོ་མང་པོ་ཞིག་འཛོམས་ཡོད་པ་དང། ཁོང་ཚོ་འབར་རྫས་གཡུག་པའི་གནས་ཚུལ་དེར་ཁོང་ཁྲོ་ལངས་ནས་བསྡད་ཡོད། མང་པོ་ཞིག་གི་ལག་ཏུ་གྲི་དང་མེ་མདའ་ཤེལ་དམ་སོགས་ཁྱེར་ཡོད། སྤྱི་བདེ་མི་སྣ་ཚོས་ཁོང་ཚོ་འགོག་ཐབས་བྱས་མོད་འགོག་མ་ཐུབ་པར་སྟངས་འཛིན་བྱ་མི་ཐུབ་པའི་གནས་ལ་ཐུག
ཀིང་ནང་དུ་ཁོང་གི་བཟའ་ཟླ་དང་བུ་མོ་གཉིས་ལ་ལྟ་རུ་རྒྱུགས་ནས་སོང། ཁོང་གིས་བུ་མོ་དང་བཟའ་ཟླ་གཉིས་བདེ་འཇགས་ཡིན་པ་མཐོང་བས་གཞི་ནས་སེམས་ལྷོད་ལ་བབས། གྲོང་རྡལ་གྱི་སྡེ་དཔོན་དང་། བདེ་འཇགས་མི་སྣའི་འགོ་ཁྲིད་དང་། མི་རིགས་དཀརཔོའི་གསར་འགོད་པ་མང་པོ་ཡང་སླེབས། ཁོང་ཚོ་ཚང་མ་ཕྱི་རོལ་གྱི་མི་མང་རྣམས་ངར་ལངས་ཡོད་པར་ཞེད་སྣང་སྐྱེས། དེ་རྗེས་ཀིང་ཕྱི་ལ་ཐོན་ཏེ་མདུན་སྒོའི་འགྲམ་ནས་མི་མང་ཚོར་སྐད་ཆ་བཤད། ཁོང་གིས་ངོས་དང་ནང་མི་ཚང་མ་བདེ་མོ་ཡིན་ཞེས་བཤད་དེ། མི་མང་ཚོ་ལ་སེམས་ཁྲལ་མ་བྱེད། གལ་ཏེ་ཁྱེད་ཚོས་མཚོན་ཆའི་རིགས་ཁྱེར་ཡོད་ན་ཕྱིར་ཁྱེར། ང་ཚོས་དཀའ་རྙོག་འདི་འཚེ་བའི་ལམ་ནས་ཐག་ཆོད་ཐབས་མེད། ཡེ་ཤུ་སྟོན་པ་མཆོག་གིས་”རལ་གྲིར་རྟེན་མཁན་ཚོ་རལ་གྲིའི་ཁ་ནས་འཇིག་པར་ངེས།”ཞེས་གསུངས་པ་དེ་ཡིད་ལ་ཟུངས། འུ་ཅག་གི་ངོས་ནས་སྤུན་ཟླ་མི་རིགས་དཀར་པོ་ཚོ་ལ་བརྩེ་སེམས་བཅངས་དགོས། ཁོང་ཚོའི་ངོས་ནས་ང་ཚོ་ལ་ཅི་ཞིག་བྱས་ན་བྱས། གལ་ཏེ་ང་མེད་པར་གྱུར་ནའང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་དགོས། རྒྱུ་མཚན་ནི་ལས་འགུལ་སྤེལ་བའི་མགོན་དུ་དཀོན་མཆོག་ཡོད་པ་རེད།”ཅེས་གསུངས།
   མི་མང་ཚོས་”ལགས་སོ། དཀོན་མཆོག་གིས་ཁྱོད་ལ་མགོན་སྐྱབས་གནང་བར་ཤོག”ཅེས་སྐད་གསེང་མཐོན་པོས་བསྒྲགས། མི་མང་པོ་ཞིག་ངུ་བཞིན་ཡོད། ཁོང་ཚོ་ཚང་མ་ཁུ་སིམ་མེར་ནང་དུ་ལོག ཁྲག་དྲི་བྲོ་བའི་མི་རིགས་དཀར་ནག་གི་ཟིང་འཁྲུག་དེ་འཇགས་པར་གྱུར། རིང་པོ་མ་འགོར་བར་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་མི་རིགས་དཀར་པོ་ཚོས་ཀིང་ལ་ཡི་གེ་དང་ཁ་པར་གྱི་བརྒྱུད་ལམ་ནས་”ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་ཁྱེད་ཀྱི་རྒྱབ་རྩ་ན་ཡོད།”ཅེས་བཤད།
   སྐབས་དེར་མོན་ཌ་གྷོ་མེ་རེ་ས་ཁུལ་གྱི་གྲོང་ཁྱེར་ནང་གི་གཞུང་ཞབས་པ་ཚོས་ཁྲིམས་ཀྱི་ལམ་ནས་ངོ་རྒོལ་ལས་འགུལ་འགོག་ཐབས་ཤིག་འཚོལ་གྱི་ཡོད། རྗེས་སུ་ཁོང་ཚོས་ངོ་རྒོལ་ལས་འགུལ་འགོག་ཐབས་ཀྱི་སྲིད་གཞུང་གི་ཁྲིམས་སྲོལ་རྙིང་པ་ཞིག་ལག་བསྟར་བྱས་ཏེ། ཀིང་དང་མིི་རིགས་ནག་པོ་བརྒྱ་ཕྲག་བརྒལ་བ་ཞིག་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བསྒྲགས། སྐབས་དེར་ཀིང་གྲོང་རྡལ་གྱི་ནང་དུ་མེད་མོད། ཁོང་མགྱོགས་པོ་མོན་ཌ་གྷོ་མེ་རེ་ས་ཁུལ་ལ་ཕྱིར་ལོག་སྟེ་རང་ཉིད་ཀྱིས་རང་ཉིད་འཛིན་བཟུང་བྱེད་མཁན་ལ་རྩིས་སྤྲད། སྐབས་འདིར་ཁོང་གིས་འཛིན་བཟུང་བྱེད་པ་འདིས་ལས་འགུལ་བཀག་ཨེ་ཡོང་དང་། མི་ཚོས་ལས་འགུལ་སྤེལ་རྒྱུ་མཚམས་བཞག་མི་ཡོང་ངམ་སྙམ་སྟེ་སེམས་ཁུར་ཆེན་པོ་བྱས།
   ཀིང་རླངས་འཁོར་ལ་བསྡད་དེ་བཙོན་ཁང་གི་མདུན་ཐད་དུ་སླེབས་དུས། ཁོང་བློ་མི་བདེ་བའི་དོགས་སྣང་དེ་དག་ཡལ་བར་གྱུར། དེ་རུ་དུས་སྟོན་ཞིག་ཤར་བ་ཇི་བཞིན། གྲོང་རྡལ་གྱི་མི་རིགས་ནག་པོ་ཡོད་དོ་ཅོག་བཙོན་ཁང་ནང་འཛིན་བཟུང་བྱེད་དུ་འཇུག་པར་འཛོམས་ནས་ཡོང་གི་ཡོད། དེར་འཛོམས་པའི་མི་རིགས་ནག་པོ་མང་པོ་ཞིག་ལ་ཁྱེད་རང་འཛིན་བཟུང་བྱ་རྒྱུའི་ཐོ་གཞུང་ནང་དུ་མི་འདུག་ཅེས་བཤད་པས་ཡིད་མི་དགའ་བར་གྱུར། བསྐྱར་དུ་ཀིང་གི་སེམས་སུ་མི་རིགས་ནག་པོའི་མི་མང་ཚོ་ལ་ལར་ཞེན་དང་སྤོབས་པ་ཆེན་པོ་སྐྱེས། སྔོན་ཆད་ཁོང་ཚོ་འཛིན་བཟུང་བྱ་མི་ཡོང་ངམ་སྙམ་སྟེ་འཇིགས་སྣང་སྐྱེ་ཡི་ཡོད་པ་རེད། འོན་ཀྱང་ད་སྐབས་ཁོང་ཚོས་རང་དབང་གི་ཆེད་དུ་འཛིན་བཟུང་བྱ་འཇུག་འདོད་བྱེད་ཀྱི་ཡོད། ཀིང་གི་བརྟན་བརླིང་གི་གོམ་ཁ་བཙོན་ཁང་གི་ནང་དུ་བསྒྱུར། ཁོང་གི་མིང་ཐོར་བཀོད་དེ་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་ཁྲིམས་ཞིབ་མ་བྱས་གོང་གློད་གྲོལ་བྱ་རྒྱུ་བྱས།
   སྤྱི་ཟླ་༣ པའི་ཚེས་༡༩ ཉིན་ཁྲིམས་ཞིབ་བྱ་རྒྱུའི་འགོ་བཙུགས། ཁྲིམས་ཁང་གི་ནང་ཡོངས་རྫོགས་ཀིང་གི་གྲོགས་པོ་ཚོ་དང་། ཡེ་ཤུ་ཆོས་དཔོན་རྣམས་དང་། གསར་འགོད་པ་སོགས་ཀྱིས་ཁེངས་ཤིང་། ཁྲིམས་ཁང་གི་ཕྱི་རོལ་ཏུ་ཡང་མི་རིགས་ནག་པོའི་མི་མང་བརྒྱ་ཕྲག་མང་པོ་ལངས་ནས་བསྡད་ཡོད། མི་རིགས་ནག་པོ་མང་པོ་ཞིག་ཀིང་ལ་རྒྱབ་སྐྱོར་བྱེད་པར་སླེབས་ཡོད་ཅིང་། ཁོང་ཚོས་འཇིགས་ཞུམ་མེད་པར་སྤྱི་སྤྱོད་འགྲུལ་འཁོར་ནང་དུ་ཁོ་རང་ཚོར་ལྟ་སྤྱོད་ངན་པའི་སྒོ་ནས་བརྙས་བཅོས་བྱས་ཚུལ་ཆ་ཚང་གསལ་བཤད་བྱས།
   ཉིན་བཞི་ཡི་རྗེས་སུ་ཁྲིམས་དཔོན་གྱིས་ཀིང་ལ་ཁྲིམས་དང་འགལ་བའི་ནག་ཉེས་ཡོད་པ་གསལ་ཁ་བཟོས་ཤིང་། ཁོང་གིས་ཀིང་གིས་ཨ་སྒོར་ལྔ་བརྒྱས་ཉེས་ཆད་འཇལ་རྒྱུའམ་ཡང་ན་ཉིན་སུམ་བརྒྱ་བརྒྱད་ཅུ་གྱ་དྲུག་རིང་བཙོན་ཁང་དུ་འདུག་རྒྱུ་གང་རུང་བྱ་དགོས་པའི་བཀའ་རྒྱ་བཏང། དེ་ནི་ཁོང་གིས་ཀིང་ལ་ཉེས་ཆད་ཡང་ཤོས་བཅད་པ་རེད། ཁོང་གིས་ཀིང་གིས་འཚེ་བའི་ལས་འགོག་ཐབས་བྱས་པས་གནད་དོན་ཐག་གཅོད་བྱ་རྒྱུ་ལས་སླ་བོ་རེད་ཟེར། ཀིང་གི་ཁྲིམས་རྩོད་པ་ཚོས་གནད་དོན་འདི་མཐོ་རིམ་ཁྲིམས་ཁང་ཞིག་ལ་གཏུག་བཤེར་བྱ་དགོས་ངེས་རེད་ཅེས་བཤད་པ་དང། ཀིང་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་ཐོག་ནས་གློད་གྲོལ་བཏང་།
ཀིང་ལ་ཁྲིམས་འགལ་གྱི་ནག་ཉེས་ཕོག་པས་ཁྲིམས་རའི་ནང་དུ་ཡོད་པའི་མི་མང་པོ་ཞིག་གིས་སྐད་ཅོར་བརྒྱབ། འོན་ཀྱང་ཀིང་འཛུམ་དམུལ་དམུལ་ངང་ཁྲིམས་ཁང་གི་སྒོར་བུད། རྗེས་སུ་ཁོང་གིས་”ང་རང་གིས་ནག་ཉེས་བསགས་པར་སྤོབས་པ་སྐྱེ་བཞིན་ཡོད། ནག་ཉེས་དེ་རིགས་མཐུན་གྱི་སྤུན་ཟླ་ཚོ་མཉམ་དུ་དྲང་བདེན་མིན་པའི་ལས་ལ་འཚེ་མེད་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བར་ཞུགས་པས་རེད།”ཅེས་བཤད་མྱོང་ཡོད།

མདུན་ཤོག

Menu