[toc]

ཁ་ཤོག་གི་འགྲེལ་བཤད།

མཐུན་པ་སྤུན་བཞི།

༄༅། །སྔོན་ཡུལ་ཀ་ཤི་ཞེས་པའི་ནགས་སུ་བྱ་སྲེག་པ་དང༌། རི་བོང༌། སྤྲེའུ། གླང་ཆེན་བཅས་བཞི་མཐུན་པར་གནས་ཤིང༌། རྒན་གཞོན་གྱི་རིམ་པ་བཞིན་བཀུར་བསྟི་བྱ་བར་གྲོས་མཐུན་པ་ལྟར། རྒན་གཞོན་བརྟག་ཐབས་སུ་བྱ་སྲེག་པས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ཏེ་དྲིས་པར། གླང་ཆེན་དང་སྤྲེའུས་ཐོག་མར་དེར་རྒྱུ་སྐབས། ཤིང་དེ་རང་རང་གི་ལུས་ཚད་དང་མཉམ་ལུགས་བཤད་ཅིང༌། རི་བོང་གིས་ངས་ཤིང་འདིའི་ལོ་མ་གཉིས་སྐྱེས་པ་ན་ཟིལ་པ་ལྕེས་བལྡགས་པ་ཡིན་ཞེས་བཤད། བྱ་སྲེག་པས་ངས་ས་བོན་ཟོས་ཏེ་འདིར་རྟུག་པ་བོར་བ་ལས་ཤིང་འདི་སྐྱེས་པ་ཡིན། ཞེས་བཤད་པས་རྒན་གཞོན་གྱི་རིམ་པ་ཤེས་ཏེ་རྒན་པ་ལ་བསྙེན་བཀུར་དང་ཆུང་བ་ལ་བྱམས་སྐྱོང་བྱས་ཤིང༌། ཡ་ང་བ་དང་གཟར་པོའི་ཕྱོགས་སུ་འགྲོ་ཚེ། གླང་པོ་ཆེ་ལ་སྤྲེའུ་དང༌། དེ་ལ་རི་བོང༌། དེ་ལ་སྲེག་པ་བཞོན་ནོ། །དེ་ནས་ཡང་ངེད་ཚོར་ཞེ་ས་དང་གུས་ཞབས་གཅིག་པུ་ཡོད་པས་མི་འགྲིག་པར་དགེ་བ་གཞན་ལ་ཡང་འཇུག་པར་བྱ་དགོས་ཞེས་སྲོག་གཅོད་དང༌། མ་བྱིན་ལེན། འདོད་ལོག རྫུན། མྱོས་བྱེད་བཅས་རིམ་པར་སྤངས་ཏེ་བསླབ་པའི་གཞི་ལྔ་ལ་གནས་པར་བྱས། དེ་ནས་ཡང་བྱ་སྲེག་པས་གྲོས་བཏོན་པ་ལྟར། སྤྲེའུས་སྤྲེའུ་ཐམས་ཅད་དང༌། རི་བོང་གིས་རི་བོང་དང་སྤུ་ཅན་ཐམས་ཅད། གླང་ཆེན་གྱིས་གླང་པོ་ཆེ་དང༌། སེང་གེ སྟག གུང༌། སྲེག་པས་གོང་དུ་མ་གཏོགས་པའི་རྐང་མེད་དང༌། རྐང་གཉིས། རྐང་བཞི། འདབ་ཆགས་ཐམས་ཅད་བསླབ་པའི་གཞི་ལྔ་ལ་དགོད་པར་དམ་བཅས་ཏེ། ཡུལ་དེའི་དུད་འགྲོ་ཐམས་ཅད་བསླབ་པའི་གཞི་ལྔ་ལ་བཀོད་པས་ཐམས་ཅད་འཚེ་བ་མེད་ཅིང་མཐུན་པར་གནས་པའི་མཐུས། ཆར་ཆུ་དུས་སུ་བབས་ཤིང་འབྲས་བུ་དང་མེ་ཏོག་འཕེལ་ཏོ། །ཡུལ་དེའི་རྒྱལ་པོ་དང༌། བཙུན་མོ། བློན་འབངས་ཚང་མས་དེ་ལྟར་བྱུང་བ་ནི་རང་རང་གི་མཐུ་ཡིན་པའི་གླེང་རྩོད་བྱུང་བར། རྒྱལ་པོས་ལྟས་མཁན་བཀུག་སྟེ་དྲིས་ཀྱང་མ་ཤེས། མཐར་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་ལ་དྲིས་པས། དེས་སྲོག་ཆགས་བཞིའི་མཐུ་ཡིན་པར་གསུངས་ཏེ་བསླབ་པའི་གཞི་ལྔ་བསྟན་པས། རྒྱལ་པོ་སོགས་ཚང་མས་ཀྱང་ཉམས་སུ་བླངས། ཚུལ་དེ་རྒྱལ་ཕྲན་རྣམས་ཀྱིས་ཀྱང་ཐོས་ཏེ་དེ་དག་གིས་ཀྱང་དེ་བཞིན་དུ་སྤྱད་པ་ལས་རིམ་པར་འཕེལ་ཏེ་འཛམ་བུ་གླིང་གི་སྐྱེ་བོ་ཕལ་མོ་ཆེས་ཀྱང་བསླབ་པའི་གཞི་ལྔ་ལ་སྤྱད་ཅིང༌། དེ་དག་ལུས་ཞིག་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ། ལྷའི་འཁོར་རྒྱས་པ་བརྒྱ་བྱིན་གྱིས་མཐོང་ནས། གུས་བཅས་ཞེ་སར་བཅས་པ་དང༌། །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཞེས་སྨྲས་སོ། །ཞེས་སོགས་བསྟན་རྗེས་བདག་ཅག་གི་སྟོན་པས། དེའི་དུས་ཀྱི་བྱ་གོང་མ་སྲེག་ནི་ང་ཡིན་ནོ། །རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོའུ་གལ་གྱི་བུ། གླང་པོ་ཆེ་ནི་ཀུན་དགའ་བོའོ། །དེས་ན་གནས་བསྟན་བར་མ་དང་གསར་བུ་རྣམས་ལ་བཀུར་བསྟི་དང༌། ཞེ་ས་དང༌། འཇིགས་པ་དང་བཅས་པས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལ་བཀུར་བསྟི་སོགས་མེད་པར་ཀུན་ཏུ་སྤྱོད་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་སློབ་པའི་ཆོས་མི་རྒྱས། དེ་མ་རྒྱས་པར་རྣམ་གྲོལ་གྱི་ཕུང་པོ་མི་རྒྱས། དེ་མ་རྒྱས་པར་མྱ་ངན་ལས་མི་འདའོ། །ཞེས་བཀའ་སྩལ་ཏོ།། །།

དགོས་དམིགས་དང་གསལ་འདེབས།

  • དུས་དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་ དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ལོ་རེར་ཉུང་མཐར་ཐེངས་རེ་གདོན་རྒྱུ་ཡིན།
  • དུས་དེབ་འདིའི་ནང། ཤེས་ཡོན་དང། བོད་ཀྱི་སྐད་ཡིག་རིག་གཞུང་། ཡ་རབས་སྤྱོད་བཟང། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ་ ཡིན།
  • རྒྱ་ཆེའི་མཁས་པ་ཁག་དང། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞི་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་འདིའི་རྩོམ་སྒྲིག་པར་ཡོད།
  • འདི་ གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་དགོས།

དེབ་ཀྱི་དཀར་ཆག

ལམ་སྟོན་དུང་དཀར་གཡས་འཁྱིལ།

བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ་ལས་བོད་ཀྱི་སྐད་ཡིག་སྐོར།        ཉན་ཤུལ་མཁྱེན་རབ་འོད་གསལ།

ནང་ཆོས་བསླབ་གསུམ་འཁོར་ལོ།

སྟོན་པས་གསུངས་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་བྱ་བ་བཞུགས་སོ།།            

འཆད་ཉན་གསེར་ཉའི་འཁྱུག་འགྲོས།

གཞོན་ནུ་དྲུག་གི་རྟོཌ་པ་བརྗོད་པའི་འགྲེལ་ཆུང་དོན་བསྡུས།        ལྷ་མོ་སྐྱབས།

སྣ་ཚོགས་ཤེས་བྱའི་བུམ་བཟང།

གནའ་དེང་གི་བོད་མིའི་ཤེས་ཡོན་གྱི་ལམ་སྲོལ་ལ་བསྐྱར་ཞིབ་དང་མཐོང་ཚུལ་རགས་ཙམ་གླེང་བ།        བོད་དགེ་ཚེ་རིང་ལྷ་མོ།
གཡུང་དྲུང་བོན་སྐོར་གྱི་རྒྱུན་ཤེས་འགའ་ཞིག        དགེ་བཤེས་སྨོན་ལམ་མཐར་ཕྱིན།

བཤད་པ་ལྷག་བསམ་དཔལ་བེའུ།

རྒྱ་རིམ་པ་བདུན་རྒྱ་ཆེར་བཤད་པ།        ན་ག་སངས་རྒྱས་བསྟན་དར།
སློབ་མ་ཞིག་གི་ཉམས་མྱོང་ལས་འཕྲོས་པའི་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་བཤད་པ།        བསོད་ནམས་རྡོ་རྗེ།

ངོ་སྤྲོད་གསེར་གྱི་རྒྱལ་མཚན།

ལོ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང༌།        ཨེ་པ་བསོད་ནམས་རིན་ཆེན།
རྩོམ་སྒྲིག་པ། ཆུང་ཚེ་རིང།

མདུན་ཤོག

Menu