ན་ག་སངས་རྒྱས་བསྟན་དར།

༄༅། །དེ་ཡང་དེང་གི་དུས་སུ་དཔར་སྐྲུན་གྱི་ལས་ལ་ཞུགས་ཏེ་མཁས་པའི་ཁུར་ལྕི་མོ་འདི་རང་གིས་མི་ཐེག་བཞིན་དུ་ཕྲག་པར་བླངས་ཏེ་རང་སྡུག་རང་གིས་ཉོ་བའི་འགྲོས་འདི་ལ་གཟིགས་ནས་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེས་སྒོ་དང་སྒེའུ་ཁུང་ཡོད་ཚད་ནས་དཔེ་དེབ་ཐོན་བཞིན་འདུག་ཅེས་དོན་དུ་ཟུར་ཟའི་མདའ་མོ་འཕངས་པ་དེ་ཐུགས་མད་པར་སྙམ། མཛུབ་མོ་ནང་དུ་བཀུག་སྟེ་དེང་སང་དཔར་དུ་བསྐྲུན་པ་རྣམས་ལ་ཞིབ་མོའི་བློ་ཡིས་ཚུལ་བཞིན་བརྟགས་ན་རྒྱ་རིམ་པ་བདུན་གྱིས་སྤྲས་པའི་གསུང་རབ་དཔར་དུ་བསྐྲུན་པ་ནི་ཉིན་མོའི་སྐར་མ་དང་སྒོ་ཀུན་ནས་མཚུངས། ཇི་སྐད་དུ་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས།
    ཡང་བོད་ཀྱི་རྩོམ་པ་པོ་དང་དཔེ་སྐྲུན་ཁང་འགའ་རེས་བོད་ཡིག་ནང་རྒྱ་ཡིག་གི་བརྡ་མཚོན་རྟགས་ཤད་ཅེས་པ་དེ་བསྲེས་ཏེ་རྒྱ་མིན་བོད་མིན་ཁྲ་ཧྲིལ་ལེ་བ་ཞིག་བྱས་འདུག རྒྱ་ཡིག་ལ་སྔོན་འདི་དག་མེད་ཀྱང་གཅོད་མཚམས་དཀའ་བ་དང་དོན་ནོར་ཉེན་བྱུང་བས་སོང་རྒྱལ་རབས་ཚུན་ཆད་ནས་རིམ་བཞིན་དར་བར་གྱུར་མོད། བོད་ཀྱི་ཡི་གེ་ལ་མི་འཁྲུག་པའི་རྒྱ་རིམ་པ་བདུན་དང་རྣམ་དབྱེ་ཚིག་ཕྲད་དེ་སྙེད་ཅིག་ཡོད་པས་གཅོད་མཚམས་དང་དོན་ནོར་ཉེན་ཅི་ཡང་མེད་པས་དགོས་པ་མི་འདུག་གོ །སྤྱིར་མི་རིགས་གཞན་གྱི་ལེགས་ཆ་ལེན་པ་ཡོན་ཏན་ཡིན་ཡང་དགོས་མེད་ཀྱི་ལད་མོ་ཚོ་བསྐྱུར་ན་སྙམ་སྟེ་འདི་འདྲའི་རིགས་རྒྱ་འབྱམས་སུ་སོང་ན་དགེ་མཚན་དུ་ཅི་ཡང་མི་འགྱུར་རོ། །སྡིག་པའི་ཕྲུག་གུ་མའི་གཤེད་དུ་སོང་བ་ལྟ་བུ་མ་ཡིན་པར་མཁས་པ་སྔ་མ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་གཞིར་བཞག་གི་ཐོག་ནས་བོད་ཀྱི་སྐད་ཡིག་ལ་དག་ཐེར་དཔྱིས་ཕྱིན་པ་བྱ་རྒྱུ་དང་། ཅི་ནུས་ཀྱིས་བོད་ཆོལ་ཁ་གསུམ་གྱི་ཡིག་སྐད་གཅིག་འགྱུར་བྱ་རྒྱུ་སོགས་ནི་གལ་ཆེ་བའི་ལས་ཡིན་ནོ། །༡
    ཞེས་རྒྱ་རིམ་པ་བདུན་དང་འབྲེལ་བའི་ལམ་སྟོན་སྒྲོན་མེའི་སྣང་བ་བསྐུལ་བར་མཛད་འདུག །དེས་ན་ད་ནས་བཟུང་རང་རེའི་དཔར་སྐྲུན་གྱི་ལས་ལ་འཇུག་པའི་མཁས་དང་མཁས་མིན་ཀུན་ནས་རྒྱ་རིམ་པ་བདུན་གྱིས་སྤྲས་པའི་གསུང་རབ་དཔར་དུ་བསྐྲུན་ཐུབ་ན་བསྟན་པ་རྒྱས་པ་དང་རིག་གཞུང་སླར་གསོའི་སྒོ་མོ་གསར་པ་ཞིག་འབྱེད་པར་རེ་བ་བྱེད་ཆོག །རྒྱ་རིམ་པ་བདུན་གྱི་དགོས་དམིགས་ནི་གསུང་རབ་ཡི་གེའི་གཟུགས་སུ་བཞུགས་པ་རྣམས་མཛེས་ཤིང་ཡིད་དུ་འོང་བ་དང་། མི་འཁྲུགས་པ། དེ་བཞིན་ཡིད་ཆེས་སྲུང་སྐྱོབ་བཅས་ཀྱི་ཆེད་དུའང་ཡིན་ནོ། །
    འོ་ན། རྒྱ་རིམ་པ་བདུན་ཞེས་པ་གང་དང་གང་ཡིན་ཟེར་ན། རྒྱ་རིམ་པ་བདུན་ནི་རིག་པའི་གནས་གང་ཡང་རུང་བའི་གཞུང་གི་ཚིག་དོན་གོང་འོག་སྔ་ཕྱི་རྒྱབ་མདུན་གཡས་གཡོན་གྱི་སྣེ་སོགས་མི་འཆོལ་བའི་ཆེད་དུ་གདབ་པའི་རྒྱ་བདུན་ཏེ། ༡ ཚེག་བར་མི་འཁྲུགས་པ་ཚེག་གི་རྒྱ། ༢ གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ། ༣ དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ། ༤ གཞུང་ཚད་རྟོགས་པ་བམ་པོའི་རྒྱ། ༥ བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ། ༦ མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། ༧ གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་བཅས་སོ། །གོང་གསལ་རྒྱ་རིམ་པ་བདུན་གྱི་གྲངས་འདྲེན་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། སློབ་དཔོན་ཆེན་པོ་སེམས་དཔའ་རྡོ་རྗེས་བགྲངས་པའི་རྒྱ་རིམ་པ་བདུན་གྱི་གྲངས་འདྲེན། དུང་དཀར་ཚིག་མཛོད་ཆེན་མོ། བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་རྣམས་སུ་ལུང་ཁུངས་ཀྱིས་དབེན་པའི་གྲངས་འདྲེན་རྣམས་ལ་རང་ངོས་ནས་བསམ་ཞིབ་ནན་ཏན་གྱིས་ཞལ་གསལ་དུ་བཏང་བ་དང་ཞུས་དག་བགྱིས་ཏེ་འདིར་བཀོད་པ་ལགས་སོ། །གོང་གི་ཕྱག་དཔེ་རྣམས་སུ་རྒྱ་རིམ་པ་བདུན་གྱི་གྲངས་འདྲེན་ཙམ་དང་། འགའ་ཞིག་ཐད་ཚིག་སྦྱོར་ཡང་གོ་མ་བདེ་འདུག་པས་གཞུང་གི་དཀྱུས་སུ་མ་བཀོད་པས་དོན་དུ་ལྷག་ཆད་ནོར་བའི་སྐྱོན་གསུམ་དང་ལྡན་པས་ན་རང་སོར་གཞག་རྒྱུ་ལེགས་བཤད་དུ་མ་མཐོང་། འོན་ཀྱང་འབྱུང་འགྱུར་ཉམས་ཞིབ་ཀྱི་སླད་དུ་འདི་མཉམ་ལྷན་ཐབས་སུ་བཀོད་པ་དེར་གཟིགས་གནང་ཞུ།

གཅིག །ཚེག་བར་མི་འཁྲུགས་པ་ཚེག་གི་རྒྱ།

    ཚེག་གི་རྒྱ་སྟེ། ཚེག་ནི་ཚེག་བར་རམ་ཚེག་ཁྱིམ་མི་འཁྲུགས་པའི་ཆེད་དུ་བྲིས་པའི་བར་ཚེག་དེ་ལ་ཟེར། འདི་ཉིད་ཀྱི་དགོས་པ་ནི་ཚེག་ཁྱིམ་སྔ་ཕྱི་མི་འཁྲུགས་པ་ཁོ་ནའི་ཆེད་དུ་ཡིན། མིང་དང་བྱ་ཚིག །ཕྲད་དང་རྣམ་དབྱེ་སོགས་ཀྱི་ཚེག་བར་གཅིག་ནི་ཉུང་མཐར་ཡིག་འབྲུ་གཉིས་དང་། མང་མཐར་དབྱངས་དང་མགོ་འདོགས་ཀྱིས་བརྒྱན་པའི་ཡིག་འབྲུ་བདུན་ལས་གྲུབ་པ་ཡིན། དང་པོའི་དཔེར་བརྗོད་ནི་གང་དང་ངའ་ལྟ་བུ་དང་། གཉིས་པའི་དཔེར་བརྗོད་ནི་བསྐྲུནད་དང་བསྒྲུབས་ལ་སོགས་པའོ། །ཡིག་བཤད་དུ་འདི་ལ་སྲོག་གི་ཡི་གེ་ཞེས་བྱ་སྟེ། དེ་ཉིད་ལས།
    སྲོག་དང་རྐྱེན་གྱི་ཡི་གེ་ཞེས་བྱ་བ་ལས་སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་ཡིན་ཏེ། བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་སོ། །དཔེར་ན་སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ནོ།༢ །ཞེས་གསུངས་ཡོད་དོ། །

གཉིས། གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ།

ཤད་ཀྱི་རྒྱ་སྟེ། ཤད་ནི་མིང་ལ་སོགས་པའི་གཅོད་མཚམས་མི་འཁྲུགས་པའི་ཆེད་དུ་དགོས་པ་ཡིན།  འདི་ལ་དབྱེ་ན་ཆིག་ཤད་དང་། ཉིས་ཤད། གསུམ་ཤད། བཞི་ཤད། རིན་ཆེན་སྤུངས་ཤད། དང་ཀྱོག སྦྲུལ་ཤད་བཅས་བདུན་ཡོད། ཡིག་བཤད་ལྟར་ན་འདི་ལ་རྐྱེན་གྱི་ཡི་གེ་ཞེས་ཟེར་ཏེ། ཇི་སྐད་དུ།
    རྐྱེན་གྱི་ཡི་གེ་ནི་དབུ་དང་ཤད་གཉིས་ཡིན་ཏེ། དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་དེ་ནས་གཞུང་ཡིག་རྣམས་བྲི་དགོས་པས་སོ།༣ །འདི་དག་རེ་རེ་ནས་བཤད་ན།
༡    ཆིག་ཤད།
    ཆིག་ཤད་དང་ཕུར་ཤད་དོན་གཅིག་མིང་གི་རྣམ་གྲངས་ཡིན། འདི་ལ་གཞུང་འགའ་ཞིག་ཏུ་ནག་ཤད་ཟེར། ཚིག་རིང་ཐུང་ལ་ལྟོས་མེད་ཀྱིས་མིང་བྱེ་བྲག་པ་རེ་རེའི་རྗེས་སུ་ཆིག་ཤད་རེ་འབྲི་དགོས། དཔེར་ན། ས། ཆུ། མེ། རླུང་། ཀ་བ། བུམ་པ། མཁན་པོ། བླ་མ། ལེགས་བཤད་ལྗོན་དབང་། རྫོགས་ལྡན་གཞོན་ནུའི་དགའ་སྟོན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ལྟ་བུའོ། །འོན་ཀྱང་ས་ཆུ་མེ་རླུང་ལྟ་བུའི་མཉམ་སྦྱར་གྱི་ཚིག་སྦྱོར་ཞིག་འབྲི་དགོས་ཚེ་ས་ཆུ་མེ་རླུང་རེ་རེའི་བར་མཚམས་སུ་ཆིག་ཤད་རེ་འབྲི་མི་དགོས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ནས་བྱུང་བ་ཡིན་ནོ། །འོན་ཀྱང་ག་མཐར་ཆིག་ཤད་འབྲི་དགོས་སམ་མི་དགོས་ཤེ་ན། ངག་སྒྲོན་ལྟར་ན་དགོས་ཤིང་། གཞུང་གཞན་ཕལ་ཆེ་བ་ལྟར་ན་མི་དགོས་པར་སེམས་སོ། །འདི་གཉིས་ལས་གང་ཞིག་འཐད་པ་ཡིན་ནམ་ཟེར་ན། དབང་ཕྱུག་ལྟ་བུའི་ག་མཐར་མིང་གཞན་མེད་ན་ཆིག་ཤད་མི་ཐོབ་ཅིང་། དབང་ཕྱུག་གི་མཐར་མིང་གཞན་རབ་བརྟན་ལྟ་བུ་ཞིག་ཡོད་ཚེ་མཐའ་རྟེན་ག་ཡི་མཐར་ཆིག་ཤད་ཐོབ་པ་ཡིན་ནའང་། ངག་དབང་གི་རྗེས་སུ་རབ་བརྟན་ཡོད་པ་ལྟ་བུའི་འབྲི་ཚུལ་བཀོལ་རྒྱུ་མིན། དཔེར་ན། ངག་དབང་གི་རྗེས་སུ་རབ་བརྟན་འབྲི་དགོས་ཚེ་འདི་ལྟར་བྲི་བར་བྱ་སྟེ། ངག་དབང་། རབ་བརྟན་ལྟ་བུའོ། །འོན་ཀྱང་དབང་ཕྱུག་གི་རྗེས་སུ་རབ་བརྟན་འབྲི་དགོས་ཚེ་དེ་ལས་ལྡོག་སྟེ་འདི་ལྟར་བྲི་བར་བྱ་སྟེ། དབང་ཕྱུག །རབ་བརྟན་ལྟ་བུའོ། །འདི་ནི་ག་མཐར་ཆིག་ཤད་ཐོབ་པ་ཙམ་མིན་པར་ཕྱི་རྐང་ཅན་གྱི་ཡི་གེ་ཀ་དང་ཤ་མཐར་ཡང་རིགས་འགྲེ་གཏོང་དགོས་པ་ཡིན། འདི་ལྟར་ཡིན་པ་ཛེ་སྨད་རིན་པོ་ཆེའི་ཡི་གེའི་སྡོམ་སོགས་ན་ཡང་གསལ་ལོ།༤ །
    རང་གི་བསམ་ངོ་ལ་ལྟོས་ཏེ་ཞུས་ན་ཕྱི་རྐང་ཅན་གྱི་ཡི་གེ་ནི་ཀ་ག་ཤ་མཐར་ཅན་གྱི་ཡི་གེ་ཙམ་དུ་མ་ཟད་ར་སྟ་མི་ཉུང་བ་ཞིག་ཀྱང་ཡི་གེའི་མཐར་ཡོད་ཚེ་ཕྱི་རྐང་ཅན་གྱི་ཡི་གེ་ལྟ་བུ་ཡིན་པ་བསྙོན་དུ་མེད། དེར་བརྟེན་དེ་དག་གི་སྐབས་སུ་ཡང་རིགས་བསྒྲེས་ཏེ་ཀ་ག་ཤ་མཐར་ལྟ་བུའི་ཤད་འབྲི་དགོས་པར་སེམས་སོ། །དཔེར་ན། ཁྲ །གྲི །བྲོ །ལྟ་བུའོ། །ངག་དབང་གི་རྗེས་སུ་ཤད་ཀྱི་སྔོན་དེར་ཕྱི་ཚེག་འབྲི་དགོས་པ་ཐུགས་མ་བསྙེལ་བ་གནང་དགོས།
    ཚེ་ཏན་ཞབས་དྲུང་གིས། ཤད་དང་མི་འདྲེས་ཞེས་པའི་དོན་ནི། ངའི་རྐང་བ་ཤད་དང་འདྲེས་ན་དངུལ་ཆུ་ཡབ་སྲས་ཀྱི་གསུང་ལྟར་པ་ཡིག་ཏུ་ནོར་དོགས་ཡོད་ཟེར་བ་ལས་གཞན་སྨྲ་རྒྱུ་མེད་ལ། དེ་ལྟ་ན། འ་ཡིག་གི་རྐང་བ་ཤད་དང་འདྲེས་ན་ལ་ཡིག་ཏུ་ནོར་དོགས་ཡོད་པས་འ་མཐར་ཤད་གོང་བར་ཚེག་མི་འབྲི་བའི་རྒྱུ་མཚན་ཅི་ལ་ཐུག །མི་འདྲེས་པ་ཙམ་གྱི་ཆེད་ཡིན་པར་སྨྲ་ན། ཇ་ཛ་འ་ར་བཞི་བོའི་རྐང་བ་ང་ཡིག་གི་རྐང་བ་དང་འབྲི་ཚུལ་མཚུངས་པས་དེ་དག་ལའང་ཤད་གོང་ཚེག་འབྲི་དགོས་པར་འགྱུར་རོ།༥ །འདི་བར་ཆིག་ཤད་གང་དུ་འབྲི་དགོས་པའི་མཆན་མདོར་བསྡུས་ཤིག་ཡིན་ནོ། །
༢ ཉིས་ཤད།   
    ཉིས་ཤད་ལ་དཀར་ཤད་ཀྱང་ཟེར། ཉིས་ཤད་གང་དུ་འབྲི་ཐད་ཅུང་ཟད་བཤད་ན། དེ་ཡང་ལྷན་ཐབས་རྩ་བ་རྣམས་སུ་གསལ་བ་ལྟར། ཚིགས་བཅད་ཀྱི་རྐང་པ་རེ་རེའི་རྗེས་སུ་དང་། ཚིགས་བཅད་ཀྱི་རྐང་པ་མིན་ཡང་རྫོགས་ཚིག་མཐའ་ཅན་ཡིན་ན་ཉིས་ཤད་ངེས་པར་འབྲི་དགོས། དེ་ཡང་། འདི་ནི་སེང་གེ་འོ། །ལྟ་བུ་རྫོགས་ཚིག་མཐའ་ཅན་ལ་ཉིས་ཤད་དང་། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་འཐོབ་མི་སྲིད། །ཅེས་པ་ལྟ་བུ་ནི་ཚིགས་བཅད་མཐའ་ཅན་ཉིས་ཤད་ཀྱི་དཔེར་བརྗོད་ཡིན་ནོ། །འོན་ཀྱང་འདིར་གསལ་བཞིན་ཚིགས་བཅད་ག་མཐར་ཆིག་ཤད་འབྲི་དགོས། དེ་ཡང་རྐང་པ་ཕྱི་མའི་ཐོག་མར་འབྲི་དགོས། དེ་བཞིན་ཕྱི་རྐང་ཅན་གྱི་ཡི་གེ་ཐམས་ཅད་ལ་རིགས་བསྒྲེ་དགོས།
༣ གསུམ་ཤད།
    གསུམ་ཤད་ནི་བཞི་ཤད་གང་དུ་དགོས་ས་དཔེར་ན་བམ་པོའམ་ལེའུའི་རྫོགས་མཚམས་ལྟ་བུར་གལ་ཏེ་མཐའ་རྟེན་ག་དང་ཕྱི་རྐང་ཅན་གྱི་ཡི་གེ་གང་རུང་གིས་གཅོད་ཀྱི་འདུག་ན་དེར་བཞི་ཤད་ཀྱི་དོད་དུ་གསུམ་ཤད་འབྲི་དགོས། དཔེར་ན། ཀུན་གྱིས་འདི་དོན་རྟོགས་གྱུར་ཅིག །ལེའུ་བཅུ་དྲུག་གོ། །།ལྟ་བུའོ།  །
༤ བཞི་ཤད།
    གོང་དུ་བཤད་པ་བཞིན་བམ་པོའམ་ལེའུའི་རྫོགས་མཚམས་ལྟ་བུར་གལ་ཏེ་མཐའ་རྟེན་ག་སོགས་ཕྱི་རྐང་ཅན་གྱི་ཡི་གེ་གང་རུང་གིས་གཅོད་ཀྱི་མི་འདུག་ན་བཞི་ཤད་འབྲི་དགོས། དཔེར་ན། མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷདྲ་དཔལ་བཟང་པོའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ་བའོ།། །།ལྟ་བུའོ། །
༥ རིན་ཆེན་སྤུངས་ཤད།
    ཐིག་མགོར་ཡི་གེ་གཅིག་ལུས་ཚེ་རིན་ཆེན་སྤུངས་ཤད་འབྲི་སྲོལ་ཡོད། སློབ་དཔོན་འགོས་པདྨ་རྒྱལ་མཚན་མཆོག་ནས་བོད་ཀྱི་བརྡ་སྤྲོད་ཐོག་ལོ་མང་འཆད་ཉན་ཉམས་ཞིབ་གནང་སྟེ་རིན་ཆེན་སྤུངས་ཤད་ཐད་དེ་སྔོན་མཁས་པར་གྲགས་པ་ཀུན་ཀྱིས་ཞལ་ནས་མ་ཐོན་པ་ཞིག་གསུངས་ཡོད་ཅིང་། འདི་ནི་བདག་གི་བསམ་ཚུལ་ལྟར་ན་བཤད་པ་གསར་པ་ཙམ་མིན་པར་ལེགས་བཤད་འཁྲུལ་མེད་ཅིག་ཏུ་འཁུམས། དེ་ཡང་གང་གིས་མཛད་པའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ལས།
    རྒྱ་རིམ་པ་བདུན་ནང་གཅོད་མཚམས་མི་འཆོལ་བ་ཤད་ཀྱི་རྒྱ་ཞེས་པའི་ཤད་སྐོར་འདི་གལ་ཆེ་བ་ཡིན། ་་་ ་་་ རིན་ཆེན་སྤུངས་ཤད་འདི་དོན་དུ་འབོད་པའི་ཤད་ཡིན་ཡང་མ་གོ་བར་འདི་ལྟར་བཤད་པ་ཡིན་ཏེ། དབུ་ཅན་སྐབས་ཐིག་མགོའམ་ཡིག་ཕྲེང་མགོར་གཅོད་མཚམས་བྱུང་ན་ཡི་གེ་གཅིག་གམ་ཚེག་གཅིག་བྱུང་དུས་ཕུར་ཤད་ཚབ་ལ་རིན་ཆེན་སྤུངས་ཤད་དགོས་ཟེར་ནས་དེང་སང་བྲི་སྲོལ་ཡོད་ཀྱང་བྲིས་མ་དང་པར་མ་ཁ་ཤས་ནང་བྲིས། ཁ་ཤས་ནང་བྲིས་མེད་པ་སོགས་མགོ་རྙོག་ཆེ་བས་ཁོ་བོས་རིན་ཆེན་སྤུངས་ཤད་མི་འདོད་པ་དང་མི་བྲི་བ་ཡིན། གང་ལགས་ཟེར་ན། ཐིག་མགོར་ཡི་གེ་གཅིག་མ་གཏོགས་མེད་པ་ཤེས་ཆེད་ཡིན་ཟེར་བ་ལྟར་ན། ཐིག་མཇུག་གམ་ཡིག་ཕྲེང་གི་མཇུག་ལ་ཡང་གཅོད་མཚམས་རྗེས་ལ་ཡི་གེ་གཅིག་གམ་ཚིག་གཅིག་ལས་མེད་པ་འོང་བ་ཡོད་པས་དེར་ཡང་ཡི་གེའམ་ཚིག་གཅིག་མ་གཏོགས་ཤད་ཀྱི་རྗེས་ལ་མེད་པ་ཤེས་ཆེད་རིན་ཆེན་སྤུངས་ཤད་བྲི་དགོས་པའི་ཐལ་བ་ཡོད་པས། རིན་ཆེན་སྤུངས་ཤད་མེད་ན་ལེགས། དེ་ལྟར་དབུ་ཆུང་ལ་ཡང་ཡིག་ཕྲེང་གི་མགོ་མཇུག་རྣམས་སུ་གཅོད་མཚམས་སུ་ཡི་གེ་གཅིག་ལས་མེད་པ་ཤེས་ཆེད་ཤད་བྱེ་བྲག་པ་ཞིག་དགོས་པར་ཐལ་ལོ། །དེས་ན་འབོད་ཤད། ལྷ   ༑ འདིར་བྱོན་ལྟ་བུར་གོ་ནོར་བྱུང་ནས་ཕུར་ཤད་ཚབ་ལ་བྲི་བ་ནོར་བ་རྒྱུན་འབྱམས་པའོ། ། ་་་ འབོད་ཤད་ ༑  འདི་རྒྱལ་བ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་དུ། ལྷ༑ རྒྱལ་པོ༑ ཞེས་སོགས་འབོད་སྒྲ་གང་ཡིན་ལ་འདུག་ཅིང་གཞན་ལ་ཡང་ཡོད་པ་འདྲ་བས་ཤད་འདི་རང་རེའི་བོད་ཀྱི་སྐད་ལ་ཡོད་བཞིན་དུ་བཏང་སྙོམས་སུ་བཞག་པ་མི་ལེགས་པ་དང་། དབྱིན་ཇིའི་སྐད་སོགས་ལ་ཡང་འབོད་པ་ལ་ཤད་ལོགས་སུ་འདུག་པས་ཕྱིན་ཆད་ཚིགས་བཅད་ཚིག་ལྷུག་གང་ཡིན་ཡང་འབོད་སྒྲ་ལ་ངེས་པར་བྲིས་ན་ལེགས་པ་ཡིན་ཡང་དེང་སང་ཕལ་ཆེར་མི་བྲི་བ་དང།༦  ཞེས་གསུང་ངོ། །
༦ དང་ཀྱོག
    དང་ཀྱོག་ནི་རྒྱབ་མདུན་མི་འཁྲུགས་པ་ཁོ་ནའི་ཆེད་དུ་འབྲི་བ་སྟེ་དང་ཀྱོག་གང་དུ་ཡོད་པ་དེ་མདུན་ངོས་དང་གང་དུ་དང་ཀྱོག་མེད་པ་དེ་ཉིད་རྒྱབ་ངོས་དེ་ཡིན་པ་ཤེས་ཕྱིར་འབྲི་བ་ཡིན།
༧ སྦྲུལ་ཤད།
    གཞུང་ལུགས་ལྟར་ན་ལེ་ཚན་གཉིས་ཀྱི་བར་མཚམས་སུ་འབྲི་སྲོལ་མཆིས། དེ་བཞིན་རྩ་བའི་ཚིགས་བཅད་ནང་ས་བཅད་གཉིས་ཚིགས་རྐང་གཅིག་ཏུ་འབྲི་དགོས་ཚེ་དེ་དག་གི་བར་དུ་དང་། ཚིགས་རྐང་ལོགས་སུ་འབྲི་དགོས་ཚེ་ཚིགས་རྐང་སྔ་ཕྱིའི་ཤད་གཉིས་ཀྱི་བར་དུ་འབྲི་བ་ཡིན། དཔེར་ན།
    ་་་། ༈ །མི་དགེ་ལ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང་། ༈ །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཅིག ༈ །བསྒྲིབས་ལ་བཅོ་བརྒྱད༌༈ལུང་མ་བསྟན། །གཞན་ལ་བཅུ་གཉིས་དག་ཏུ་འདོད། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། གང་ལ་ཡོད་པ་དེ་བསྣན་ནོ། ༈ །དེ་ལས་་་༧ ཞེས་པ་ལྟ་བུ་འོ། །
    དེང་ཡིག་མགོ་ཤིན་ཏུ་བསྡུས་པའི་ཚུལ་དུའང་འདི་ཉིད་འབྲི་བ་ཡིན་པས་ཕྱག་ལེན་དུ་མི་རུང་བ་མིན་ཏེ་ཡོངས་ཁྱབ་ཏུ་གྲགས་ཟིན་པ་དང་། དེ་སྔ་སུས་ཀྱང་དགག་པ་བྱས་པ་མ་མཐོང་ངོ། །

གསུམ། དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ།

    དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ་ཞེས་པ་ནི་སརྒ་དང་རབ་བྱེད་གནས་ལ་སོགས་པ་རེ་རེའི་མཚམས་སུ་བཞི་ཤད་འབྲི་དགོས་ཤིང་། བཞི་ཤད་འདི་ཡིས་ལེའུ་དང་རབ་བྱེད་སྔ་ཕྱི་དབྱེ་བ་ཕྱེས་པ་ཙམ་ལས་གཞུང་ཚད་དེ་གཞུང་གི་ཆེ་ཆུང་མཚོན་མི་ནུས། བྱང་ཆུབ་སེམས་དཔའི་ས་ཡི་གནས་དང་པོ་བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་ནི་བམ་པོ་བཅུ་དྲུག་དང་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཡིན། འདི་ཡི་གོ་དོན་ནི་བམ་གྲངས་ཀྱི་དབང་དུ་བྱས་ན་བམ་པོ་བཅུ་དྲུག་དང་། ལེའུའི་དབང་དུ་བྱས་ན་ལེའུ་བཅོ་བརྒྱད་ཡོད། དེ་ཡང་བམ་པོ་ལེའུའི་མགོར་དང་ལེའུ་གཞུང་གི་ལེ་ཚན་རྫོགས་མཚམས་སུ་ཡོད་པ་བྱང་ས་ན་ཤིན་ཏུ་གསལ་ལོ། །

བཞི། གཞུང་ཚད་རྟོགས་པ་བམ་པོའི་རྒྱ།

    གཞུང་ཚད་རྟོགས་པ་བམ་པོའི་རྒྱ་ནི་ལེའུ་དང་མི་འདྲ་བར་བམ་པོའི་གྲངས་ལས་གཞུང་གི་ཆེ་ཆུང་རྟོགས་ཐུབ། བམ་པོ་ཞེས་པ་ནི་གཞུང་གི་དུམ་བུ་གང་གི་ཚད་ནི་ཤོ་ལོ་ཀ་སུམ་བརྒྱ་ཅན་ཞིག་ལ་ཟེར་རོ། །དེས་ན་བམ་པོ་གཅིག་ཅན་གྱི་གཞུང་ཞིག་ལ་ཤོ་ལོ་ཀ་སུམ་བརྒྱ་དང་གཉིས་ཅན་གྱི་གཞུང་ཞིག་ལ་ཤོ་ལོ་ཀ་དྲུག་བརྒྱ་ཡོད་ཅིང་། གལ་ཏེ་ཚིག་ལྷུག་ཡིན་ན་ཤོ་ལོ་ཀ་རེར་རྐང་པ་བཞི་རེ་ཡོད་པ་དང་། རྐང་པ་རེར་ཚིག་འབྲུ་བདུན་རེ་བརྩིས་པས་ན་ཚིག་འབྲུ་ཉེར་བརྒྱད་དགོས་ཤིང་། ཤོ་ལོ་ཀ་སུམ་བརྒྱར་ཚིག་འབྲུ་བརྒྱད་སྟོང་བཞི་བརྒྱ་དགོས་པས་ན་བམ་པོ་གཅིག་ལ་ཚིག་འབྲུ་བརྒྱད་སྟོང་བཞི་བརྒྱ་ཡོད་དོ། །བམ་པོ་རེ་རེའི་རྫོགས་མཚམས་སུ་ཡང་བཞི་ཤད་འབྲི་བ་ཡིན།

ལྔ་། བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ།

    བམ་པོ་སྔ་ཕྱི་གཉིས་ཀྱི་བར་དུ་ཡང་བཞི་ཤད་འབྲི་དགོས། གལ་ཏེ་བམ་པོ་སྔ་མ་དེ་ལྔ་པ་ཡིན་ན་ཕྱི་མ་དེར་བམ་པོ་དྲུག་པའོ་། །ཞེས་འབྲི་དགོས་སོ། །བམ་གྲངས་ཀྱིས་ཀྱང་གཞུང་ཚད་རྟོགས་ཏེ་བམ་པོ་དྲུག་ཅན་གྱི་གཞུང་ནི་ཤོ་ལོ་ཀ་ཆིག་སྟོང་བརྒྱད་བརྒྱ་སྟེ་ཚིག་འབྲུ་ལྔ་ཁྲི་སྟོང་མེད་བཞི་བརྒྱའི་བདག་ཉིད་ཅན་ཞིག་ཡིན་ནོ། །

དྲུག །མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ།

    མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་ནི་གསུང་རབ་བཞུགས་ཡུལ་ར་བའི་གཞལ་ཡས་ཁང་དེ་ལ་ཟེར། འདི་ཡི་དགོས་པ་ནི་གསུང་རབ་གང་ཞིག་གོང་འོག་དང་གཡས་གཡོན་གྱི་རྒྱ་ལས་མི་འཆོལ་བར་ཚར་དུ་དངར་བར་འོང་བར་དམིགས་པ་དང་། དེ་དང་ཆབས་ཅིག་གསུང་རབ་རྣམས་ནི་ཆོས་དཀོན་མཆོག་གི་རྟེན་ཡིན་པས་ན་དེ་དག་ལ་རྩ་ཆེར་དགོངས་ནས་གཞལ་ཡས་ཁང་དུ་བཞུགས་སུ་གསོལ་བའི་རྣམ་པས་ཚོགས་གསོག་སྒྲིབ་སྦྱོང་ནར་མར་འོང་བའི་ཕན་ཡོན་རྔོ་ཐོགས་པར་ཡོད་པའི་ཡིད་ཆེས་ཀྱང་བྱེད་པ་ཡིན་ནོ། །གོང་དུ་ཞུས་པ་བཞིན་གསུང་རབ་དེབ་གཟུགས་སུ་དཔར་སྐྲུན་གནང་སྐབས་རྒྱ་རིམ་པ་བདུན་གྱི་ནང་ནས་མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་བཀོལ་བའི་དེབ་གཟུགས་དཔར་སྐྲུན་ཞུས་པ་དཔེ་མཚོན་ཞུ་རྒྱུ་ཙམ་མ་གཏོགས་ཡོངས་གྲགས་དཔར་སྐྲུན་གྱི་ལག་ལེན་དུ་དགོས་མཁོ་ཡོད་སྐོར་དེ་སྔ་རེ་ཟུང་ནས་ལམ་སྟོན་དཔེ་མཚོན་དང་འགྲེལ་བཤད་ཞུས་པ་བྱུང་འདུག་ཀྱང་ཁོང་ལ་ཉན་འཇོག་གནང་མེད་པའི་དངོས་ཡོད་ལོ་རྒྱུས་བྱུང་ཡོད། གསུང་རབ་དཔར་སྐྲུན་ཞུ་སྐབས་རྒྱ་རིམ་པ་བདུན་གྱིས་བཅིངས་དགོས་པ་དེ་ལ་གོང་རིམ་ནས་བཀའ་འཁྲོལ་ཞུ་དགོས་རྩ་བ་ནས་མེད་ཀྱང་དེང་ཤེས་མཁན་ཉུང་བ་དང་། མི་ཤེས་མཁན་ཚོས་ཤེས་མཁན་རེ་ཟུང་གི་ཞལ་ལ་ཉན་རྒྱུ་དཀའ་ཚེགས་ཅན་དང་ཁྲལ་མངོན་སླ་བཅོས་སུ་སོང་བའི་ཉེར་ལེན་ལ་བརྟེན་ནས་ཚང་མས་ངོས་ལེན་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་ཤིག་ནས་དཔར་སྐྲུན་སྐབས་རྒྱ་རིམ་པ་བདུན་བཀོལ་དགོས་པའི་བཀོད་ཁྱབ་ལམ་སྟོན་གྱི་ཚུལ་དུ་གནང་ཐུབ་ན་དགེ་མཚན་ཅི་ཆེ་འོང་བར་གདོན་མི་ཟ། དེ་མིན་དེབ་རེ་ཟུང་སྟེང་དེ་སྔ་ཡང་བཀོལ་ཡོད་ལ་འབྱུང་འགྱུར་ཡང་ཚུལ་བཞིན་བཀོལ་རྒྱུར་ཡིད་ཆེས་ཡོད། འོན་ཀྱང་འདི་རིགས་རེ་ཟུང་གིས་བཀོལ་བས་མི་ཆོག་ཅིང་ཚང་མས་ཚུལ་བཞིན་བཀོལ་དགོས་པ་གལ་ཆེན་ཡིན་པར་སེམས་སོ་། འཇར་མན་དུ་བཞུགས་པའི་རྫོང་རྩེ་བྱམས་པ་ཐུབ་བསྟན་ལགས་ནས་ལོ་རྒྱུས་ཀྱི་དཔེ་དེབ་གང་ཞིག་རང་གི་ཕྱག་བྲིས་སུ་ཡོད་པ་དེ་དག་ཏུ་མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་དེ་ཚུལ་བཞིན་བཀོལ་ཡོད་༨ བྱང་ཨ་རི་ནས་དཔེ་དེབ་ནོར་བུའི་བང་མཛོད་ཅེས་པ་དེར་ཡང་མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་ཚུལ་བཞིན་ཡོད་༩ དེ་བཞིན་རྩིས་རིག་སྨྲ་བའི་དབང་ཕྱུག་གོ་འཇོ་རྒན་ཚེ་དབང་རྣམ་རྒྱལ་མཆོག་གི་ཟླ་ཟེར་དང།༡༠ ཁོང་གིས་ཞུས་དག་བགྱིས་པའི་ཟླ་བའི་འོད་ཟེར་༡༡རྣམ་གཉིས་སུ་སྣེ་ཐིག་གི་རྒྱ་ཙམ་མ་ཟད་རྒྱ་རིམ་པ་བདུན་གར་ཚུལ་བཞིན་བཀོལ་ཏེ་ཕྱིས་འབྱུང་དཔར་སྐྲུན་བྱེད་པོ་རྣམས་ལ་ལག་ལེན་གྱི་ཚུལ་དུ་དཔེ་སྟོན་གནང་ཡོད། དེས་ན་དཔར་སྐྲུན་བྱེད་པོ་རྣམས་ནས་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་གྱི་དེབ་གཟུགས་དཔར་སྐྲུན་འདི་ལ་མིག་དཔེ་བལྟས་ཏེ་དཔར་སྐྲུན་ཞུས་དག་གི་ལས་ལ་བསླབ་དགོས་པར་བསྐུལ་ལོ། །

བདུན། གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ།

    གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་ནི་གླེགས་བམ་དཔེ་རས་ཀྱིས་སྤྲས་ཤིང་སྟེང་འོག་མ་འཁྲུགས་པ། ཀློག་པ་པོ་ནས་བརྩིས་པའི་གཡོན་གྱི་སྣེ་མོར་གོས་ཆེན་སོགས་ཀྱི་ལྟེབས་དབུས་སུ་གླེགས་བམ་གྱི་མཚན་བཞུགས་པ་དེ་ལ་ཟེར། དཔེར་ན། འདུལ་བ་ཀ་ལྟ་བུའོ། །གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་འདི་ལ་དབྱིན་སྐད་དུ་སི་པ་ཡིཎ་(spine)ཟེར་
    གོང་གསལ་རྣམས་ནི་རྒྱ་རིམ་པ་བདུན་གྱི་བཤད་པ་ཡིན་ཞིང་། འདི་དག་ཆེས་སྔ་མོ་ཞིག་ནས་གསུང་རབ་དཔར་སྐྲུན་ལག་ལེན་དུ་མཁོ་བར་གཟིགས་ཏེ་སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་གཏན་ལ་ཕབ་པར་སེམས་སོ། །རང་ངོས་ནས་འདི་ལ་ཅུང་ཟད་ཞིབ་འཇུག་བགྱིས་འབྲས་དེང་གི་དུས་སུ་འདི་དག་ཆ་ཚང་དཔར་སྐྲུན་ལག་ལེན་དུ་མཁོ་བ་མ་གཏོགས་རེ་ཟུང་ཡང་སྤོང་དགོས་པར་མ་མཐོང་། ལྷག་པར་དེང་དུས་ཀྱི་དབྱིན་ཇིའི་དཔེ་དེབ་སྙན་གྲགས་ཅན་མང་ཆེ་བར་རྒྱ་རིམ་པ་བདུན་ལས་རེ་ཟུང་མ་གཏོགས་མང་ཆེ་བ་དངོས་སུ་ལག་ལེན་བསྟར་བཞིན་འདུག ཁོང་རྣམས་ནས་བོད་ཀྱི་བསྟན་བཅོས་ཀྱི་ནང་དུ་འདི་ལྟར་ལག་ལེན་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་ཀྱི་མེད་ཀྱང་འདི་ཉིད་དཔར་སྐྲུན་བྱེད་པོ་ཡོངས་ལ་ཤིན་ཏུ་མཁོ་བའི་རྒྱུ་མཚན་ལ་བརྟེན་ནས་གླིང་གཞན་ན་བཞུགས་པའི་རྣམ་དཔྱོད་ཅན་རྣམས་ཀྱིས་ཀྱང་དེ་དང་མཐུན་པ་ཞིག་ལག་ལེན་དུ་བཀོལ་ཡོད། བོད་ཡིག་འབྲི་སྐབས་རྒྱ་རིམ་པ་བདུན་གྱི་སྟེང་དུ་ཉེར་མཁོ་ཡང་མི་ཉུང་བ་ཞིག་ཕྱིས་སུ་བསྣན་ཡོད་པ་ལས་འགའ་ཞིག་འདིར་ཅུང་ཟད་གླེང་བར་བྱ།
གཅིག དབུ་ཁྱུད།
    འདི་ནི་ཕལ་ཆེར་བསྟན་པ་སྔ་དར་གྱི་དུས་སུ་ཡོངས་གྲགས་སུ་འབྲི་སྲོལ་མེད་པར་སྣང། འོན་ཀྱང་ཕྱི་དར་གྱི་དུས་སུ་རིམ་གྱིས་དེ་ཉིད་ཡོངས་གྲགས་སུ་གྱུར། དེ་ཡང་དག་ཡིག་ཐོན་མིའི་དགོངས་རྒྱན་ལས། ཇི་སྐད་དུ་
    དང་ཀྱོག་ནི་དབུ་ཁྱུད་དེ། རྗེ་བཙུན་ས་པཎ་གྱིས། དང་ཀྱོག་ནི་གླང་བོ་ཆེའི་སྣ་ལྟ་བུའི་ཨ་ཡིན་ལ། དེ་ཡང་ཡི་གེའི་དང་བོར་འཇུག་པས་དེ་ལྟར་བཏགས་པར་གསུངས། ལ་ལས་སྔགས་ཀྱི་དབུར་ཨོཾ་ཡིག་འགོད་སྲོལ་ཡོད་པ་བཞིན་བོད་ཡིག་གི་དབུར་ཡང་ཨོཾ་ཡིག་བཀོད་པ་རིམ་གྱིས་ཡི་གེའི་ཚུལ་ཞིག་པ་དང་ཀྱོག་ཡིན་པར་བཤད་དོ། །༄༅ ཨ  ཨོཾ ༡༢
        གཞན་ཡང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོར། ཇི་སྐད་དུ།
    ཡིག་མགོའི་དང་ཀྱོག་འདི་ཡང་ཨོཾ་ཡིག་ཏུ་ཤེས་ཏེ། རྒྱ་དཔེ་རྣམས་ལ་དབུ་ཤོག་གི་དང་པོར་ཨོཾ་ཞིག་བྲིས་འདུག་ཅིང་། སྔོན་དང་ད་ལྟའི་བར་གྱི་རྒྱ་ཡིག་ལ་ཨོཾ་གྱི་གཟུགས་འུྃ་འདི་འདྲ་ཡིན་ཅིང་། དེ་ལས་ཀྱང་ཨཽཾ་རིང་པོ་ནི་ཇི་སྐད་དུ་ཀུན་མཁྱེན་བླ་མས། ཨོམ་རིང་དངོས་ཀུན་རང་བཞིན་ཆ་མེད་རྟག །གསུངས་པ་ལྟར་བྲམ་ཟེ་རྣམས་ཀྱིས་འགངས་ཆེན་དུ་བརྩི་གཤིས། ཡིག་མགོ་སོགས་ན་ཨཽཾ་རིང་པོ་འདི་རྟག་ཏུ་ཡོང་། ༡༣
    འདི་ལ་རྒྱས་བསྡུས་མི་འདྲ་བ་འགའ་ཞིག་མཆིས་ཏེ། ཡི་གེའི་འབྲུ་འགྲེལ་བཤད་པ་ལས། ཇི་སྐད་དུ།
    ཡིག་མགོ་རྒྱས་པ་ནི་འདི་ལྟ་སྟེ། ༄༅༅ བེ་ཀ་རིས་ནི་དཀོནད་ཅོག་གསུམ།
    ཡིག་མགོ་འབྲིང་ནི་འདི་ལྟ་སྟེ།  ༄༅ ཡང་ན་ཐབས་དང་ཤེས་རབ་གཉིས།
    ཡིག་མགོའི་རྗེས་ཀྱི་ཤད་དང་། དེ་རྗེས་ཀྱི་ཤད་བར་ཚེག་བཅུའམ་བཅུ་གཅིག་གོ །ས་བཅུ་གཅིག་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཚད་བཞེད་(ཅེས་)ཀྱང་བྱ།
    ཡིག་མགོ་བསྡུས་པ་ནི་འདི་ལྟ་སྟེ། ༆
    ཡིག་མགོ་ཤིན་ཏུ་བསྡུས་པ་ནི་འདི་ལྟ་སྟེ།  ༈ ༡༤
གཉིས། ཆེ་མགོ
    འདི་ལ་(ྋ) ཆེ་མགོའམ་ཆེ་བརྗོད་ཟེར། འདི་ཉིད་ཀྱི་གོ་དོན་ནི་འཕགས་ནོར་བདུན་དང་ལྡན་པ་ཟེར་བ་ཡིན་ཡང་། དོན་དུ་གུས་པ་མཚོན་པ་ཙམ་ཡིན། གཞི་ནས་ཆེ་མགོ་གང་དུ་འབྲི་དགོས་ཐད་ཤིན་ཏུ་མ་ངེས་པས་སྐད་གསར་བཅད་ལྟ་བུའི་ལྷན་ཚོགས་ཤིག་ཐོག་གཞུང་འབྲེལ་གྱི་གཏན་འབེབས་ཤིག་བྱུང་ན་གཅིག་མཚུངས་དང་སྟབས་བདེར་འོང་བ་ལ་ཤིན་ཏུ་ཕན། གལ་ཏེ་དེ་ལྟར་བྱུང་ན་གཞུང་འབྲེལ་སྐབས་སུ་དེ་དང་བསྟུན་ནས་ལག་ལེན་བསྟར་རྒྱུ་དང། སྒེར་གྱི་ཡིག་འབྲིའི་སྐབས་སུ་ནི་བཀོད་འདོམས་དཀའ་ལ་དེ་ཙམ་གལ་ཆེན་ཡང་མི་ཆགས། དཔེར་ན་དེང་གཞུང་འབྲེལ་ཡིག་ཆ་རྣམས་སུ་མང་གཙོ་དང་དེ་མིན་ཡིག་ཆ་རྣམས་སུ་མང་གཙོ་དང་དམངས་གཙོ་གང་ཞིག་འབྲི་ཡང་བཀོད་འདོམས་མེད་པས་བརྡ་དག་དང་མཐུན་པ་ཙམ་གྱིས་འགྲིགས་པ་ཡིན། འོན་ཀྱང་དགོངས་པ་བཞེས་དགོས་པ་ཞིག་ལ་གལ་ཏེ་ཆེ་མགོ་མེད་ན་མ་གུས་པ་བྱས་པ་གཏན་ནས་མིན་པའི་སྒྲུབ་བྱེད་དུ་བླ་མ་དང་སངས་རྒྱས་ཀྱི་དབུར་ཆེ་མགོ་མི་འབྲི་བའི་ཕྱིར། འདི་ཐད་གུས་ཀྱི་བསམ་ཚུལ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཁོ་ནར་ཆེ་མགོ་འབྲི་རྒྱུ་དང་དེ་ལས་གཞན་པའི་སྐྱེས་ཆེན་དམ་པ་སུ་འདྲ་ཞིག་ཡིན་ཡང་ཆེ་མགོ་མི་འབྲི་པའི་ཕྱག་ལེན་ཞིག་བྱུང་ན་ཤིན་ཏུ་འོས་པས་གཅིག་མཚུངས་ཤིག་བཟོ་ཐུབ་པར་རེ། རྒྱུ་མཚན་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པའི་ཆ་ནས་འདི་ལྟར་བྲིས་པར་འགྲེལ་བཤད་བྱེད་ཆོག
གསུམ། ཤད་གུག་སོགས།
    དེང་གི་དུས་སུ་བཀོལ་བའི་ལུང་འདྲེན་རྟགས་“   ”དང་མཆན་གྱི་ཤད་གུག ( ) རྒྱས་བཤད་རྟགས། ཿ དེབ་རྟགས་<< >>རྣམས་སྐབས་སྟོབས་དགོངས་པ་བཞེས་རྒྱུ་ལས་སུམ་ཅུ་པའི་ཕྲད་ཀྱི་སྒྲའི་སྦྱོར་ཚུལ་ལྟར་བཤད་དུ་མེད། བོད་ཡིག་ནང་དུ་ལུང་འདྲེན་རྟགས་དང་དེབ་རྟགས་རྒྱས་བཤད་རྟགས་སོགས་ནི་མེད་ཐབས་མེད་པ་ཞིག་གཏན་ནས་མིན་ཏེ་ལུང་འདྲེན་མགོར་ལས་དང་ཇི་སྐད་དུ་དང་། མཇུག་ཏུ་ཞེས་སོགས་འབྲི་རྒྱུ་ཡོད་པ་དང་། དཔེ་དེབ་མཚོན་ཕྱིར་དེང་ཡིག་གཟུགས་མི་འདྲ་བ་བཀོལ་ཆོག་ཅིང་། ལྷག་པར་ལུང་འདྲེན་གང་དུ་བྱས་ཀྱང་དེ་ཡི་སྔོན་དེ་རྩོམ་པ་པོའམ་ཡང་ན་དཔེ་དེབ་ཀྱི་མིང་ཡིན་པ་གནག་རྫིས་ཀྱང་རྟོགས་ཚོད་འདུག་ན་འདི་ལ་དམིགས་བསལ་གྱི་རྟགས་ཤིག་ལོགས་སུ་དགོས་པ་གཏན་ནས་མི་འདུག་ཀྱང་བླུན་པོ་ཆུ་སྣ་གར་འཁྲིད་མང་ཐག་ཆོད་ནས་གླགས་མི་འཁེལ་བའི་དུས་སུ་སླེབས་པར་མངོན། ལྷག་པར་ལུང་རིང་པོ་འདྲེན་དགོས་མཆིས་ཚེ་ཤོག་ངོས་ཀྱི་གཡས་གཡོན་གཉིས་ནས་ཅུང་ཟད་རེ་བསྐུམས་(Indent)ཏེ་དེ་དག་གི་དབུས་སུ་ལུང་ཆ་ཚང་བཀོད་པ་དེ་མཛེས་ཤིང་གོ་དོན་འཕིགས་པར་འོང་། ཤད་གུག་འདི་ལ་དགོས་པ་ཆེན་པོ་ཡོད་པ་དང་། དེ་སྔ་བོད་ཡིག་གི་རྒྱ་རིམ་པའི་ནང་དུ་འདི་ཉིད་མེད་ཀྱང་ངེས་པར་དགོས་པས་ན་གསར་དུ་ཁ་སྣོན་བྱེད་དགོས་པར་སེམས་སོ། །ལྷག་པར་དེང་གི་དུས་སུ་ཕྱི་རྒྱལ་གྱི་ཐ་སྙད་འགའ་ཞིག་གསལ་བཤད་ཀྱི་ཚུལ་དུ་ཕྱི་རྒྱལ་ཡི་གེ་དེ་ཉིད་རང་སོར་འགོད་སྐབས་ཤད་གུག་འདི་ལ་དམིགས་བསལ་གྱི་དགོས་པ་ཡོད་དོ། །སྔ་མོ་ཡིན་ན་བོད་དཔེ་རྣམས་སུ་གསལ་བཤད་དང་མཆན་རྣམས་ཡིག་ཆུང་ནང་དུ་ཚེག་མང་པོ་འཐེན་ཏེ་འོག་ཐིག་ཏུ་འབྲི་བ་དང་། ཡང་སྐབས་རེ་རྟགས་བྱེ་བྲག་པ་ཟླ་བའི་ཐིག་ལེ་དང་། མིག་གི་རི་མོ། འོག་སྐོར། གཡུང་དྲུང་སོགས་འབྲི་བ་ཡོད་ཀྱང་དེ་དག་མང་པོ་ཞིག་གི་ལས་ཀ་དེ་ཤད་གུག་དང། ཡང་འགའ་ཞིག་ཡི་གེ་ཉིད་སྣག་ཚ་གར་དུ་བཏང་ནས་བྲིས་ན་དེ་ཉིད་ཀྱིས་ཆོག་པ་ལས་རྟགས་དམིགས་བསལ་དེ་འདྲ་དགོས་པ་དེ་ཙམ་མ་མཆིས། ཚིག་མཇུག་མ་རྫོགས་པར་ཅུང་ཟད་ངལ་གསོ་བའི་རྟགས། (,comma)འདི་ཉིད་རྩ་བ་ནས་མི་དགོས་ཏེ་ཅུང་ཟད་ངལ་གསོ་བ་མཚོན་ཕྱིར་བོད་ཡིག་ནང་ཕྲད་དང་རྣམ་དབྱེ་ཇི་སྙེད་ཡོད་པའི་ཕྱིར། དཔེར་ན། གནས་ཚུལ་འདི་ནི་བདེན་གྱི། དེ་ནི་མི་བདེན་ནོ། །ལྟ་བུའོ། །
བཞི། གཏེར་ཤད།
    ཇི་སྐད་དུ། གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ལས།
    འདི། ༔ དང་། ཡང་ན། ཿ འདི་ལ་གཏེར་ཤད་ཟེར། འདི་དང་དྲག་ཤད་དང་གཏེར་ཚེག །ཚེག་དྲག་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ལེགས་སྦྱར་རྣམ་བཅད། ཿ འདི་དང་གཟུགས་འདྲ། ཤད་འདི་གཏེར་ནས་བཏོན་པའི་ཕྱག་དཔེ་ལ་བྱུང་བས་གཏེར་ཤད་དང་གཏེར་ཚེག་ཅེས་བརྗོད། འབྲི་གུང་དཔལ་འཛིན་གྱིས་ནོར་བར་བཤད་ཀྱང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་དགེ་འདུན་ཆོས་འཕེལ་གྱིས་གཏེར་གྱི་ཕྱག་དཔེ་མ་ཟད་ཡིག་རྙིང་ལ་ཡང་ཡོད་པས་སྔོན་གྱི་བོད་ཡིག་གི་བྲི་ཚུལ་རྙིང་པ་ཞིག་ཡིན་ཞེས་གསུངས། ༡༥

རྒྱ་རིམ་པ་བདུན་པོ་གང་རུང་དང་བརྒལ་བའི་དཔར་སྐྲུན་འགའ་ཞིག་མཛུབ་སྟོན་ཞུ་རྒྱུ།

    ༡ ཚེག་བར་མི་འཁྲུགས་པ་ཚེག་གི་རྒྱ་དང་བརྒལ་བའི་དཔར་སྐྲུན་གྱི་མཚན་གཞི་ཚེག་གི་རྒྱ་འདི་ནི་ཤིན་ཏུ་གལ་ཆེ་བ་དང་ཆབས་ཅིག་ཤིན་ཏུ་ལས་སླ་བ་ལ་བརྟེན་ནས་ནོར་འཁྲུལ་སྲིད་མཐའ་ཙམ་ལས་ཡོང་མི་སྲིད་པ་ལྟ་བུ་ཡིན།
    ༢    གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ་དང་བརྒལ་བའི་མཚན་གཞི།
    གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ་འདི་ནི་དུས་རབས་ཉི་ཤུའི་མཇུག་བར་དཔར་སྐྲུན་པ་ཡོངས་ལ་དཀའ་ངལ་ཏིལ་འབྲུ་ཙམ་ཡང་འཕྲད་མེད་ཀྱང་། དུས་རབས་ཉི་ཤུ་རྫོགས་ལ་མངོན་དུ་ཕྱོགས་པ་དང་ཉེར་གཅིག་ཤར་བ་ནས་བཟུང་རྣམ་དཔྱོད་ཀྱིས་ཕོངས་པའམ་ཡང་ན་དགོས་མེད་ཀྱི་དྲན་པ་ཤིན་ཏུ་སྐྱེན་པའི་རྐྱེན་གྱིས་རྒྱ་འདི་དང་བརྒལ་བ་མི་ཉུང་བ་ཞིག་མཐོང་ཡུལ་དུ་སྣང་། འདི་ནི་གསར་བཤད་དང་ལེགས་བཤད་གཅིག་ཏུ་འཁྲུལ་བའི་ཉེར་ལེན་ཁོ་ན་ལ་བརྟེན་ནས་བྱུང་བར་སེམས་སོ། །དེས་ན་ཆུ་མ་ཡོང་གོང་ནས་རགས་དང་། རྐྱེན་མ་ཡོང་གོང་ནས་ཟློག་པའི་དཔེ་བཞིན་ད་ལྟ་འདི་རིགས་རྒྱུན་འབྱམས་མ་ཆགས་གོང་ནས་སུན་འབྱིན་གནད་དུ་འཁེལ་བ་ཞིག་བྱེད་མ་ཐུབ་ན་འབྱུང་འགྱུར་རི་ལུག་པ་ཐག་པས་མི་འདུམ་པ་དང་གཉིས་སུ་མེད་པར་འགྱུར་ངེས། དེར་བརྟེན་འདིར་མཚན་གཞི་དང་བཅས་ཏེ་བཤད་ན། བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ་སོགས་སུ་གཅོད་མཚམས་མི་འཁྲུགས་པ་ཤད་ཀྱི་རྒྱ་ལས་བརྒལ་ཏེ་དཔར་སྐྲུན་བྱས་ཡོད། དེ་ཡང་རྩོམ་པ་པོ་རྣམས་ནས་མ་མཁྱེན་པར་ཤད་ཀྱི་རྒྱ་འདི་ལས་བརྒལ་བ་མིན་ཞིང་། ཤེས་བཞིན་དུ་རྒྱ་ཡི་རིམ་པ་འདི་ལས་བརྒལ་བ་ཡིན། འདི་ནི་རང་གིས་གསར་བཤད་ལེགས་བཤད་ཁོ་ནར་རློམ་པའི་ངང་ཚུལ་དུ་སྣང་། མཚན་གཞི་འགོད་པ་ལ།
    ཚིག་མཛོད་ཆེན་མོ་དེར། གཏམ་གླེང་བ  གཏམ་རྒྱུད ༡༦ སོགས་བཀོད་ཡོད་པས་སོ། །
    བྱེ་བྲག་ཚིགས་བཅད་ཀྱི་རྐང་མཐར་ཉིས་ཤད་འབྲི་དགོས་པ་དེ་མཁས་བླུན་ཀུན་ལ་རླུང་ལྟར་གྲགས་ཀྱང་འགའ་ཞིག་གིས། ཚིགས་བཅད་ཀྱི་རྐང་པ་བཞི་པ་ཁོ་ནར་ཉིས་ཤད་ལས་རྐང་པ་དང་པོ་གསུམ་ལ་ཆིག་ཤད་ཀྱིས་ཆོག་པར་བྱས་པ་དང། །༡༧ ཡང་འགའ་ཞིག་གིས་ཚིགས་བཅད་ཐ་མའི་རྐང་པ་ཐ་མ་ལས་གཞན་པའི་ཚིགས་བཅད་གོང་མའི་ཚིགས་རྐང་ཚང་མར་ཆིག་ཤད་ཀྱིས་ཆོག་པར་བྱས་པ་དང། །༡༨  ཡང་འགའ་ཞིག་གིས། ཚིགས་བཅད་ཀྱི་རྐང་པ་ཚང་མར་ཆིག་ཤད་ཀྱིས་ཆོག་པར་བྱས་པ་༡༩རྣམས་ནི་ཤད་ཀྱི་རྒྱ་ལས་བརྒལ་བའི་མཚན་གཞི་ཡིན་ནོ། །
    ཡང་འགའ་ཞིག་གིས་ཚིགས་བཅད་འབྲི་སྐབས་ཚིགས་རྐང་རེ་རེའི་སྔ་གཞུག་ཏུ་ཤད་རེ་འབྲི་བའི་སྲོལ་ཞིག་ཀྱང་འདུག་ན་འོས་མིན་རང་གིས་མནོ་བསམ་གཏོང་དགོས་པར་སེམས་སོ། །སློབ་དཔོན་འགོས་པདྨ་རྒྱལ་མཚན་མཆོག་ནས་རང་གི་བརྩམས་ཆོས་ཞ་རྣམ་རྣམ་འགྲེལ་གྱི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་ཏུ་ཤད་ཀྱི་གོང་དུ་ཚེག་རེ་འབྲི་དགོས་པ་དང། དེ་བཞིན་སླར་བསྡུར་ཤད་གཅིག་མ་གཏོགས་འབྲི་རྒྱུ་མེད་པའི་དགོངས་འཆར་གནང་ཡོད། གླེངབརྗོད་ཆེན་མོ་དེ་ཉིད་སློབ་དཔོན་འགོས་རང་ཉིད་དགོངས་པ་མ་རྫོགས་གོང་ནས་དཔར་དུ་བསྐྲུན་ཡོད། དེ་རྗེས་རྒན་གྱི་སློབ་མ་འཇམ་དཔལ་རབ་བརྟན་ཞུ་བ་ནས་འཛམ་གླིང་རྒྱན་གཅིག་དེ་ཉིད་ལོགས་སུ་དཔར་དུ་བསྐྲུན་ཡོད། དེ་ཡི་དབུར་རྒན་གྱི་སློབ་མ་ཀརྨ་གོང་བདེ་ཞུ་བ་ནས་རྒན་གྱི་རྣམ་ཐར་ཞིག་ཀྱང་བརྩམས་ཡོད། དེ་གཉིས་ཀར་ཤད་མཐའ་དག་གི་གོང་དུ་ཚེག་རེ་བྲིས་པ་ཤ་སྟག་སྣང་། དེ་བཞིན་སླར་བསྡུ་ལའང་ཆིག་ཤད་ཁོ་ན་སྣང་། དེ་ལ་བསམ་གཞིགས་ཤིག་བྱ་རྒྱུར། ཤད་གོང་ཚེག་རེ་བྲི་རྒྱུ་དེ་བཞིན་རྒན་གྱི་དགོངས་པ་ཡིན་མིན་ལ་རྟོག་དཔྱོད་བྱས་པ་ན་འདི་ལྟར་བརྙེས་ཏེ། རང་རེའི་བསྟན་བཅོས་སུ་བསྟན་བཅོས་ཀྱི་དགོངས་པ་ཡིན་ལ་བསྟན་བཅོས་མཁན་གྱི་དགོངས་པ་མིན་པ། བསྟན་བཅོས་མཁན་གྱི་དགོངས་པ་ཡིན་ལ་བསྟན་བཅོས་ཀྱི་དགོངས་པ་མིན་པ་ཡོད་པ་དེ་འདྲ་གསུང་སྲོལ་ཡོད་པ་བཞིན་འདིར་ཡང་འདི་ལྟར་བཀྲལ་དགོས་པར་སྣང་སྟེ། ཤད་གོང་ཚེག་རེ་འབྲི་བ་འཛམ་གླིང་རྒྱན་གཅིག་བསྟན་བཅོས་ཀྱི་དགོངས་པ་ཡིན་ཡང་བསྟན་བཅོས་མཁན་གྱི་དགོངས་པ་མིན། བསྟན་བཅོས་ཀྱི་དགོངས་པ་ཡིན་ཏེ་བསྟན་བཅོས་སུ་དངོས་སུ་གསལ་བའི་ཕྱིར། འོན་ཀྱང་བསྟན་བཅོས་མཁན་གྱི་དགོངས་པ་མིན་ཏེ་སློབ་དཔོན་རང་ཉིད་མ་གཤེགས་གོང་གི་བརྩམས་ཆོས་དཔར་དུ་བསྐྲུན་པ་དང་ཞུས་དག་བགྱིས་པའི་གསུང་རབ་གང་གི་ནང་དུའང་ཤད་གོང་ཚེག་བྲིས་མེད་པས་སོ། །སློབ་དཔོན་རང་ཉིད་ཀྱི་བརྩམས་ཆོས་མཐའ་མ་དཔར་དུ་བསྐྲུན་པ་དེ་ནི་འདུལ་བའི་གླེང་འབུམ་གྱི་གླེང་བརྗོད་དེ་ཡིན་ལ། དེར་ཤད་གོང་ཚེག་མེད་ཅིང་། སློབ་དཔོན་རང་ཉིད་ཀྱི་བརྩམས་ཆོས་མཐའ་མ་གྲུབ་ཀྱང་དཔར་དུ་མ་འཁོད་པ་དེ་ནི་གྲངས་ཀྱི་མངོན་བརྗོད་གཞུང་ཀུན་བསྡུས་པའི་མེ་ལོང་གི་འགྲེལ་པ་མཁས་པའི་གཞུང་བརྒྱའི་མདུད་འགྲོལ་ཞེས་བྱ་བ་བཞུགས་སོ། །ཞེས་པའི་གླེང་བརྗོད་མ་བརྩིས་པའི་ཤོག་ངོས་གོ་གཉིས་ཀྱི་བདག་ཉིད་ཅན་དེ་ཉིད་ཡིན། དེར་ཡང་ཤད་གོང་ཚེག་དང་སླར་བསྡུར་ཆིག་ཤད་བྲིས་མི་འདུག་གོ །འོན་ཀྱང་ཕྱིས་སུ་རྒན་གྱི་སློབ་མ་ཁོང་རྣམས་ནས་རྒན་གྱི་གསུང་ལ་གཙིགས་ཆེར་བཟུང་སྟེ་འདི་ལྟར་བགྱིས་པ་ལ་ནེམ་ནུར་མ་མཆིས། འོན་ཀྱང་གཏམ་བཤད་འདི་ཉིད་ཁྲིམས་ཀྱི་ཐ་སྙད་བེད་སྤྱོད་བྱས་ཏེ་བཤད་པ་ཡིན་ན། རྒན་གྱིས་འདི་ལྟར་གསུངས་པ་ནི་གྲོས་གཞི་མ་གཏོགས་གྲོས་ཆོད་མིན། རྗེས་འཇུག་སློབ་མ་ཁོང་རྣམས་ནས་གྲོས་གཞིར་གྲོས་ཆོད་དུ་བསམས་ཏེ་འདི་ལྟར་ལག་ལེན་བསྟར་བར་སྣང་། ཡང་རྒན་གྱིས་འདི་ལྟར་དུ་གསུངས་པ་ནི་དགོངས་འཆར་ཙམ་ཡིན་གྱི་འཕྲལ་དུ་ལག་ལེན་གྱི་ཆེད་དུ་མིན། གལ་ཏེ་ཡིན་ན་རང་གི་བརྩམས་ཆོས་སུ་དངོས་སུ་བཀོལ་དགོས་པའི་ཕྱིར། གང་དགོངས་འཆར་ཡིན་པ་དེ་དག་ནི་མཁས་མང་དབུས་སུ་བགྲོ་གླེང་བགྱིས་ཏེ་གཏན་འབེབས་རྗེས་ལག་ལེན་བསྟར་རྒྱུ་མ་གཏོགས་རང་གར་བྱས་ན་ག་ལ་འགྲིགས། ཆེས་སྔ་མོའི་དུས་སུ་གཏན་འབེབས་འདི་རིགས་ལ་བཀས་བཅད་ཟེར་བ་ཡིན།
  ༣ དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ་དང་བརྒལ་བའི་མཚན་གཞི།
    དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ་ལས་བརྒལ་བའི་དེང་རབས་ཀྱི་དཔེ་དེབ་དཔར་དུ་བསྐྲུན་པ་མ་མཐོང་། ལྷག་པར་དེང་གི་དུས་སུ་ལེའུ་རེ་རེར་ནང་གསེས་ས་བཅད་དུ་ཡོད་པ་སྔ་མོའི་གསུང་རབ་རྣམས་ལས་ཞལ་གསལ་བ་དགོད་རྒྱུའི་སྲོལ་རྒྱུན་ཞིག་དར་ཡོད། སྔར་གྱི་གསུང་རབ་ལྟར་ན་བམ་པོ་ནི་གཞུང་གི་དབུར་དང་ལེའུ་ནི་གཞུང་གི་ས་བཅད་རྫོགས་མཚམས་སུ་འབྲི་དགོས་པར་སེམས། ལེའུ་དང་སརྒ་སྐབས་རབ་བྱེད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན། གཞུང་གི་མཇུག་ཏུ་བཀོད་པའི་མཚན་གཞིར། མངོན་རྟོགས་རྒྱན་ལས།
    གཉེན་པོ་ཉིད་དུ་འདོད་པ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས་ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའོ། །༢༠ ། །ལྟ་བུའོ། །
    དེང་དུས་བམ་པོའི་བེད་སྤྱོད་མི་བཀོལ་བ་དང་ལེའུ་ནི་གཞུང་གི་དབུར་འབྲི་སྲོལ་ཞིག་མཆིས།
༤ གཞུང་ཚད་རྟོགས་པ་བམ་པོའི་རྒྱ་དང་བརྒལ་བའི་མཚན་གཞི།
    འདི་ནི་དེང་གི་དཔར་སྐྲུན་ཕལ་མོ་ཆེར་བེད་སྤྱོད་བཀོལ་གྱི་མི་འདུག །གསུང་རབ་རྙིང་པ་རྣམས་སུ་ནི་བམ་པོ་དུ་ཡོད་ཆེས་གསལ་པོར་བཀོད་ཡོད། གསར་རྩོམ་ཆེན་མོ་རྣམས་སུ་བམ་རྒྱ་དང་བམ་གྲངས་ཀྱི་རྒྱ་གསལ་པོར་བཀོད་ཐུབ་ན་བལྟས་པ་ཙམ་གྱིས་གཞུང་ཚད་རྟོགས་པར་ཕན་པ་ཞིག་འོང་སྙམ།
༥ བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ།
    གོང་བཞིན་ལས་ལོགས་སུ་འགྲེལ་བརྗོད་དགོས་པ་མ་མཐོང། །
༦ མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་ལས་བརྒལ་བའི་མཚན་གཞི།
    མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ་ལས་བརྒལ་བའི་དཔར་སྐྲུན་ནི་རེ་ཟུང་མ་གཏོགས་དེང་གི་འཕགས་བོད་དཔར་སྐྲུན་ཡོད་དོ་ཅོག་རྒྱ་འདི་ལས་བརྒལ་བར་ཞེ་གཅིག་སྣང་། དཔེར་ན། བོད་ནས་དཔར་དུ་བསྐྲུན་པའི་དེབ་ཐེར་སྔོན་པོ་དང་། རྒྱ་གར་ནས་དཔར་དུ་བསྐྲུན་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལྟ་བུ་ཡིན། རྒྱ་འདི་ལས་མ་བརྒལ་བའི་རེ་ཟུང་གི་མཚན་གཞི་ནི་གོང་གི་མཆན། ༨ པ་དང་། ༩ པ། ༡༠ པ། ༡༡ བཅས་སུ་ཞུས་ཟིན།
༧ གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་ལས་བརྒལ་བའི་མཚན་གཞི།
    འདི་ཉིད་ཀྱི་རྒྱ་ལས་བརྒལ་བའི་དཔེ་དེབ་ནི་ཤིན་ཏུ་ཉུང་ངུར་ཟད། འོན་ཀྱང་རེ་ཟུང་དཔེར་ན་ཆོས་སྤྱོད་བྱང་གྲོལ་སྒོ་འབྱེད་ལྟ་བུར་གདོང་ཡིག་མ་བཀོད་པས་རྒྱ་འདི་ལས་འགོངས་པའི་མཚན་གཞི་ཡིན་༢༡དཔེ་སྐྲུན་ཁང་ཚད་ལྡན་ཡོངས་ནས་སྤྱན་འཁྱེར་གྱི་རྒྱ་སྟེ་སི་པ་ཡིཎ་(spine)འཚེམས་ལུས་སུ་མ་ཤོར་བ་བྱེད་ཀྱི་འདུག་གོ། །།

ལྷན་ཐབས།

ཤད་ཀྱི་སྡོམ་བྱང།༡
ངག་སྒྲོན་ནས་ཕྱུང་བའི་ཤད་ཀྱི་རྩ་བ།༢
    གཅོད་མཚམས་མཐའ་རྟེན་ག་ཡི་མཐར། །ཆིག་ཤད་ང་ཡིག་མ་གཏོགས་པའི། །ཤད་ཀྱི་གོང་རྣམས་ཕྱི་ཚེག་སྤང་། །དོན་མང་བགྲངས་པའི་མིང་གི་ནི། །མཚམས་དང་དོན་འབྲིང་འབྱེད་པ་དང་། །དོན་ཉུང་རྫོགས་ཚིག་མཚམས་ཆིག་ཤད། །ཚིགས་སུ་བཅད་པའི་རྐང་མཐའ་དང་། །ལྷུག་པའི་སྡེ་ཚན་རྫོགས་མཚམས་ཀྱི། །སྣ་རུ་ཅན་མཐར་ཉིས་ཤད་བྱ། །སྡེ་ཚན་ཆེན་མོ་རྫོགས་མཚམས་དང་། །ལེའུ་མཚམས་ལྟ་བུར་བཞི་ཤད་ཐོབ་།
ལེགས་བཤད་ལྗོན་དབང་ནས་ཕྱུང་བའི་ཤད་ཀྱི་རྩ་བ།༣
    ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེ་འུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
བློ་གསལ་སྦྲང་རྩིའི་དགའ་སྟོན་ནས་ཕྱུང་བའི་ཤད་ཀྱི་རྩ་བ།༤
    ༄། །ཡི་གེའི་མགོ་འདྲེན་དབུ་ཁྱུད་དེ། །དང་ཀྱོག་བེརྒ་ཞེས་ཀྱང་ཟེར། །ཤད་ལ་ཆིག་ཤད་ཉིས་ཤད་དང་། །བཞི་ཤད་རིན་ཆེན་སྤུངས་ཤད་དང་། །སྦྲུལ་གཟུགས་འཁྱིལ་བ་ལྟ་བུའི་ཤད། །ཚིགས་བཅད་མཐའ་ལ་ཉིས་ཤད་འཐོབ། །ལྷུག་པའི་རྣམ་གྲངས་སོ་སོ་དང་། །དོན་ཚན་ཕལ་ཆེར་མཐའ་དང་ནི། །བོད་ཚིག་སྐབས་སུ་ཆིག་ཤད་འབྲི། །རྫོགས་ཚིག་སྐབས་སུ་ཉིས་ཤད་འཐོབ། །སྡེ་ཚན་ཆེ་བ་རྫོགས་པ་དང་། །ལེ་འུའི་མཚམས་སུ་བཞི་ཤད་འབྲི། །ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །ཚུགས་ཐུབ་ཆེད་དུ་སྤུངས་ཤད་འབྲི། །ལེའུ་མཚམས་ལྟ་བུའི་བར་དག་ཏུ། །སྦྲུལ་ཤད་འབྲི་བའི་ལག་ལེན་ཡོད། །རྐང་བ་ཤད་དང་མ་འདྲེས་ཆེད། །ང་མཐར་ཤད་གོང་ཕྱི་ཚེག་འབྲི། །འོ་འུ་འམ་འང་བྱུང་བའི་ཚེ། །རྐང་བ་ཚང་དང་མ་ཚང་བའི། །དབང་གིས་ཚེག་བར་ཐོབ་པ་དང་། །མི་འཐོབ་པ་ཡི་སྐབས་གཉིས་ཡོད། །
བོད་ཡིག་བརྡ་སྤྲོད་ཕྱི་མོའི་སྡོམ་བྱང་ནས་ཕྱུང་བའི་ཤད་ཀྱི་རྩ་བ།༥
    ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་ཀ་ཤ་ཡི་མཐར། །ཆིག་ཤད་དང་ནི་ཡིག་འཕྲེང་འགོར། །ཡིག་འབྲུ་གཅིག་ལུས་སྤུངས་ཤད་འཐོབ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེ་འུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
མཚམས་འབྱེད་རྒྱ་འདེབས་གསར་དགོས།༦
༄། །བོད་ཀྱི་གསུང་རབ་བྲི་སྲོལ་དུ་ལོ་ཆེན་སྔ་མ་རྣམས་ཀྱིས་རྒྱ་རིམ་པ་བདུན་བཏབ་སྟེ་བྲི་བ་ནི། རྒྱབ་མདུན་མི་འཁྲུགས་པ་དང་ཀྱོག་གི་རྒྱ། མཐའ་མི་འཁྱོལ་བ་སྣེ་ཐིག་གི་རྒྱ། གཞུང་ཚད་རྟོགས་པ་བམ་པོའི་རྒྱ། བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ། ཚིག་སྔ་ཕྱི་མི་འཁྲུགས་པ་ཚེག་གི་རྒྱ། དོན་ཚན་མི་འཁྲུགས་པ་ལེའུའི་རྒྱ། གླེགས་བམ་མི་འཁྲུགས་པ་སྤྱན་འཁྱེར་རྒྱ་རྣམས་ཏེ། འདི་རྣམས་ལས་ཚིག་སྔ་ཕྱི་མི་འཁྲུགས་པ་ཚེག་གི་རྒྱ། འདི་ལ་དེ་སྔ་ནས་རྐྱེན་གྱི་ཡི་གེ་ཞེས་བཤད་ཅིང་། དེའི་བྲི་གཟུགས་ཀྱི་དབྱེ་བ་ཡང་། དང་ཀྱོག་དང་། ཚེག་དང་། ཤད་དང་། སྦྲུལ་ཤད་དང་། རིན་ཆེན་སྤུངས་ཤད་དང་། གཉིས་ཤད་དང་། བཞི་ཤད་དེ་ནང་གསེས་དབྱེ་བ་བདུན་དུ་བཤད་ཅིང་། དེའི་སྟེང་དེང་སང་ཤར་ནུབ་རྒྱལ་སྤྱི་ཡོངས་ཀྱི་ཁས་ལེན་བྱེད་བཞིན་པའི་གཤམ་གསལ་རྐྱེན་གྱི་ཡི་གེ་རྣམས་ཀྱང་ཉེར་མཁོ་དང་བསྟུན་ཏེ་གསར་སྣོན་བྱས་ཚེ་ལེགས་ཆ་དང་དགེ་མཚན་ཆེ་བར་སེམས་ཏེ་དཔེར་ན།
༡        བོད་ཡིག་གི་ཚེག་རང་སོར་བཞག་པ། [ ་ ] ༢        ཚིག་མཇུག་མ་རྫོགས་པར་ཅུང་ཟད་ངལ་གསོ་བའི་རྟགས།[ , ] ༣        རྫོགས་མཚམས་ཆུང་མཐར་ཕྱེད་ཤད། [ ; ] ༤        ཚིག་རྫོགས་མཐར་ཆིག་ཤད། [ ། ] ༥        དྲི་བ་གསལ་བྱེད་ཀྱི་རྟགས། [ ? ] ༦        འབོད་པ་དང་། བདེ་སྡུག་ཡ་མཚན་སྒྲ་གདངས་གསལ་བྱེད། [ ! ] ༧        ཚིག་དོན་གོང་འོག་མཚམས་སྦྱོར་རྟགས། [       ] ༨        དོན་ཚིག་ངེས་བཟུང་བྱེད་པའི་རྟགས། [ – ] ༩        ས་བཅད་སོགས་མདོར་བསྟན་རྒྱས་བཤད་འབྲེལ་རྟགས། [ :- ] ༡༠        གཞུང་གཞན་གྱི་ལུང་ཚིག་ལོགས་སུ་དགར་བའི་རྟགས། [ “ ” ] ༡༡        ཡིག་ཚིག་དོན་གནད་ཆེ་བ་ལོགས་སུ་དགར་བའི་རྟགས། [ ‘ ‘ ] ༡༢        རེའུ་མིག་ཆུང་བ། [ () ] ༡༣        རེའུ་མིག་ཆེ་བ། [  ] ༡༤        རྟོག་གེ་དང་རྩོད་པ་སོགས་གསལ་བྱེད་ཀྱི་རྟགས། [ * ] ༡༥        ཟུར་མཆན། ཟུར་བརྗོད་སོགས་ཡོད་པའི་རྟགས། [ |* ] ༡༦        ཚིག་གམ་ཡི་གེ་མང་པོ་བསྡུས་ཡོད་པའི་རྟགས། [ — ] ༡༧        ཚིག་དང་ཡི་གེ་མ་ཚང་བའི་རྟགས། [ …+… ] ༡༨        ལེའུ་དང་དོན་ཚན་རྫོགས་པ་དང་སྡེ་ཚན་རྫོགས་པའི་རྟགས། [ །། །། ] ༡༩        ཚིག་དེ་དོན་གཞན་ལ་འཇུག་པ་དང་ནོར་བའི་རྟགས། [ ~ ]
༢༠    ཡི་གེ་དང་ཚིག་ལྷག་མ་ཡོད་ཀྱང་མི་གསལ་བའི་རྟགས། [ ……….. ] ༢༡    རྣམ་གྲངས་གསལ་བྱེད་ཀྱི་རྟགས། [ = ]
༢༢    དོན་དམིགས་བསལ་བ་ཡོད་པའི་རྟགས། [ <<>> <> ] (ལུང་ཁུངས་མ་དཔེ་ལྕགས་པར་མ་ཡིན་སྟབས། རྟགས་འགའ་ཞིག་བཀོད་མ་ཐུབ་པ་རྣམས་རྩོམ་ཡིག་འདིར་ཡང་སྟོང་པར་བཞག་འདུག་པས། རྩོམ་སྒྲིག་པས་མ་དཔེ་ལག་བྲིས་མ་ཐབས་འཚོལ་གྱིས་ཁ་བསྐངས་ཡོད།)
    འདིའི་རིགས་ད་དུང་ཡང་མང་སྟེ། སྐབས་བབ་དགོས་མཁོ་དང་བསྟུན་ཏེ་བླང་དོར་ལ་འཇུག་དགོས་པ་ཡིན་ནོ། །དེ་ལྟར་ཡིག་མཚམས་དང་ཚིག་མཚམས་འབྱེད་བྱེད་དང་། འབྲེལ་བྱེད་ཀྱི་རྐྱེན་དང་རྟགས་རྣམས་སྔ་སྲོལ་གང་འོས་ཀྱིས་ཕྲི་སྣོན་ལེགས་བཅོས་བླང་དོར་བྱས་ཚེ་གཞུང་དོན་མ་འདྲེས་པར་རྟོགས་པ་དང་། གཞུང་ཚིག་མ་འདྲེས་པར་ངོས་འཛིན་བྱེད་ཐུབ་པ་དང་། ཚིག་ཚོགས་མང་པོའི་ནང་ནས་གནད་དོན་ཆེ་ཤོས་གང་ཡིན་ཤེས་རྟོགས་ཡོང་བ་དང། ཚིག་དང་དོན་སྔ་ཕྱི་ལེགས་པར་འབྲེལ་ཚུལ་དང་། མིང་ཚིག་དམིགས་བསལ་བ་གང་ཡིན་ཚེགས་མེད་ཤེས་རྟོགས་ཡོང་བའི་དགེ་མཚན་ཆེ། གནད་དོན་དེར་བརྟེན་རྟགས་འདིའི་རིགས་རྒྱལ་ཡོངས་ཀྱིས་ཁས་ལེན་ཞུས་ཟིན་པའི་རིགས་ཡིན་ནོ། །འདི་རྣམས་བོད་ཡིག་བྲི་སྲོལ་གྱི་གནའ་རབས་ཡང་མཐུན་ཚུལ་ནི་རིགས་པ་ལ་འཇུག་པའི་གླེང་བརྗོད་དུ་ཅུང་ཟད་སྤྲོས་ཏེ་བྲིས་ཟིན་པས་འདིར་མི་སྤྲོའོ།། །།
རྒྱ་རིམ་པ་བདུན།༧
    རྒྱ་རིམ་བདུན། རིག་པའི་གནས་གང་ཡང་རུང་བའི་གཞུང་གི་དོན་མི་འཁྲུག་པའི་ཆེད་དུ་གདབ་པའི་རྒྱ་བདུན་ཏེ། དོན་མི་འཁྲུག་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ། བམ་པོ་མི་འཁྲུག་པ་བམ་པོའི་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། གླེགས་བམ་མི་འཁྲུག་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་བཅས་སོ། །
རྒྱ་རིམ་པ་བདུན།༨
    རྒྱ་རིམ་པ་བདུན། གཞུང་ཆེན་གྱི་ཚིག་དོན་བམ་པོ་སོགས་ཀྱི་གོ་རིམ་མི་འཁྲུག་པར་བྱེད་པའི་རྟགས་སམ། རྒྱ་རྣམ་པ་བདུན་ཏེ། ཚེག་གི་རྒྱ། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་སྟཻ་བདུན་
རྒྱ་རིམ་པ་བདུན།༩
    ཡང་གླེགས་བམ་བཞེངས་དུས་རྒྱ་རིམ་པ་བདུན་གྱི་བཀས་བཅད་ཡོད་པ་ནི།། ཚིག་འབྲུ་མཐར་མི་འཆོལ་བ་སྣེ་ཐིག་གི་རྒྱ་། ཚིག་འབྲུ་མི་འཆོལ་བ་ཚེག་གི་རྒྱ་། གཅོད་མཚམས་མི་འཆོལ་བ་ཤད་ཀྱི་རྒྱ་། རྒྱབ་མདུན་མི་འཆོལ་བ་ཡིག་མགོའི་རྒྱ་། གླེགས་བམ་མི་འཆོལ་བ་སྤྱན་ཁྱེར་གྱི་རྒྱ་། ཚིག་དོན་མི་འཆོལ་བ་ལེའུའི་རྒྱ་། གཞུང་ཚད་རྟོགས་པ་བམ་པོའི་རྒྱ་བདུན་ནམ་ཡང་ན་ཡིག་མགོའི་རྒྱ་མེད་པར་བམ་པོ་མི་འཆོལ་བ་བམ་གྲངས་ཀྱི་རྒྱ་ཞེས་བདུན་དང།

མཆན།
༡    མཁན་ཆེན་འཇིགས་མེད་ཕུན་ཚོགས། (༡༩༣༣ ལོར་འཁྲུངས།) ༡༩༩༦ དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། བླ་རུང་ཐེག་གསུམ་ཆོས་གླིང་ནས་པར་དུ་བསྐྲུན། ཤོག་ངོས་ ༨༣-༨༤
༢    བསྟན་དར་ཨ་ལག་ཤ
    ༡༩༨༠ བོད་བརྡའི་རྣམ་གཞག་ཉེར་མཁོ་ཕྱོགས་བསྡེབས་ཨུཏྤལའི་དོ་ཤལ་དང་པོ་ལས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། བསོད་གྲགས་པོད་ཕྲེང་ ༨ ཤོག་ངོས་ ༡༡༠
༣    གོང་བཞིན།
༤    ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། ༡༩༢༧-༩༦
༡༩༩༧    ༸ སྐྱབས་རྗེ་ཛེ་སྨད་རིན་པོ་ཆེའི་གསུང་རྩོམ་གཅེས་བཏུས་ལས་བོད་ཡིག་བརྡ་སྤྲོད་ཕྱི་མོའི་སྡོམ་བྱང་བཞུགས་སོ། །དགའ་ཤར་བཀྲ་ཤིས་དགེ་འཕེལ་ཛེ་སྨད་བླ་བྲང་། ཤོག་ངོས་ ༨༣
༥    ཚེ་ཏན་ཞབས་དྲུང་། ༡༩༡༠-༨༥
༡༩༨༨    བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང་། ཤོག་ངོས་ ༢༣
༦    སློབ་དཔོན་འགོས་པདྨ་རྒྱལ་མཚན། ༡༩༥༦-༢༠༠༡
༢༠༠༠    གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་དང་། ཞ་རྣམ་གཉིས་ཀྱི་སུམ་རྟགས་འགྲེལ་པ་བཞུགས་སོ། །འཇམ་དཔལ་རབ་བརྟན་ནས་ཝཱཎར་དཔར་དུ་བསྐྲུནད། ཤོག་ངོས་ ༢༩
༧    སློབ་དཔོན་དབྱིག་གཉེན།
༡༩༩༠    མཛོད་རྩ་བ། མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། མཛོད་རྩ་བ་བཅས་བཞུགས་སོ། །ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་། ཤོག་ངོས་ ༡༥༥
༨    རྫོང་རྩེ་བྱམས་པ་ཐུབ་བསྟན།
ཀ    ༡༩༧༧ དགའ་ལྡན་ཕུན་ཚོགས་གླིང་གི་ཐོག་མཐའ་བར་གསུམ་གྱི་བྱུང་བ་ཡིད་ལ་དྲན་བྱེད་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། IM SELBSTVERLAG DES VERFASSERS, GOTTINGEN
ཁ    ༡༩༩༡ ཆོས་གྲྭ་ཆེན་པོ་བཀྲིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་ཆོས་བྱུང་ངོ་མཚར་དད་པའི་སྒོ་འབྱེད་ཅེས་བྱ་བཞུགས་སོ། །བོད་ཀྱི་དཔེ་མཛོད་ཁང།
ག    ༡༩༩༡ མཁས་མང་རྒྱ་མཚོའི་བསྟི་གནས་དབུས་འགྱུར་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་གི་ཆོས་འབྱུང་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། IM SELBSTVERLAG DES VERFASSERS, GOTTINGEN
ང    ༡༩༩༤ གསང་ཆེན་བསྟན་པའི་འབྱུང་གནས་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་གི་ཆོས་འབྱུང་ངོ་མཚར་དོན་ལྡན་ཞེས་བྱ་བ་བཞུགས་སོ། །བོད་ཀྱི་དཔེ་མཛོད་ཁང།
ཅ    ༡༩༩༤ གཙང་མྱང་སྨད་བསམ་གྲུབ་རྩེའི་སྡེ་སྲིད་གཙང་པ་རིམ་བྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས། བོད་ཀྱི་དཔེ་མཛོད་ཁང། །
༩    སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་ཞལ་གདམས་ཕྱོགས་བསྒྲིགས་ནོར་བུའི་བང་མཛོད། བྱང་ཨ་རི་མཉམ་མེད་འབྲི་གུང་བཀའ་བརྒྱུད་ཆོས་སྡེ།
༡༠    གོ་འཇོ་ཚེ་དབང་རྣམ་རྒྱལ། ༡༩༤༢ ལོར་འཁྲུངས།
    ༡༩༩༧ རྩིས་ཀྱི་ལག་ལེན་གསལ་བར་བྱེད་པའི་ལྡེའུ་མིག་ཉེར་མཁོའི་ཟ་མ་ཏོག་གི་མན་ངག་རྒྱུད་དོན་སྙིང་པོ་ལེགས་པར་བསྡུས་པའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། །བོད་གཞུང་སྨན་རྩིས་ཁང།
༡༡     ལོ་ཆེན་ཆོས་དཔལ་རྒྱ་མཚོ། ༡༦༥༤-༡༧༡༨
    ༡༩༩༧ འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །བོད་གཞུང་སྨན་རྩིས་ཁང།
༡༢     ཚེ་ཏན་ཞབས་དྲུང་། ༡༩༡༠ཧ༡༩༨༥
    ༡༩༦༩ དག་ཡིག་ཐོན་མིའི་དགོངས་རྒྱན། འདིལླཱི་གསར་པ། ཤོག་ངོས་ ༡༧༠
༡༣    དགེ་འདུན་ཆོས་འཕེལ། ༡༩༠༣-༡༩༥༡
    ༡༩༩༠ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་ ༢༥༨-༢༥༩
༡༤    བདུད་འཇོམས་རིན་པོ་ཆེ།
    དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན་སོགས་ལས་ཡི་གེའི་འབྲུ་འགྲེལ་བཤད་པ། ཤོག་ངོས་ ༦༡
༡༥    སློབ་དཔོན་འགོས་པདྨ་རྒྱལ་མཚན། ༡༩༥༦-༢༠༠༡
    གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་དང་། ཞ་རྣམ་གཉིས་ཀྱི་སུམ་རྟགས་འགྲེལ་པ་བཞུགས་སོ། །འཇམ་དཔལ་རབ་བརྟན་ནས་ཝཱཎར་དཔར་དུ་བསྐྲུནད། ཤོག་ངོས་
༡༦    J. S. Negi
    ༡༩༩༨ བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ། པོད་ལྔ་པ། ཤོག་ངོས་ ༡༧༠༦
༡༧    ཆབ་བྲག་ཕོ་ཉ།
    ༢༠༠༢ སྙན་ཚིག་པད་དཀར་ཚོམ་བུ། རྩམ་པ་སྤྱིའི་འདོན་ཐེངས་བཅུ་གཅིག་པ། ཤོག་ངོས་ ༥༨
༡༨    བེ་རི་འཇིགས་མེད་དབང་རྒྱལ།
    ༢༠༠༢ མན་ཇུ་ཊི་ལའི་སྙན་དངགས། རྩམ་པ་སྤྱིའི་འདོན་ཐེངས་བཅུ་གཅིག་པ། ཤོག་ངོས་ ༦༠-༦༧
༡༩     ཀླུ་ཚང་བློ་བཟང་ཡེ་ཤེས།
    ༢༠༠༢ དྲིན་ཅན་ཕ་ལོ། རྩམ་པ་སྤྱིའི་འདོན་ཐེངས་བཅུ་གཅིག་པ། ཤོག་ངོས་ ༧༠-༧༢
༢༠    རྒྱལ་བ་བྱམས་པ་མགོན་པོ།
    མངོན་རྟོགས་རྒྱན། མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། མཛོད་རྩ་བ་བཅས་བཞུགས་སོ། །ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་། ཤོག་ངོས་ ༢༠
༢༡    ༡༩༩༦ ཆོས་སྤྱོད་བྱང་གྲོལ་སྒོ་འབྱེད། བློ་བཟང་དགོངས་རྒྱན་མུ་ཏིག་ཕྲེང་མཛེས་དེབ་བཅུ་བཞི་པ། འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས།

ལྷན་ཐབས་ཀྱི་ཟུར་མཆན།
༡    ཤད་ཀྱི་སྡོམ་བྱང་ཞེས་པ་འདི་ནི་དག་ཡིག་ངག་སྒྲོན་དང། ལེགས་བཤད་ལྗོན་དབང། བློ་གསལ་སྦྲང་རྩིའི་དགའ་སྟོན། བོད་ཡིག་བརྡ་སྤྲོད་ཕྱི་མོའི་སྡོམ་བྱང་བཅས་ན་བཞུགས་པའི་ཤད་དང་འབྲེལ་བའི་རྩ་བ་རྣམས་ལོགས་སུ་ཕྱུང་བ་ཞིག་ཡིན།
༢    དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ། ༡༤༥༦ ལོར་འཁྲུངས།
    ༡༩༨༩ ངག་སྒྲོན་རྩ་འགྲེལ་དང་ཡང་འགྲེལ། དག་ཡིག་ངག་སྒྲོན་གྱི་རྩ་བ། ༡༥༣༨ ལོར་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་ ༣༦-༣༧
 ༣    དབྱངས་ཅན་གྲུབ་པའི་རྡོ་རྗེ། ༡༨༠༩-༡༨༨༧
    ༡༩༩༧ ཕྱོགས་བསྡེབས་པད་དཀར་ཆུན་པོ། ལེགས་བཤད་ལྗོན་དབང་། ཤེས་དཔར། ཤོག་ངོས་༡༠༧
༤    ཚེ་ཏན་ཞབས་དྲུང་། ༡༩༡༠-༡༩༨༥
    ༡༩༨༨ གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང། ཤོག་ངོས་ ༢༢-༢༣
༥    ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། ༡༩༢༧-༡༩༩༦
    ༡༩༩༧ ༸སྐྱབས་རྗེ་ཛེ་སྨད་རིན་པོ་ཆེའི་གསུང་རྩོམ་གཅེས་བཏུས། བོད་ཡིག་བརྡ་སྤྲོད་ཕྱི་མོའི་སྡོམ་བྱང་བཞུགས་སོ། །དགའ་ཤར་བཀྲིས་དགེ་འཕེལ། ཛེ་སྨད་བླ་བྲང་། ཤོག་ངོས་ ༨༣
 ༦    སློབ་དཔོན་སེམས་དཔའ་རྡོ་རྗེ།
    ༡༩༨༧  བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ། ཚོགས་ཞུགས་མཁས་དབང་རྣམ་པའི་ཆེད་རྩོམ་ཕྱོགས་བསྡུས།  དུས་མཐུན་དག་ཐེར་འཕྲི་སྣོན། བོད་གཞུང་ཤེས་རིག་ལྷན་ཁང་། ཤོག་ངོས་ ༡༠༢-༡༡༥
 ༧    ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ།
    ༡༩༨༦  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་ ༥༣༧
༨    དུང་དཀར་བློ་བཟང་འཕྲིན་ལས།
    ༢༠༠༢ དུང་དཀར་ཚིག་མཛོད་ཆེན་མོ། བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༦༤༧
 ༩    སློབ་དཔོན་འགོས་པདྨ་རྒྱལ་མཚན། ༡༩༥༦-༢༠༠༡
    ༢༠༠༢ སུམ་རྟགས་ཀྱི་རྩ་འགྲེལ་ལ་དཔྱད་པའི་གཏམ་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག་བཞུགས་སོ་། འཇམ་དཔལ་རབ་བརྟན་ནས་ཝཱཎར་དཔར་དུ་བསྐྲུནད། ཤོག་ངས་ ༣༤

    ན་ག་སངས་རྒྱས་བསྟན་དར་ལགས་ནི། ད་ལྟ་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་སྡེ་ཚན་གྱི་འགན་འཛིན་དང༌། སྐད་ཡིག་སློབ་དཔོན། བོད་ཀྱི་ཚན་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་བཅས་རེད།

མདུན་ཤོག

Menu