ཀིང་གིས་སེལ་མཱ་ས་གནས་སུ་གཏམ་བཤད་གནང་བའི་སྐབས་དེ་ནི་ཁོང་གི་བྱ་གཞག་ཚང་མར་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་པའི་སྐབས་ཤིག་ཡིན། འོན་ཀྱང་སྐབས་དེར་ཁོང་གི་ཕུགས་བསམ་བཅངས་སའི་འཚེ་མེད་ཞི་བའི་ལམ་ལུགས་ལ་གོད་ཆག་ཚབས་ཆེན་བྱུང་། སྤྱི་ལོ་༡༩༦༤ ལོའི་དབྱར་ཀ་དེར་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁ་ཤས་ནང་འཚོ་ཐབས་ཞན་པའི་མི་རིགས་ནག་པོ་ཚོའི་ནང་ཟིང་འཁྲུག་ལངས། སྐབས་དེ་ནི་དུས་ཡུན་རིང་ཞིང་ཚ་བ་ཆེ་བའི་དབྱར་ཟླ་དང་པོའི་ནང་ཡིན་ལ༑ དེའི་རྗེས་སུ་ཟིང་འཁྲུག་གི་གནས་ཚུལ་ཛ་ཇེ་དྲག་ཏུ་གྱུར། གྲོང་ཁྱེར་ཝཱ་ཌ་ས་(Watts)དང་། ནེ་ཝཱག་(Newark)དང་། ཌེ་ཁྲི་རོ་ཌ་(Detroit)སོགས་སུ་བྱུང་བའི་དོན་རྐྱེན་དག་ཚགས་པར་ཁག་གི་སྟེང་དུ་གླེང་གཞི་ཆེ་ཤོས་ཤིག་ཏུ་གྱུར། གྲོང་ཁྱེར་འདི་དག་གཙོས་གྲོང་ཁྱེར་གཞན་དག་གི་ནང་དུ་འང་མི་རིགས་ནག་པོ་ཁ་ཤས་ཀྱིས་ཁང་པ་མེར་བསྲེགས་པ་དང་། ཚོང་ཁང་དག་འཕྲོག་བཅོམ་བྱེད་པ་དང་། སྤྱི་བདེ་མི་སྣ་དང་དམག་མི་ལ་འཁྲུག་རྩོད་བྱེད་པ་སོགས་བྱས། གྲོང་ཁྱེར་ཁ་ཤས་ཀྱི་ནང་དུ་གཏོར་བཅོམ་གྱི་གནད་དོན་ཆེན་པོ་བྱུང་ཡོད་ལ། གཏོར་བཅོམ་དེའི་ཁྲོད་མི་མང་པོ་ཞིག་གི་ཚེ་སྲོག་ཀྱང་ཤོར་ཡོད་དེ། མི་བརྒྱ་དང་བཞི་བཅུ་ལྷག་གི་སྲོག་ཤོར་ཡོད་པ་དང་། མི་བཞི་སྟོང་ལྔ་བརྒྱ་ལྷག་ཅིག་ལ་རྨས་སྐྱོན་ཐེབས་ཡོད།
   ཟིང་འཁྲུག་འདིའི་རྒྱུ་རྐྱེན་ཧ་ཅང་གསལ་བོ་རེད། རྩ་ཁྲིམས་ནང་བཀོད་པའི་སྤྱི་དམངས་ཐོབ་ཐང་གི་ཁྲིམས་ལུགས་དེས་གནད་འགག་ཆེ་བའི་ཕྱོགས་མང་པོ་ཞིག་ནས་མི་རིགས་ནག་པོ་ཚོ་ལ་ཕན་ཐོགས་ཆེན་པོ་བྱུང་། འོན་ཀྱང་ས་ཁུལ་ཁ་ཤས་ནང་གྲངས་ཉུང་མི་རིགས་ཀྱི་ངོ་བོར་གྱུར་བའི་མི་རིགས་ནག་པོ་མང་ཆེ་བ་ཞིག་གི་འཚོ་གནས་ལ་འགྱུར་ལྡོག་ཅི་ཡང་མེད་པར་ཧ་ཅང་དབུལ་ཕོངས་ཡིན། མི་རིགས་ནག་པོ་མང་པོ་ཞིག་ལས་མེད་ཡིན་ལ། ལས་ཀ་ཡོད་པ་ཚོས་ཀྱང་རང་གི་ལག་ཤེས་ཡར་རྒྱས་མི་འགྲོ་བའི་ལས་ཀའི་རིགས་གཉེར་དགོས་ཀྱི་ཡོད་ལ་གླ་ཆ་ཡང་ཧ་ཅང་ཉུང་ཉུང་ཞིག་ལས་རག་གི་མེད། ཁོང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་ས་བདག་ལ་ཁྲལ་འཇལ་རྒྱུ་དང། ཟས་གོས་ཉོ་བའི་ཆ་རྐྱེན་ཐད་ནས་དཀའ་ངལ་འཕྲད་པ་དང་། ས་ཆ་ཁ་ཤས་སུ་གྲངས་ཉུང་མི་རིགས་ཀྱི་ངོ་བོར་གྱུར་བའི་མི་རིགས་ནག་པོ་ཚོའི་སྡོད་ཁང་དག་ཀྱང་ཞིག་རལ་དུ་གྱུར་བའི་རྙིང་པ་ཤ་སྟག་ཡིན། ཁང་པའི་རྩིག་ལྡེབས་དག་ལ་སེར་ཀ་གས་ཤིང་ནང་དུ་ཙི་ཙི་དང་འདྲེ་ཤིག་དང་འབུ་ཞུ་ལུ་མ་སོགས་གང་ས་གང་དུ་མཐོང་རྒྱུ་ཡོད་ལ། ཆུ་དྲང་སའི་ལྕགས་སྦུག་སོགས་ལ་ཡང་བཙའ་ཆགས་ཏེ་སེར་ཀ་གས་ནས་ཡོད། ས་ཁུལ་དེ་དག་གི་ནང་དུ་མི་རིགས་ནག་པོ་ཚོ་ལྟོགས་སྐོམ་དང་ནད་ཡམས་ཀྱིས་མནར་གྱིན་ཡོད། ཡ་ང་བའི་གནས་སྟངས་འདིའི་རྐྱེན་གྱིས་ས་ཁུལ་དེ་དག་ནང་ཁྲིམས་འགལ་གྱི་ལས་ཀ་ལས་མཁན་དང་བཟི་སྨན་སྤྱོད་རྒྱུར་གོམས་ཡོད་མཁན་མང་པོ་ཡོད། མི་རིགས་ནག་པོ་མང་པོ་ཞིག་ལ་མཚོན་ན་དབུལ་ཕོངས་ཀྱི་མུན་ནག་དེ་ལས་ཐར་ཐབས་ཤིག་མེད་པར་སྣང་གི་ཡོད་ལ། ཡི་མུག་དང་ཁོང་ཁྲོའི་ཁྲོད་ནང་ཁུལ་དུ་བསྲེག་རེས་བྱ་རྒྱུའི་འགོ་བཙུགས་པ་རེད།
   གནད་དོན་འདི་དང་འབྲེལ་བའི་མི་རིགས་ནག་པོའི་འགོ་ཁྲིད་ཁག་ཅིག་ཡོད་ལ༑ ཁོང་ཚོ་ཁ་ཤས་ཀྱིས་མེ་འབར་བའི་སྟེང་ལ་སྣུམ་བླུགས་པ་ལྟར་ཟིང་འཁྲུག་ཇེ་ཆེར་གཏོང་གི་ཡོད། མི་རིགས་ནག་པོའི་འགོ་ཁྲིད་དེ་རིགས་ཀྱིས་མི་རིགས་ནག་པོ་ཚོའི་རང་དབང་དང་ཆེ་མཐོང་སྐོར་མི་གླེང་བར་མི་རིགས་ནག་པོའི་དཔའ་ངར་གྱི་སྐོར་གླེང་བ་དང་། ཁོང་ཚོས་བརྩེ་སེམས་དང་འཚེ་བ་མེད་པའི་སྐོར་མི་གླེང་བར་གཞུང་ལམ་གྱི་ནང་དུ་གཡུལ་འགྱེད་བྱ་རྒྱུའི་སྐོར་གླེང་གི་ཡོད། དེ་དག་གི་ནང་ནས་གཅིག་གིས། སྤུན་ཟླ་ཚོ། དྲག་སྤྱོད་སྤེལ་རྒྱུ་ནི་མེད་ཐབས་མེད་པ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་ངའི་ལག་ཏུ་མེ་མདའ་ཞིག་བཞག་སྟེ་རང་གི་དགྲ་བོ་སོད་ཅིག་ཟེར་ཚེ། ངས་སྲིད་འཛིན་རྗོན་སན་གྱི་སྐུ་ལྕམ་གསོད་དགོས་ཀྱང་ཐེ་ཚོམ་མེད། ཨ་རི་རྒྱལ་ཁབ་ང་ཚོའི་འདོད་མོས་དང་མཐུན་པའི་ཁ་ཕྱོགས་སུ་མི་འགྲོ་ཚེ་ང་ཚོས་ཨ་རི་རྒྱལ་ཁབ་མེ་ལ་བསྲེག་ཆོག་ཅེས་བཤད་མྱོང་།
   ཀིང་གིས་དབུལ་ཕོངས་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོར་འཐིམ་པའི་མི་རིགས་ནག་པོ་ཚོའི་ཟིང་འཁྲུག་གི་རྒྱུ་རྐྱེན་གསལ་བོར་ཤེས་ཀྱི་ཡོད། ཁོང་གིས་རྒྱུན་དུ་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་སྲོལ་དང་དབུལ་ཕོངས་ཀྱི་གནད་དོན་གཉིས་ནི་གནད་འགག་ཆེ་ཤོས་རེད། མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་དམིགས་ཡུལ་ནི་མི་རིགས་ནག་པོ་ཚོ་དབུལ་ཕོངས་ཀྱི་གནས་སུ་སྦྱོར་འདོད་ཁོ་ན་རེད་ཅེས་བཤད་པ་དང་། སྤྱི་ལོ་༡༩༦༣ ལོར་ཀིང་གིས་འདྲ་མཉམ་ནི་བརྩི་མཐོང་ཞིག་རེད། བརྩི་མཐོང་ཞིག་ཐོབ་ན་དེ་ལ་བརྟེན་ནས་བདུན་ཕྲག་རེའི་འཚོ་བ་འཁྱོལ་ཐབས་ཀྱི་གླ་ཆ་ཡོད་པའི་ལས་ཀ་ཞིག་རག་པའི་རེ་བ་ཡོད་པ་རེད་ཅེས་བཤད།
   སྤྱི་ལོ་༡༩༦༥ ལོ་བར་ཀིང་གིས་སྤྱི་དམངས་ཐོབ་ཐང་དང་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་སྲོལ་མེད་པར་བཟོ་རྒྱུ་གཙོ་བོར་བཟུང་སྟེ་འཐབ་རྩོད་བྱས་པ་རེད། འོན་ཀྱང་དབུལ་ཕོངས་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོར་འཐིམ་པའི་མི་རིགས་ནག་པོ་ཚོའི་ཟིང་འཁྲུག་དོན་རྐྱེན་དེས་ཁོང་གི་སེམས་སུ་མི་སྐྱིད་པའི་རྨ་ཁ་ཆེན་པོ་བཟོས། ཁོང་གིས་དབུལ་ཕོངས་ཀྱི་དཀའ་སྡུག་དེའི་ཐད་བསམ་བློ་ཡང་ཡང་བཏང་སྟེ། ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་མང་པོ་སྤེལ། སྐབས་འདིར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་ནི་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རིགས་ནག་པོ་ཚོའི་འཚོ་བའི་གནས་བབ་ཇེ་ཡག་ཏུ་ཡོང་ཆེད་དང་། ཤེས་ཡོན་སྦྱོང་བའི་གོ་སྐབས་དང་ལས་ཀ་ཡག་པོ་གཉེར་རྒྱུ་རག་པའི་ཆེད་ཡིན་པ་ཞིག་རེད།
   སྤྱི་ལོ་༡༩༦༦ ལོའི་དབྱར་ཁར་ཀིང་ཆི་ཀཱ་གྷོ(Chicago)ས་གནས་སུ་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རིགས་ནག་པོ་ཚོར་སྡོད་གནས་ཆ་ཚང་བའི་ཁང་པ་འཛུགས་བསྐྲུན་བྱས་ཏེ་དབུལ་གྲོང་གི་རྣམ་པ་ལེགས་བཅོས་བྱ་རྒྱུའི་རེ་འདུན་ཞུ་རུ་སོང་། སྤྱི་ཟླ་༨ པའི་ཚེས་༦ ཉིན་ཁོང་གིས་མི་རིགས་ནག་པོ་དྲུག་བརྒྱ་ལྷག་ཅིག་གི་སྣེ་ཁྲིད་དེ་མི་རིགས་དཀར་པོ་ཚོ་འདུས་སྡོད་བྱེད་སའི་ལམ་གཞུང་བརྒྱུད་ནས་ཞི་བའི་གོམ་བགྲོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ། ཁོང་ཁྲོ་ལང་བའི་མི་རིགས་དཀར་པོ་མང་པོས་གོམ་བགྲོད་བྱེད་མཁན་ཚོ་ལ་རྡོ་དང། ཤེལ་དམ། བྱ་སྒོང་སོགས་ཀྱིས་གཞུས། ཀིང་གི་མགོ་ལའང་རྡོ་ལོག་ཅིག་གིས་གཞུས་ཏེ་ས་ལ་བསྒྱེལ་མོད་ཁོང་ཡར་ལངས་ནས་མུ་མཐུད་དུ་གོམ་བགྲོད་བྱས། དེ་རྗེས་གྲི་ཞིག་ཁོང་ལ་གཟས་ཏེ་གཡུགས་མོད། ཁོང་ལ་མ་ཕོག་པར་མི་རིགས་དཀར་པོའི་གཞོན་ནུ་ཞིག་གི་སྐེ་ལ་འཛེར། ཆུ་ཚོད་ལྔའི་རིང་མི་རིགས་དཀར་པོ་སྟོང་ཕྲག་ཁ་ཤས་ཞི་བའི་གྲོམ་བགྲོད་བྱེད་མཁན་ཚོའི་ཁ་གཏད་དུ་ལངས་ཏེ་ཟིང་འཁྲུག་ཆེན་པོ་སློང་ལ་ཁད་བྱས་པ་དང། སྤྱི་བདེ་མི་སྣ་དགུ་བརྒྱ་ལྷག་ཅིག་གིས་མི་རིགས་དཀར་པོ་དེ་དག་ལ་ཁ་གཏད་བཅག་ནས་མང་པོ་ཞིག་འཛིན་བཟུང་བྱས།
   ཆི་ཀཱ་གྷོ་ས་གནས་སུ་སྤེལ་བའི་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་གཞན་དག་ལའང་མི་རིགས་དཀར་པོ་ཚོས་རྡོ་དང་ཤེལ་དམ་གྱིས་གཞུས་ཤིང་། གོམ་བགྲོད་བྱེད་མཁན་ཚོར་དམོད་མོ་བྱས་ཏེ་མི་རིགས་དཀར་པོ་ཚོའི་དཔུང་ངོམས་བྱས། འོན་ཀྱང་ཀིང་གིས་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་མ་བྱས་པར་ད་དུང་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་མང་ཙམ་སྤེལ་རྒྱུའི་འབོད་སྐུལ་བྱས། ཁོང་གིས་ངལ་རྩོལ་བའི་གྱོན་ཆས་གོན་ཏེ་ལག་ཏུ་ཕྱགས་མ་ཐོགས་ནས་དབུལ་བོ་ཚོ་འདུག་སའི་སྲང་ལམ་གཙང་མ་བཟོ་རོགས་བྱས་ལ། ད་དུང་ཁོང་གིས་གྲོང་ཁྱེར་གྱི་ཚོགས་ཁང་སྒོ་ལ་མི་རིགས་ནག་པོ་ཚོའི་རེ་འདུན་དོན་ཚན་རེ་རེ་བཞིན་བཀོད་པའི་ཡི་གེ་ཞིག་སྦྱར།
   སྐབས་དེར་ཀིང་གིན་གྱིས་ཝེད་ནཱམ་(Viet Nam)གྱི་དམག་འཁྲུག་ལའང་ངོ་རྒོལ་ཡོད་པའི་གཏམ་བཤད་བྱས། ཁོང་གིས་དེར་ངོ་རྒོལ་བྱེད་དོན་ནི། ཁོང་དྲག་སྤྱོད་ཀྱི་རིགས་སུ་གྱུར་བའི་ལས་ཅི་འདྲ་ཞིག་ཡིན་ཡང་མི་དགའ་བས་རེད། ཁོང་གིས་”འགྲོ་བ་མི་རྣམས་ཀྱིས་གཅིག་གིས་གཅིག་ལ་དྲག་སྤྱོད་ཀྱི་ལས་སྤེལ་ནས་གཅིག་ཤ་གཅིག་གིས་ཟ་བ་ལྟ་བུའི་འཁོན་འཛིན་བྱེད་པའི་དུས་སྐབས་ཤིག་ལ་སླེབས་པ་རེད། མི་རིགས་ནག་པོ་ཚོའི་དགོས་འདུན་སྐོང་བྱེད་ཀྱི་འཚེ་མེད་ཞི་བའི་ཐབས་ལམ་ནི་འགྲོ་བ་མིའི་རིགས་ཡོངས་ལ་ཞི་བདེ་བསྐྲུན་པར་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལྟ་བུ་ཞིག་ཏུ་འགྱུར་སྲིད་ངེས།”ཞེས་གསུངས། ཀིང་གི་བསམ་པར་ཝེད་ནཱམ་དམག་འཁྲུག་གིས་ནང་རྒྱལ་དུ་སྤྱི་དམངས་ཐོབ་ཐང་ཐད་འགྱུར་བ་གཏོང་རྒྱུ་དང་དབུལ་ཕོངས་ཀྱི་འཁྲུག་རྐྱེན་སེལ་རྒྱུའི་ནུས་པ་ཇེ་ཞན་དུ་བཏང་སོང་སྙམ་གྱི་ཡོད།

མདུན་ཤོག

Menu