མར་ཊིན་ལོ་ན་བཅུ་དགུར་སོན་པ་ན་མཱོར་ཧཱོ་སེ་མཐོ་སློབ་ནས་སློབ་མཐར་ཕྱིན། འོན་ཀྱང་ཁོང་གི་བསམ་པར་ཡེ་ཤུའི་ཆོས་ཁང་གི་གཙོ་འཛིན་ཡག་པོ་ཞིག་ཆགས་པར་སློབ་སྦྱོང་ལ་སྔར་ལས་འབད་པ་ཆེན་པོ་བྱ་དགོས་སྙམ། སྤྱི་ལོ༡༩༤༨ལོའི་ཟླ་བཅུ་བའི་ནང་པེན་སེལ་ཝཱ་ནཱེ་(Pennsylvania)ཡི་ཆེ་ས་ཁྲེར་(Chester)ས་ཁུལ་གྱི་ཁ་རོ་ཛེར་(Crozer)ཞེས་པའི་ཆོས་ལུགས་ཀྱི་སློབ་གྲྭ་ཞིག་གི་ནང་ཏུ་ཞུགས། སློབ་གྲྭ་དེའི་ནང་སློབ་ཕྲུག་བརྒྱ་ཐམ་པ་ཡོད་པ་དང་། དེའི་ནང་མི་རིགས་ནག་པོའི་སློབ་མ་དྲུག་ལས་མེད། སྐབས་དེར་མར་ཀྲེན་གྱི་བསམ་པར་ཨ་མས་རྒྱུན་དུ”ཁྱེད་རང་མི་གཞན་དག་ཇི་བཞིན་ཡག་པོ་ཡོད་པ་རེད།”གསུངས་པ་དེ་ར་སྤྲོད་ཐུབ་པ་བྱ་དགོས་སྙམ།
   མར་ཊིན་གྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་པས་གྲུབ་འབྲས་ཕུལ་དུ་བྱུང་བའི་སློབ་མ་ཞིག་ཏུ་གྱུར།
   ཁོང་གིས་རང་དང་རིགས་མཐུན་གྱི་མི་རིགས་ནག་པོ་ཚོར་རོགས་རམ་བྱ་དགོས་སྙམ་པའི་འདུན་པ་དེ་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། མར་ཊིན་གྱི་བསམ་པར་ཁོང་ཚོ་དཀའ་ཁག་གཙོ་བོ་གཉིས་ལ་ཐུག་འདུག་སྙམ་གྱི་ཡོད། ཁོང་ཚོ་མི་རིགས་དཀར་པོ་ལས་ལོགས་སུ་བཀར་བ་དང་རྒྱུན་ལྡན་གྱི་འཚོ་བ་དབུལ་བོ་ཡིན་པ་དེ་རེད། ཁོང་གི་བསམ་པར་དཀའ་ངལ་དེ་གཉིས་ཟུང་དུ་འབྲེལ་ནས་ཡོད་པར་འདོད། དུས་རྒྱུན་མི་རིགས་ནག་པོ་ཚོ་མཐུན་རྐྱེན་ཞན་པའི་སློབ་གྲྭ་དག་གི་ནང་འགྲོ་དགོས་ཀྱི་ཡོད་དམ། ཁོང་ཚོར་གླ་ཆ་དམའ་ཤོས་སྤྲད་དེ་མི་འདོད་པའི་ལས་ཀ་སྣ་ཚོགས་བསྒྲུབ་ཏུ་འཇུག་གི་ཡོད་དམ། ཁོང་ཚོའི་ཚེ་སྲོག་མེ་མདའི་ཁ་ནས་ངེས་མེད་དུ་འདོར་དགོས་ཐུག་གི་ཡོད་དམ། ཁོང་གིས་དེ་ལྟར་བསམ་བཞིན་རྗམ་ཁུ་རོ་མི་རིགས་དབྱེ་འབྱེད་ཀྱི་ལུགས་སྲོལ་དང་དབུལ་ཕོངས་ཀྱི་འཚོ་བའི་གནད་དོན་གཉིས་ནི་དོན་དངོས་ཀྱི་དཀའ་ཁག་ཆ་གཅིག་ཡིན་པར་སྙམ་གྱི་ཡོད།
དུས་ཡུན་རིང་པོ་ཞིག་ལ་ཀིང་གི་ངོས་ནས་མི་རིགས་ནག་པོ་ཚོར་རོགས་རམ་ཐུབ་པའི་ཐབས་ལམ་གང་ཡང་མ་རྙེད། མཐོ་རིམ་སློབ་གྲྭ་འགྲིམ་པའི་སྐབས་སུ་ཁོང་གིས་ཧེན་རེ་ཌཱ་ཝི་ཌ་ཐའོ་རོས་(Henry David Thoreau)ཡི་རྩོམ་ཡིག་ཅིག་བཀླགས་མྱོང་ཡོད། ཐའོ་རོས་ནི་དགུང་གྲངས་བརྒྱ་ལྷག་བཞུགས་མྱོང་བའི་ཨ་རིའི་རྩོམ་པ་པོ་ཞིག་ཡིན་ལ། ཐའོ་རོས་ཡིས་མི་ཞིག་གི་བསམ་པར་ཁྲིམས་ལུགས་གང་ཡང་རུང་བ་ཞིག་དྲང་བདེན་མིན་པར་མཐོང་ཚེ་དེར་ངོས་ལེན་མི་བྱེད་པའི་ཐོབ་ཐང་ཡོད་པར་དགོངས་ཀྱི་ཡོད། ཐེངས་ཤིག་ཁོང་གིས་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་བྱས་ཏེ་དཔྱ་ཁྲལ་མ་སྤྲད་པས་བཙོན་དུ་བཅུག་པ་དང། གྲོགས་པོ་ཞིག་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་བྱེད་དུ་ཡོང་ནས”ཁྱེད་རང་བཙོན་དུ་འཇུག་དོན་ཅི་ཡིན་ནམ”ཞེས་དྲིས་པར། ཁོང་གིས་”ཁྱེད་རང་བཙོན་དུ་མ་བཅུག་དོན་ཅི་ཡིན་ནམ།”ཞེས་ལྡོག་འདྲི་བྱས།
   ཀིང་ནི་ཐའོ་རོས་ཡིས་མི་ཚོས་དྲང་བདེན་མིན་པའི་ཁྲིམས་སྲོལ་བཀུར་མི་དགོས་པའི་དགོངས་ཚུལ་བཏོན་པར་དགའ་བོ་ཡོད་ལ། ཁོས་རྩོམ་ཡིག་དེ་ཡང་ནས་ཡང་དུ་བཀླགས་མྱོང་ཡོད།
   ཁོང་ཁ་རོ་ཛེར་སློབ་གྲྭ་རུ་ཞུགས་པ་ནས་དྲང་བདེན་མིན་པའི་ལམ་ལུགས་དེར་རྒོལ་ལན་སློག་པའི་ཐབས་ལམ་ཞིག་རག་ཆེད་འབད་བརྩོན་སྔར་ལས་ཆེན་པོ་བྱས། ཁོས་བསམ་བློ་བ་དང་རྩོམ་པ་པོ་གྲགས་ཆེན་དག་གིས་མཛད་པའི་ཕྱག་དཔེ་མང་པོ་བཀླགས་ཤིང་།
ཁོང་གིས་མི་མང་པོ་ཞིག་གི་བསམ་པར་དམར་ཕྱོགས་ཀྱི་ལམ་ལུགས་ནི་དབུལ་ཕོངས་སེལ་བའི་ཐབས་ལམ་ཞིག་ཏུ་འདོད་ཀྱི་ཡོད་པ་ཤེས་ཀྱི་ཡོད་མོད། ཁོང་གིས་དམར་ཕྱོགས་ཀྱི་ལམ་ལུགས་ལ་ངོས་ལེན་བྱས་མེད། དེའི་རྒྱུ་མཚན་ནི། དམར་ཕྱོགས་ལམ་ལུགས་ཀྱིས་དཀོན་མཆོག་ཁས་ལེན་མི་བྱེད་པས་ཡིན།  དཀོན་མཆོག་ལ་ཁས་ལེན་མི་བྱེད་པ་དེས་ཀྱང་གང་ཟག་ཅིག་གི་ཐོབ་ཐང་འཕྲོག་ཡོད་པ་རེད། དམར་ཕྱོགས་རིང་ལུགས་པ་ཚོས་དབང་ཆ་འཐོབ་ཆེད་རྫུན་བཤད་ཆོག་ལ། གོ་མཚོན་བཀོལ་ཆོག་པ་དང་ཐ་ན་མི་དམངས་དམར་གསོད་ཀྱང་གཏོང་ཆོག་པར་འདོད་ཀྱི་ཡོད། ཀིང་གིས་འདོད་ཚུལ་འདི་ཀུན་ལ་དགག་རྒྱག་བྱེད་ཀྱི་ཡོད། ཁོང་གི་བསམ་པར་དམར་ཕྱོགས་རིང་ལུགས་ལས་ལྷག་པའི་ཐབས་ལམ་ཞིག་ཅིས་ཀྱང་དགོས་པར་འདོད་ཀྱི་ཡོད།
   ཉིན་ཞིག་ཁོས་རྒྱ་གར་རྒྱལ་ཁབ་ཀྱི་དབུ་ཁྲིད་སེམས་དཔའ་ཆེན་པོ་གྷན་དྷིའི་སྐོར་གྱི་གཏམ་བཤད་ཅིག་སྤེལ་བ་ཐོས། གྷན་དྷི་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཡབ་ཆེན་དུ་བཀུར་གྱི་ཡོད་ལ། བགྲང་བྱ་དུ་མ་ཞིག་གི་རིང་རྒྱ་གར་རྒྱལ་ཁབ་ཀྱི་རང་དབང་ཆེད་འཐབ་རྩོད་བྱས་ཏེ། སྤྱི་ལོ༡༩༤༧ ལོར་དབྱིན་ཇི་སྲིད་གཞུང་འོག་ནས་རྒྱལ་ཁ་བླངས་པ་རེད། ཁོང་གིས་ཐུན་མོང་མ་ཡིན་པའི་ཐབས་ལམ་ཞིག་སྤྱད་དེ་རླབས་ཆེན་གྱི་བྱ་གཞག་དེ་བསྒྲུབས་པ་རེད། ཆེས་ཐོག་མར་ཁོང་གིས་རྒྱ་གར་མི་དམངས་ཚོར་དབྱིན་ཇིའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པར་དྲག་པོའི་ལས་གང་ཡང་མ་སྒྲུབས་ཞེས་སྐུལ་མ་བཏང་ལ། ཁོང་གིས་མི་མང་ཚོར་དབྱིན་ཇི་སྲིད་གཞུང་ལ་ངོ་རྒོལ་བྱེད་པར་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་སྤྱོད་དགོས་པར་གསུངས།    འཚེ་མེད་ཞི་བའི་ཐབས་ལམ་གང་དག་ཡིན་ཞེ་ན། གཞུང་ལམ་དུ་ཙོག་ནས་འདུག་པའམ་གན་རྐྱལ་དུ་ཉལ་ནས་འདུག་པ། ལས་མཚམས་འཇོག་པ། ཟས་བཅད་ངོ་རྒོལ་བྱེད་པ།    ཨིན་གཞུང་ནས་ཐོན་སྐྱེད་བྱས་པའི་ཅ་དངོས་མི་སྤྱོད་པ་བཅས་ཀྱི་རིགས་བྱ་ཆོག་པར་གསུངས།
   གྷན་དྷིས་ཀྱང་རྩོམ་པ་པོ་ཐའོ་རོས་ཀྱི་རྩོམ་ཡིག་བཀླགས་མྱོང་ཡོད་ལ། ཁོང་གིས་ཀྱང་མི་སུ་འདྲ་ཞིག་ཡིན་ནའང་དྲང་བདེན་མིན་པའི་ཁྲིམས་སྲོལ་དང་ལེན་མི་བྱེད་པའི་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཐའོ་རོས་བཞིན་ཁོང་གིས་དྲང་བདེན་མིན་པའི་ཁྲིམས་སྲོལ་རིགས་མེད་པར་བཟོ་དགོས་ན་མི་ཚོ་བཙོན་དུ་འགྲོ་དགོས་ཀྱང་དགའ་དགོས་པར་འདོད་དེ། ཁོང་གིས་”བཙོན་ཁང་ཡོད་ཚད་ཁེངས་སུ་ཆུགས་ཤིག”ཅེས་གསུངས།
   དེ་ལྟར་ནའང་འཚེ་བ་དང་ལྡན་པའི་ལམ་དུ་རྩ་བ་ནས་ཞུགས་འདོད་བྱེད་ཀྱི་མེད། འཚེ་བའི་ལས་ཀྱིས་རང་ཉིད་ཕམ་པར་རྒྱག་ངེས་ཤིང་། འཚེ་བ་ཡིས་འཁོན་འཛིན་གྱི་བློ་དང་འཚེ་བའི་བྱ་སྤྱོད་སྔར་ལས་ཇེ་ཆེར་གཏོང་ངེས། གྷན་དྷིས་ཁོང་གི་རྗེས་འཇུག་པ་ཚོ་ལ་ལུས་ཀྱི་དྲག་ཤུགས་བཟློག་པར་སེམས་ཀྱི་དྲག་ཤུགས་ཀྱིས་ཁ་གཏད་བྱེད་དགོས་ལ། ཕ་རོལ་པོོའི་འཁོན་འཛིན་བཟློག་པར་བརྩེ་སེམས་ཀྱིས་ཁ་གཏད་བྱེད་དགོས། ཁོང་གིས་མི་དམངས་ཚོ་ལ་བརྗོད་རྒྱུར་རང་དབང་གི་རྒྱལ་ཁ་འཐོབ་འདོད་ན་སྡུག་བསྔལ་ཀྱི་ངོ་བོ་ཅི་འདྲ་ཞིག་ཡིན་མིན་ངེས་པར་དུ་རྟོགས་དགོས་གསུངས། གྷན་དྷིས་གསུངས་རྒྱུར་”འུ་ཅག་ལ་རང་དབང་གི་རྒྱལ་ཁ་མ་ཐོབ་གོང་ཟུངས་ཁྲག་གི་གཙང་པོ་བཞུར་དུ་འཇུག་དགོས་ཀྱང་སྲིད། འོན་ཀྱང་ཟུངས་ཁྲག་དེ་ངེས་པར་དུ་འུ་ཅག་གི་ཟུངས་ཁྲག་ཡིན་དགོས།”གསུངས། ཁོང་གིས་ད་དུང་གསུང་རྒྱུར་ང་ཚོར་རང་དབང་གི་རྒྱལ་ཁ་ཐོབ་དགོས་ལ། ང་ཚོར་དབྱིན་ཇི་བའི་ངོས་ནས་བརྩི་འཇོག་ཀྱང་འཐོབ་དགོས། དེ་ནི་ང་ཚོའི་དམིགས་ཡུལ་ཡིན་གསུངས། གྷན་དྷིས་”དེ་ལ་འཚེ་བ་མེད་པའི་གཡུལ་འཐབ།”ཅེས་འབོད་ལ། དེས་ནི་རྒྱ་གར་ལ་དབྱིན་ཇི་དབང་སྒྱུར་འོག་ནས་རང་དབང་ཐོབ་པར་གྲུབ་འབྲས་ཆེན་པོ་བླངས།
   སྤྱི་ལོ་༡༩༥༠ ལོ་ནས་ཀིང་གི་བསམ་པར་ཨ་རིའི་མངའ་སྡེ་ཁག་ནང་ཡོད་པའི་མི་རིགས་ནག་པོ་ཚོས་ཀྱང་རང་དབང་རྩོད་ལེན་གྱི་ཐབས་སུ་གྷན་དྷིའིི་ལམ་ལུགས་སྤྱད་ན་མི་འགྲིག་པ་ཅི་ཞིག་ཡོད། གྷན་དྷིའི་ལམ་ལུགས་ནི་ཡེ་ཤུ་དཀོན་མཆོག་གི་དགོངས་དོན་དང་མཐུན་པ་ཞིག་མ་ཡིན་ནམ། ཡེ་ཤུ་དཀོན་མཆོག་གིས་”གལ་ཏེ་མི་ཞིག་གིས་ཁྱེད་ལ་འཁོན་འཛིན་གྱིས་རྡུང་འདོད་བྱེད་པ་ན་ཁྱེད་ཀྱིས་མི་དེར་ཡིད་ཚིམ་པ་ཞིག་རྡུང་འཇུག་དགོས།”གསུངས་པ་མ་ཡིན་ནམ། ཡེ་ཤུ་དཀོན་མཆོག་གིས་རང་ཉིད་ཀྱི་དགྲ་ལ་བརྩེ་བ་བཅངས་དགོས་གསུངས་པ་མ་ཡིན་ནམ་སྙམ་སྟེ་བློ་དགའ་བའི་སྣང་བ་ཤར།
   ཀིང་གི་བསམ་པར་གྷན་དྷི་ཡི་ལྟ་ཚུལ་དག་ཨ་རིའི་མི་རིགས་ནག་པོ་ཚོའི་དཀའ་རྙོག་སེལ་ཐབས་སུ་སྤྱད་ན་འགྲིག་འདུག་སྙམ་པའི་བསམ་བློ་དེ་ཤུགས་ཇེ་ཆེར་སོང་། ཞི་བའི་སྒོ་ནས་དྲང་བདེན་མིན་པའི་ལས་ལ་རྒོལ་ལན་སློག་པའི་ལྟ་བ་འདི་ལ་འཚེ་མེད་ཞི་བ་ཟེར། ཀིང་ནི་འཚེ་མེད་ཞི་བའི་ལྟ་ཚུལ་གཙོ་བོར་འཛིན་མཁན་ཞིག་ཏུ་གྱུར། འཚེ་མེད་ཞི་བའི་ལྟ་གྲུབ་འདི་ཡིས་གྷན་དྷི་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། དེ་ནི་བཟང་སྤྱོད་ཀྱི་ལུགས་དང་མཐུན་པ་ཞིག་རེད། འཚེ་མེད་ཞི་བའི་ཐབས་ལམ་འདི་སྡར་མའི་བྱེད་ཐབས་ཤིག་རེད་དམ་ཞེ་ན། ཀིང་གིས་དེ་ནི་སྡར་མའི་བྱེད་ཐབས་ཤིག་མིན་པར་བརྗོད་ལ། དེ་ནི་གཞན་ཞིག་གིས་ཚུར་རྡུང་བ་ན་ཕར་འཁོན་འཛིན་མི་བྱེད་པར་བཟོད་བསྲན་ཐུབ་པའི་སྙིང་སྟོབས་དང་དཔའ་ངར་ཆེན་པོ་དགོས་པ་ཞིག་ཡིན་པ་རེད།
   སྤྱི་ལོ་༡༩༥༡ ལོའི་ཟླ་༦ པའི་ནང་ཀིང་ནི་ཁ་རོ་ཛེར་སློབ་གྲྭ་ནས་མཐར་ཕྱིན། ཁོང་ནི་མཐར་ཕྱིན་འཛིན་གྲྭ་དེའི་ནང་སློབ་ཚན་ཚང་མར་གྲུབ་འབྲས་ཡག་ཤོས་ཐོབ་པའི་རྩེ་ཕུད་ཀྱི་སློབ་ཕྲུག་ཅིག་ཡིན་པ་མ་ཟད། ཨ་སྒོར་༡༢༠༠ ཡི་གཟེངས་བསྟོད་བྱ་དགའ་ཡང་ཐོབ། ཁོང་གིས་བྱ་དགའི་དངུལ་དེ་དག་སྔར་ལས་ལྷག་པའི་སློབ་སྦྱོང་བྱ་ཆེད་བེད་སྤྱོད་བཏང་སྟེ་བྷོ་ས་ཌོན་(Boston)གཙུག་ལག་སློབ་གྲྭ་ཆེན་མོར་ཞུགས།
   དེ་ལྟར་ནའང་ཀིང་ནི་སློབ་སྦྱོང་ཁོ་ནར་མགོ་འཁོར་ཏེ་རྩེད་མོ་རིགས་གཅིག་ཀྱང་མི་ཤེས་མཁན་ཞིག་མིན་ཏེ། ཁོང་གིས་དུས་བཏབ་སྟེ་ལན་མང་འཛོམས་མྱོང་ཡོད་པ་དང་།    ཁོང་ནི་སྤྲོ་གཡེང་ལ་རོལ་བའི་ཞབས་བྲོ་མཁན་ཞིག་ཀྱང་ཡིན། ཁོང་གི་བསམ་པར་གཉེན་སྒྲིག་བྱ་རྒྱུ་ནི་མ་འོངས་པའི་བྱ་གཞག་ཅིེག་ཡིན་པར་དགོངས་ཀྱི་ཡོད། སྐབས་དེར་ཁོང་ཀོ་རེ་ཌཱ་སུ་ཀོ་ཌ་ལ་འཕྲད། ཁོ་མོ་ནི་ལྷོ་ཕྱོགས་ནས་ཡོང་བའི་བུ་མོ་མཛེས་མ་ཞིག་ཡིན་ལ། ཁོང་ལ་དགའ་བོ་བྱེད་མཁན་ཞིག་ཀྱང་ཡིན། ཁོ་མོས་བྷོ་ས་ཌོན་གཙུག་ལག་མཐོ་སློབ་ཏུ་གར་སྟེགས་སྟེང་གི་གཞས་མ་ཞིག་ཆགས་པར་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་གཉིས་ཐོག་མར་འཕྲད་སྐབས་ཀིང་གིས་ཁོ་མོ་རང་གི་ཆུང་མ་བྱ་འདོད་ཡོད་པའི་འདོད་ཚུལ་བཏོན་མྱོང། ཐོག་མར་ཁོ་མོ་དེ་ཙམ་འཐད་པ་མ་བྱུང། སྐབས་དེར་གཞས་གཏོང་བའི་ལས་དེ་ནི་ཁོ་མོར་མཚོན་ན་ཆེས་གལ་ཆེན་ཞིག་ཡིན་པ་རེད། ད་དུང་ཁོ་མོའི་སེམས་སུ་ཆོས་པ་ཚོ་ནི་བརྩེ་དུང་ཟབ་མོ་ཅན་ཞིག་ཡིན་རྒྱུ་རེད་སྙམ་གྱིན་མེད། རིང་པོ་མ་འགོར་བར་ཀིང་གིས་ཁོ་མོས་ཆོས་པ་ཚོར་འཛིན་པའི་འདུ་ཤེས་དེར་འགྱུར་བ་ཐེབས་སུ་བཅུག སྤྱི་ལོ་༡༩༥༣ ལོའི་ཟླ་༦ པའི་ཚེས་༡༨ ཉིན་ཁོང་གིས་ཀོ་རེ་ཌཱ་དང་མཉམ་དུ་གཉེན་བསྒྲིགས། གཉེན་སྒྲིག་གི་དུས་སྟོན་དེ་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་མཱ་རཱོན་(Marion)དུ་ཁོ་མོའི་ཁྱིམ་གྱི་མེ་ཏོག་གླིང་ག་ཞིག་ཏུ་བྱས་ཤིང་། ཁོང་གཉིས་ཀྱི་གཉེན་སྟོན་ཐོག་མི་ཚེར་བཀྲ་ཤིས་པའི་ཤིས་ཚིག་རྗོད་མཁན་ནི་ཀིང་གི་ཡབ་ཡིན་པ་རེད།

མདུན་ཤོག

Menu