བོད་དགེ་ཚེ་རིང་ལྷ་མོ།

    བོད་རྒྱལ་ཁབ་འདི་འཛམ་གླིང་འདིའི་སྟེང་གཞི་རྩ་ཚུགས་ནས་ད་བར་དར་རྒུད་ཀྱི་ལམ་ཕྲན་ཀྱག་ཀྱོག་དུ་མའི་བརྒྱུད་རིམ་ནང་སྐབས་རེ་རྒྱུ་སྐར་གྱི་རྒྱལ་པོ་བཞིན་དུ་མངོན་པར་འཕགས་པའི་འོད་ཟེར་ལྡན་ལ་སྐབས་རེ་རླུང་ནག་ཁྲོད་ཀྱི་མར་མེ་བཞིན་འོད་ཉམས་པའི་ཕམ་ཉེས་ཀྱི་དུས་རབས་དེ་དག་གི་ཐ་མ་སྟེ། ད་ལྟ་བའི་དུས་འདིར་རྒྱལ་ཁབ་ཀྱི་རང་ས་ཤོར་ནས་བཙན་གནོན་དང་བཙན་བྱོལ་གྱི་ལས་དབང་མྱོང་དགོས་པའི་ཆབ་སྲིད་ཀྱི་གནས་སྟངས་འདི་རླབས་རྒྱུན་དྲག་པོའི་ཁྲོད་ཀྱི་གྲུ་གཟིངས་ལྟ་བུར་གནས་པ་ནི་བོད་མིའི་ཤེས་ཡོན་གནས་སྟངས་དང་ཁ་བྲལ་ཐབས་མེད་པས་སྐེ་དང་འཇིང་པ་ལྟ་བུའི་འབྲེལ་བ་ལྡན་ཡོད། སྤྱིར་ཤེས་ཡོན་ཞེས་པ་མིའི་རིགས་ཀྱི་བསམ་བློའི་ཡོན་ཚད་མཐོ་རུ་གཏོང་བྱེད་ཀྱི་ལག་ཆ་ཞིག་ཡིན་པས་བོད་ཀྱི་ཐོག་མའི་ཤེས་ཡོན་ནི་སྒྲུང་ལྡེའུ་བོན་གསུམ་ནས་འགོ་ཚུགས་པ་ཡིན། དེ་དག་གིས་བསྐྱངས་པའི་རྒྱལ་རབས་ནང་བོད་ཀྱི་སྐད་ཡིག་གསར་གཏོད་བྱུང་བ་དང༌། སྐད་ཡིག་དེ་ལ་བརྟེན་ནས་བོད་མིའི་ཤེས་ཡོན་གནས་ཚད་གོང་མཐོང་གཏོང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་འདི་རྒྱལ་རྒྱུད་རིང་ལུགས་ཀྱི་དུས་རབས་ནས་ཤེས་ཡོན་གྱི་གཞི་ཆ་ལེགས་པར་ཚུགས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་བའི་ཀ་བ་ལྟ་བུའི་ལས་འཁུར་བླངས་ཡོད་པ་ཡིན། ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སྒྲ་སྒྱུར་ལོ་ཙཱའི་གླིང་དང་དགེ་འདུན་གྱི་སྡེ་གསར་དུ་བཙུགས་པ་སོགས་ལས་ཤེས་ཡོན་གྱི་རྨང་གཞི་དེ་དག་གྲ་རྒྱས་དང་ཁྱབ་ཚད་ཆེ་རུ་ཕྱིན་ཡོད། དེ་ལྟར་ཤེས་ཡོན་གྱི་ཁྱབ་ཚད་ཆེ་ཤོས་ནི་བོད་བསིལ་བུའི་དུས་རབས་དང་ས་སྐྱས་བོད་ལ་དབང་ལུང་བསྒྱུར་སྐབས་ནས་བཟུང་ཡིན་པར་མངོན། དེའི་དུས་ནས་བཟུང་བོད་ཀྱི་རིག་གནས་བཅུ་པོའི་སྒྲོམ་གཞི་མངོན་གསལ་ཐོག་ཐོན་ཐུབ་པ་བྱུང་ཡོད་ལ་ཤེས་ཡོན་གྱི་ཁྱབ་ཚད་ངེས་ཅན་རྒྱ་ཆེར་ཕྱིན་ཏེ་དགོན་པ་ཁག་གི་དགེ་འདུན་གྲངས་འབོར་ཆེན་པོར་དར་འཕེལ་བྱུང་ཡོད། འོན་ཀྱང་ལོ་རྒྱུས་འཕེལ་རིམ་ནང་སྐྱ་བོའི་སྤྱི་ཚོགས་ནང་ད་དུང་ཤེས་ཡོན་ལ་དེ་ཙམ་དང་འདོད་མེད་པ་མ་ཟད་གཞུང་ཞབས་ངོ་མ་ཚོར་ཡང་ཤེས་ཡོན་གནས་ཚད་ལྡང་ངེས་ཤིག་བྱུང་མེད་ཤས་ཆེ། ཕྱོགས་གཞན་ཞིག་ནས་བལྟས་ན། བོད་བསིལ་བུར་འཐོར་ནས་བཟུང་བར་བརྒལ་དུས་རབས་ནང་མཁས་པ་ཆེན་པོ་འབོར་ཆེན་ཐོན་ཡོད་པས་ཤེས་ཡོན་གྱི་གནས་སྟངས་རྗེས་ལུས་རེད་ཅེས་བརྗོད་ཐུབ་ཐབས་བྲལ་ཡང་དར་རྒུད་ཀྱི་ཡོ་ལངས་ནང་རྒྱ་དམར་གྱིས་སྟབས་བདེ་པོའི་ཐོག་ང་ཚོ་བཙན་བཟུང་བྱས་ཡོད།
    རྒྱ་དམར་གྱིས་བོད་ཡོངས་བཙན་བཟུང་བྱས་པའི་རྗེས་ཤེས་ཡོན་གྱི་འཕེལ་རིམ་ལའང་འགྱུར་བ་ཆེན་པོ་ཐེབས་ནས་བཙན་བྱོལ་ནང་གཞོན་སྐྱེས་ཏརྒྱ་ཆ་བརྒྱ་ཙམ་ལ་ཤེས་ཡོན་ཁྱབ་འཕེལ་བྱུང་བ་དང་བོད་ནང་བརྒྱ་ཆ་གསུམ་ཅུ་ཙམ་གྱི་གཞོན་སྐྱེས་ལ་ཤེས་ཡོན་གྱི་ཆ་ཤས་ཐོབ་ཡོད་པ་ནི་གནའ་དེང་ལ་རོབ་ཙམ་དཔྱད་པའི་ཟིན་ཐོ་ཙམ་རེད།
    ད་ལྟའི་དུས་རབས་འདིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོད་པས་ལོ་རྒྱུས་ཐོག་གི་ཡིག་རྨོངས་པའི་རྣམ་པར་འགྱུར་བ་ཆེན་པོ་བྱུང་བ་དང་ལོ་རྒྱུས་ཐོག་ནས་བཤད་ན་ཤེས་ཡོན་གྱི་ཁྱབ་ཚད་མཐོ་ཤོས་སུ་སླེབས་ཡོད། འོན་ཀྱང་དུས་རབས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱིའི་ཤེས་ཡོན་གནས་ཚད་དང་བསྡུར་ན་ལེགས་བཅོས་བྱ་རྒྱུ་ཧ་ཅང་མང་པོ་ང་ཚོའི་མདུན་ལ་ལྷག་ཡོད། དེ་ཚོའི་ཐད་ནས་རྐང་རེ་གཉིས་ཙམ་དམིགས་བཀར་གྱིས་བརྗོད་ན། སློབ་གྲྭ་ཡར་རྒྱས་ཞེས་པ་ཕྱི་དངོས་པོའི་ཆ་རྐྱེན་དང་ནང་དགེ་སློབ་ཀྱི་གྲངས་འབོར་སྤུས་ཚད་ལེགས་བཅོས་ཙམ་དུ་མ་ཟད་པར་སློབ་གྲྭའི་ཁྱབ་ཁོངས་ཀྱི་ལས་བྱེད་ཡོངས་ཀྱི་སྤུས་ཚད་གོང་མཐོར་གཏོང་གལ་ཆེན་པོར་མཐོང༌། ཉེ་བའི་ལོ་ཤས་ནང་རང་གཞུང་གི་སློབ་དགེའི་སྤུས་ཚད་ལ་མཐོང་ཆེན་གནང་སྟེ་ད་ལྟའི་ཆར་དཀའ་ངལ་གང་ཙམ་སེལ་ཟིན། འོན་ཀྱང་ད་ལྟ་ལྷག་ཡོད་པའི་དཀའ་ངལ་ཆེ་ཤོས་གཅིག་ནི་སློབ་གྲྭའི་ཁོར་ཡུག་ནང་གནས་བཞིན་པའི་ལས་བྱེད་ཡོང་རྫོགས་རྣམས་དང་འབྲེལ་བ་ཡོད་པ་ཡིན། དེའི་ཁོངས་དགེ་རྒན་ཙམ་མ་ཟད། ཡིག་མཁན། ཁང་ཚན་འགན་བདག །གཉེར་པ། སྨན་པ། ཡིག་སྐྱེལ། ཆུ་གློག་བཟོ་མི། མ་བྱན། ཁ་ལོ་བ། ཕ་ཚབ། མ་ཚབ། གད་པ་སོགས་ཀྱང་ཚུད་ཡོད། གལ་ཏེ་ལས་བྱེད་དེ་དག་གི་སྤུས་ཚད་ལ་མཐོང་ཆུང་བྱས་ཚེ་དེའི་རྗེས་འབྲས་ངན་པ་སློབ་མ་ཚོར་ཐོན་ཀྱི་ཡོད། དཔེར་ན། སྨན་པའི་ལག་རྩལ་གྱིས་མ་ལྡང་བར་བྱིས་པའི་ལུས་ཁམས་ལ་སྐྱོན་ཆགས་པ། ལས་བྱེད་དང་སློབ་མའི་དབར་འཁྲུག་རྩོད་ཤོར་སླ་བ། ཆང་རག་དང་དུག་ཐ་ལ་ངན་ལང་ཤོར་བའི་ལས་བྱེད་བྱུང་ན་དེས་སློབ་མའི་མིག་ལྟོས་ལ་གནོད་པ། ལོ་ན་མ་སོན་པའི་བུད་མེད་སློབ་མར་བཙན་གཡེམ་གྱི་གནས་ཚུལ་ཐོན་སླ་བ།(དེ་ནི་ཕ་ཚབ་མ་ཚབ་ཀྱིས་སྐྱོང་བའི་གཏན་འཇགས་སློབ་གྲྭ་ཁག་ནང་ཉེན་ཁ་ཆེ་ཤོས་ཆགས་ཡོད།) ཕྲུ་གུའི་དཀའ་ངལ་ལ་བྱམས་བརྩེའི་སློབ་སྟོན་གྱི་ཚབ་ཏུ་གདུག་རྩུབ་ཀྱིས་ཚ་བཅུན་བྱེད་པ་སོགས་བྱིས་པའི་འཕྲལ་ཕུགས་ཀྱི་བསམ་བློ་དང༌། བདེ་སྐྱིད་ལ་གནོད་འཚེ་ཆེན་པོ་ཕོག་གཞིའི་གནས་ཚུལ་ཐོན་ཉེན་ཡོད། ད་དུང་རང་དབང་ཅན་གྱི་ཚོགས་སྡེས་སྐྱོང་བའི་སློབ་གྲྭ་ཁ་ཤས་ནང་གཞུང་གི་སྟངས་འཛིན་འོག་གནས་མེད་པའི་གོ་སྐབས་བཟུང་སྟེ། རྒྱུན་མཐུད་དུ་ལྐོག་ཟ་རུལ་སུངས་དང༌། རང་གི་དགའ་ཉེ་བློ་དཀར་གྱི་དཔུང་རོགས་བསྒྲིགས་ཏེ་རང་གི་གོ་གནས་བརྟན་སྲུང་བྱེད་པ་སོགས་ཚབས་ཆེན་གྱི་ཉེན་ཁའི་རང་བཞིན་མངོན་གསལ་ཅན་དང་མངོན་གསལ་ཅན་མ་ཡིན་པ་གཉིས་ཀའི་ཐོག་ནས་གནས་ཡོད་སྐོར་གྱི་གླེང་ཕྱོགས་ཡོད་མུས་རྣམས་དངོས་བདེན་ཡིན་ཚེ། དེ་དག་ནི་དུས་རབས་འདིའི་ཤེས་ཡོན་གྱི་བར་ཆད་ཆེ་ཤོས་རྣམས་ཡིན།
    དེ་ལྟ་བུའི་གནས་སྟངས་ལ་གཞིགས་ནས་རང་གཞུང་གི་སློབ་གྲྭ་ཁག་ལ་ཞིབ་འཇུག་པ་ཡང་སེ་གཏོང་རྒྱུ། མ་ཟད་སློབ་གྲྭ་ཁག་གི་ལས་བྱེད་བསྐོ་གཏོང་ཆ་ཚང་གི་འོས་འགན་རང་གཞུང་ནས་གནང་ཐུབ་ན་རྐྱེན་ངན་ཚབས་ཆེན་མང་དག་ལ་གལ་ཆེའི་འགན་སྲུང་བྱེད་ཐུབ། ད་དུང་དུས་རབས་འདི་ལྟའི་ནང་སློབ་གྲྭ་ཁག་གི་ལས་བྱེད་ཚང་མར་དེས་དུས་ཀྱི་མི་ཚེའི་མདུན་ལམ་སློབ་སྟོན་བྱེད་ཕྱོགས། (Counselling) ཀྱི་སྦྱོང་བརྡར་རམ་བྱིས་པའི་སེམས་ཁམས་ལ་བྱམས་བརྩེའི་ལམ་སྟོན་བྱེད་རྒྱུའི་སྦྱོང་བརྡར་སྤྲོད་རྒྱུ་དེའང་གལ་ཆེའི་ཆ་རྐྱེན་ཞིག་ཏུ་གྱུར་འདུག་སྙམ། གཅིག་ཐད་ནས་བལྟས་ན་ང་ཚོ་ཚང་མ་ནང་པ་ཡིན་པར་སྤོབས་ཀྱི་ཡོད། འོན་ཀྱང་ཉིན་ཞག་གཅིག་གི་བྱ་སྤྱོད་ལ་རང་སོ་སོས་རྟོག་ཞིབ་བྱས་ན་ང་ཚོ་དངོས་འབྲེལ་གྱི་ནང་པ་ཞིག་ཆགས་ཡོད་དམ། གཅིག་བྱས་ན་སྡིག་ཅན་བདུད་ནག་གི་བྱ་སྤྱོད་སྤེལ་ཡོད་སྲིད། སྤྱིར་སྟོན་པ་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་ནང་པའི་ཆོས་དེ་བདུད་རྩི་ལྟ་བུ་ཞིག་ཡིན་པས་དེ་ལས་ལྷག་པའི་མི་ཚེའི་ལམ་སྟོན་ཞིག་ག་ལ་ཡོད། འོན་ཀྱང་དེང་དུས་ནང་ཆོས་ཀྱི་སྙིང་པོ་ནི་སྐྱེ་བོའི་རྒྱུད་དང་ཐག་ཇེ་རིང་དུ་གནས་པས་ཟང་ཟིང་འདུ་འཛིའི་མཁའ་རླུང་མཆོག་དམན་ཀུན་ལ་ཁྱབ་ནས་སྐྱེ་བོའི་རྒྱུད་དེ་འགུག་ཐབས་ཤིན་ཏུ་དཀའ་བས་འཚར་ལོངས་ཡོང་བཞིན་པའི་བྱིས་པ་ཚོའི་འཚོ་བར་དེང་དུས་ཀྱིས་སེམས་ཁམས་རིག་པའི་མི་ཚེའི་ལམ་སྟོན་དང་སློབ་སྟོན་ཟུང་འབྲེལ་གྱིས་སྐྱོང་བའི་ཁོར་ཡུག་ཅིག་ཧ་ཅང་གིས་དགོས་མཁོ་ཆེ་བར་གྱུར།
    ང་ཚོས་འབྲུ་རིགས་ཀྱི་སྐྱེ་འཕེལ་ལེགས་པོ་ཡོང་ཐབས་སུ་ཆུ་ལུད་དྲོད་གཤེར་གྱི་འགན་སྲུང་བྱེད་པ་མ་ཟད་རྩ་ངན་དང་གནོད་འབུ་མེད་པ་བཟོ་ཐབས་བྱེད་ཀྱི་མེད་དམ། དེ་ནི་སོ་ནམ་པ་ཞིག་གི་ངག་ནས་ཐོན་སྲིད་ནའང་ང་ཚོའི་ཤེས་ཡོན་གྱི་ཞིང་སའི་ཐོག་ལའང་མི་འཚམས་པ་གང་ཡང་མེད། དེས་མ་ཚད་ས་བོན་ལ་རུལ་སྐྱོན་དང་ལྷད་སྐྱོན་བྱུང་ན་ཕྱི་ལོའི་ལོ་ཏོག་ལ་རེ་བ་ཞིག་ཡོད་དམ། ང་ཚོའི་སྤྱི་ཚོགས་ཀྱི་དབང་པོ་རྣམས་རང་དབང་གིས་ཕྱི་ལ་བལྟས་ནས་ཡོད་པས་ཕྱིའི་ལེགས་ཆ་མཐོང་དགོས་པ་མ་ཟད་ནང་གི་དགེ་སྐྱོན་ལ་རྟོག་ཞིབ་ནན་ཏན་བྱེད་འོས་པ་ཡིན། དེ་མིན་ན་བོད་ཀྱི་གཏམ་དཔེ་ཕུང་མའི་འོག་གི་ཆུ་དོང་ལྟ་བུ་དང་ཡང་ན་རྒྱང་མཛེས་ཁོག་རུལ་ལྟ་བུར་འགྱུར་ཉེན་ཡོད། དེའི་ཐོག་ད་ཆ་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱ་རྒྱུའི་ཛ་དྲག་གི་དུས་རབས་དེ་ལྟ་བུའི་ནང་མགོ་རུལ་རྣ་བས་མི་ཚོར་ཟེར་བ་ལྟར་གནས་ན་ལོ་རྒྱུས་ཀྱི་རྩིབས་སྟོང་འཁོར་ལོར་ཟུངས་ཁྲག་བྱུག་པ་དང་ཁྱར་པར་ཅི། དེས་མ་ཚད་འབྱུང་འགྱུར་ཀྱི་མི་རབས་ཚོས་ང་ཚོར་འཁོན་འཛིན་བྱེད་ངེས་ཡིན། དེས་ན་མིའི་རིགས་བདེ་སྐྱིད་ལྡན་ཆེད་འཛམ་གླིང་གི་ས་ཆུ་མཁའ་རླུང་ཁྱོན་ཡོངས་དོ་མཉམ་དང་མཛེས་སྡུག་ལྡན་པ་ཡོང་ཆེད་འགྲོ་བ་མི་ལ་འོས་འགན་ཡོད་པ་བཞིན། ང་ཚོའི་བོད་རྒྱལ་ཁབ་འདི་རང་རིགས་ཀྱིས་ལེགས་པར་སྐྱོང་ཆེད་བྱིས་པའི་ཡིད་ཁམས་ཀྱི་མེ་ཏོག་ལ་རྨ་ཁ་མེད་པའི་ཐོག་ཤེས་ཡོན་གྱི་ཡལ་འདབ་རྒྱས་པའི་ལྗོན་པའི་དབང་པོ་ལྟ་བུར་གསོ་སྐྱོང་ཐུབ་པར་འབད་བརྩོན་གནང་དགོས་ངེས་སྙམ།། །།

ཚེ་རིང་ལྷ་མོ་ནི་ད་ལྷ་མ་སུ་རི་གཏན་སློབ་ཀྱི་སློབ་དགེ་རེད།

མདུན་ཤོག

Menu