སྤྱི་ལོ་༡༩༦༨ ལོའི་ལོ་འགོར་ཀིང་གིས་ཝ་ཤེང་ཌོན་ཏུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཞན་ཞིག་སྤེལ་འཆར་འཐེན། ལས་འགུལ་དེ་ནི་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་རིགས་དཀར་ནག་གཉིས་ཀྱིས་ལྷན་དུ་སྤེལ་རྩིས་ཡིན་ལ། དེའི་དམིགས་ཡུལ་ནི་གྲོས་ཚོགས་སུ་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་མི་མང་ཚང་མར་རྒྱབ་སྐྱོར་བྱ་རྒྱུའི་ཁྲིམས་གཞི་ཞིག་གཏན་འབེབས་ཡོང་ཆེད་ཡིན། ཁོང་གི་རེ་བ་ནི་མི་ཚང་མར་བྱ་བ་ཞིག་རག་རྒྱུ་དང་ཡོང་འབབ་ཡག་པོ་ཞིག་རག་རྒྱུ་དེ་རེད། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ནི་སྤྱི་ལོ་༡༩༦༨ ལོའི་སྤྱི་ཟླ་༤ པའི་ཚེས་༢༢ ཉིན་སྤེལ་འཆར་ཡོད།
   འོན་ཀྱང་སྤྱི་ཟླ་༣ པའི་ནང་དུ་ཀིང་ཀྲེ་ནེ་སེའི་(Tennessee)ས་ཁུལ་གྱི་མེམ་ཧྥི་ས་(Memphis)ལ་ཕྱིན་པ་དང་། དེར་གད་སྙིགས་གཙང་མ་བཟོ་བའི་ལས་ཀ་བྱེད་མཁན་མི་རིགས་ནག་པོ་ཚོས་ལས་མཚམས་བཞག་སྟེ་ངོ་རྒོལ་བྱེད་བཞིན་ཡོད། ཀིང་གིས་ཁོང་ཚོར་རྒྱབ་སྐྱོར་བྱས་ཏེ་གླ་ཆ་ཇེ་མཐོར་གཏོང་ཐབས་ཤིག་ཡོང་ན་སྙམ་པ་དང། དེའི་ཆེད་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་གི་སྣེ་ཁྲིད་རྒྱུ་བྱས་ཏེ། སྤྱི་ཟླ་༣ པའི་ཚེས་༢༨ དེ་རེས་གཟའ་མིག་དམར་ཉིན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་སྤེལ་རྒྱུའི་ཐག་བཅད། ལས་འགུལ་དེ་འགོ་བརྩམས་ནས་ཡུན་རིང་མ་འགོར་བར་མི་རིགས་ནག་པོའི་བྱིས་པ་ཁ་ཤས་ཀྱིས་རྐུ་འཕྲོག་བྱེད་འགོ་ཚུགས་པས། ཟིང་འཁྲུག་ལངས་ཏེ་གོམ་བགྲོད་ལས་འགུལ་མཚམས་འཇོག་བྱ་དགོས་བྱུང་། ཟིང་འཁྲུག་དེའི་རྐྱེན་གྱིས་ཀིང་གི་སེམས་མ་སྐྱིད་པ་དང་། ཁོང་གི་བསམ་པར་ཟིང་འཁྲུག་དེ་ནི་འཚེ་མེད་ཞི་བའི་ལམ་ལུགས་དང་འགལ་སོང་སྙམ། དེ་ནས་ཁོང་ཨཱ་ཌ་ལཱན་ཌཱ་ས་ཆ་ལ་རང་གི་ཁྱིམ་དུ་ལོག་པ་དང་། ཕྱིར་མེམ་ཧྥི་ས་ས་ཆ་ལ་འགྲོ་འདོད་མེད་པའི་སྣང་བ་སྐྱེས། འོན་ཀྱང་ཁོང་གིས་བསམ་པར་ཕྱིར་མེམ་ཧྥི་ས་ལ་མ་སོང་ན་དྲག་སྤྱོད་ཀྱི་ལས་ལ་མགོ་སྒུར་བ་དང་ཁྱད་ཅི་ཡོད་སྙམ་སྟེ། ཁོང་གིས་གྲོགས་པོ་ཚོ་ལ་”མེམ་ཧྥི་ས་ས་ཆ་རུ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རན་གྱི་འདུག”ཅེས་བཤད།
   དེར་བརྟེན་ཀིང་ཕྱིར་མེམ་ཧྥི་ས་ས་ཆ་ལ་སོང་སྟེ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུའི་སྟ་གོན་བྱས། སྤྱི་ཟླ་༤ པའི་ཚེས་༣ ཉིན་ཁོང་གིས་གཏམ་བཤད་ཅིག་གནང་བ་དང་། གཏམ་བཤད་དེའི་མཇུག་ཏུ་ཁོང་གིས་འཆི་རྐྱེན་དང་འབྲེལ་བའི་སྐད་ཆ་བཤད། ཁོང་མེམ་ཧྥི་ས་ས་ཆ་རུ་གསོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་ཚུལ་བཤད་པ་དང་། ཁོང་ཨཱ་ཌ་ལཱན་ཌཱ་ནས་འཕུར་ཡོང་སའི་གནམ་གྲུའི་ནང་དུ་འགད་རྫས་བཞག་ཡོད་མེད་བརྟག་དཔྱད་བྱ་དགོས་ཀྱང་ཐུག་ཡོད།
   ཁོང་གིས་”འོན་ཀྱང་ང་ལ་མཚོན་ན་ད་སྐབས་འཆི་བ་ནི་འཇིགས་སྣང་དང་དོགས་སྣང་སྐྱེ་དགོས་ས་ཞིག་རྩ་བ་ནས་མ་རེད། རྒྱུ་མཚན་ནི་ད་ལྟ་ང་རྒྱལ་ཁའི་རི་རྩེ་ལ་སླེབས་སོང་བ་འདི་རེད། ངས་རི་རྩེ་ནས་རྒྱང་ལྟ་བྱས་པས་ཕུགས་བསམ་གྱི་ཡུལ་གྲུ་དེ་མཐོང་བྱུང་། ང་ཁྱེད་ཚོ་དང་མཉམ་དུ་ཡུལ་གྲུ་དེར་སླེབས་མི་ཐུབ་པ་ཡང་ཡོང་སྲིད་མོད། འོན་ཀྱང་ངས་དོ་དགོང་ཁྱེད་ཚོར་ང་ཚོ་ཕུགས་བསམ་གྱི་ཡུལ་གྲུ་ལ་སླེབས་ཐུབ་པའི་མི་རིགས་ཤིག་ཡིན་པ་ཤེས་འཇུག་འདོད་ཡོད། དེར་བརྟེན་ང་དོ་ནུབ་ཧ་ཅང་སྐྱིད་པོ་འདུག་ང་ལ་སེམས་ཁུར་བྱ་ས་གང་ཡང་མེད། ང་མི་སུ་ལ་ཡང་སྐྲག་གི་མེད། ངས་དཀོན་མཆོག་ཁོང་མགོན་སྐྱབས་གནང་བར་ཕེབས་ཡོང་གི་ཡོད་པའི་གཟི་བྱིན་གྱི་འོད་སྣང་དེ་དངོས་སུ་མཐོང་བྱུང་།”གསུངས། དེ་ནི་ཀིང་གི་ཆེས་མཐའ་མའི་གཏམ་བཤད་ཡིན་པ་རེད།
   ཕྱི་ཉིན་དེར་ཁོང་གི་ཁྱིམ་དུ་ཁོ་རང་གི་ལས་རོགས་ཚོ་དང་ཐུག་འཕྲད་བྱས་ཤིང། དེ་ནི་ཁང་རྩེག་ཅིག་གི་ཐོག་རིམ་གཉིས་པ་ཡིན། ཁོང་གིས་ལས་རོགས་ཚོ་ལ་འཚེ་མེད་ཞི་བའི་ལམ་ལུགས་ནི་རང་རེའི་མེས་རྒྱལ་འདིའི་ཚེ་སྲོག་སྐྱོབ་པར་རེ་བ་བྱ་སའི་ཐབས་ལམ་ཉག་གཅིག་དེ་ཡིན་ཞེས་བཤད་པ་དང་། ཁོང་གིས་སེམས་དཔའ་ཆེན་པོ་གྷན་དྷི་དང་ཡེ་ཤུ་སྟོན་པ་གཉིས་ཀྱི་སྐུ་ཚེའི་མཛད་པ་སོགས་ཀྱི་སྐོར་ཀྱང་གླེང་། དེ་ནས་ཁོང་གིས་ལས་རོགས་ཚོ་ལ་”ང་འཆི་བའི་འཇིགས་པ་ལ་ཡེ་ནས་མི་སྐྲག་མཁན་ཞིག་ཏུ་གྱུར་འདུག”ཟེར།
   དེ་ལྟར་གླེང་མོལ་བྱས་རྗེས་ཀིང་སྒོའི་ཕྱི་རོལ་གྱི་ཁྱམས་རའི་ནང་དུ་སོང། ཁོང་གིས་དགོང་ཟས་མ་ཟོས་གོང་ངལ་གསོ་ཞིག་བྱ་དགོས་སྙམ་པ་རེད། ཁྱམས་རའི་ནང་ནས་མར་བལྟས་ཏེ་འོག་ན་ཡོད་པའི་གྲོགས་པོ་གཉིས་ལ་ཁ་བརྡ་བྱས། སྐབས་དེར་ཕྱི་རོལ་ཏུ་གྲང་ངར་ཧ་ཅང་ཆེ། ཀིང་གི་ཁ་ལོ་བས་སྟོད་ཐུང་ཞིག་ཁྱེར་ཡོང་ནས་སྤྲད་པར་ཁོང་གིས་”ཡ་་་་ཡ་་ངས་གོན་ཆོག་”ཟེར།
   གློ་བུར་དུ་མེ་མདའ་བརྒྱབས་པའི་སྐད་ཅིག་གྲགས་བྱུང་། མེ་མདའི་སྐད་དེ་ཀིང་འདུག་སའི་ཁང་པའི་མདུན་གྱི་གཞུང་ལམ་དེའི་ཕ་རོལ་ཏུ་ཡོད་པའི་ཁང་པ་ཞིག་གི་ནང་ནས་གྲགས་བྱུང་། མདེའུ་དེ་ཀིང་ལ་ཕོག་ནས་ཁོང་རྩིག་ངོས་ལ་ཤུགས་ཀྱིས་བརྡབས་ཏེ་ས་ལ་འགྱེལ་སོང་། ཁོང་གི་སྐེ་ལ་མདེའུ་ཕོག་ཡོད་པས་རྨ་ཁ་ནས་ཁྲག་དམར་རྒྱུན་ཆད་མེད་པར་བཞུར་བཞིན་ཡོད། མེམ་ཧྥི་ས་ས་གནས་ཀྱི་སྨན་ཁང་ལ་ཁྱེར་ནས་སོང་མོད། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཁོང་སྐུ་གཤེགས། དེར་ཡོད་པའི་ཀིང་གི་ལས་རོགས་ཚོའི་ནང་ནས་གཅིག་གིས་”མི་གསོད་ལག་དམར།་་་་་་་མི་གསོད་ལག་དམར།”ཞེས་སྐད་ཆེན་པོ་བརྒྱབ། ཀིང་གིས་”བྱེད་སྟངས་དེ་འདྲ་མ་རེད།”ཞེས་བཤད། བུད་མེད་ཅིག་གིས་”ཨོ་ཙི་་་་་་དཀོན་མཆོག་མཁྱེན། ཁོ་ཚོས་ཁོང་གསོད་དགོས་དོན་མེད། ཁོང་ཚོས་ཁོང་གསོད་དགོས་དོན་མེད།”ཅེས་ངུ་སྐད་བརྒྱབ།
   ཀིང་གི་སྐུ་ཕུང་ཨཱ་ཌ་ལཱན་ཌཱ་ས་ཆ་ཡི་ཁྱིམ་ལ་ཁྱེར་ནས་ཡོང་སྟེ། སྔོན་ཆད་ཀིང་གིས་ཁོང་གི་ཡབ་དང་མཉམ་དུ་ཕྱག་ལས་གནང་ཡུལ་ཨེ་བྷེ་ནེ་ཛེར་(Ebenezer)ཁྲུས་ཆོག་བྱེད་སའི་ལྷ་ཁང་དེའི་མཆོད་ཁྲིའི་མདུན་དུ་བཞག ཨ་རི་རྒྱལ་ཡོངས་ཀྱི་ས་གནས་གང་སར་མི་ཚང་མ་ཧང་སང་བ་དང་མྱ་ངན་གྱིས་ནོན་པར་གྱུར། སྲིད་འཛིན་འདས་པོ་ཀེན་ནའེ་ཊེ་ཡི་སྐུ་ལྕམ་གྱིས་ཀིང་གི་སྐུ་ལྕམ་ལ་སེམས་གསོ་བྱ་ཆེད་འཕྲིན་ཡིག་བཏང་ཞིང་། མོས་”ནམ་ཞིག་ལ་རང་རེའི་རྒྱལ་ཁབ་འདིས་དྲག་སྤྱོད་ཀྱི་ལས་ལ་བརྟེན་པ་ནི་ཕམ་ཁ་ཉོ་བྱེད་ཀྱི་རྒྱུ་ཡིན་པའི་གོ་དོན་གསལ་བོ་ཞིག་རྟོགས་ཐུབ།”ཅེས་དྲི་བའི་ཚུལ་དུ་བྲིས་ཡོད།
   ཟླ་༤ པའི་ཚེས་༩ སྟེ་རེས་གཟའ་མིག་དམར་གྱི་ཉིན་ཕུང་པོ་དུར་འཇུག་བྱ་རྒྱུའི་འགོ་བཙུགས། ཡེ་ཤུ་ལྷ་ཁང་ཆུང་ཆུང་དེའི་ནང་ལོགས་སུ་ཀིང་གི་སྐུ་ལྕམ་ཀོ་རེ་ཌཱ་དང། ཁོ་མོའི་བྱིས་པ་ཚོ། གཞན་ད་དུང་གནད་ཡོད་མི་སྣ་མང་པོས་ཁེངས་ཡོད་ལ། ལྷ་ཁང་གི་ཕྱི་ལོགས་སུ་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཡོད། ཀིང་གི་མཛད་རྗེས་ལ་བསྔགས་བརྗོད་དང་ཆེ་བསྟོད་ཀྱི་ཤིས་ཚིག་སྣ་ཚོགས་བརྗོད། འོན་ཀྱང་དེར་འཛོམས་པའི་མི་མང་ཚོའི་ཡིད་ལ་ཚོར་སྣང་ཟབ་མོ་སྦྱིན་པའི་ཚིག་ནི་ཀིང་ཁོ་རང་གིས་གནང་བའི་གསུང་བཤད་དེ་རེད། གསུང་བཤད་དེ་ནི་ཁོང་གིས་ལྷ་ཁང་ནང་དུ་ཆོས་ཀྱི་མཛད་སྒོ་མཐའ་མའི་སྐབས་གནང་བ་ཞིག་ཡིན་ལ། ཉིན་དེར་སྒྲ་སྡུད་འཕྲུལ་འཁོར་ཞིག་གི་ནང་དུ་གྲགས་བཅུག་ཡོད། གསུང་བཤད་དེའི་ནང་དུ་ཁོང་གིས་”ང་འཇིག་རྟེན་འདི་དང་ཁ་བྲལ་ནས་འགྲོ་ཁའི་ཉིན་མཐའ་མ་དེར་འཛོམས་པའི་མི་ཚོར་བཤད་རྒྱུ་ཞིག་ནི། ང་ལ་དུར་འཇུག་བྱེད་པར་ཆོ་ག་གཟབ་རྒྱས་ཤིག་བྱ་རྒྱུའི་རེ་བ་མེད་ལ། གལ་ཏེ་མི་ཞིག་གིས་དུར་མཆོད་དང་སྦྲགས་སྐྱེལ་མ་བྱེད་པའི་སྐད་ཆ་འདྲ་བཤད་པ་ཡིན་ན། ཁོང་ལ་སྐད་ཆ་མང་པོ་ཞིག་མ་བཤད་ཟེར་རོགས། ཁོང་ལ་ང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཚུལ་དང་། གཞན་ཡང་རིགས་མི་འདྲ་བའི་རྟགས་མ་སུམ་བརྒྱ་བཞི་བརྒྱ་ཞིག་ཐོབ་པའི་སྐོར་སོགས་མ་བཤད་ཟེར་རོགས། དེ་ཚོ་གལ་ཆེན་པོ་ཞིག་མ་རེད།
   དེ་ལས་ང་ནི་ཉིན་མོ་དེར་མི་ཞིག་གིས་ཀིང་གིས་མི་ཚེ་ཧྲིལ་བོར་གཞན་ལ་ཞབས་འདེགས་ཞུ་རྒྱུའི་འབད་བརྩོན་བྱས་མྱོང་ཡོད་ལ། ཁོང་གིས་མི་གཞན་བརྩེ་བས་སྐྱོང་རྒྱུར་འབད་པ་བྱས་མྱོང་ཡོད་པ་རེད་ཟེར་རྒྱུ་ཞིག་བྱུང་ན་དགའ།
   ང་ནི་ཉིན་མོ་དེར་ཁྱེད་ཀྱིས་ཀིང་གིས་ལྟོ་གོས་ཀྱིས་ཕོངས་བ་ཚོར་ལྟོ་གོས་སྦྱིན་པར་འབད་པ་བྱས་མྱོང་ཡོད་པ་རེད་ཟེར་རྒྱུ་ཞིག་བྱུང་ན་དགའ་ལ། ང་ནི་ཉིན་མོ་དེར་ཁྱེད་ཀྱིས་ཀིང་གིས་བཙོན་དུ་ཚུད་པ་ཚོར་ལྟ་རུ་འགྲོ་ཐབས་དང་། འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་རྒྱུ་དང་བརྩེ་བ་སྦྱིན་པའི་འབད་བརྩོན་བྱས་མྱོང་ཡོད་ཅེས་བརྗོད་རྒྱུ་ཞིག་བྱུང་ན་དགའ།”
   ཀིང་གི་པུར་སྒམ་དེ་ཞིང་ལས་བྱེད་པར་སྤྱད་པའི་ཤིང་རྟ་འཁོར་ལོ་རྙིང་པ་ཞིག་གི་སྟེང་ལ་བཞག་ནས་རྗོར་རྗེ་ཡཱ་ས་གནས་ཀྱི་དྲེལ་གཉིས་ལ་འདྲུད་དུ་བཅུག ཤིང་རྟ་འཁོར་ལོ་རྙིང་པ་དེ་ནི་ཀིང་གིས་དབུལ་བོ་ཚོ་མཉམ་དུ་ཝ་ཤིང་ཌོན་ལ་ཞི་བའི་གོམ་བགྲོད་བྱ་སྐབས་སྤྱོད་རྒྱུའི་འཆར་གཞི་ཡོད་པ་ཞིག་རེད། ཉིན་མོ་དེར་མི་མང་སྟོང་ཕྲག་བརྒྱ་ལ་ཉེ་བ་ཞིག་ཁོང་གི་སྐུ་ཕུང་གི་རྗེས་དེད་དེ་དལ་མོས་ངང་གོམ་བགྲོད་བྱས་ནས་ཡོང་།
   སྐུ་ཕུང་དུར་འཇུག་བྱ་སྐབས་ཀིང་གི་གྲོགས་པོ་དང་ལས་རོགས་རཱལ་ཧྥ་ཨ་བྷེར་ནཱ་ཐེ་མཆོག་གིས་”དུར་ས་འདི་ཁོང་གི་རྣམ་ཤེས་འཇུག་པར་དོག་དྲག་པ་རེད། འོན་ཀྱང་ང་ཚོས་ཁོང་གི་ཕུང་པོ་ས་འོག་འདིར་འཇུག་རྒྱུ་བྱ།”ཞེས་གསུངས།
   དུར་བྱང་གི་རྡོ་རིང་སྟེང་དུ་ཀིང་གི་མཚན་དང་། འཁྲུངས་ལོ་དང་། འདས་ལོ་བཀོད་པ་དང་། དེའི་གཤམ་དུ་ཀིང་གིས་མཉེས་པོ་གནང་སའི་ཆོས་ཚིག་ཐོར་བུ་ཞིག་བཀོད་ཡོད། ཆོས་ཚིག་ཐོར་བུ་དེ་ཁོང་གིས་སྤྱི་ལོ་༡༩༦༣ ལོར་ཝ་ཤིང་ཌོན་དུ་”ང་ལ་རྨི་ལ་ཞིག་ཡོད།”ཅེས་བའི་གཏམ་བཤད་དེའི་མཇུག་ཏུ་འཁོད་ཡོད།
   ཆོས་ཚིག་ཐོར་བུ་དེ་ནི།
   ”བདག་ལ་རང་དབང་ཐོབ་བྱུང་།
   བདག་ལ་རང་དབང་ཐོབ་བྱུང་།
   བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ།
   མཐར་ངས་རང་དབང་གི་དཔལ་ལ་རོལ་ཐུབ་པར་ཐུགས་རྗེ་ཆེ།”

མདུན་ཤོག

Menu