[toc]

ཁ་ཤོག་གི་རི་མོའི་འགྲེལ་བཤད།

         སྲིད་པའི་འཁོར་ལོ་ནི་བདེན་བཞིའི་བླང་དོར་གྱི་འཇུག་ལྡོག་མཚོན་བྱེད་ཡིན་ཞིང། དེ་ཇི་ལྟར་འབྲི་བའི་ཚུལ་ནི། འཆི་བདག་གཤིན་རྗེའམ་སྲིན་པོ་ཁ་གདངས་པའི་དབུས་སུ་འཁོར་ལོ་ཟླུམ་པོ་ཆ་ལྔ་པ་ཞིག་བྲིས་ཏེ་སྟེང་གི་ཆ་དུམ་བུ་གཉིས་སུ་བྱས་ནས་གཅིག་ལ་ལྷ་དང་ཅིག་ཤོས་ལ་མི་འབྲི་བ་དང། འོག་གི་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལ་དུད་འགྲོ། དབུས་སུ་དམྱལ་བ།  ཅིག་ཤོས་ལ་ཡི་དྭགས་འབྲི། འཁོར་ལོ་ཟླུམ་པོ་དེའི་དབུས་སུ་འདོད་ཆགས་མཚོན་བྱེད་བྱ་ཕུག་རོན་གྱི་གཟུགས་དང་། ཞེ་སྡང་མཚོན་བྱེད་སྦྲུལ། གཏི་མུག་མཚོན་བྱེད་ཕག་པའི་གཟུགས་བརྙན་འབྲི།
         འཁོར་ལོ་དེའི་ཕྱིའི་མཐའ་འཁོར་དུ་ཐོག་མའི་མ་རིག་པ་ནས་བཟུང་རྒ་ཤིའི་རྟེན་འབྲེལ་གྱི་བར་འབྲི། དེ་རྣམས་ཇི་ལྟར་འབྲི་བའི་ཚུལ་ནི།  དེ་ཡང་རྒན་མོ་ལོང་བ་གར་འགྲོ་དང་འདི་འགྲོ་ཅི་བྱ་གཏོལ་མེད་པར་འཁྱམས་པ་ལྟར་མ་རིག་པ་ལ་བརྟེན་ནས་འགྲོ་རྣམས་ཁམས་གསུམ་གྱི་འཁོར་བ་འདིར་སྡུག་བསྔལ་སྣ་ཚོགས་མྱོང་བས་ན་དང་པོ་མ་རིག་པ་རྒད་མོ་ལོང་བ་ལྟ་བུ་དང། རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་རྫའི་སྣོད་སྣ་ཚོགས་བཟོ་བ་ལྟར་དགེ་སྡིག་གི་ལས་སྣ་ཚོགས་ལ་བརྟེན་ནས་འཁོར་བའི་སྐྱེ་བ་མི་འདྲ་བ་སྣ་ཚོགས་ལེན་པས་གཉིས་པ་འདུ་བྱེད་རྫ་མཁན་དང་འདྲ་བ་དང། ཁང་པ་སྒེའུ་ཁུང་དྲུག་ཡོད་པའི་ནང་དུ་སྤྲེའུ་ཞིག་བཅུག་པ་ན་དེས་སྒེའུ་ཁུང་སོ་སོར་རྒྱུགས་ནས་བལྟ་བར་བྱེད་པ་ལྟར་རྣམ་ཤེས་དེ་མིག་ལ་སོགས་པའི་སྒོ་དྲུག་གར་ཕྱིན་ནས་ཡུལ་སྣ་ཚོགས་ལ་སྤྱོད་པས་ན་གསུམ་པ་རྣམ་ཤེས་སྤྲེའུ་དང་འདྲ་བ་དང། གྲུའི་ཡོ་བྱད་ཐམས་ཅད་ཚང་ན་ཆུའི་ཕ་རོལ་སོགས་སུ་འགྲོ་ཞིང་མ་ཚང་ན་འགྲོ་མི་ནུས་པ་ལྟར་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་འཁོར་བ་འདིར་སྐྱེ་ཞིང་དེ་དག་ཆ་ཚང་བར་གཉིས་ཙམ་ལ་བརྟེན་ནས་འཁོར་བར་སྐྱེ་ཞིང་ལོངས་སྤྱོད་སོགས་ལ་སྤྱོད་མི་ནུས་པས་བཞི་པ་མིང་གཟུགས་ཀྱི་རྟེན་འབྲེལ་གྲུ་དང་འདྲ་བ་དང། ཁང་པ་སྟོང་པར་ཕྱི་ནས་བལྟས་ན་མི་ཡོད་པ་འདྲ་བ་ཞིག་འོང་ཡང་དོན་དུ་སུ་ཡང་མེད་པ་དང་འདྲ་བར་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་གྲུབ་མ་ཐག་ཕྱི་ནས་བལྟས་ན་རྣམ་ཤེས་ཡོད་འདྲ་ཡང་དོན་དུ་རང་འབྲས་རྣམ་ཤེས་ད་དུང་གྲུབ་མེད་པས་ལྔ་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ་ཁང་སྟོང་དང་འདྲ་བ་དང། འོ་བྱེད་པའི་ཚེ་ཕན་ཚུན་འཕྲད་ནས་བྱེད་དགོས་པ་ལས་མ་འཕྲད་ན་མི་འོང་བ་ལྟར་དྲུག་པ་རེག་པས་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་གཅོད་པས་ན་དེ་དང་འདྲ་ཞིང། མིག་གམ་པུས་མོ་ལ་མདའ་འཕོག་པ་ན་དེ་མ་ཐག་ཚོར་ཞིང་སྡུག་བསྔལ་མྱོང་བ་ལྟར་བདུན་པ་ཚོར་བས་ཀྱང་ཡུལ་ཡིད་དུ་འོང་མི་འོང་བར་མ་གང་རུང་དང་འཕྲད་མ་ཐག་མྱོང་བས་ན་དེ་དང་འདྲ་བ་དང། ཆང་ལ་དགའ་བའི་མི་དེ་ཆང་ཇི་ཙམ་བཏུངས་ཀྱང་མ་ངོམས་པར་འཐུང་སྙིང་འདོད་དུ་འགྲོ་བ་ལྟར་བརྒྱད་པ་སྲེད་པས་ཀྱང་ལུས་ལོངས་སྤྱོད་ལ་ནམ་ཡང་མ་ངོམས་པར་ཆགས་པར་བྱེད་པས་དེ་དང་འདྲ་བ་དང། སྤྲེའུ་ཤིང་རྩེར་འཛེགས་ནས་ཤིང་ཏོག་སྔ་མའི་རོ་ཚོར་ཞིང་མིག་གིས་མཐོང་ཚད་ལག་པས་ལེན་ཞིང་ཟ་བར་བྱེད་པ་ལྟར་དགུ་པ་ལེན་པས་ཀྱང་སྲེད་པས་ཆགས་པའི་ཡུལ་དེ་ལ་དོན་གཉེར་ཆེན་པོ་བྱེད་པས་སྤྲེའུས་ཤིང་ཏོག་ལེན་པ་དང་འདྲ། ཟླ་དགུ་ངོ་བཅུ་སོང་བའམ་སོང་བར་ཉེ་བའི་སྦྲུམ་མ་དེ་བུ་སྐྱེ་བའི་རྐྱེན་ཐམས་ཅད་ཚང་བས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ལྟར་བཅུ་པ་སྲིད་པའི་རྟེན་འབྲེལ་གྱིས་སྲིད་པ་ཕྱི་མ་འགྲུབ་པའི་ལས་ཀྱི་ནུས་པ་མཐུ་ཅན་དུ་བྱས་ཏེ་ཡང་སྲིད་ཕྱི་མ་འགྲུབ་པས་ན་བུད་མེད་སྦྲུམ་མ་དང་འདྲ། བུད་མེད་སྦྲུམ་མ་ལས་བུ་དངོས་སུ་སྐྱེས་པ་བཞིན་བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་ཡང་ཡང་སྲིད་ཕྱི་མར་དངོས་སུ་མཚམས་སྦྱར་བས་དེ་དང་འདྲ། ན་ཚོད་རབ་ཏུ་རྒས་པའི་རྒན་འཁོགས་རྣམས་དེའི་སྡུག་བསྔལ་གྱིས་ཡོངས་སུ་མནར་བ་དང། འཆི་བའི་ཚེ་ཕུང་པོ་དུར་ཁྲོད་དུ་བསྐྱལ་བ་སོགས་བྱེད་པ་ལྟར་བཅུ་གཉིས་པ་རྒ་ཤིའི་རྟེན་འབྲེལ་གྲུབ་པའི་ཚེ་ཡང་དེ་ལྟར་བྱེད་པས་ན་དེ་དང་འདྲ་བར་གསུངས་སོ། །
        དེ་དག་འཁོར་ལོའི་རྣམ་པ་འཆི་བདག་གི་ཁ་དང་རྐང་ལག་གིས་དམ་དུ་བཟུང་བར་བྲིས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པ་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བའི་དབང་དུ་མ་སོང་བ་མེད་པ་དང། དེ་ལྟ་བུའི་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་སྡུག་བསྔལ་གསུམ་པོ་གང་རུང་གིས་རྒྱུན་ཆད་མེད་པར་གདུང་བས་ན་ངན་སོང་གསུམ་གྱིས་སྡུག་བསྔལ་གྱི་སྡུག་བསྔལ་མཚོན་པར་བྱེད་ཅིང། འདོད་པའི་ལྷ་དང་མི་གཉིས་ཀྱིས་འགྱུར་བའི་སྡུག་བསྔལ་དང། གཟུགས་ཁམས་ཀྱི་ལྷ་རྣམས་ཀྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་པར་བྱེད་པ་སོགས་དེ་དག་ནི་སྡུག་བསྔལ་འཁོར་བའི་ཉེས་དམིགས་དང། ཀུན་འབྱུང་འཁོར་བའི་འཇུག་རིམ་མཚོན་པར་བྱེད་པ་ཡིན། འགོག་པ་མྱ་ངན་ལས་འདས་པ་མཚོན་བྱེད་འཁོར་ལོའི་རྩེ་མོར་སྟོན་པ་མཉམ་མེད་བཅོམ་ལྡན་འདས་ཀྱི་ཕྱག་གཡས་པའི་མཛུབ་མོས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་ཐིག་ལེ་དཀར་པོ་ཞིག་སྟོན་པའི་རྣམ་པ་དང། མདོག་དཀར་བ་ནི་འགོག་བདེན་དེ་ཉིད་རང་གི་སྤང་བྱའི་སྐྱོན་ཐམས་ཅད་བྲལ་བར་མཚོན་ཞིང། དེ་ཕྱག་གིས་སྟོན་པ་ནི་འགོག་བདེན་དེ་སྟོན་པ་སངས་རྒྱས་ཁོ་ནར་རག་ལས་སོ་ཞེས་པའམ་སངས་རྒྱས་དེས་ཇི་ལྟར་བསྟན་པ་དེར་འགྲོ་བར་རིགས་སོ་ཞེས་མཚོན་པར་བྱེད་ཅིང། ལམ་གྱི་བདེན་པ་མཚོན་པའི་ཕྱིར་དུ་འཁོར་ལོའི་འོག་ཏུ་བརྩམས་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། སྐྱེ་བའི་འཁོར་བ་རབ་སྤངས་ཏེ། སྡུག་བསྔལ་ཐ་མར་བྱེད་པར་འགྱུར་ཞེས་པའི་ཚིགས་བཅད་འབྲི་བར་གསུངས།
        འཁོར་ལོ་དེ་ཉིད་ཟླུམ་པོར་བྲིས་པ་ལ་དགོས་པ་ཡོད་དེ་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་འཁོར་བའི་འགྲོ་བ་ལྔ་རྣམས་ཟོ་ཆུན་གྱི་འཕྲུལ་འཁོར་རམ་མགལ་མེའི་འཁོར་ལོ་ལྟར་སྔ་ཕྱི་བར་མ་ཆད་དུ་འཁོར་བར་ཤེས་པའི་ཆེད་དུ་ཡིན་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་འཁོར་ལོའི་མཐར་འབྲི་བ་ནི་དེ་དག་ལས་བརྒལ་ན་འཁོར་བ་ལས་ཐར་ལ། དེ་དག་ལས་མ་བརྒལ་ན་འཁོར་བ་ལས་ནམ་ཡང་མི་འདའ་བར་ཤེས་པའི་ཕྱིར་ཡིན་ནོ་ཞེས་པ་འདི་ནི་བདག་ཅག་གི་སྟོན་པས་རང་གི་སྐུ་དངོས་ཀྱི་གདུལ་བྱ་རྣམས་དང་ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཀྱང་བདེན་བཞིའི་བླང་དོར་ཤེས་པ་ནི་གལ་ཤིན་ཏུ་ཆེ་བར་གཟིགས་ནས་གཅུག་ལག་ཁང་གི་སྒོ་ཁང་སོགས་སུ་འབྲི་དགོས་པ་དང་གཞན་ལའང་རྒྱ་ཆེར་སྟོན་དགོས་ཞེས་གསུངས་པ་ལྟར་འདི་ཡང་བཀོད་པའོ། །
ཁ་ཤོག་ཇུས་འགོད་པ། འཇམ་དབྱངས།

དགོས་དམིགས་དང་གསལ་འདེབས།

  • དུས་ དེབ་འདིའི་དམིགས་ཡུལ་ནི། བོད་མིའི་སྤྱི་ཚོགས་སྤྱི་དང་སྒོས་སུ་སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཡོན་དང་རིག་གཞུང་གི་གནས་ཚད་གོང་དུ་སྤེལ་རྒྱུ་དེ་ཡིན།
  • དུས་དེབ་འདི་ཉུང་མཐར་ལོ་རེར་ཐེངས་རེ་འདོན་རྒྱུ།
  • དུས་དེབ་འདིའི་ནང་ཤེས་ཡོན་དང༌། བོད་ཀྱི་སྐད་ཡིག་རིག་གཞུང༌། ཡ་རབས་བཟང་སྤྱོད། སློབ་གྲྭའི་སློབ་ཚན་དང་འབྲེལ་ཡོད་ཁག སློབ་ཁྲིད་ཐབས་ལམ། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་སོགས་དེང་དུས་ཤེས་བྱ་ཁག་བཅས་གཙོ་བོར་བཟུང་ནས་དགོད་རྒྱུ།
  • རྒྱ་ཆེའི་མཁས་པ་ཁག་དང༌། རྩོམ་པ་པོ། དགེ་རྒན། ཀློག་པ་པོ་བཅས་ནས་གོང་གསལ་ནང་དོན་ཅན་གྱི་རྩོམ་ཡིག་དང༌། ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་དགའ་བསུ་ཞུ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་བཀོད་རྗེས་ལེགས་གཟོའི་རྩོམ་ཡོན་འོས་འཚམས་ཤིག་འདི་གའི་གཏན་འབེབས་གཞིར་བཟུང་འབུལ་རྒྱུ་ཡིན།
  • རྩོམ་སྒྲིག་པའམ་རྩོམ་པ་པོའི་མིང་འཁོད་རྩོམ་ཡིག་རྣམས་འདི་ག་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།
  • རྩོམ་ཡིག་གང་ཞིག་དུས་དེབ་ཐོག་འགོད་མིན་གྱི་དབང་ཚད་ནི། དུས་དེབ་ཀྱི་རྩོམ་སྒྲིག་པར་ཡོད།
  • འདི་གར་བསྐུར་འབྱོར་བྱུང་བའི་རྩོམ་ཡིག་རྣམས་དུས་དེབ་ཐོག་བཀོད་མིན་ལ་མ་ལྟོས་པར། རྩོམ་ཡིག་ཕྱིར་སློག་བྱ་རྒྱུ་མིན་ན། དོ་བདག་སོ་སོས་མ་ཕྱི་ཉར་ཚགས་གནང་རོགས་ཞུ།

དེབ་ཀྱི་དཀར་ཆག

སློབ་ཁྲིད་བཅོས་སྒྱུར་སྐོར་གྱི་བསམ་གཞིགས།   གཅན་རོང་བསྟན་འཛིན། 
ཨ་ཕས་གནང་བའི་སློབ་སྦྱོང་གི་ཐབས་ལམ།   གཅན་མུ་ཏིག  
བདག་གི་སློབ་གྲྭ   བསོད་ནམས་བཟང་པོ།
ཤེས་ཡོན་གྱི་རྩ་དོན་བཞི།   བུངྔྷ་སྐྱབས། 
ཆེད་དུ་བརྗོད་པའི་ཚོམས།    ཤཱཀྱ་ཐུབ་པ།
ནོ་བྷེལ་གཟེངས་རྟགས་སོགས་ཀྱི་ངོ་སྤྲོད།   བྱམས་པ་ཟླ་གྲགས།
བོད་ཀྱི་གནའ་ཡིག་ལ་གོ་བ་ལེན་ཐབས་སྐོར།    ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
རྟག་ངུའི་རྟོགས་བརྗོད་ཀྱི་སྒྱུ་རྩལ་རིན་ཐང་སོགས།   བློ་བཟང་སྙན་གྲགས།
སློབ་ཆུང་སློབ་མའི་རྩོམ་འབྲིའི་སློབ་ཁྲིད་སྐོར།   སྒྲོལ་མ་འབུམ།
ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྟངས།    རིན་ཆེན་བཀྲ་ཤིས།
སློབ་གྲྭ་ཆུང་འབྲིང་གི་སློབ་མར་རྩོམ་ཡིག་ཁྲིད་ཐབས།  ཨ་འཁོར་བཟོད་པ།
བོད་ཀྱི་རྩོམ་རིག་གི་ཉེར་མཁོའི་སྡེབ་སྦྱོར།   འཇིགས་མེད་དབང་རྒྱལ།
རྩོམ་སྒྲིག་པ། འཇམ་དབྱངས།

མདུན་ཤོག

Menu