བསོད་ནམས་རྡོ་རྗེ།

གླེང་གཞི།   

    འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་གང་ཞིག་ཡིན་རུང་མི་རིགས་ཀྱི་ངོ་བོ་ཡུན་གནས་ཡར་རྒྱས་ཀྱི་རྩ་བ་སློབ་གསོར་ཐུག་ཡོད་ལ། སློབ་གསོ་ཡར་རྒྱས་ཀྱི་ཆ་རྐྱེན་ཆེས་མེད་དུ་མི་རུང་བ་ནི་སློབ་གྲྭའི་འཛིན་སྐྱོང་དང་ཚད་ལྡན་གྱི་སྤུས་ཀར་རག་ལས་པ་ཡིན། དགེ་རྒན་ཞིག་ཡིན་ཕྱིན་ཡོན་ཏན་གྱི་ཆུ་ཚད་གཙོས་དུས་མཐུན་མི་རིགས་ཀྱི་གནད་དོན་ལ་ཞིབ་བསམ་དང་འབྲེལ་སྐྱོང་བཞིན་པའི་སློབ་མ་དག་ལ་ཤ་ཚ་སྙིང་ཞེན་དང༌། ལྷག་བསམ་རྣམ་དག་གིས་སོ་སོའི་རླབས་ཆེན་གྱི་གཉེར་བྱ་ངོས་ཟིན་པར་བྱས་ཏེ་མི་རིགས་ཀྱི་ད་ལྟ་དང་མ་འོངས་མདུན་བསྐྱོད་ཀྱི་ཁ་ཕྱོགས་ལ་མནོ་བསམ་ནན་བཞེས་སྒོས་ལག་ལེན་ལ་འབད་རྒྱུ་ནི་རྩ་ཆིངས་ཡིན། ལྷག་དོན་ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་ནས་རང་རེའི་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་ཞིང་དེ་ཉིད་རྒྱའི་མངའ་འོག་ཏུ་ཤོར་ཏེ་བོད་མི་ཚོས་གཞིས་བྱེས་གཉིས་གྱར་གྱི་སྡུག་ཡུས་མི་འདོད་བཞིན་མྱངས་དགོས་བྱུང་ཡོད་པ་མ་ཟད། གཞིས་བཞུགས་བོད་རིགས་ཡོངས་དང་དམིགས་བསལ་གཞོན་སྐྱེས་རྣམས་ད་ལྟ་རྒྱ་ནག་གི་གཡོ་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལྟ་གྲུབ་འོག་གསོ་སྐྱོང་བྱེད་བཞིན་པའི་ཛ་དྲག་གི་གནས་སྐབས་སུ་གྱར་ཡོད། རྒྱ་གར་སྲིད་བློན་དམ་པ་ནེ་ཧ་རུས་ྋགོང་ས་མཆོག་ལ། “མ་འོངས་བོད་ཀྱི་རྩ་དོན་ཟིན་རྒྱུ་དེ་འཛམ་གླིང་རྒྱལ་ཚོགས་ལ་ཐུག་ཡོད་པ་མ་རེད། གང་ལ་ཐུག་ཡོད་དམ་ཟེར་ན། རྒྱ་གར་ནང་ལ་ཡོད་པའི་བོད་པའི་གཞོན་ནུ་འདི་ཚོའི་སློབ་སྦྱོང་ལ་ཐུག་བསྡད་ཡོད་པ་རེད།” ཅེས་གསུངས་མྱོང་བ་བཞིན་ང་ཚོ་རང་དབང་ལུང་པར་འབྱོར་བའི་བཙན་བྱོལ་བ་ཚོས་སོ་སོའི་གཞོན་སྐྱེས་མི་རབས་ཀྱི་སློབ་སྦྱོང་འཐུས་ཤོར་དུ་མ་བཏང་བར་མི་རིགས་རིང་ལུགས་ཀྱི་ལྟ་བ་དམར་ཁྲིད་བྱས་ཏེ་བོད་རང་གི་རིག་གཞུང་ལ་ཤ་ཚ་བྱང་གོམས་ཡོད་པ་ཞིག་དང་གནའ་དེང་རིག་གཞུང་གང་གི་ཆ་ནས་ཀྱང་རྒྱལ་སྤྱིའི་སྟེང་གཞན་ལ་སྨོན་མི་དགོས་པ་ཞིག་ཏུ་གསོ་སྐྱོང་བྱེད་གལ་ཆེ་བ་ཡང་ཁ་ཚ་དགོས་གཏུགས་ཀྱི་བྱ་བཞག་གོ ། 
    བློ་ཕམ་པ་ཞིག་ལ་རང་ས་ནས་གཞན་སར་སྤྱུགས་པའི་ཡུལ་གྱར་བ་ཚོ་ཚད་བརྒལ་རང་བཞིན་གྱི་དཔལ་འབྱོར་མཁོ་སྒྲུབ་དང་རང་དོན་གཙོ་གཉེར་བྱེད་པར་ཕྱོགས་ཏེ་མཐར་ཐུག་གི་དམིགས་ཡུལ་ལ་འབད་མཁན་ཉུང་ངུར་འགྲོ་བཞིན་པ་དང༌། མི་རིགས་ཀྱི་མ་འོངས་པ་གསོ་སྐྱོང་བྱེད་ཡུལ་གཙོ་བོ་སློབ་གྲྭ་ཁག་ཏུ་སྤྱིར་བཏང་སློབ་གསོའི་སྒྲིག་གཞི་ཚད་ལྡན་མེད་ཁར་དགེ་རྒན་ཚོའི་ཁྲོད་དུའང་ཤེས་ཚད་འདང་ངེས་མེད་པ་གང་མང་ཞིག་འབྱུང་བཞིན་ཡོད་ལ། ཆེད་གཉེར་སློབ་ཐོན་དགེ་རྒན་གྱི་གྲངས་འབོར་ཉུང་ཉུང་ཡིན་ཐོག་ས་མཐའི་འཚོ་བའི་དཀའ་ཁག་གིས་དེད་པའི་མི་གང་མང་ཞིག་གིས་རང་གི་བྱ་ལས་ཀྱི་ནུས་པར་ཞིབ་བསམ་བྱེད་རྒྱུ་བརྗེད་ཡུལ་དུ་གྱུར་ཡོད་ཅིང༌། སློབ་ཕྲུག་མང་ཆེ་བ་དགེ་རྒན་དང་ཕ་མའི་སློབ་གསོས་མ་འདང་བའི་གཞི་རྩར་བརྟེན་ཕ་མ་དང་བུ་ཕྲུག་ལ་ཡོད་པའི་ལྷན་སྐྱེས་ཀྱི་བརྩེ་བའང་བརླག་ཏེ་མི་རིགས་རང་གི་ཐུན་མིན་གོམས་སྲོལ་ནུབ་ཕྱོགས་པ་ལྟར་ཆགས་ཡོད། སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་དང་མི་རིགས་ཀྱི་ཞབས་ཞུ་བ་ཕར་ཟད། ཕ་མའི་ལག་གཡོག་ན་སུད་ཀྲ་བཙོང་མཁན་ཡག་པོ་ཞིག་ཀྱང་ཆགས་མ་ཐུབ་པའི་རྣམ་པ་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད། མི་རིགས་ཀྱི་དོན་ལ་སེམས་ཤུགས་འབར་བཞིན་པ་གཞོན་སྐྱེས་ཁག་ཅིག་རང་གི་རིག་གཞུང་གིས་ཕོངས་ལ་སྦྱར་ཏེ། འདས་དུས་ཀྱི་བོད་རྒྱལ་ཁབ་ཆེན་མོའི་གནས་སྟངས་སྐོར་ནག་འཐོམ་མེར་སྐད་འབོད་བྱེད་བཞིན་པ་ནི་གཞན་མདུན་ན་བཞད་གད་སློང་བྱེད་དང༌། མི་རིགས་འདིར་ངོ་ཚ་སྐྲུན་མཁན་ཞིག་ཏུ་ཆགས་གྲབས་ཀྱང་ཡོད། དེ་ལྟར་ན་ང་ཚོས་ངེས་པར་དུ་སློབ་གསོའི་ལས་དོན་སྲ་བརྟན་དུ་བཏང་སྟེ་རང་མི་རིགས་ཀྱི་སོན་རྩ་དག་བསྐྱེད་བསྲིང་གང་ལེགས་བྱེད་དགོས།
    ཚད་ལྡན་རྒྱལ་ཁབ་གང་ཞིག་ཡིན་ཡང་སློབ་གསོ་རིག་པ་གོང་སྤེལ་དང་འབྲེལ་གཉེར་བྱའི་ལས་དོན་འདྲ་མིན་ཡོད་པ་དང༌། དགེ་རྒན་གྱི་བཅའ་ཁྲིམས་དང༌། སློབ་མའི་སྲུང་བྱ་སོགས་ཚད་ལྡན་སྒྲིག་གཞི་གཏན་འབེབ་ཀྱི་ཡིག་ཆ་འཐུས་ཚང་ཡོད། དེ་བས་ང་ཚོ་ཡང་ཇི་སྲིད་བར་འཛམ་གླིང་སྤྱི་མཐུན་ལྟར་འཚོ་དགོས་པས་ཕྱོགས་སྣ་སྒོ་མོ་ནས་འཆར་གཞི་བརྟན་པོར་བཙུགས་ཏེ་ད་ལྟ་དང་མ་འོངས་གཉིས་སྨན་གྱི་ལས་གཞི་བསྐྲུན་ཟིན་དར་སྤེལ་དང་ཆད་པ་ཁ་སྐོང་གིས་རིག་གཞུང་དང་སློབ་གསོའི་སྒྲིག་གཞི་འདིའང་ཆ་ཚང་དུ་གཏོང་དགོས་སྟབས། ཚད་གཞི་འདྲ་མིན་གྱི་རྩོམ་ཡིག་སྤེལ་བར་མོས་མཁན་ཞིག་ཡིན་ཚེ་མི་རིགས་ཀྱི་སྤྱི་དོན་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་འབད་བརྩོན་དང༌། ལྷག་པར་སློབ་གསོའི་ཁ་ཕྱོགས་འཐུས་ཚང་དུ་གཏོང་རྒྱུའི་ཐད་ལྷག་བསམ་རྣམ་དག་གིས་བསམ་ཚུལ་རེ་འབུལ་རྒྱུ་སྐབས་མཐུན་གལ་ཆེན་རང་བཞིན་དུ་མཐོང་ནས་འདས་སོན་ཉམས་མྱོང་དང་འབྲེལ་ད་ཐེངས་ཀྱི་ཆེད་རྩོམ་འདི་སྤེལ་བ་ལགས།

དང་པོ། སློབ་ཁྲིད་གྲ་སྒྲིག་སྐོར།

    དགེ་རྒན་ནི་མི་རིགས་རིག་གཞུང་དང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་རྨང་གཞི་སྐྲུན་མཁན་བླ་མེད་ཡིན་པས་རང་གི་ཡོན་ཏན་དང་ཉམས་མྱོང་གཞི་ལ་བཞག་ནས་སྐབས་དོན་ཁྲིད་བྱའི་སློབ་ཚན་གྲ་སྒྲིག་འཐུས་ཚང་བྱེད་དགོས་ཤིང༌། ཁྲིད་ཟིན་སློབ་ཚན་གྱི་མཐོ་དམན་གང་རུང་ན་ལུས་པའི་ཆད་ལྷག་ལ་ནན་གཟིགས་ཀྱིས་གསལ་ཁ་མ་བྱུང་བའི་རིགས་ལ་མནོ་བསམ་བསྐྱར་མ་བཏང་སྟེ་སློབ་ཁྲིད་རྗེས་མའི་སྐབས་དུས་ཚོད་ཐུང་ངུ་སྤྱད་དེ་གསལ་བརྗོད་བྱེད་རྒྱུ་དང༌། སློབ་མ་ཚོར་གསར་ཁྲིད་བྱེད་རྒྱུར་འཛོམས་དགོས་པའི་ཆ་རྐྱེན་རྣམས་ལ་ཞིབ་དཔྱོད་ཀྱིས་རང་གིས་མི་ཤེས་པ་དང༌། གསལ་པོར་འགྲེལ་བརྗོད་བྱེད་མ་ཐུབ་པའམ་མི་ཐུབ་པའི་རིགས་དཔེ་དེབ་གཞན་ལ་བལྟ་ཀློག་དང་ཤེས་ལྡན་གཞན་ལ་དྲིས་ཏེ་སློབ་ཚན་གང་ཡིན་རུང་རང་གི་ནུས་ཚོད་ཀྱིས་ཐབས་ལམ་འདྲ་མིན་བརྒྱུད་རྒྱས་བསྡུས་འཚམས་པའི་འགྲེལ་བཤད་རྒྱག་རྒྱུར་འཆར་གཞི་བརྟན་པོ་བཟོས་རྗེས་སློབ་ཚན་དངོས་གཞི་ལ་འཇུག་རྒྱུ་ལས་གྲ་སྒྲིག་ཅི་ཡང་མེད་པར་འཛིན་ཁང་དུ་འཛུལ་ཏེ་ཉི་མ་འཁྱོལ་ཐབས་བྱས་ཚེ་སློབ་མ་ཚོའི་རྒྱུད་ལ་ཤེས་བྱ་གསར་པ་སྤྲོད་མི་ནུས་པར་མ་ཟད་དཔེ་དེབ་སྟེང་གང་ཡོད་པ་དེ་བསྐྱར་ཀློག་དང་ཡང་ཀློག་བྱས་ནས་སློབ་མ་ཚོར་བསུན་སྣང་སྟེར་ངེས་པས་ངེས་པར་དུ་སློབ་ཚན་གྲ་སྒྲིག་འཐུས་ཚང་བྱེད་དགོས། གྲ་སྒྲིག་བྱེད་སྐབས་ཀྱང་མགོ་ཁ་བྱང་ནས་བཟུང་དུམ་མཚམས་རེ་རེའི་ནང་དོན་གསཻད་བཀྲོལ་དང༌། དངོས་བསྟན་སྙིང་དོན་དང་ཤུགས་བསྟན་རྒྱབ་ལྗོངས། སློབ་མ་ཚོས་གོ་བར་དཀའ་བའི་མིང་གསར་དག་ལ་མཆན་འགྲེལ། ཐ་ན་སྐབས་མཚམས་ཆུ་ཚོད་ཀྱི་བར་སྟོང་དང་བསྟུན་མི་རིགས་དང་རྒྱལ་ཁབ་ཀྱི་བླང་བྱར་འབྲེལ་བའི་སློབ་མ་ཚོའི་སྤྱོད་ལམ་འཐུས་ཤོར་དུ་འགྲོ་བཞིན་པ་དག་ལའང་ཡོ་བསྲང་བྱེད་ཐབས་སོགས་ཕྱོགས་སྣ་ཡོངས་ལ་ཞིབ་བསམ་གྱིས་རང་གི་འགན་བབ་གཙང་བཞེས་གནང་དགོས། དགེ་རྒན་ལ་ལས་རང་མཐོང་ཆེར་འཇོག་དང་སྤྱི་དོན་སྣང་མེད་དུ་བཞག་སྟེ་གྲ་སྒྲིག་གང་ཡང་མེད་པར་སློབ་མ་ཚོར་སློབ་ཁྲིད་ཙམ་བྱེད་ཁུལ་གྱིས་ཉི་མ་ནུབ་རིར་སྐྱེལ་བཞིན་པ་ནི་ཤིན་ཏུ་ནས་མི་འོས་པའི་ཁར་ཐོབ་བྱ་ཟླ་ཕོགས་གཅིག་པུ་ཡིན་པའི་བཟོ་བལྟ་ཐོན་བཞིན་པ་ནི་མི་རིགས་སྤྱིའི་གྱོང་གུན་ཆེ་ཤོས་ཤིག་གོ །
    རབ་བྱུང་ན་འདིའི་སྐོར་ལ་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པར་ཤེས་རིག་ལས་ཁུངས་ཀྱིས་བཀོད་སྒྲིག་འོག་ས་ཁུལ་སོ་སོའི་སློབ་ཁྲིད་བྱེད་སྟངས་ལ་ཟུར་ཉན་བྱེད་པ་སོགས་ཞིབ་བསྡུར་ནན་པོ་བྱེད་དགོས་ཀྱང༌། ང་ཚོ་རང་ས་ནས་གཞན་སར་སྤྱུགས་པའི་ཡུལ་གྱར་བ་ཡིན་ཐོག་བཙན་བྱོལ་བའི་མིང་བྱང་གཡར་པོ་འདིའི་འོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ནའང་གཅིག་འདུས་ཀྱི་གོ་སྐབས་མ་རེག་པར་ཡུལ་ལུང་གང་སར་ཁྱབ་པའི་གནས་བབ་སོགས་ཀྱི་དབང་གིས་ལས་དོན་དེ་འགྲུབ་དཀའ་བར་གྱུར་ཡོད་སྲིད་ཀྱང༌། དབུས་གཞུང་གིས་བཀོད་མངགས་ཀྱིས་སློབ་གྲྭ་གང་རུང་གི་སློབ་སྤྱིའམ་གཙོ་བདག་རྣམས་ཀྱིས་ཞིབ་བསྡུར་ཚོགས་ཆུང་བཙུགས་ཏེ་རང་ཉིད་ཀྱང་དེའི་ཁྲོད་དུ་དངོས་ཞུགས་ཀྱིས་དགེ་རྒན་ཚོས་གྲ་སྒྲིག་བྱས་པའི་སྤུས་ཚད་ལ་གཟིགས་ཏེ་ཁྲིད་རུང་ལ་ཆོག་མཆན་དང་ཁྲིད་མི་རུང་བར་ཁ་གསབ་ཀྱིས་གཏན་འབེབས་བྱས་ན་སྤྱིའི་སློབ་གསོའི་ངོ་བོ་མཐོར་འདེགས་དང་སློབ་མའི་སློབ་སྦྱོང་གི་སྤུས་ཚད་ཀྱང་ཡར་རྒྱས་ཤུགས་ཆེན་འགྲོ་ངེས། འོན་ཀྱང༌། བཙན་བྱོལ་ཁྲོད་ཀྱི་སློབ་སྤྱི་དག་ལའང་བོད་དབྱིན་ཆ་སྙོམས་ཀྱི་ཚད་གཞི་ལྡན་མཁན་དཀོན་པ་འདི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མིན་ཡང་གཤགས་བཅོས་བྱེད་རྒྱུའི་བསམ་ཕྱོགས་ཙམ་ཡང་མཐོང་ཐོས་སུ་མ་གྱུར་བ་ནི་དངོས་ནས་རིག་གཞུང་ལ་ཤ་ཞེན་ཆེ་བ་ཞིག་ལ་མཚོན་ན་བློ་ཕམ་སྐྱེ་དགོས་པ་ཞིག་ཅིས་མ་ཡིན།
    དགེ་རྒན་ཚོའི་གཉེར་བྱ་གཙོ་བོ་སློབ་མ་ཤེས་ཡོན་ཡར་རྒྱས་ཕྱོགས་སུ་འབད་རྒྱུ་དང་རྒྱལ་ཁབ་དང་མི་རིགས་རིག་གཞུང་གི་ངོ་བོ་བརྟན་སྲུང་ཕྱོགས་སུ་འབད་རྒྱུ་དེ་ཡིན་པ་སེམས་ལ་དམ་འཛིན་སྒོས་སློབ་ཚན་གྲ་སྒྲིག་ལའང་དོན་ཚན་འདི་དག་ཚང་དགོས་པར་བསམ། ༡) སློབ་ཁྲིད་སྔོན་མའི་བརྗོད་གཞི་མདོར་བསྡུས་བསྐྱར་བཤད། ༢) སློབ་མ་རེ་ཟུང་ལ་ཁྲིད་ཟིན་སློབ་ཚན་ལས་དྲི་བ་འདོན་པ། ༣) སློབ་ཚན་གསར་པ་འགོ་འཛུགས། ༤) ཁ་བྱང་གི་འགྲེལ། ༥) ཚིག་གསར་འབྲུ་འགྲེལ། ༦) སྤྱི་དོན་དང་རྒྱབ་ལྗོངས་འགྲེལ་བཤད། ༧) དུམ་མཚམས་སོ་སོའི་བརྗོད་བྱ་གནད་བསྡུས། ༨) སློབ་ཚན་མཇུག་བསྡོམས། ༩) ནང་སྦྱོང་སྤྲོད་པ། ༡༠) ནང་སྦྱོང་གི་གནས་རིམ་དང་འབྲེལ་སྔོན་མར་སློབ་ཕྲུག་མང་ཤོས་ནོར་རིགས་ལ་འགྲེལ་བརྗོད་བྱེད་པ། ༡༡) མི་རིགས་ཀྱི་གནས་བབ་དང་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་རྒྱག་པ་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་དར་སྤེལ་བྱེད་ཐབས་བཅས་གྲ་སྒྲིག་འཐུས་ཚང་བྱེད་དགོས།
    འདི་ལྟར་གྲ་སྒྲིག་མ་བྱས་ན་གྲ་སྒྲིག་མེད་པར་དཔུང་འཇུག་བྱས་པ་དང་གཉིས་སུ་མེད།  གོ་རིམ་ཕྱེས་ཏེ་གྲ་སྒྲིག་བྱེད་དགོས་དོན་ཡང་གྲ་སྒྲིག་གི་རིམ་པ་ཆ་ཚང་བར་འགྱུར་ཐུབ་པ་དང༌། དེ་ལྟར་སློབ་མ་ཚོའི་རྒྱུད་ལ་ཡང་སྦྱོར་ཐུབ་ཐབས་ཀྱི་ཁྱད་ཆོས་ལྡན། ཇི་ལྟར་ཞེ་ན། གོང་གི་དོན་ཚན་དང་པོ་ནི་སློབ་མ་ཚོའི་རྒྱུད་དུ་གསལ་འདེབས་བྱེད་པ་ཡིན་པས་སེམས་ལ་ངེས་པའི་ཁྱད་ཆོས་ལྡན། གཉིས་པ་ནི་སློབ་མ་ཚོས་རྒྱུན་དུ་ཆུ་ཚོད་དམ་འཛིན་སྒོས་བསྐྱར་སྦྱོང་དང་དོ་སྣང་བྱེད་རྒྱུར་ཕན། གསུམ་པ་དང་བཞི་པ། ལྔ་པ་དང་དྲུག་པ། བདུན་པ་བཅས་ནི་སློབ་ཚན་གང་ཞིག་བརྒྱུད་རིམ་ཆ་ཚང་རྟོགས་སླད་ཉིན་རེའི་འཆར་གཞི་འགོད་བདེ་བ་དང་སློབ་ཚན་གྱི་སྔ་ཕྱིའི་བརྒྱུད་རིམ་མ་ལུས་ཁྲིད་ཐུབ་པ་དང༌། སློབ་མ་ཚོས་ཞིབ་བསམ་གཏོང་རྒྱུར་ཕན་ཐོགས་ཡོད། བརྒྱད་པ་ནི་ལས་ཀ་གང་ཞིག་ཡིན་རུང་ལས་བསྡོམས་མ་ཚང་ན་མི་འགྲིག་པས་འདིར་ཡང་སྣང་ཆུང་བྱེད་མི་རུང་ལ་སློབ་མ་ཚོས་བསྐྱར་བསམ་གཏོང་སྐབས་ཀྱི་རམ་འདེགས་སུ་ངེས་པར་འགྱུར་ཐུབ། དགུ་པ་འདི་སློབ་གཉེར་བ་ཚོའི་ནུས་པ་གཙོ་བོ་འདོན་ཡུལ་དང༌། ཁྲིད་ཟིན་སློབ་ཚན་ཤེས་ཡོད་མེད་ཀྱི་དབྱེ་མཚམས་འབྱེད་བྱེད་དང་ཉིན་རེའི་སློབ་སྦྱོང་ཡར་རྒྱས་སུ་གཏོང་ཐབས་གཙོ་གྲས་ཡིན། བཅུ་གཅིག་པ་འདི་ནི་དུས་ཚོད་དང་སྐབས་བསྟུན་སྒྲུབ་རྒྱུའི་འོས་བབ་ཞིག་ལས། ཉིན་རེའི་སློབ་ཚན་ཁྲོད་ངེས་པར་འཇོག་དགོས་པ་ཞིག་ཏུ་མ་མཐོང་མོད། འོན་ཀྱང༌། དགེ་རྒན་ལ་ལས་ཟླ་མཇུག་ལོ་མཐུད་ཀྱིས་སྣང་མེད་དུ་བཞག་འདུག་པ་ནི་རང་འགན་དང་ལེན་མ་བྱས་པའི་ནོར་འཁྲུལ་ཆེ་ཤོས་ཤིག་ཏུ་འཁུམས། འདི་ནི་ཧ་ཅང་གནད་འགག་ཆེ་བ་ཞིག་སྟེ། རིག་གཞུང་སློབ་གཉེར་བྱེད་པ་ཙམ་མ་ཡིན་པར་དེ་ལ་ཤ་ཚ་སྙིང་ཞེན་གྱིས་བདག་པོ་རྒྱག་རྒྱུ་དང༌། མི་རིགས་སྤྱིའི་གནས་བབ་དང་འབྲེལ་བའི་བྱ་གཞག་ཅིག་ཡིན་སྟབས་སློབ་མ་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་རྒྱུད་འབྱམས་སུ་འགྲོ་ཐབས་དང་མང་གཙོ་སོགས་དུས་མཐུན་བླང་བྱར་གྱུར་རིགས་ད་ལྟའི་ཛ་དྲག་གི་དུས་སྐབས་དང་མཐུན་པའི་གལ་ཆེན་རང་བཞིན་གྱི་མི་སྣར་གསོ་སྐྱོང་བྱེད་ཐབས་སུ་གྱུར་ཡོད། སློབ་མ་དག་ནི་མ་འོངས་མི་རིགས་ཀྱི་སོན་རྩ་ཡིན་པ་བྱིངས་ཀྱིས་སྨྲ་བཞིན་པ་ལྟར་རེད། ྋགོང་ས་མཆོག་གིས། “དགེ་རྒན་གྱི་ངོས་ནས་ཕྲུ་གུ་ཚོར་སློབ་ཚན་ངོ་སྤྲོད་ཐུབ་ཙམ་མ་ཡིན་པར། ཕྲུ་གུ་དེའི་བསམ་བློའི་ནང་ལ་ལྷག་བསམ་དང༌། བྱམས་བརྩེ་ལྡན་པའི་ལྷག་བསམ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་དགེ་རྒན་ཚོའི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་ངོ་སྤྲོད་བྱེད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་འདུག” ཅེས་གསུངས་པ་ལྟར་བཙན་བྱོལ་ཁྲོད་ཀྱི་སློབ་མ་མང་ཆེ་བ་ཕ་མ་དང་བྲལ་ཏེ་གནས་ཡོད་པ་ཤ་སྟག་ཡིན་སྟབས་འདི་ཕྱོགས་ཀྱི་དགེ་རྒན་ཚོར་ཕ་མ་དང་དགེ་རྒན་གཉིས་ཀྱི་འགན་གཞན་དང་མི་མཚུངས་པ་ཞིག་ཡོད། ད་དུང་གོང་གི་དོན་ཚན་ཁྲོད་དམིགས་བཀར་གྱིས་མ་བཞག་པ་ནི་འཛིན་གྲྭ་འཚོགས་རིང་སློབ་མ་ཚོར་ཉོབ་སྣང་ཤར་བཞིན་པའི་སྐབས་ཁ་མཚར་སོགས་བྱེད་ཐབས་འདྲ་མིན་སྤྱད་དེ་རང་ཉིད་སློབ་མ་ཚོའི་མདུན་དུ་ཡིད་དབང་འཕྲོག་ནུས་པའི་སྒྱུ་རྩལ་པ་དངོས་མ་ཞིག་བྱེད་ཅི་ནུས་ལ་འབད་དགོས། མདོར་ན་ལོ་འཁོར་ལས་བསྡོམས་ཀྱི་སྐབས་སུ་སློབ་གྲྭ་སོ་སོའི་འགན་འཛིན་རྣམས་གཅིག་ཏུ་བསྡུས་ཏེ་དགེ་རྒན་དག་གིས་སློབ་ཁྲིད་གྲ་སྒྲིག་བྱས་པའི་ཟིན་ཐོ་དང་སློབ་མ་ཚོའི་སློབ་སྦྱོང་གི་ཆུ་ཚད་ཡར་རྒྱས་ལ་དཔག་པའི་བྱ་དགའ་སྤྲོད་པའམ་ཕོགས་རིམ་ཇེ་མཐོར་གཏོང་བ་སོགས་སློབ་གསོའི་བྱ་རིམ་ཡར་རྒྱས་ལ་སྨན་ངེས་ཀྱི་ལས་འགུལ་སྤེལ་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།།

གཉིས་པ། སློབ་ཚན་དབུ་འཛུགས་སྐོར།

    དང་པོ་དགེ་རྒན་འཛིན་ཁང་དུ་འཛུལ་དུས་ཆུ་ཚོད་དམ་འཛིན་གྱིས་འགྲོ་དགོས་པ་དང༌། གལ་ཏེ་སྔོན་རྗེས་གང་རུང་ལ་འཛིན་ཁང་ནང་དུ་འཛུལ་ཚེ་སློབ་མ་ཚོ་ཡང་ངན་གོམས་སུ་སོང་སྟེ་ནམ་རྒྱུན་དུས་ཚོད་དམ་འཛིན་བྱེད་ཕྱོགས་ཐད་གནོད་སྐྱོན་ཐེབས་ངེས་སྟབས། ཐོག་མ་ནས་དགེ་རྒན་གྱིས་རང་གི་སྒྲིག་ལམ་རྣམས་ཚུལ་བཞིན་སྲུང་གལ་ཆེ། སྒྲིག་ལམ་ཚུལ་བཞིན་སྲུང་མི་ཐུབ་པའི་དགེ་རྒན་ཞིག་ལ་སློབ་མ་ཡང་དེ་ལྟ་བུ་ཞིག་འབྱུང་རྒྱུ་ལས་གཞན་མེད་པས་གཟབ་བྱ་དང༌། དེ་ལྟར་འཛིན་ཁང་ནང་དུ་འཛུལ་ཏེ་སློབ་མ་ཚོར་ཞིབ་ལྟ་བྱས་ཏེ་འཛོམས་ཡོད་མེད་ལ་བརྟག་དགོས་པ་དང༌། ཡང་ན་སློབ་མ་ཚོའི་ཁྲོད་རྒན་བདག་ལ་མིང་ཐོ་འགོད་རྒྱུའི་འོས་འགན་སྤྲོད་རྒྱུ་ལས། དགེ་རྒན་གྱིས་སློབ་མ་རེ་རེའི་མིང་ཐོ་བོས་བསྡད་ན་དུས་ཚོད་ཆུད་ཟོས་ཀྱི་རྒྱུ་ཡིན་པར་སྙམ།
    དེ་ནས་ཁྲིད་བྱའི་སློབ་ཚན་གྱི་ཁ་བྱང་ནག་པང་སྟེང་བཀོད་རྗེས་གཟབ་ནན་དང༌། བསྒམ་བརླིང་ལྡན་པའི་སྒོ་ནས་སློབ་མ་ཚོའི་བློ་རིག་གཅིག་ཏུ་བསྡུ་ཐབས་ལ་འབད་དགོས་ཤིང༌། སློབ་མའི་དོ་སྣང་གི་ཕྱོགས་སུ་ཆེད་དམིགས་དུས་ཚོད་དམ་འཛིན་གྱིས་གྲ་སྒྲིག་གི་གོ་རིམ་ལྟར་སློབ་ཁྲིད་དངོས་གཞིར་མ་ཞུགས་གོང༌། ཁ་སང་གི་སློབ་ཚན་ཁྲོད་ནས་དྲི་བ་རེ་ཟུང་སློབ་མ་སྤྱི་ཡོངས་ལ་དྲིས་ཏེ་ཕྱིས་སུ་མི་གང་རུང་གི་མིང་ནས་བོས་ཏེ་དྲིན་ལན་འདེབས་སུ་འཇུག་དགོས་ཤིང༌། གལ་ཏེ་དང་པོ་ནས་དྲི་བ་འདྲི་ཡུལ་གྱི་མིང་གིས་བོས་ན་ཀུན་གྱིས་དོ་སྣང་མི་བྱེད་པས་འདི་ཉིད་གལ་གནད་ཆེ་བར་བཤད།

གསུམ་པ། སློབ་ཁྲིད་དངོས་གཞིའི་སྐོར།

    ད་ནི་དངོས་གཞིའི་སློབ་ཁྲིད་ཀྱི་སྐབས་སུ་སླེབས་ཡོད་པས་གཟབ་ནན་སྒོས་གོང་དུ་ནང་པང་སྟེང་བྲིས་ཡོད་པའི་ཁ་བྱང་ལ་འགྲེལ་བཤད་དང་སློབ་ཚན་གྱི་སྤྱི་ཁོག་རོབ་ཙམ་ཞིག་བཤད་རྗེས། རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་མཚམས་སྦྱོར་དང༌། སློབ་ཚན་གྱི་དབུ་ནས་ཀློག་ཞོར་མིང་ཚིག་རེ་རེ་བཞིན་གསེད་བཀྲོལ་དང༌། བརྗོད་བྱའི་གཙོ་གནད། ཚིག་གི་སྡེབ་སྦྱོར་དང༌། ཚིག་ཕྲད་ཐོབ་ཐང་སོགས་ཆད་ལྷག་མེད་པ་འགྲེལ་བཤད་བྱས་ཏེ། ཞོར་དུ་ཚིག་གསར་རིགས་ཀྱི་འགྲེལ་བཤད་ནག་པང་ངོས་སུ་འབྲི་ཐུབ་ན་སློབ་མས་ཟིན་བྲིས་སུ་འདེབས་སྐབས་སྟབས་བདེར་འགྱུར་ཐུབ། སྐབས་དོན་དང་འབྲེལ་བའི་འཕྲོས་བཤད་བྱེད་དགོས་པ་རེ་མཐོང་ན་དེ་ལྟར་འཕྲོས་བཤད་བྱས་ན་བཟང་མོད། འོན་ཀྱང་དགེ་རྒན་ལ་ལས་འཕྲོས་བཤད་སྐབས་སྔོན་གྱི་འཕྲོས་ཡུལ་དུ་ཕྱིར་མི་འབབ་པར་བརྗོད་བྱར་འབྲེལ་མེད་ཀྱི་སྒང་ལ་ཕྱོགས་འགྲོ་བས་འཕྲོས་གཞིའི་སྟེང་ཕྱིར་འབབ་ཐུབ་པར་བྱེད་རྒྱུ་ནི་བདག་གཉེར་གྱི་གཙོ་བོ་ཡིན། སློབ་མ་གང་ཞིག་གིས་རྣམ་གཡེང་བྱེད་བཞིན་པ་མཐོང་ཚེ་སྐབས་བསྟུན་དྲི་བ་འདྲི་བ་འམ་ཁྲིད་མཚམས་ངོས་འཛིན་བྱེད་དུ་འཇུག་པ་སོགས་ཐབས་ལམ་འདྲ་མིན་ཁྲོད་སློབ་མ་རྣམས་གྲུང་ཤ་དོད་པོར་བྱེད་དགོས། དེ་ལྟར་དགེ་རྒན་གྱིས་གྲུང་ཉམས་ལྡན་པའི་སྒོ་ནས་སློབ་ཁྲིད་ལ་བདག་གཉེར་དང༌། སློབ་མར་སེམས་འགུལ་ཐེབས་ཐུབ་པའི་སློབ་ཁྲིད་བྱེད་ཐུབ་ན་“རྡོ་ཁབ་ལེན་གྱི་ངོས་སུ་ལྕགས་འབྱར་བ་ལྟར་”སློབ་མ་རྣམས་ཀྱི་རྣམ་རིག་གཅིག་ཏུ་བསྡུ་ཐུབ་པས་མཐའ་མའི་གྲུབ་འབྲས་ཕྱོགས་སུ་བསྐྱོད་རྒྱུར་ཕན་ནུས་རྒྱ་ཆེན་འབྱུང༌།
    དེ་ལས་ལྡོག་ཏེ་དགེ་རྒན་ལ་ཉོབ་སྣང་ཅི་ཙམ་ཤར་ན་དེ་ལྟར་སློབ་མ་ཚོར་ཡང་ཉོབ་སྣང་ཤར་ངེས། དགེ་རྒན་འཛིན་ཁང་གི་གྲལ་འགོ་ནས་སྐུབ་སྟེགས་སྟེང་བསྡད་དེ་སློབ་ཁྲིད་བྱེད་སྐབས་མིག་ཟུང་རང་མདུན་གྱི་དཔེ་ཆ་གཅིག་པུའི་སྟེང་འཁོར་བསྡད་ན་སློབ་མ་ཚོར་གཉིད་འབབ་པ་དང༌། རྣམ་གཡེང་ལ་ཞུགས་པ། རྩེད་མོ་རྩེ་བ་སོགས་ངན་རིགས་འདྲ་མིན་རྒྱུད་འཇགས་ཀྱིས་རིམ་པས་ངན་ཤུགས་ཐེབས་སླ་བས་སློབ་ཁྲིད་སྐབས་དགེ་རྒན་ལངས་ཏེ་ཁྲིད་པའམ་ཡང་ན་གྲལ་བར་ནས་དལ་ལྷོད་རན་པའི་ངང་ཡར་འགྲོ་མར་འགྲོ་བྱེད་ཞོར་དང་སློབ་མ་ཚོའི་རྣམ་འགྱུར་ལ་ཡང་བརྟག་ཞོར། སློབ་ཁྲིད་བྱས་ན་དགེ་སློབ་ཚང་མ་གྲུང་ཉམས་དང་བཅས་སློབ་ཁྲིད་ལ་འཇུག་ཐུབ། ཆོས་དགེ་ཚོར་གཞུང་གི་དགོངས་དོན་བཞིན་གནའ་ནས་དར་བའི་ཁྲིད་སྟངས་ཤིག་ཡོད་པ་རྣམས་འདིར་གསལ་བཤད་བྱེད་དགོས་པ་མ་མཐོང༌། སྐབས་བསྟུན་གོ་བརྡ་འཕྲོད་ཀྱི་ཡོད་མེད་སློབ་མ་ཚོར་དྲི་བ་འདྲི་ཞོར་དཔེ་འཇོག་འདྲ་མིན་སྤྱད་ནས་གོ་བརྡ་འཕྲོད་ཐུབ་དགོས་པ་ཡིན། འདི་ནི་ངེས་གཟབ་དགོས་པའི་གནད་ཀ་དང་སློབ་མ་ཡར་རྒྱས་སུ་འགྲོ་མིན་སློབ་ཁྲིད་དངོས་གཞིའི་སྐབས་དགེ་སློབ་གཉིས་ཀྱིས་དོ་སྣང་སྤྲད་མ་སྤྲད་ལ་ཐུག་ཡོད་པས་དགེ་རྒན་གྱིས་སོ་སོའི་ཉམས་མྱོང་དང་མིག་དཔེ་ཡར་འདྲེན་གྱིས་སློབ་སྦྱོང་ཡར་རྒྱས་ཕྱོགས་སུ་སྨིན་པའི་བྱ་ལས་རྣམས་རྩལ་འདོན་བྱེད་དགོས། དངོས་གཞིའི་སྐབས་ནི་དུས་ཚོད་མང་ཤོས་བཀོལ་ཡུལ་ཡིན་ཡང༌། དུས་ཚོད་དམ་འཛིན་གྱིས་ནང་སྦྱོང་སྤྲོད་པ་སོགས་ཀྱི་ཁོམ་ལོངས་ཡོད་པར་མ་བྱས་ཚེ་ཆུ་ཚོད་སླེབས་ཀྱང་རང་གི་འཆར་གཞི་མ་འགྲུབ་པར་དམིགས་ནས་དུས་ལྟར་འཛིན་གྲྭ་མ་གྲོལ་བར་བསྡད་ན་སློབ་གསེང་གི་ཆུ་ཚོད་མི་རེག་ཅིང༌། སློབ་གསེང་གི་ཆུ་ཚོད་མ་རེག་ན་སློབ་ཐུན་རྗེས་མའི་སྐབས་ཀྱི་སློབ་མ་ཚོའི་དོ་སྣང་ལ་གནོད་གཞིར་འགྱུར་ཉེན་ཡོད། རང་གི་ལས་དོན་ཁྲལ་ལྟར་སྣང་སྟེ་སློབ་ཁྲིད་ལ་ཞུགས་ཚེ་འབྲས་བུ་མངོན་གསལ་ཅན་ཞིག་འབྱུང་མི་ཐུབ་པ་ཡང་མཁྱེན་ཆུབ་ལྟར་ཕྱོགས་གང་ཅིའི་ཐད་གཟབ་ནན་དང་བཅས་རང་འགན་དང་ལེན་བྱེད་དགོས་པ་ཡང་གནད་དམ་པའོ།།

གསུམ་པ། མཇུག་བསྡུ་དང་ནང་སྦྱོང་སྤྲོད་སྟངས་སྐོར།

    དངོས་གཞིའི་སློབ་ཁྲིད་ཀྱི་ཆུ་ཚོད་རྫོགས་ལ་ཉེ་དུས་ཁྲིད་ཟིན་པའི་སློབ་ཚན་གྱི་སྙིང་དོན་རྣམས་མདོར་བསྡུས་ཤིག་བཤད་རྗེས་མཇུག་བསྡོམས་བྱེད་དགོས། ལ་ལས་ཁྲིད་ཐེངས་རེ་རེར་མཇུག་བསྡོམས་མི་བྱེད་པར་སློབ་ཚན་རེ་རེར་མཇུག་བསྡོམས་རྒྱག་སྟངས་ཤིག་ཀྱང་འདུག་མོད། ཁྲིད་ཐེངས་རེ་རེའི་མཚམས་སུ་མཇུག་བསྡུའི་རིམ་པ་འདི་འཆར་ཅན་ལྟར་བཞག་ན་སློབ་མ་ཚོར་ངེས་ཆ་ལྡན་པར་ཕན་ཐོགས་ཡོད་པ་མནོ་བསམ་བསྐྱར་མ་གཏོང་དུས་གོ་རིམ་ངེས་ཅན་རྙེད་ཐུབ་པ། རང་སྦྱོང་སྐབས་ཀྱང་དགེ་རྒན་གྱི་གང་ཁྲིད་པ་རྣམས་བློ་ངོར་འཆར་ཐུབ་པ་ཡིན། མཇུག་བསྡུའི་རིན་པ་ཚར་རྗེས་ཀྱི་ནང་སྦྱོང་སྤྲོད་དུས་ཀྱང་མང་ཉུང་རན་པ། གནད་འགག་ཆེ་བ། བསམ་བློ་གཏོང་དགོས་པ་དང༌། ནང་སྦྱོང་མང་དྲགས་ན་དགེ་རྒན་གཞན་གྱིས་སློབ་ཚན་གཞན་པའི་ནང་སྦྱོང་ཡང་སྤྲོད་ཀྱི་ཡོད་སྟབས་སློབ་མར་ཆུ་ཚོད་ཀྱི་མི་འདང་བ་ཡང་སྲིད། ནང་སྦྱོང་སྤྲོད་པ་འདི་གཤར་སྦྱངས་ནུས་པ་ཅན་ཞིག་ཡིན་སྟབས་འཆར་ཅན་ཉི་མ་རེ་རེ་བཞིན་དགེ་སློབ་གཉིས་ཀྱིས་འབད་དགོས། དགེ་རྒན་འགའ་ཤས་ཀྱི་ནང་སྦྱོང་མང་པོར་བལྟ་རྒྱུར་འོ་བརྒྱལ་དུ་སེམས་ནས་མི་སྤྲོད་ཀྱང༌། དེ་ནི་སློབ་མར་ཤ་ཚ་ཡོད་མེད་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས་མིང་དོན་གཉིས་མཐུན་གྱི་དགེ་རྒན་ཞིག་བྱེད་འདོད་ན་རང་གི་དཀའ་ངལ་ཆུང་ཙག་རྣམས་འདོར་ཐབས་བྱེད་དགོས། རང་སྦྱོང་ལ་བལྟ་དུས་ཀྱང་ནན་པོར་བལྟས་ཏེ་སློབ་མ་མང་ཤོས་ནོར་བའི་རིགས་དང་རེ་ཟུང་ནོར་བའི་རིགས་གཉིས་ཕྱེས་ཏེ་སྤྱི་ཡོངས་ནོར་བའི་རིགས་ལ་དགེ་རྒན་གྱིས་ཁྲིད་དུས་གོ་བརྡ་མ་འཕྲོད་པར་ཡང་སྲིད་པས་དེ་ལྟར་ཐུགས་བསམ་བསྐྱར་བཞེས་ཀྱིས་སློབ་ཐུན་རྗེས་མའི་སྐབས་འགྲེལ་བཤད་བྱེད་དགོས་པ་དང༌། རེ་ཟུང་ནོར་བའི་རིགས་ལ་སློབ་མ་སོ་སོའི་འབྲི་དེབ་ངོས་སུ་ནོར་བཅོས་བྱས་ཏེ་གསལ་བཤད་བྱེད་པའམ་སློབ་མ་དེ་ཉིད་ལ་ཟུར་དུ་གསལ་པོ་གོ་བརྡ་སྤྲོད་ཐུབ་ན་གཟེངས་སུ་ཐོན་པའི་ནུས་ཤུགས་སླེབས་ཐུབ་བོ།།

བཞི་པ། ཞར་བྱུང་ཚན་པ་གསུམ།

(༡) བསླབ་བྱའི་སྐོར།
    སློབ་མ་རྣམས་ཡར་རྒྱས་སུ་འགྲོ་བར་རམ་འདེགས་བྱེད་མཁན་གཙོ་བོ་ནི་དགེ་རྒན་ཡིན་པ་གོང་ནས་རིམ་ཅན་སྨོས་ཟིན་པ་ལྟར་ཡིན་ལ། ལྷག་པར་དགེ་རྒན་གྱི་རྩ་བའི་འོས་འགན་དང་ལངས་ཕྱོགས་སྐོར་སྣ་འཛོམས་ཤེས་ཡོན་ར་བའི་འགྲན་རྩོམ་ཕྱོགས་བསྒྲིགས་མདུན་བསྐྱོད་ཀྱི་གོམ་སྒྲ་ཞེས་པའི་ཁྲོད་དུ་ཁོ་བོས་གསལ་བརྗོད་བྱས་ཡོད་པས་ཁོམ་ལོངས་ཡོད་ན་དེར་གཟིགས་པར་ཞུ།
    ྋགོང་ས་མཆོག་གིས། “དགེ་རྒན་ཚོས་རྣམ་ཀུན་སོ་སོས་སློབ་ཁྲིད་བྱ་ཡུལ་འཛིན་གྲྭའི་ནང་གི་ཕྲུ་གུ་དེ་ཚོར་སྐབས་བབ་ཤེས་ཡོན་གྱི་སློབ་ཚན་ཁྲིད་པ་ཙམ་དུ་མ་ཟད། རྩ་བའི་ཕྲུ་གུ་དེ་དག་ཉིན་རེ་བཞིན་ལྷག་བསམ་ལྡན་པའི་མི་བཟང་པོ་ཞིག་དང༌། ཡ་རབས་སྤྱོད་བཟང་ཅན་གྱི་མི་སྣ་ཞིག་ཡོང་བར་བྱེད་རྒྱུ་འདི་ངའི་དུས་རྒྱུན་གཏན་གྱི་ལས་འགན་གཙོ་བོ་ཡིན་བསམ་པའི་ཐོག་ནས་རྒྱུན་དུ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཉིན་རེའི་འཛིན་གྲྭའི་ནང་གི་ཕྲུ་གུ་ཚོའི་བསམ་བློའི་ནང་ཡ་རབས་སྤྱོད་བཟང་གི་བག་ཆགས་གསལ་ཐུབ་པ་ཞིག་དགོས།” ཞེས་གསུངས་པ་ལྟར་སྐབས་མཐུན་སློབ་གསོའི་རིམ་པ་དང་རང་གི་གོ་བབ་ལ་མཐོང་ཆུང་རྩ་བ་ནས་མི་བྱེད་པར་མི་རྒྱང་རིང་གཟིགས་བྱེད་དགོས་ཤིང༌། ལྷག་པར་བོད་མི་རིགས་ལ་གོད་ཆག་ཐེབས་པའི་ཛ་དྲག་གི་གནས་སྐབས་འདིར་སྐྱེས་པའི་མི་རབས་ཤིག་ཡིན་སྟབས་དུས་རབས་དང་མཐུན་པའི་ལངས་ཕྱོགས་བཟུང་སྟེ་མི་རིགས་དང་འཚམས་པའི་བླང་དོར་གྱི་རིགས་སྦས་གསང་མེད་པར་སློབ་མ་ཚོར་བཤད་ན་དུས་མཐུན་གནས་བབ་དང་བྱམས་བརྩེའི་ནུས་ཤུགས་ལྡན་པའི་བསམ་བློའི་སློབ་གསོ་སོགས་སྤྱིར་བཏང་ཤེས་བྱ་འབོར་ཆེན་མཁོ་སྤྲོད་བྱེད་ཐུབ། ནམ་ཡང་ཤ་ཚ་སྙིང་ཞེན་སྒོས་སློབ་གསོ་འདྲ་མིན་རྒྱག་ཐུབ་ན་དགེ་སློབ་ཟུང་གི་འབྲེལ་བ་དམ་ཟབ་ཏུ་འགྲོ་རྒྱུ་དང་སློབ་མ་ཚོ་དུས་མཐུན་གྱི་མི་སྣར་འགྱུར་རྒྱུར་ཕན། སློབ་གསོའི་རིམ་པ་འདི་ཟླ་བ་གཅིག་གམ་བདུན་ཕྲག་རེ་རེའི་མཚམས་སུ་སྐར་མ་འགའི་རིང་རྟག་ཏུ་རྒྱག་ཐུབ་ན་སྤྱི་ཡོངས་སློབ་མའི་སེམས་ཤུགས་དང་སྤྱོད་སྟངས་སོགས་ལ་ཕན་ནུས་ཆེན་པོ་འབྱུུང་ཐུབ། འདིའི་སྐབས་སློབ་མ་ཚོར་ནོར་འཁྲུལ་ཆེ་ཆུང་ཅི་རིགས་འབྱུང་བཞིན་པར་ལམ་ཕྱོགས་བཟང་འཁྲིད་དང་དུས་དང་རྣམ་པ་ཀུན་ཏུ་སློབ་མ་ཚོའི་སྤྱོད་ལམ་གཞན་གྱི་མིག་དཔེར་འགྱུར་ཐུབ་པ་ཞིག་ཏུ་འབད་བརྩོན་བྱས་ནས་དགེ་སློབ་བར་གྱི་འབྲེལ་བ་དམ་ཟབ་ཏུ་འགྲོ་ཐུབ་པར་བྱེད་དགོས། དགེ་སློབ་ཟུང་གི་འབྲེལ་བ་དམ་ཟབ་ཏུ་མ་སོང་ཚེ་མི་རིགས་སྤྱི་དོན་དང༌། སྐབས་ཐོག་དེའི་སློབ་མ་རྣམས་ལ་གྱོང་གུན་ཆེ་བ་མ་ཟད། དགེ་རྒན་དེར་སྤྱི་ཚོགས་ཀྱིས་རང་བཞིན་དུ་སྤྲོད་པའི་ཆེ་མཐོང་བརླག་རྒྱུའི་ཉེན་ཁ་ཆེ། སྤྱི་ཚོགས་ཀྱིས་ཆེ་མཐོང་བརླགས་པའི་མི་སྣ་དེས་སྤྱི་ཚོགས་དེ་འབྲེལ་གྱི་ལས་དོན་ལ་ཕན་ནུས་མི་ཐོན་པ་ཚད་མར་གྲུབ་ཡོད། འདིའི་སྐབས་སུ་འཁྲིད་བྱའི་སློབ་ཚན་སློབ་མ་ཚོའི་སློབ་སྦྱོང་གི་རྨང་གཞི་དང་མཐུན་དགོས་ཤིང་དགེ་རྒན་གྱིས་ཁྲིད་ཐབས་སློབ་མ་ཚོའི་བློ་དང་འཚམས་མིན་དང་ཕན་ཐོགས་འབྱུང་གི་ཡོད་མེད་ཞིབ་དཔྱོད་བྱེད་རྒྱུ་ཧ་ཅང་གལ་ཆེ། བློ་དང་མི་འཚམ་ན་དེ་ལྟར་ཐབས་ལམ་གཞན་བཙལ་རྒྱུ་ཡང་སྐབས་བསྟུན་གྱི་དགོས་མཁོ་གཙོ་བོར་འཛིན་དགོས་སོ།།
(༢) ནག་པང་བེད་སྤྱོད་བྱེད་སྟངས།
    དགེ་རྒན་གྱིས་དང་པོ་ནས་ནག་པང་ཁག་བགོས་ཀྱིས་སློབ་ཚན་ཁྲོད་ཀྱི་ཚིག་གསར་འབྲི་ཡུལ། རང་བཞིན་དཔེ་མཚོན་སྣ་ཚོགས་འབྲི་ཡུལ་སོགས་གཏན་འཁེལ་བྱས་ཏེ་ནམ་རྒྱུན་དེ་ལྟར་བེད་སྤྱོད་བྱེད་གལ་ཆེ། ནག་པང་བགོ་སྟངས་ལ་ཐད་དུ་རིམ་པ་གཉིས་སུ་བགོ་བ་དང༌། ཐུར་དུ་རིམ་པ་གསུམ་དུ་བགོ་བ་སོགས་རིགས་འདྲ་མིན་འདུག་ཀྱང་གཙོ་ཆེ་བ་རིགས་འདི་གཉིས་བེད་སྤྱོད་བྱེད་པ་ཁྱབ་ཆེ། ནག་པང་གི་ངོས་སུ་ཡང་གལ་ཆེ་ཆུང་གཉིས་འབྲི་སའི་ས་མིག་རེ་རེ་བཞིན་དགོས་པ་དང༌། འདི་ནི་སློབ་མ་ཚོས་ཟིན་བྲིས་འབྲི་སྐབས་དགེ་ཕན་ཆེ། སྐབས་རེར་དགེ་རྒན་གྱི་ངོས་ནས་གལ་ཆུང་བར་བརྩིས་ཏེ་གལ་ཆུང་སའི་ངོས་སུ་བྲིས་ཀྱང་སློབ་མའི་ངོས་ནས་གལ་ཆེ་བ་རེ་ཡོད་ན་ངེས་པར་ཟིན་བྲིས་སུ་བཀོད་ཆོག །དེ་ལྟར་མ་བྱས་པར་གོ་རིམ་གང་ཡང་མེད་པར་བྲིས་ཚེ་སློབ་མ་ཚོས་ཟིན་བྲིས་སུ་འགོད་མི་ཐུབ་པ་དང་ཡིག་ཚད་སྐབས་སུ་ཡང་ནག་པང་སྒང་བྲིས་ཟིན་པ་དང༌། ཁ་ནས་བཤད་ཟིན་པའི་ཁྲོད་ནས་ཀྱང་དྲི་བ་རེ་ཟུང་བཞག་ཚེ་ནམ་རྒྱུན་སློབ་ཁྲིད་སྐབས་དོ་སྣང་བྱེད་རྒྱུར་ཕན། ནག་པང་ནག་སུབ་གཏོང་དུས་ཀྱང་སློབ་མ་ཚོར་འདྲི་དགོས་པ་ལས་གང་དྲན་བྱུང་རྒྱལ་དུ་གསུབ་ཚེ་སློབ་མ་ཚོས་ཟིན་བྲིས་སུ་འགོད་དཀའ། ཡིག་གཟུགས་ཀྱང་ཤིན་ཏུ་ནས་གཟབ་དགོས་པའི་གནད་ཀ་ཞིག་སྟེ་དགེ་རྒན་གྱི་ཡིག་གཟུགས་གང་འདྲ་ཡིན་པ་དེ་བཞིན་སློབ་མ་ཚོར་གོམས་འགྲོ་བ་མ་ཟད། དགེ་རྒན་རང་གི་གོན་པ་གྱོན་སྟངས་དང་སྐད་ཆ་བཤད་སྟངས་ཚུན་ལ་བདག་པོ་མ་རྒྱབ་པར་ངན་པ་རྒྱ་ཡན་དུ་བཏང་དྲག་ན། “དགེ་རྒན་ངན་པའི་དགེ་ཕྲུག་”ཅེས་པ་ལྟར་འགྱུར་ངེས་ཡིན།

(༣) དགེ་རྒན་ཚོར་ཕོགས་རིམ་ཚད་ལྡན་དང་ཆེ་མཐོང་སྤྲོད་དགོས་སྐོར།
    དགེ་རྒན་གྱི་ལས་དོན་འདི་རླབས་ཆེ་གང་ཞིག་ལ་དཀའ་ངལ་ཅན་གྱི་བྱ་གཞག་ཅིག་ཡིན་པའང་ཀུན་གྱིས་མཁྱེན་ཆུབ་ལྟར་རེད་མོད། འོན་ཀྱང༌། སྤྱིར་བཏང་ཕོགས་ཚད་རིམ་པའི་སྟེང་ནས་བཤད་ན་དགེ་རྒན་གྱི་ཕོགས་རིམ་ཡང་མཐོ་ཤོས་སུ་འགྲོ་དགོས་ཀྱང་བཙན་བྱོལ་བའི་གནས་བབ་གཙོར་བྱས་འགྲོ་ལུགས་ཤིག་གིས་དེ་ལྟར་ཆགས་མ་ཐུབ་པའི་ཚོར་སྣང་འབྱུང་བཞིན་འདུག །གལ་ཏེ་དགེ་རྒན་གྱི་ཕོགས་རིམ་ཇེ་མཐོར་བཏང་སྟེ་དགེ་རྒན་ཚོའི་སྤྱིར་བཏང་དཀའ་ངལ་ཆུང་རིགས་ཙམ་སེལ་ཐུབ་ན་དགེ་རྒན་དེས་སློབ་མ་སྐྱོང་རྒྱུ་ལས་ཕྱོགས་གཞན་གྱི་ལས་རིགས་འགའ་ཤས་མེད་པ་ཆགས་རྒྱུ་ཡིན་པས་བློ་གཅིག་ཏུ་ཕྱོགས་ཐུབ་པ་དང༌། གཞུང་གིས་ངོས་ནས་ཀྱང་དགེ་རྒན་ཚོར་སྟངས་འཛིན་ནན་པོ་དང་བཅས་བྱས་རྗེས་ཆེ་ཆུང་ལ་དཔག་པའི་ཕོགས་རིམ་ཆེ་སྤར་དང་ལས་གནས་གོང་སྤར་བྱེད་ཐུབ་ནའང་འབྲས་བུ་ངེས་ཅན་ཞིག་འབྱུངརྒྱུར་གདོན་མི་ཟ། སྤྱིར་བཏང་སྨྲས་ཟིན་ལྟར་བཙན་བྱོལ་བ་མང་ཆེ་བས་ཚད་བརྒལ་རང་བཞིན་གྱིས་དཔལ་འབྱོར་འཚོལ་སྒྲུབ་ལ་འབད་མུས་ཀྱང༌། དགེ་རྒན་གང་མང་ཞིག་ལ་སྤྱི་ཚོགས་ཀྱི་གདེང་འཇོག་དང་ཕོགས་རིམ་ཡང་ཚད་ལྡན་མེད་སྟབས། སེམས་ཤུགས་ཆག་བཞིན་པའི་སྣང་ཚུལ་ཡང་རིམ་ཅན་དུ་བྱུང་མྱོང་བས་འདི་དག་མི་རིགས་ཀྱི་བླང་བྱའི་ཁྲོད་གདེངས་འཇོག་ཚད་ལྡན་བྱེད་དགོས་ངེས་ན་ཀུན་གྱིས་ཞིབ་དཔྱོད་དང་ལག་ལེན་བྱེད་རྒྱུའི་རེ་བ་དང། སྤྱི་ཚོགས་བྱིངས་ནས་ཀྱང་དགེ་རྒན་ཚོ་རང་མི་རིགས་ཀྱི་བླངས་བྱ་བརྩོན་སྒྲུབ་ཀྱི་མི་སྣ་གལ་ཆེན་ཡིན་པ་ངོས་ཟིན་པར་བྱས་ཏེ་ཆེ་མཐོང་སྤྲོད་རྒྱུའི་རེ་དཔངས་ཡང་ཧ་ཅང་མཐོའོ། །

མཇུག་བསྡུ་བ།

    རང་ཉིད་སྤྱི་ཚོགས་གང་ཞིག་ཏུ་འཚོ་བ་ཡིན་ན་སྤྱི་ཚོགས་དེའི་ཁྲོད་ནས་ཉམས་མྱོང་འདྲ་མིན་འབྱུང་ངེས་པ་ལྟར། ཁོ་བོར་ཡང་ལོ་ངོ་བཅུ་གྲངས་ཤིག་ལ་བོད་ཕྱི་ནང་གཉིས་ནས་སློབ་གྲྭ་འགྲིམས་པའི་གོ་སྐབས་བྱུང་དོན་ལྟར་ཡོན་ཏན་གྱི་ཚད་གཞི་མཐོར་བསྙེགས་བྱེད་ཐུབ་མེད་ཀྱང༌། ཉམས་མྱོང་ཅུང་ཟད་ཐོབ་ཡོད་པས་ད་ཐེངས་ཀྱི་བསམ་ཚུལ་འདི་ཙམ་ཡིག་ཐོག་ཏུ་བཀོད་པ་ཡིན་ལ། གཞན་ཡང་འདི་ཕྱོགས་སུ་སློབ་གསོའི་རྩ་འཛིན་གྱི་སྐོར་ལ་ཆེད་རྩོམ་འབྲི་མཁན་ཤིན་ཏུ་དཀོན་པས་བྱ་མེད་སར་བོང་བུས་ནམ་ཚོད་ལྟར་བསམ་ཚུལ་ཕྱོགས་རེ་བ་འདི་ཉིད་རང་རེའི་སྤྱི་ཚོགས་ལ་ཕན་སེམས་ཀྱིས་བྲིས་པ་ཡིན་ཞིང༌། འདིས་སློབ་ཁྲིད་བྱེད་སྟངས་ཡོད་ཚད་མཚོན་ནུས་པ་དང་ཀུན་གྱི་བློ་ཀ་ཚིམས་པོ་ཞིག་ཡོང་ཐུབ་པའི་རེ་བ་ཧ་ཅང་ཕྲ། འོན་ཀྱང༌། སྣེ་བསྟན་ན་དཀྱིལ། ཞེས་པ་ལྟར་ཉམས་མྱོང་དང་ལྷག་བསམ་གཉིས་ལྡན་གྱི་སྙུག་ཐོགས་པ་ཚོས་འདིའི་ཕྱོགས་སུ་མནོ་བསམ་ནན་བཞེས་ཀྱིས་སླད་མར་རང་ཅག་གི་སློབ་གསོའི་འཛིན་སྐྱོང་དམ་ཟབ་དང་གོང་འཕེལ་དུ་འགྲོ་བའི་ལམ་ཁ་གཞི་རྒྱ་ཆེན་པོ་ཞིག་བསྐྲུན་ཆེད་སྨྱུག་ཁ་འདི་ཕྱོགས་སུ་འཛུགས་རྒྱུ་མི་བརྗེད་པར་བྱེད་རྒྱུ་དང༌། འདིའི་ཁྲོད་གང་ཟག་སྒེར་ལ་ཕོག་ཐུག་འགྲོ་གཞི་མེད་ཁུལ་ཡང༌། ཀློག་པ་པོ་རེ་ཟུང་ལ་ཅུང་ཟད་ཕོག་སོང་ནས་གདམས་ངག་གི་མཆོག་མཚང་ཐོག་ཏུ་ཕོགས་པ་ཡིན་ཞེས་པ་ལྟར་དེ་ནི་རྩོམ་ཡིག་འདིའི་ཁྱད་ཆོས་དང་འབྲས་བུར་བཞག་ཆོག་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང༌། རང་ནོངས་བཅོས་བསྒྱུར་གྱིས་བོད་རྒྱལ་ཁབ་ཆེན་པོ་མདུན་བསྐྱོད་ཀྱི་ལམ་ཁར་འདེད་རྒྱུའི་ཕྱོགས་ལ་བརྩོན་རྒྱུ་ནི་ཡང་བསྐྱར་ཁ་ནས་ཤོར་བའི་ཆེས་མཐར་ཐུག་གི་རེ་བའོ།། །།

    བསོད་ནམས་རྡོ་རྗེ། ད་ལྟ་ནོར་གླིང་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་ཡོད།

མདུན་ཤོག

Menu