ཨ་འཁོར་བཟོད་པ།

( སློབ་ཁྲིད་ཐབས་ལམ་ནི་གསར་གཏོད་ཀྱི་སྒྱུ་རྩལ་ཞིག་ཡིན། )
   སྤྱིར་སློབ་སྦྱོང་གང་ཞིག་ཡིན་ཀྱང༌། སྐད་ཡིག་གི་འབྲི་ཀློག་ཉན་བཤད་བཞིའི་རྨང་གཞིའི་ཤེས་ཚད་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང༌། ལྷག་པར་སྐད་ཡིག་སློབ་ཚན་ལ་མཚོན་ན་འབྲི་ཀློག་ཐོགས་པ་མེད་པ་གཙོ་གནད་དུ་བཟུང་བའི་སྟེང་དུ། རྩོམ་འབྲིའི་སློབ་སྦྱོང་ནི་དངོས་སུ་ལག་པ་དང་ཀླད་པ་འགུལ་བའི་སྦྱོང་བརྡར་ཞིག་དང༌། དབྱེ་ཞིབ་སྦྱོང་བརྡར་ཞིག གསར་གཏོད་སྦྱོང་བརྡར་ཞིག མདོར་ན་ཀུན་སྤྱོད་དང༌། ཤེས་རབ། འཇོན་ནུས་བཅས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་ཐབས་ཤིག་ཡིན་ལ། རྩོམ་འབྲི་རིག་པ་ནི་སློབ་མའི་མ་འོངས་པའི་མི་ཚེའི་ཐིག་ཤིང་ལྟ་བུར་ངོས་འཛིན་བྱེད་དགོས་པ་ཞིག་ཡིན།
ཚིགས་བཅད་སློབ་ཁྲིད་བྱེད་ཐབས།
   སྙན་གཞུང་མེ་ལོང་མ་སློབ་ཁྲིད་བྱེད་པ་ནི་མཚན་ཉིད་དང་མཚན་གཞིའི་སྒྲིག་གཞི་དམ་པོའི་སྒོ་ནས་ལད་ཟློས་རྩོམ་ཡིག་འབྲི་བའི་སློབ་སྦྱོང་བྱེད་ཐབས་ཤིག་ཡིན། མཚན་ཉིད་དང་མཚན་གཞི་དམ་པོའི་འོག་ནས་རྩོམ་ཡིག་འབྲི་བའི་ཚོད་ལྟ་དང་སྦྱོང་བརྡར་མང་ཙམ་སྤྲད་ན། ཕྱིས་སུ་སྒྲིག་གཞི་ལྷོོད་པའི་རྩོམ་ཡིག་འབྲི་བར་བྱང་ཆ་ལྡན་པ་ཞིག་ཏུ་འགྱུར་བར་གདོན་མི་ཟ་ནའང༌། མེ་ལོང་མ་མ་སྦྱང་གོང་ནས་ཚིགས་བཅད་རྩོམ་ཡིག་གི་རྨང་གཞིའི་སློབ་སྦྱོང་ཞིག་དགོས་པ་ནི་འབྲིང་རིམ་སློབ་མའི་རྩོམ་ཡིག་གི་སྦྱང་བྱའི་གཙོ་གནད་ཅིག་ཡིན།
   ཡོན་ཏན་བཅུ།  རྗོད་བྱེད་སྒྲའི་ཡོན་ཏན།   སྦྱར་བ།   མཉམ་པ།   གཞོན་པ།    བརྗོད་བྱ་བསྟན་ཚུལ་གྱི་ཡོན་ཏན་སྟོན་པ།  རབ་དྭངས།  སྙན་པ།  དོན་གསལ་བ།  རྒྱ་ཆེ་བ།  མཛེས་པ།  ཏིང་ངེ་འཛིན་བཅས་དང༌།
   སྐྱོན་བཅུ།  དོན་ཉམས་པ།  དོན་འགལ་བ།  དོན་གཅིག་པ།  ཐེ་ཚོམ་ཅན།  རིམ་པ་ཉམས་པ།   སྒྲ་ཉམས་པ།  གཅོད་མཚམས་ཉམས་པ།  སྡེབ་སྦྱོར་ཉམས་པ།   མཚམས་སྦྱོར་ཉམས་པ།    ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང༌།  ལུང་རིགས་དག་དང་འགལ་བ།
   ཉམས་དགུ  སྒེག་པ།  དྲག་ཤུལ།  དཔའ་བ།  སྙིང་རྗེ།  མི་སྡུག།  བཞད་གད།  རྨད་བྱུང༌།  འཇིགས་རུང༌།
   དཔེར་ན་སྙན་ངག་གི་ཡོན་ཏན་བཅུ་དང་སྐྱོན་བཅུ་ཉམས་བརྒྱད་བཅས་སྔོན་དུ་ཁྲིད་ན་ཕྱིས་སུ་རང་ཉིད་ཀྱིས་རྩོམ་ཡིག་འབྲི་བ་དང་གཞན་གྱི་རྩོམ་ཡིག་ཀློག་པའི་སྐབས་སུ་སྐྱོན་ཡོན་དང་ཉམས་ལ་ལྟ་བྱེད་ཀྱི་ཚད་གཞི་ཞིག་ཏུ་འགྱུར།
   སྤྱིར་སྙན་ངག་མ་ཁྲིད་གོང་ལ་སྡེབ་སྦྱོར་སློབ་ཁྲིད་ཅིག་དགོས་མོད། དེ་སྔ་བོད་ལ་སྡེབ་སྦྱོར་གྱི་གཞུང་ལུགས་མེད་པའི་རྐྱེན་གྱིས་ཚིག་གི་ཆ་ཡ་སྡེབ་ལུགས་ཀྱི་སློབ་ཁྲིད་ཀྱིས་སྡེབ་སྦྱོར་གྱི་ཚབ་བྱེད་ཐུབ་སྟེ། ཚིག་གི་ཆ་ཡ་སྡེབ་ལུགས་སློབ་སྦྱོང་བྱེད་པའི་དགོས་པ་ནི་ཚིགས་བཅད་ཀྱི་སྦྱོར་བ་དང་སྙན་ངག་གི་དབྱངས་འགྲོས་མི་ཉམས་པའི་ཆེད་དུ་ཡིན།
   ཚིག་གི་ཆ་ཡ་སྡེབ་ལུགས་སློབ་ཁྲིད་བྱེད་པའི་སྐབས་སུའང་དགེ་རྒན་གྱིས་རྩོམ་ལུས་མི་འདྲ་བ་སྣ་ཚོགས་ནས་འཚོལ་ཞིབ་བྱས་ན། ཞོར་དུ་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྙན་ངག་གི་ལུས་མི་འདྲ་བ་སྣ་ཚོགས་ཡོད་པ་ལ་ངོས་འཛིན་བྱེད་ཐུབ། བོད་ལ་མཚོན་ན་སྤྱིར་ཚེག་བར་དྲུག་པ་ནས་ཉེར་བདུན་གྱི་བར་དུ་འབྲི་སྲོལ་ཡོད་ཀྱང༌། ཡོངས་གྲགས་ལ་བཀོལ་སྤྱོད་ཆེ་ཤོས་ནི་ཚེག་བར་བདུན་མ་དང་དགུ་མ་ཤོས་ཆེ་བས། འབྲིང་རིམ་སློབ་མ་དག་ལ་དེ་གཉིས་གལ་ཆེན་དུ་བཟུང་བའི་ཐོག་ནས་ཚེག་བར་དྲུག་པ་ནས་བཅུ་གཉིས་བར་གྱི་འབྲི་སྲོལ་ཁྲིད་ཐུབ་ན་ལེགས།
ཚིགས་བཅད་ཀྱི་ནང་དུ་བརྗོད་བྱ་སྟོན་ཚུལ་གྱི་རིགས་དབྱེ།
   ཚིགས་བཅད་རྩོམ་ཡིག་གི་དོན་གྱི་གཅོད་མཚམས་དང༌། བྱ་ཚིག་སྦྱོར་ལུགས་ཁྲིད་པའི་སྐབས་སུ་ངེས་པར་དུ། རིགས་དང༌། གྲོལ་བ། མཛོད། འདུས་པ་བཞིའི་འབྲི་ཐབས་དེ་གཞིར་བཟུང་ཆོག   དེ་ལ་མེ་ལོང་མར།  གྲོལ་བ་དང་ནི་རིགས་དང་མཛོད།  །འདུས་པ་ཞེས་བྱ་དེར་འདུ་ལ། །ཞེས་གསུངས་པ་ལྟར་ཚིགས་བཅད་ལ་དོན་གྱི་གཅོད་མཚམས་གྱི་ངོས་ནས་གྲོལ་བ་དང༌།   རིགས།   མཛོད།   འདུས་པ་བཅས་བཞི་ཡོད་པ་ལས།
     གྲོལ་བ། ཚིགས་བཅད་གཅིག་གམ་ཤོ་ལོ་ཀ་གཅིག་སྟེ་རྐང་པ་བཞིའི་ནང་དུ་བརྗོད་དོན་ཡོངས་སུ་རྫོགས་པར་སྟོན་ཐུབ་པ་ཞིག་ཡིན་ལ། འབྲི་ཐབས་འདི་ནི་ཚིགས་བཅད་རིགས་བཞིའི་དང་པོར་བརྩིས་པ་བཞིན་དུ། ཐོག་མར་སློབ་མ་རྣམས་ཀྱིས་ཚིགས་བཅད་འབྲི་ཐབས་ཀྱི་རིགས་འདིར་སྦྱོང་དགོས།
     རིགས། རིགས་ནི་ཚིགས་བཅད་ཀྱི་སྦྱོང་རིམ་གཉིས་པ་ཡིན་ལ། ཚིགས་བཅད་དམ་ཤོ་ལོ་ཀ་དུ་མས་དོན་གྱི་བརྗོད་བྱ་ཞིག་རྫོགས་པར་སྟོན་པའི་རིགས་ཡིན་པས། འདི་ནི་བརྗོད་བྱ་ཅུང་རྒྱ་ཆེ་བའི་རིགས་དག་ཚིགས་བཅད་ཀྱི་ལམ་ནས་འབྲི་སྟངས་ཤིག་སྟེ། བསྟོད་པ་ལྟ་བུར་མཚོན་ན་ཁྱད་ཆོས་གཅིག་ནས་མི་བརྗོད་པར་ཁྱད་ཆོས་དུ་མའི་སྒོ་ནས་བརྗོད་པ་ལྟ་བུའོ།།
     མཛོད། ཚིགས་བཅད་འབྲི་ཐབས་སྦྱོང་བརྡར་བྱེད་པའི་གོ་རིམ་གསུམ་པ་མཛོད་ནི། བརྗོད་བྱ་སྣ་ཚོགས་ཀྱིས་བརྗོད་སྙིང་གཅིག་བསྟན་པའི་རིགས་ཤིག་ཡིན་ཕྱིར། བརྗོད་བྱའི་ཁྱབ་ཁོངས་ཅུང་མང་དུ་ཕྱིན་ཡོད་པས་ན། བརྗོད་བྱའི་བབ་དང་བསྟུན་ནས་ཤོ་ལོ་ཀའི་གྲངས་དང༌། གཅོད་མཚམས་སྣ་ཚོགས་སུ་བྱས་ཆོག་ལ། བརྗོད་བྱ་ལའང་སྣ་ཚོགས་འདུས་པའི་སྙན་ངག་ཅུང་ཆེན་པོའི་རིགས་འབྲི་ཐབས་ཤིག་ཡིན།
     འདུས་པ། ཚིགས་བཅད་འབྲི་ཐབས་ཀྱི་རིམ་པ་བཞི་པ་ནི་བརྗོད་བྱའི་དངོས་པོ་གཅིག་ལའང་ཤོ་ལོ་ཀ་དང༌། གཅོད་མཚམས། ཚིག་གི་དཔེ་ལུགས་སོགས་ལ་ཚོད་འཛིན་མེད་པར་སྣ་ཚོགས་སུ་བྱས་ཆོག འདི་ནི་ཚིགས་བཅད་བསྟོད་རྩོམ་རིང་མོའི་རིགས་ཀྱི་འབྲི་ཐབས་ཡིན་ཏེ། བརྗོད་བྱའི་ཁྱབ་ཁོངས་གཅིག་ལ་ལྟ་ཞིབ་འདྲ་མིན་བྱེད་དགོས་པས་ཅུང་འབྲི་ཁག་པོའི་རིགས་ཡིན།
     བྱ་ཚིག་སྦྱོར་ལུགས། སྙན་ངག་འབྲི་བའི་སྐབས་སུ་བྱ་ཚིག་གིས་ནུས་པ་གལ་ཆེན་ཐོན་པ་དང༌། བྱ་ཚིག་གིས་སྙན་ངག་འགུལ་ཉམས་ཅན་དུ་བྱེད་བཞིན་ཡོད།  དཔེར་ན།  
      དམར་པོའི་མེ་ནི་གྱེན་དུ་འབར། །སྔོན་པོའི་ཆུ་བོ་ཐུར་དུ་བཞུར། །རབ་མཛེས་མེ་ཏོག་དུས་ཀྱིས་རྙིད། །མི་དག་འཆི་བའི་ཕྱོགས་སུ་རྒྱུགས། །ཞེས་པ་ལྟ་བུ་ཚིག་རྐང་རེའི་མཐར་བྱ་ཚིག་རེ་སྦྱར་ཡོད་པ་དང་བྱ་ཚིག་དག་གི་ནུས་པས་རྩོམ་དེ་འགུལ་ཉམས་ཅན་དུ་གྱུར་ཡོད་ལ། འབར་དང༌། བཞུར། རྙིད་ཅེས་པའི་བྱ་ཚིག་གསུམ་གྱིས་རྒྱུགས་ཞེས་པའི་བྱ་ཚིག་གིས་གཙོ་དོན་སྟོན་པར་ནུས་པ་འབུར་དུ་ཐོན་ཡོད། ཡང་ཤོ་ལོ་ཀ་གཅིག་ལ་ཚིག་དང་དོན་གྱིས་མུ་མཐུད་དེ་མཐར་བྱ་ཚིག་གཅིག་གིས་དོན་གྱི་བརྗོད་བྱ་རྫོགས་པར་སྟོན་པ།
   དཀར་དམར་བྱུ་རུའི་ལང་ཚོ་ཅན། །གཟུགས་མཛེས་གར་གྱི་ཉམས་ལྡན་མ། །སྙན་འཇེབས་རོལ་མོའི་སྒྲ་དང་བཅས། །ཆགས་ལྡན་སྙིང་གི་རོལ་མཚོར་བྱོན།   །ལྟ་བུ་ཚིག་རྐང་བཞིའི་བརྗོད་དོན་མུ་འབྲེལ་ཏེ་མཐར་བྱོན་ཞེས་པའི་བྱ་ཚིག་གཅིག་གིས་བརྗོད་དོན་ཡོངས་སུ་གསལ་བར་བྱས་པ་ལྟ་བུ་དང༌། ཡང་ཤོ་ལོ་ཀ་དུ་མས་བརྗོད་བྱ་གཅིག་དོན་ཡང་མཐར་བྱ་ཚིག་གཅིག་གིས་གསལ་བར་བྱེད་པ་དང་བྱ་ཚིག་དུ་མས་གསལ་བར་བྱེད་པ། བརྗོད་བྱ་དུ་མ་ཤོ་ལོ་ཀ་དུ་མས་བསྟན་ཡང་མཐར་བྱ་ཚིག་གཅིག་གིས་གསལ་བར་བྱེད་པ་དང༌། ཡང་བྱ་ཚིག་མང་པོས་གསལ་བར་བྱེད་པ་སོགས་བྱ་ཚིག་གིས་རྩོམ་ལ་ནུས་པ་འདོན་ཚུལ་སྣ་ཚོགས་ཡོད་པ་རེ་རེ་བཞིན་ཚོད་ལྟ་བྱས་ཏེ་འབྲི་རུ་བཅུག་སྟེ་སློབ་ཁྲིད་བྱེད་དགོས།
     མེ་ལོང་མའི་ནང་གི་གསལ་བྱེད་ཀྱི་རྒྱན་མང་དག་ཅིག་ནི་བྱ་ཚིག་སྤྱོད་ཚུལ་དང་གཙོ་ཚིག་དང་ཕལ་ཚིག་གི་ཁྱད་པར་ཤེས་པར་བྱེད་པའི་སློབ་ཚན་ཞིག་ཡིན།
     གསལ་བྱེད་ཀྱི་རྒྱན་བཅུ་གཅིག་པ་དོན་གསལ་བའི་གསལ་བྱེད་ལས།
      ཆུ་འཛིན་དག་གི་འཕྲེང་བ་འདིས། །ཕྱོགས་རྣམས་ཀུན་གྱི་གོ་སྐབས་འཕྲོག།སྐར་མ་ཡི་ནི་ཚོགས་རྣམས་བཟུང༌། །དེང་ཡང་བདག་གི་སྲོག་རྣམས་ལེན། །ལྟ་བུར་མཚོན་ན་གཙོ་ཚིག་གམ་སྙན་ངག་གི་མིག་ལྟ་བུའི་ཚིག་ནི་ཆུ་འཛིན་ཡིན་པ་དང༌། གཙོ་ཚིག་དེ་ལ་ཁྱད་པར་ཅན་གྱི་བྱ་བའི་ཚིག་འཕྲོག བཟུང། ལེན་རྣམས་སྦྱར་ཡོད་པའི་རང་བཞིན་འདི་ཤེས་ན་སྙན་ངག་གི་གཙོ་ཚིག་དང་བྱ་ཚིག་བར་གྱི་འབྲེལ་བ་དང་སྦྱོར་ཐབས་ཤེས་ཐུབ་པར་སྙམ།
     གསལ་བྱེད་ཀྱི་རྒྱན་དྲུག་པ་བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ལས།
དྲི་གཞོན་དལ་བུར་རྒྱུ་བྱེད་དེ། །ཟླ་བ་དག་ཀྱང་མེ་རུ་འགྱུར། །ཙན་དན་བྱུག་པ་ལྷུང་བ་ཡང༌། །མཚོན་ལྷུང་འཁྱམ་པ་རྣམས་ལའོ། །ཞེས་པའི་ཚིགས་བཅད་ལྟ་བུར་མཚོན་ན་གོང་འོག་གི་དོན་མཐའ་དག འགྱུར་ཞེས་པའི་བྱ་ཚིག་གཅིག་གིས་བཟུང་ཡོད་པ་དང༌། བྱ་ཚིག་དེ་ཁོ་ནས་གསལ་བར་བྱེད་པ་ལྟ་བུའི་བྱ་ཚིག་གི་སྦྱོར་ཐབས་ཀྱི་ཁྱད་ཆོས་སྣ་ཚོགས་ཡོད་པ་ངོ་སྤྲོད་བྱེད་དགོས་པར་སྣང༌།
    སྤྱིར་གསལ་བྱེད་ཀྱི་རྒྱན་བཅུ་གཉིས་ཀྱི་སྐད་ཆ་བཤད་ཐབས་འདི་ནི་སྙན་ངག་ཚང་མར་ཁྱབ་ཡོད་པས། ཐོག་མར་ཚིགས་བཅད་སློབ་སྦྱོང་གི་སྐབས་སུ་ངོ་སྤྲོད་བྱས་ན་སློབ་མ་དག་གིས་རྩོམ་ཡིག་འབྲི་བ་དང་གོ་བ་ལེན་པར་ཕན་ཐོགས་ཆེ་བར་སྙམ།
     གཞན་བྱ་ཚིག་ལའང་ལྕི་བ་དང་ཡང་བའི་ཁྱད་པར་ཆེན་པོ་ཡོད་དེ། བོད་ལ་རྒྱ་གར་བཞིན་ཡི་གེ་ལྕི་ཡང་གི་ཁྱད་པར་མེད་ཀྱང༌། བྱ་ཚིག་ལ་ཁྱད་པར་མངོན་གསལ་བ་ཡོད་པས་རྩོམ་ཡིག་གི་བརྗོད་དོན་དང་ཉམས་ལ་དཔག་སྟེ་འགུལ་རྣམ་སྟོན་པའི་བྱ་ཚིག་བདམས་གསེས་དང༌། བྱ་ཚིག་གི་ཆོས་ཉིད་འདི་ལྟར་ངོས་འཛིན་བྱེད་ཆོག   དཔེར་ན།   
        ཞབས་རྗེས་ས་ལ་བཀོད།      རྐང་པ་ས་ལ་བརྡབས།
        སུག་བཞི་ས་ལ་རེག      པུས་མོ་ས་ལ་བཙུགས
        ལག་གཉིས་ས་ལ་སྦྱར།     ལག་གཉིས་འཛིན་མར་འཐམ། ལྟ་བུའི་དོན་ནི་རྐང་ལག་ས་ལ་བཙུགས་པའི་དོན་དུ་ངེས་ཀྱང༌། བརྗོད་དོན་འགུལ་སྐྱོད་ཀྱི་རྣམ་པ་མི་འདྲ་བ་བཞིན་རྩོམ་ཡིག་གི་བབ་དང་བསྟུན་ནས་བཀོད་དང༌། བརྡབས། རེག བཙུགས། སྦྱར། འཐམ་བཅས་ལས་གང་འོས་གདམ་གསེས་བྱེད་དགོས་པ་བཞིན་བྱ་ཚིག་གི་དོན་གཅིག་ཀྱང་རྣམ་འགྱུར་མི་འདྲ་བའི་བྱ་ཚིག་གདམ་གསེས་དང་སྦྱོར་ཐབས་ལ་བྱང་ཆ་ལྡན་པར་བྱེད་དགོས།
སྙན་ངག་གི་བརྡ་ཆད་སློབ་ཁྲིད།
    སྤྱིར་མངོན་བརྗོད་མང་པོ་ཞིག་འབྱུང་དགོས་པའི་རྒྱུ་མཚན་སྣང་བརྙན་གསར་སྐྲུན་བྱེད་པར་ཐུན་མིན་མཛེས་སྣང་སྟོན་པའི་བརྡ་ཆད་དགོས་པའི་རྐྱེན་གྱིས་ཡིན། སྙན་ངག་ལ་ནམ་རྒྱུན་གྱི་སྐད་ཆ་དང་མི་འདྲ་བར་བྱེ་བྲག་རང་མཚན་ཅན་གྱི་སྣང་བརྙན་སྟོན་ཐུབ་པའི་རྩོམ་རིག་གི་བརྡ་ཆད་ལ་སྦྱངས་བརྩོན་བྱེད་དུ་འཇུག་དགོས་ལ། དགེ་རྒན་གྱིས་ཀྱང་ཞུ་དག་གཏོང་བའི་སྐབས་སུ་སྤྱིར་བཏང་བའི་ཐ་སྙད་གཅིག་གཉིས་ཀྱི་ཚབ་ཏུ་སྙན་ངག་གི་བརྡ་ཆད་ཁ་སྐོང་བའམ་ཡང་ན་སློབ་ཕྲུག་ལ་བསམ་གཞིགས་བྱས་ཏེ་བརྡ་ཆད་བརྗེ་སྒྱུར་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་མངོན་བརྗོད་སོགས་སྙན་ངག་གི་བརྡ་ཆད་ཟུར་དུ་ཁྲིད་མི་དགོས་པར་རིམ་གྱིས་ཤེས་འགྲོ་བའི་གནད་འགག་འདི་རྟོགས་དགོས་པར་བསམ། དཔེར་ན།       
སྙན་པ་ཕྱོགས་སུ་རྒྱས།               འབར།            
སེམས་པ་བྲང་ན་འཚང།        འཕྱོ།
རེ་བ་སྙིང་ནས་འཆང༌།              ཁོལ།            
མྱུ་གུའི་རྩེ་ནས་བྲིས།                བརྡོལ།
ནམ་མཁའ་སྔོ་ཞིང་སངས།          ལྷ་ལམ།        
ཞབས་ཟུང་སྤྱི་བོར་བཀོད།        ཞབས་སྐྱེས།
བུ་མོ་མཛེས་མ།                      སྒེག་ལྡན་མ།            
ཆུ་མོ་ཐུར་དུ་འབབ།                   ཉལ་འགྲོ་བུ་མ།ོ
བརྩེ་བ་དྲག་པོ།                      སེམས་པ་དམར་པོ།        
རེ་བ་ཡོད་པའི་མི།                   ལྗང་མདོག་གི་རྣམ་ཤེས་ཅན།
ཉམ་ང་བའི་རི་གྲོང༌།                 བྱེ་མའི་རི་གྲོང་།
ཡིད་དུ་འཐད་པ།              ཡིད་འགུག་གླུ་དབྱངས།
     འདི་འདྲའི་མངོན་བརྗོད་སོགས་ཁྱད་ཆོས་འདྲ་མིན་གྱི་སྟེང་ནས་སྙན་ངག་གི་བརྡ་ཆད་སྦྱར་ཏེ་རྩོམ་རིག་གཟུགས་སྣང་ཅན་དང༌། མཛེས་སྙན་ཅན་དུ་བྱེད་དགོས་ལ།  སྙན་ངག་ལ་ཚད་གཞི་མཐོ་ལ་ཅུང་རང་དབང་གིས་བརྡ་ཆད་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ཡོད་པས་གཟུགས་སྣང་སྟོན་པའི་བརྡ་ཆད་ལ་མཐའ་མེད་པས་སྔོན་ཆད་སྤྱོད་བཞིན་པ་དག་བཀོལ་བ་དང༌། ཡང་ན་བརྡ་ཆད་གསར་གཏོད་བྱས་ཏེ་སྦྱར་ཡང་ཆོག་མོད། གཙོ་བོ་སྙན་ངག་གི་ནང་དོན་དང་ཉམས་ཅི་འདྲ་ཞིག་འདོན་པའི་དགོས་མཁོ་ལ་གཞིགས་ནས་འདོར་ལེན་བྱེད་དུ་འཇུག་དགོས། དཔེར་ན་ཉི་མ་གཅིག་པུར་མཚོན་ནའང་ཤར་རིའི་རྩེ་མོའི་གཞོན་ཤ་ཆགས་པའི་ཉི་མ་དང༌། སྤྲིན་གསེང་ན་མངོན་ལ་མི་མངོན་པའི་ཉི་མ། ཉིན་གུང་ཚ་གདུག་ཆེ་བའི་ཉི་མ། ནུབ་རིའི་རྩེ་ན་དམར་སྒོར་སྒོར་བཞུད་ལ་ཉེ་བའི་ཉི་མ། ནུབ་རིའི་རྩེ་ནས་ལྡེམ་སེ་ལྷུང་སོང་བའི་ཉི་མ་ལྟ་བུའི་གནས་བབ་མི་འདྲ་བ་མཚོན་པར་རྒྱུ་ཆ་མི་འདྲ་བ་དགོས་པ་ལྟར་བརྡ་ཆད་ཀྱང་མི་འདྲ་བ་སྣ་ཚོགས་སྤྱོད་དགོས་སོ། །
སྙན་ངག་གི་སྐད་ཆའི་འགྲོས།
    སྙན་ངག་ལ་དུས་རྒྱུན་གྱི་སྐད་ཆ་དང་མི་འདྲ་བའི་ཁྱད་ཆོས་གཅིག་ཡོད་པ་ནི་སྙན་ངག་གི་སྙན་ཆ་དང་མཛེས་བརྙན་བསྐྲུན་པའི་ཕྱིར་དུ་སྐད་ཆའི་སྤྱི་འགྲོས་ལས་ལྡོག་སྟེ། དོན་གྱི་གོང་འོག་དང༌། ཁྱད་གཞི་ཁྱད་ཆོས་གོང་འོག་བརྗེ་སྒྱུར་བྱེད་བཞིན་པའི་སྣང་ཚུལ་འདི་སློབ་མ་རྣམས་ལ་ངོ་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེ། སྤྱིར་བོད་ཀྱི་སྐད་ཆའི་ཆོས་ཉིད་ལྟར་ན་བྱེད་པ་པོ་དང༌། བྱ་བའི་ཡུལ། བྱ་བ་བཅས་ཀྱི་གོ་རིམ་ཅན་ཞིག་ཡིན་ལ། ཡང་ཁྱད་གཞི་ཁྱད་ཆོས་ཀྱི་དངོས་མིང་གི་སྐབས་སུ་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱར་བ་དང༌། བྱ་ཚིག་གི་སྐབས་སུ་ཁྱད་ཆོས་སྔོན་དང་ཁྱད་གཞི་རྗེས་སུ་སྦྱོར་བའི་སྤྱི་འགྲོས་ཅན་ཞིག་ཡིན་ཀྱང༌། སྙན་ཚིག་གི་ནང་དུ་སྐབས་དང་སྐབས་སུ་དེ་དག་གོང་འོག་བརྗེ་སྒྱུར་བྱས་པ་ལ་བརྟེན་ནས་སྙན་ངག་གི་ཉམས་འགྱུར་འབུར་དུ་ཐོན་ཐུབ། དཔེར་ན།       
སྤྱིར་བཏང་གི་སྐད་ཆ།             ——      སྙན་ངག་གི་སྐད་ཆ།
ནམ་མཁའ་སྔོན་པོ།              ——     སྔོ་སངས་ནམ་མཁའ།
སྙིང་གཏམ་སྙན་པོ་བཤད།      ——     བཤད་པའི་གཏམ་ལ་འཇམ་ཤ་ལྡན།
  ཤར་ཕྱོགས་རི་བོ།            ——    རི་བོ་ཤར་གྱི་ཕྱོགས་ན།
  ཁྱོད་ཀྱི་གདོང་ནི་ཟླ་བ་འདྲ།        ——    ཟླ་བ་དང་མཚུངས་ཁྱོད་ཀྱི་གདོང༌།
 སྤྲིན་པ་རབ་ཏུ་དཀར།        ——    རབ་དཀར་སྤྲིན་པའི་འོག་ན།
 ང་ཡིས་ཁྱེད་ལ་གླུ་དབྱངས་སྙན་པོ་ལེན།    ——    སྙན་པའི་གླུ་ཞིག་ལེན་ནོ་བུ་ཆུང་ངས།
 སྙིང་གི་གྲོགས་པོ་ཁྱེད་རང་བདེན།        ——    བདེན་པའི་གཏམ་གྱིས་ཕྱུག་པ་བདག་གི་གྲོགས།
ཉམས་འགྱུར་འདོན་ཚུལ།
རྩོམ་རིག་གི་གསོན་ཉམས་ལྡན་པའི་སྣང་བརྙན་བཞེངས་སྐྲུན་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བ་གཅིག་ནི། ངང་ཚུལ་སྟོན་པའམ་རྣམ་འགྱུར་འདོན་པའི་ཁྱད་ཚིག་སྤེལ་ཐབས་ཀྱི་སྟེང་དུ་ཡོད་པ་ལྟར། སྙན་ངག་ལའང་བྱ་ཚིག་དང་མིང་ཚིག་འགྲེལ་བརྗོད་བྱེད་པའི་ཁྱད་ཚིག་སྦྱོར་ཐབས་ཀྱི་ཆོས་ཉིད་ལམ་སྟོན་གནང་དགོས་པའང་གལ་ཆེ། དཔེར་ན།                       
  ཆར་བ་འབབ།    ——     ཆར་བ་ཟམ་ཟིམ་འབབ།
 སྤྱན་གྱིས་གཟིགས།    ——    སྤྱན་གྱིས་འབུར་ཚུགས་སུ་གཟིགས།
 ལག་ཟུང་།        ——    ཕྲ་ལ་མཉེན་པའི་ལག་ཟུང་།
 རྒྱ་མཚོ་སྔོན་པོ།    ——    སྔོ་མཐིང་མཐིང་གི་རྒྱ་མཚོ། ཡང༌།
 ནམ་མཁའ།        ——    སྔོ་ཞིང་སངས་པའི་ནམ་མཁའ།
 ཉི་འོད།        ——     དྲོ་ཞིང་འཇམ་པའི་ཉི་འོད།
 ས་གཞི        ——    ཡངས་ཤིང་ཆེ་བའི་ས་གཞི།
 རྦབ་ཆུ།        ——    ཆལ་ཆིལ་དུ་འབབ་པའི་རྦབ་ཆུ། ཡང་།   
 དབུ་སྐྲ་དཀར་པོ།    ——    ཁ་བའི་གོས་དཀར་གྱོན་པའི་སྐྲ་ལོ།
 བཞིན་གྱི་གཉེར་མ།    ——    ལོ་ཟླའི་གཉེར་མ་བརྩེགས་པའི་བྱམས་བརྩེའི་བཞིན།
 སྤྱན་ཟུང༌།        ——    ལང་ཚོའི་སྟངས་སྟབས་ལྷོད་པའི་སྤྱན་ཟུང་།
 དྲན་པ།        ——    བུ་ངས་ལྷག་པར་དྲན་ནོ་དྲིན་ཆེན་མ།
འདི་ལྟ་བུའི་ཁྱད་པར་ཅན་གྱི་ཚིག་སྦྱོར་ལ་བརྟེན་ནས་སྣང་བརྙན་འབུར་གཟུགས་སུ་འབྲི་ཐབས་འདི་ནི་རྩོམ་རིག་གི་མཛེས་པ་བསྐྲུན་པའི་སྲོག་ཤིང་དང་མཚུངས་པས་ངེས་པར་དུ་སྦྱོང་བརྡར་མང་ཙམ་སྤྲོད་དགོས་པར་སྙམ།
བརྩམས་སྒྲུང་སློབ་ཁྲིད་བྱེད་ཐབས།
    བརྩམས་སྒྲུང་ནི་སྤྱི་ཚོགས་འཚོ་བ་གཏིང་ཟབ་མོས་མཚོན་ཚུལ་ཞིག་ཡིན། བརྩམས་སྒྲུང་འབྲི་བ་ནི་སྤྱི་ཚོགས་འཚོ་བ་འབྲི་བ་ཡིན་ལ། བརྩམས་སྒྲུང་ལ་དབྱེ་ཞིབ་བྱེད་པ་ནི་སྤྱི་ཚོགས་འཚོ་བར་དབྱེ་ཞིབ་བྱེད་པ་ཡིན། སྤྱི་ཚོགས་འཚོ་བ་ཇི་ལྟར་གཏིང་ཟབ་པ་བཞིན་དུ་བརྩམས་སྒྲུང་མ་བྲིས་པའི་སྔ་རོལ་དང༌། འབྲི་བཞིན་པ། བྲིས་ཚར་བ་བཅས་ཀྱི་སྐབས་སུ་བསམ་གཞིགས་དང་དབྱེ་ཞིབ་ནན་མོ་བྱེད་དགོས་པས། རྩོམ་རིག་ལ་མཁས་པ་རྣམས་ཀྱིས་དེ་ལ་ཐབས་ལམ་ཞིག་བསྟན་ཡོད། ཐབས་ལམ་དེ་ནི་རྩོམ་རིགས་གང་ལའང་ཡོད་པའི་བརྗོད་དོན་གཙོ་བོ་དང༌། རྩོམ་གཞི། སྒྲིག་གཞི་གསུམ་ཡིན་ཞིང༌།  བརྗོད་དོན་གཙོ་བོ་ནི་བླ་སྲོག་དང།  རྩོམ་གཞི་ནི་ཤ་ཁྲག   སྒྲིག་གཞི་ནི་རུས་སྒྲོམ་ལྟ་བུ་ཡིན་ནོ། །
བརྗོད་དོན་གཙོ་བོ།
བརྗོད་དོན་གཙོ་བོ་ཞེས་པ་ནི་རྩོམ་གྱི་བརྗོད་བྱའི་སྙིང་པོ་དེ་ཡིན་ཞིང་དེ་ནི་རྩོམ་པ་པོའི་བསམ་བློའི་དགོངས་དོན་ཡིན། དཔེར་ན་སྐྱོན་ཞིག་ཐེར་འདོན་བྱེད་པའམ། གནས་ཚུལ་ཞིག་ལ་བསྟོད་ར་གཏོང་བ། བསམ་ཚུལ་ཞིག་ཕྱི་སྒྲོག་བྱེད་པ་ལྟ་བུ་སོགས་ཡིན་ལ། དེ་ཡིས་སློབ་མ་དག་གིས་ངེས་པར་དུ་བཤད་དགོས་པ་གང་ཞིག་ཡིན་པ་སོགས་གོ་བ་ལེན་པའི་ཆུ་ཚད་མཚོན་ཐུབ།
        སྦས་རྣམ་གྱིས་མཚོན་པ།      ——   སྒྱུ་རྩལ་རྩོམ་རིག
        ཐད་ཀར་མཚོན་པ།      ——   དཔྱད་རྩོམ།
      བརྗོད་སྙིང་དེའང་གཏིང་ཟབ་ཅིང་ཡང་དག་དོན་སྙིང་བདེན་པ་ཞིག་ཡིན་མིན་ལ་དཔྱད་དགོས་ཤིང༌། ཡང་དག་པ་ཞེས་པ་དོན་དངོས་དང་མཐུན་པའི་དོན་ཡིན་ཞིང་དོན་སྙིང་ལྡན་པ་ཞེས་པས་བླང་བྱ་ཅི་ཞིག་ཡོད་མེད་ལ་ལྟ་ཐུབ། ཐོག་མར་རྩོམ་ཡིག་འབྲི་སྐབས་ཅི་ཞིག་འབྲི་དགོས་པའི་བརྗོད་སྙིང་གཏན་ཁེལ་བྱེད་དུ་བཅུག་སྟེ་གོ་བ་ལེན་པའི་བསམ་བློའི་ཆུ་ཚད་ཡར་རྒྱས་གཏོང་དགོས།
རྩོམ་གཞི།
      རྩོམ་གཞི་ནི་བརྗོད་བྱའི་སྙིང་པོ་གང་ཞིག་བརྗོད་པར་བྱེད་པའི་རྒྱུ་ཆ་དག་ཡིན་ཞིང༌། འཚོ་བར་ཞིབ་ལྟ་དང། ཚོད་ལྟ། དཔྱད་ཞིབ། བརྗེད་ཐོ་འགོད་པ་བཅས་ཀྱི་སློབ་སྦྱོང་རྒྱུན་འཁྱོངས་བྱས་ཏེ་བརྗོད་བྱ་འཚོལ་སྡུད་བྱེད་དགོས་པས་དེས་སློབ་མའི་ངོས་འཛིན་གྱི་ཆུ་ཚད་མཚོན་ཐུབ། དེ་ལ་དབྱེ་ན་དངོས་གཞི་དང་བརྒྱུད་གཞི་ཞེས་གཉིས་སུ་དགར་དགོས།
      དངོས་གཞི་ནི་ན་ཆུང་སློབ་མ་དག་གིས་དངོས་སུ་རང་ཉིད་ཀྱི་འཚོ་བ་བརྗོད་གཞིར་བྱས་པའི་རྒྱུ་ཆ་དག་ཡིན་ལ། བརྒྱུད་གཞི་ནི་ན་ཆུང་སློབ་མ་དག་གིས་དེབ་དང་གློག་བརྙན་སོགས་ལ་བལྟས་པའམ་གཞན་ནས་ཐོས་པའི་རྒྱུ་ཆ་དག་ཡིན།
སྒྲིག་གཞི།
      སྒྲིག་གཞི་ནི་རྩོམ་གྱི་ནང་དོན་དང་རྒྱུ་ཆའི་དགོས་མཁོར་གཞིགས་ཏེ་ཕྱིའི་རྣམ་པའི་གོ་རིམ་སོགས་གོ་སྒྲིག་བྱེད་ཐབས་ཤིག་ཡིན་ཞིང༌། དེ་ཡིས་ན་ཆུང་སློབ་མ་དག་གི་གསར་གཏོད་ཀྱི་ཆུ་ཚད་དང་འཆར་འགོད་ཀྱི་ཆུ་ཚད་མཚོན་ཐུབ། སྒྲིག་གཞི་རྩོམ་ལུས་མི་འདྲ་བའི་དགོས་མཁོར་དམིགས་ཏེ་སྒྲིག་གཞི་སྒྲིག་ཚུལ་ཡོད་དེ། བརྩམས་སྒྲུང་ལྟ་བུར་བྱ་བའི་བྱུང་རིམ་དང་དཔྱད་རྩོམ་ལ་དགག་སྒྲུབ་ཀྱི་ནང་དོན་དགོས་མཁོ་གཞིར་འཛིན་དགོས།
      གཞན་ཡང་རགས་པར་བཤད་ན་རྩོམ་འགོ་འཛུགས་ཚུལ་དང༌། ནང་དོན་གྱི་སྔ་ཕྱིའི་གོ་རིམ་དང༌། ཕྱིའི་རྣམ་པར་གནས་པའི་དུམ་བུ། དོན་གྱི་གོང་འོག་མཚམས་སྦྱོར་བར་བྱེད་པའི་མཚམས་འབྲེལ། གོང་གི་བརྗོད་དོན་འོག་ལ་མུ་མཐུད་ལེན་པའི་འདྲེན་མཐུད་སོགས་སྒྲིག་གཞིའི་ཁོངས་སུ་དབྱེ་ཞིབ་བྱེད་དགོས།
བརྩམས་སྒྲུང་སློབ་ཁྲིད་ཀྱི་གཙོ་གནད་དག
      བརྩམས་སྒྲུང་སློབ་ཁྲིད་བྱེད་པའི་སྐབས་སུ་ངེས་པར་གསལ་པོར་རྟོཊ་དགོས་པའི་གནད་འགག་ཁ་ཤས་ཡོད་པ་དེ་དགེ་རྒན་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པས་འདིར་དེའི་སྐོར་ངོ་སྤྲོད་ཙམ་བྱས་ན། བརྩམས་སྒྲུང་ལ་དབྱེ་ན་དངོས་ཡོད་ཅན་གྱི་བརྩམས་སྒྲུང་དང༌། ཕུཊ་བསམ་ཅན་གྱི་བརྩམས་སྒྲུང༌།  མཚོན་བྱེད་ཅན་གྱི་བརྩམས་སྒྲུང་བཅས་རིགས་གསུམ་ཡོད།
       དངོས་ཡོད་ཅན་གྱི་བརྩམས་སྒྲུང་ནི་མི་སྣ་དང་དོན་རྐྱེན་སོགས་དངོས་སུ་སྤྱི་ཚོགས་འཚོ་བའི་ནང་བྱུང་ཟིན་པའམ་འབྱུང་སྲིད་པ་དང༌། ཀུན་གྱིས་ཁས་ལེན་རུང་བ་ཞིག་བྲིས་ཏེ་རྩོམ་པ་པོ་མི་མངོན་པའི་ཚུལ་གྱིས་སྒྲུང་ནང་གི་མི་སྣའི་རྒྱབ་རོལ་དུ་སྦས་ཏེ་ག་ལེར་རང་གི་ཕུགས་བསམ་གྱི་ཕྱོགས་སུ་ཁྲིད་ཕྱིར་བཟོ་བཅོས་དང་གསར་སྐྲུན་བྱེད་དགོས།
       དཔེར་ན། སློབ་དེབ་ནང་གི་”བོད་ཀྱི་དཔའ་བོ”ལྟ་བུ་ཡིན་ཞིང༌། དེ་ནི་དངོས་ཡོད་ཡིན་ལ་རྩོམ་པ་པོས་མཛེས་པའི་སྣང་བརྙན་སྐྲུན་ཕྱིར་གསར་གཏོད་ཀྱང་བྱས་ཡོད།
      ཕུགས་བསམ་ཅན་གྱི་བརྩམས་སྒྲུང་ནི་རྩོམ་པ་པོའི་བསམ་བློའི་དགོངས་དོན་དང༌། བརྩམས་སྒྲུང་གི་ནུས་པ་མཐོ་རུ་གཏོང་ཕྱིར་ཆོ་འཕྲུལ་ལྟ་བུའི་འབྲི་ཐབས་སྤྱད་དེ་སྐབས་དང་སྐབས་སུ་མི་སྲིད་པ་ཞིག་ཀྱང་སྲིད་པར་བྱས་ཏེ། རྩོམ་གྱི་བརྗོད་སྙིང་ཚད་གཞི་མཐོན་པོར་བསྐྱལ་བར་བྱེད།
      དཔེར་ན། “རྡོའི་སེང་གེ་ཁ་གདངས་པ་”ལྟ་བུ་ཡིན། སློབ་ཚན་དེའི་ནང་གི་དབུལ་པོ་དང་ཕྱུག་པོ་གཉིས་ཀྱི་བསམ་བློ་དང༌། གཤིས་ཀ བྱ་སྤྱོད་བཅས་ཀྱི་དབྱེ་བ་གསལ་པོར་ཕྱེས་པའི་ཆེད་དུ་རྡོའི་སེང་གེས་ཁ་གདངས་མི་སྲིད་ནའང་སྲིད་པར་བྱས་ཏེ་རྩོམ་དེའི་བརྗོད་སྙིང་འབུར་དུ་ཐོན་པར་བྱས་ཡོད།
      མཚོན་བྱེད་ཅན་གྱི་བརྩམས་སྒྲུང་ནི་རྩོམ་པ་པོས་བརྗོད་སྙིང་དང༌། དགོངས་དོན་དམིགས་བསལ་བ། མཚར་འགུག་སྤྲོ་གསུམ་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་དངོས་ཡོད་ལས་ཀྱང་གཏིང་ཟབ་ཏུ་གཏོང་ཕྱིར་མཚོན་བྱའི་དངོས་པོ་ཤུགས་ལ་བཞག་སྟེ། མཚོན་བྱེད་ཀྱི་དངོས་པོ་གཞན་ཞིག་གི་སྟེང་ནས་བྱུང་རིམ་སྒྲིག་པའི་འབྲི་ཐབས་ཤིག་ཡིན། དཔེར་ན།
      སློབ་ཚན་ནང་གི་”ཤིང་རྟ་མོ་དང་སེང་གེ”་ལྟ་བུ་ཡིན།
བརྩམས་སྒྲུང་གི་གཙོ་གནད་འགའ།
བརྩམས་སྒྲུང་གི་འབྲི་ཐབས་གང་ཡིན་ཀྱང་འབྲི་བ་དང༌། བརྩམས་སྒྲུང་སློབ་ཁྲིད་བྱེད་པའི་སྐབས་སུ་རྩོམ་གྱི་ལྷུ་ལག་རྣམས་གཏོར་ཏེ་གྲུབ་ཆ་རེ་རེ་ནས་ངོ་སྤྲོད་བྱས་ན་བརྩམས་སྒྲུང་གང་ཞིག་གསལ་པོར་རྟོགས་པར་མ་ཟད། བརྩམས་སྒྲུང་འབྲི་བ་དང་བརྩམས་སྒྲུང་ལ་དབྱེ་ཞིབ་བྱེད་པའི་རྨང་གཞི་འདིང་ཐུབ་པས། གཤམ་ནས་བརྩམས་སྒྲུང་གི་གྲུབ་ཆ་རྣམས་ངོ་སྤྲོད་དང་དབྱེ་ཞིབ་ཞིག་བྱས་ན།
བརྩམས་སྒྲུང་གི་གྲུབ་ཆ་གཙོ་བོ། མི་སྣ། བྱུང་རིམ། ཁོར་ཡུག སྒྲིག་གཞི་བཅས་བཞིས་གྲུབ་ཡོད་ཕྱིར་དེའི་ཆོས་ཉིད་ལ་ངོས་འཛིན་གསལ་པོ་ཞིག་བྱེད་ཐུབ་ན་བརྩམས་སྒྲུང་ལ་ཕྱོགས་ཡོངས་ནས་ལྟ་ཐུབ་པས་གཤམ་ལ་དེ་དག་གི་སྐོར་ངོ་སྤྲོད་བྱས་ན།
མི་སྣ་བཀོད་འབྲི་བྱེད་ཐབས་དང་སློབ་ཁྲིད།
      མི་སྣ་ཞེས་པ་ནི་དོན་གྱི་བྱུང་རིམ་བརྗོད་པའི་བརྩམས་སྒྲུང་སོགས་ཀྱི་གྲུབ་ཆ་གལ་ཆེ་ཤོས་དེ་ཡིན། བྱ་བའི་བྱུང་རིམ་ཞིབ་འབྲི་བྱེད་དགོས་ན་ངེས་པར་དུ་བྱ་བ་སྒྲུབ་མཁན་གྱི་མི་སྣའམ་སྲོག་ཆགས་གང་ཞིག་ངེས་པར་དགོས་པ་དེ་ལ་མི་སྣ་ཟེར་ཞིང༌། མི་སྣ་ལའང་དྲང་ཕྱོགས་ཀྱི་མི་སྣ་དང་ལྡོག་ཕྱོགས་ཀྱི་མི་སྣ། མི་སྣ་གཙོ་བོ་དང༌། མི་སྣ་ཕལ་བ་བཅས་ཡོད་ཅིང་རྩ་བའི་ཆ་ནས་མི་སྣ་ཕལ་བ་དང་ལྡོག་ཕྱོགས་ཀྱི་མི་སྣའི་བར་གྱི་འགལ་འབྲེལ་བྲིས་པ་བརྒྱུད་ནས་འཚོ་བའི་དངོས་ཡོད་གནད་དོན་ཞིག་སྟོན་གྱིན་པར་མ་ཟད། མི་སྣ་གཙོ་བོ་འབུར་དུ་ཐོན་པར་གཞོགས་འདེགས་ཀྱང་བྱེད་དགོས། དཔེར་ན་སློབ་དེབ་ནང་གི་”སྟག་མོ་ལུས་སྦྱིན”ལ་བལྟས་ན་གསལ་པོོ་ཡིན།
      མི་སྣ་འབྲི་ཐབས་ཞེས་པ་ནི་སྒྲུང་ནང་གི་མི་སྣའི་སེམས་ཁམས་དང༌། བསམ་བློ། བྱ་སྤྱོད། གཤིས་ཀ གླེང་མོལ། གཟུགས་རིས་བཅས་ཞིབ་འབྲི་ཇི་ལྟར་བྱས་ཡོད་པ་དེར་ཟེར་ཞིང༌། སྒྲུང་གཏམ་ཞིག་གི་བརྗོད་སྙིང་རྟོགས་དང་མ་རྟོགས་ཞེས་པ་མི་སྣ་དེ་ཇི་ལྟར་བྲིས་ཡོད་མེད་དང༌། མི་སྣ་དེ་ཅི་འདྲ་ཞིག་ཡིན་མིན་གྱི་གནད་དོན་ལ་ཐུག་ཡོད།
      ༡། སྟག་མོ་ལུས་སྦྱིན་ཞེས་པའི་ནང་དུ་“དེ་ནས་རྒྱལ་པོས་འདི་སྙམ་དུ་བསམས་སོ། ། བདག་ཡུན་རིང་པོ་ནས་འཁོར་བ་ན་འཁོར་ཞིང་ལུས་དང་སྲོག་གྲངས་མེད་པ་ཞིག་ཆུད་ཟོས་ཏེ། རེ་འགའ་ནི་འདོད་ཆགས་ཀྱི་ཕྱིར། རེ་འགའ་ནི་ཞེ་སྡང་གི་ཕྱིར། རེ་འགའ་ནི་གཏི་མུག་གི་ཕྱིར་ལུས་བཏང་སྟེ། ཆོས་ཀྱི་ཕྱིར་བསོད་ནམས་ཀྱི་ཞིང་དང་ལན་འགའ་ཡང་མ་འཕྲད་པའི་ལུས་འདིས་ཅི་རུང་སྙམ།” ཞེས་པ་ལྟ་བུ་མི་སྣའི་བསམ་བློ་ཞིབ་འབྲི་ཡིན།
      ༢། “ལམ་དེ་ཉིད་དུ་ཞུགས་ཏེ་སྟག་མོའི་ཚང་གང་ན་འདུག་པར་མྱུར་དུ་སོང་ནས་སྟག་མོའི་དྲུང་དུ་ཉལ་ཀྱང༌། སྟག་མོས་ཟ་མ་ནུས་སོ། །དེའི་ཚེ་རྒྱལ་བུས་ཤིང་གི་ཚལ་བ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་སྟག་མོ་ལ་ལྡག་ཏུ་བཅུག་”ལྟ་བུ་ནི་མི་སྣའི་བྱ་འགུལ་ཞིབ་འབྲི་ཡིན།
      ༣། “སྲས་ཐ་ཆུང་སེམས་ཅན་ཆེན་པོ་དེ་ཆུང་ངུའི་དུས་ནས་བྱམས་པ་དང་སྙིང་རྗེ་ཆེ་བ། ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བ་ཞིག་ཡོད་”ཅེས་པ་ལྟ་བུ་ནི་མི་སྣའི་གཤིས་ཀ་ཞིབ་འབྲི་ཡིན།
      ༤། “སྟག་མོ་འདི་ནི་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཏེ་ཉམ་ཆུང་ལ་རིད་པས་ཤི་ལ་ཐུག་པ་འདིས་རང་གི་བུ་ཟ་བར་རྩོམ་མོ། །”ཞེས་པ་ནས་འཕྲོས་པའི་སྐད་ཆ་དེ་དག་གིས་མི་སྣའི་གླེང་མོལ་ཞིབ་འབྲི་བྱས་ཡོད།
      ༥། “ཡུམ་གྱི་མནལ་བའི་རྨི་ལམ་ན་ཕུག་རོན་གསུམ་འཕུར་ཞིང་རྩེ་བ་ལས། ནང་གི་ཆུང་བ་གཅིག་ཁྲས་ཁྱེར་བ་རྨིས་མ་ཐག་གཉིད་སད།”ལྟ་བུ་ནི་མི་སྣའི་སེམས་ཁམས་ཞིབ་འབྲི་ཡིན།
      ༦། “དེ་ནས་སྟག་མོས་རྒྱལ་བུའི་ཤ་ཟད་པར་ཟོས་ནས་རུས་པ་དང༌། ཁྲག་འབའ་ཞིག་ས་ལ་བཙོག་བཙོག་པ་ལྟར་འདུག་པ་མཐོང”ཞེས་པ་ལྟ་བུ་ནི་མི་སྣའི་གཟུགས་རིས་ཞིབ་འབྲི་ཡིན།
      ༧། དེའི་ནང་གི་ཡབ་ཡུམ་གཉིས་དང་སྤུན་མཆེད་གཉིས་སོགས་ཀྱི་སྡུག་བསྔལ་བའི་གནས་སྟངས་ཞིབ་འབྲི་བྱས་པ་དེ་ནི་མི་སྣ་ཕལ་བ་ལ་བརྟེན་ནས་མི་སྣ་གཙོ་བོ་ཞིབ་འབྲི་བྱེད་ཐབས་ཡིན།
བྱུང་རིམ་བཀོད་འབྲི་སློབ་ཁྲིད་བྱེད་ཐབས།
    དེ་ནི་མི་སྣ་ཡོད་ན་འགུལ་སྐྱོད་ཡོད་པ་དང༌། འགུལ་སྐྱོད་ཡོད་ན་བྱུང་རིམ་ཡོད་པས་འདིར་མི་སྣ་གང་ཞིག་གིས་ཡུལ་གང་དང་གང་དུ་དུས་ཚོད་ག་དུས་ཤིག་ལ་བྱ་བ་ཅི་འདྲ་ཞིག་བསྒྲུབས་ཡོད་པ་དང༌། རང་བྱུང་ཚན་པ་ག་ཚོད་ཀྱི་ནང་དུ་དུས་ཚོད་མང་པོའི་ནང་དུ་བྱ་བ་མི་འདྲ་བ་གཅིག་གམ་མང་པོ་བསྒྲུབས་པའམ། དུས་ཚོད་གཅིག་གི་ནང་དུ་བྱ་བ་མང་པོའམ་གཅིག་བསྒྲུབས་ཡོད་མིན། མི་སྣ་གཅིག་གམ་ཡང་ན་མང་པོས་བསྒྲུབས་ཡོད་མིན། བྱ་བ་དེ་ཇི་ལྟར་འཕེལ་རྒྱས་སོང་ཡོད་མིན། འཕོ་འགྱུར་སོང་ཡོད་མིན། མཐོ་རླབས་ལ་བསླེབས་ཡོད་མིན། མཇུག་འབྲས་ཅི་བྱུང་སོགས་ཅུང་ཞིབ་ཚགས་ཀྱིས་བཀོད་འབྲི་བྱས་ཏེ་བརྗོད་སྙིང་འབུར་དུ་ཐོན་པར་བྱེད།
དེ་ནི་མི་སྣ་ཞིག་ཐད་འབྲི་ཁོ་ན་བྱས་ཏེ་མི་དེས་ཅི་ཞིག་བསྒྲུབ་མིན་དང༌། ཇི་ལྟར་བསྒྲུབ་མིན་སོགས་གསལ་པོོར་བྲིས་ན་མི་སྣ་དེའི་གཤིས་ཀ་དང་བྱ་སྤྱོད། བསམ་བློ་སོགས་འབུར་དུ་ཐོན་པ་ཞིག་འབྲི་མི་ཐུབ་པས་བྱུང་རིམ་བཀོད་འབྲི་བྱེད་ཐབས་བསླབ་རྒྱུ་དེ་གནད་འགག་གལ་ཆེན་དུ་འཛིན་དགོས། དཔེར་ན།
      བོད་ཀྱི་དཔའ་བོ་ལྟ་བུར་མཚོན་ན༌། ༡༩༨༧ ༩ ༢༧ ཉིན་ནས་འགོ་བརྩམས་ཏེ་བོད་ཀྱི་དཔའ་བོ་བློ་བཟང་གིས་མི་མང་གི་སྣེ་ཁྲིད་ནས་ངོ་རྒོལ་ཁྲོམ་སྐོར་གྱིས། བོད་རང་བཙན་ཡིན་པའི་སྐད་འབོད་བྱེད་བཞིན། གཙུག་ལག་ཁང་ལ་སྐོར་བ་བྱས་ཏེ་བོད་སྡོད་རྒྱ་དམར་གྱི་སྒོ་ཁར་བརྒྱུགས། རྒྱ་ནག་གིས་མེ་མདའ་བརྒྱབ་སྟེ་བོད་མི་མང་པོ་དམར་གསོད་བཏང་ནའང༌།  བློ་བཟང་གིས་མུ་མཐུད་མི་མང་གི་སྣེ་ཁྲིད་ནས་ངོ་རྒོལ་བྱས་ཏེ་མཐར་ཁོ་རང་འཛིན་བཟུང་བྱས་ཏེ་དྲག་ཆད་བཟོད་གླགས་མེད་པ་སྤྱད་ཀྱང༌། ད་དུང་བོད་ཀྱི་རྒྱལ་དར་ཁྱེར་ནས་ངོ་རྒོལ་བྱས་པ་ལྟ་བུ་བྱུང་རིམ་ཡིན་ཀྱང༌།  བྱུང་རིམ་ཐུང་བ་རྙོག་འཛིང་མེད་པའི་རིགས་ཡིན།
      བོད་ཀྱི་དཔའ་བོ་གཞིར་བཟུང་ནས་སློབ་ཚན་གྱི་རང་བྱུང་དུམ་མཚམས་དབྱེ་ཞིབ་བྱས་ན་གཤམ་གྱི་འདི་ལྟར་དབྱེ་ཆོག
      ༡། ལྷ་ས་གྲོང་ཁྱེར་ནས་བོད་མི་ཁྲི་ཕྲག་མང་པོ་འདུ་འཛོམས་ཀྱིས་སྐད་འབོད་བྱས་པ།
      ༢། དཔའ་བོ་བློ་བཟང་གིས་སྣེ་ཁྲིད་ནས་གཙུག་ལག་ཁང་ལ་སྐོར་བ་ལན་གསུམ་བརྒྱབ་སྟེ་མཐར་བོད་སྡོད་རྒྱ་དམར་གྱི་སྒོ་འགྲམ་དུ་བརྒྱུགས།
      ༣། རྒྱ་དམར་གྱི་དམག་དཔུང་གིས་མངོན་སུམ་འཛེམས་མེད་ཀྱིས་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང༌།
      ༤། རྒྱལ་གཅེས་དཔའ་བོ་བློ་བཟང་ལགས་ཀྱིས་ད་དུང་བདེན་པའི་འབོད་སྒྲ་བསྒྲགས།
      ༥། ཀླ་ཀློ་རྒྱ་དམར་གྱིས་བློ་བཟང་འཛིན་བཟུང་བྱས་ཏེ་མེ་ནང་དུ་ཐེངས་གཉིས་གཡུག
      ༦། ད་དུང་བློ་བཟང་ལགས་ཀྱིས་མུ་མཐུད་དེ་བོད་ཀྱི་རྒྱལ་དར་ཁྱེར་ཏེ་འཚེ་མེད་ཞི་བའི་སྒོ་ནས་འཐབ་རྩོད་བྱས།
      ༧། བློ་བཟང་གཙོ་བྱས་པའི་མི་མང་གིས་ཅི་ལའང་མི་སྐྲག་པར་འཚེ་བ་མེད་པའི་འཐབ་རྩོད་མུ་མཐུད་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་ལོ་རྒྱུས་སྟེང་དུ་དཔེ་བཟང་བླ་ན་མེད་པ་བཞག
      རྩོམ་འདིའི་འགོ་ནི་དུས་ཚོད་དང་དོན་རྐྱེན་ངོ་སྤྲོད་ཀྱི་སྒོ་ནས་བརྩམས་ཡོད་ལ། མཇུག་དེ་དཔའ་བོའི་དཔེ་བཟང་ལ་གདེང་འཇོག་བྱེད་པའི་སྒོ་ནས་བསྡུས་ཡོད། མི་སྣ་གཙོ་བོ་ནི་བོད་ཀྱི་དཔའ་བོ་བློ་བཟང་ལགས་ཡིན་པ་དང༌། མི་སྣ་ཕལ་བ་ནི་བོད་མི་ཁྲི་ཕྲག་མང་པོ་དང་རྒྱ་དམར་གྱི་དམག་མི་དག་ཡིན། དེའི་ནང་ནས་ཀྱང་ལྡོག་ཕྱོགས་ཀྱི་མི་སྣ་ནི་རྒྱ་དམར་གྱི་དམག་མི་དག་ཡིན།
ཁོར་ཡུག་ངོ་སྤྲོད་དང་སློབ་ཁྲིད།
      ཇི་བཞིན་བརྗོད་པའི་རྩོམ་དང་བརྩམས་སྒྲུང་སོགས་དོན་གྱི་བྱུང་རིམ་སྟོན་པའི་རྩོམ་རིག་མང་ཆེ་བའི་ནང་མི་སྣ་གང་དེས་བྱ་བ་གང་ཞིག་བསྒྲུབ་ཡུལ་དང༌། དོན་རྐྱེན་གང་ཞིག་འབྱུང་སའམ་འཚོ་གནས་བྱེད་སའི་རང་བྱུང་ཁམས་དང་སྤྱི་ཚོགས་ཁོར་ཡུག་ལ་གོ སྤྱིར་མི་ཞིག་ཡིན་ཕྱིན་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་འཚོ་བཞིན་ཡོད་ལ། དོན་རྐྱེན་གང་ཞིག་ཡིན་ཀྱང་ཁོར་ཡུག་ངེས་ཅན་ཞིག་ནས་འབྱུང་བཞིན་ཡོད་པ་དང་མཐུན་པར་བརྩམས་ཆོས་ཀྱི་ནང་དུའང་དེས་གོ་གནས་གལ་ཆེན་ཟིན་ཡོད།
      ༡། རང་བྱུང་ཁོར་ཡུག་ནི་གནམ་གཤིས་དང༌། རི་ཆུ་ལུང་གསུམ། བྱ་བྱེའུ་སོགས་ཕྱིའི་རང་བྱུང་ཁམས་ཀྱི་གྲུབ་ཆ་རྣམས་ཡིན་ལ།
      ༢། སྤྱི་ཚོགས་ཁོར་ཡུག་ནི་ས་ཆ་གང་ཞིག་ཏུ་འཚོ་སྡོད་བྱས་ཡོད་པའི་མིའི་རིགས་ཀྱི་སྤྱི་ཚོགས་དེ་ཡིན་ལ། སྤྱི་ཚོགས་དེ་ཅི་འདྲ་ཞིག་ཡིན་ན་བརྩམས་ཆོས་ཀྱི་ནང་དུ་མི་སྣའང་དེ་འདྲ་ཞིག་འབྱུང་བ་ཡིན།
སྒྲིག་གཞི་ངོ་སྤྲོད་དང་སློབ་ཁྲིད།
      སྒྲིག་གཞི་ནི་ནང་དོན་ལ་ལྟོས་ཏེ་རྩོམ་གྱི་ཕྱིའི་རྣམ་པའི་འཆར་འགོད་ཅིག་ཡིན་ཞིང་དེའང་ནང་དོན་གྱི་རིན་ཐང་མཐོར་འདེགས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དེ་ནི་རྩོམ་ཡིག་མ་བྲིས་གོང་ནས་བསམ་གཞིགས་བྱས་ཏེ་མི་སྣ་ཅི་འདྲ་ཞིག་འབྲི་དགོས་མིན་དང༌། དོན་རྐྱེན་ཅི་འདྲ་ཞིག་འབྲི་མིན། དུམ་མཚམས་ག་ཚོད་དབྱེ་མིན། མི་སྣ་དང་ཁོར་ཡུག་གང་འདྲ་ཞིག་དགོས་མིན་སོགས་གོ་སྒྲིག་བྱེད་ཐབས་ཤིག་ཡིན།
      བརྩམས་སྒྲུང་གི་སྒྲིག་གཞི་རིགས་རྩ་བའི་ཆ་ནས་དབྱེ་ན།  འགོ་འཛུགས། འཕེལ་རྒྱས། མཐོ་རླབས། མཐའ་འབྲས་བཅས་ཡོད་ལ། བརྩམས་ཆོས་ཁ་ཤས་ལ་སྔོན་གླེང་དང་མཇུག་གཏམ་ཡང་ཡོད།
      ན་ཆུང་སློབ་མ་དག་ལ་རྩོམ་ཡིག་མ་བྲིས་གོང་དུ། ཅིའི་ཕྱིར་འབྲི་བའི་བརྗོད་སྙིང་དང༌། ཅི་ཡིས་འབྲི་བའི་རྒྱུ་ཆ། ཇི་ལྟར་འབྲི་བའི་སྒྲིག་གཞི་བཅས་ལ་བསམ་གཞིགས་བྱེད་དུ་འཇུག་དགོས་ལ། བྲིས་ཚར་པའི་བརྩམས་ཆོས་ལའང་དེ་དག་གི་ལམ་སྟོན་གྱི་འོག་ནས་དཔྱད་ཞིབ་བྱེད་དུ་འཇུག་དགོས།
      དུང་སེམས་མཚོན་པ། དེ་ནི་རྩོམ་པ་པོའི་བསམ་བློའི་མོས་ཕྱོགས་དང༌། ཆགས་སྡང་གི་ལྟ་བ་གང་ཞིག་བརྩམས་ཆོས་ཀྱི་འགོ་མཇུག་བར་གསུམ་དུ་ཁྱབ་ཡོད་པ་དེ་ཡིན། དེའང་ཐད་ཀར་མ་བརྗོད་པར་མི་སྣ་སོགས་ཀྱི་རྒྱབ་ལོགས་ན་སྦས་ཡོད་པ་ཞིག་ཡིན།
      དུང་སེམས་སྟོན་པ། རྩོམ་པ་པོའི་དགའ་ཕྱོགས་དང་སྡང་ཕྱོགས་དེ་ཐད་ཀར་ཕྱིར་མངོན བྱས་ཏེ་དངོས་སུ་བརྗོད་པའི་བརྗོད་ངག་གི་དུམ་བུ་ལ་ཟེར།
      རྩོམ་ཡིག་འབྲི་སྦྱོང་གི་རྒྱས་བསྡུས་སྡུར་ཐབས།  ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྐབས་སུ་གལ་ཆེ་ཤོས་གཅིག་ནི་རྒྱས་བཤད་བྱེད་རྒྱུའམ་ཞིབ་ཕྲ་འབྲི་ཚུལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན། བདག་གི་ཚོད་ལྟ་ཐེངས་ཤིག་གི་དཔེ་གཞི། (དགེ་སློབ་གཉིས་ཀྱིས་མཉམ་འབྲེལ་གྱིས་བསྒྲུབ་དགོས།)
བསྡུས་འབྲི།   དཔེ་སྒྲོམ་སྟེང་དུ་སྨྱུག་སྒམ་ཞིག་བཞག་ཡོད།
ཞིབ་འབྲི།        དཔེ་སྒྲོམ་སྟེང་དུ་སྨྱུག་སྒམ་དམར་པོ་ཆུང་ཆུང་ཞིག་བཞག་ཡོད།
བསྡུས་འབྲི།   ཆུ་ཕྲན་འདི་དྭངས་ཤིང་གཙང༌།
ཞིབ་འབྲི། རྡོ་གསེང་ན་ལྷུང་ལྷུང་དུ་འབབ་ཀྱིན་པའི་ཆུ་ཕྲན་འདི་གངས་ཆུ་བཞིན་དྭངས་ཤིང་འཐུང་ན་ཕོ་བར་མི་གནོད།
བསྡུས་འབྲི།   ཁོང་གི་གདོང་ན་ཉམ་ཐག་པའི་ཉམས་ཤིག་ཤར་འདུག
ཞིབ་འབྲི།    ཁོང་གི་སྐྱ་བོར་གྱུར་པའི་གདོང་ན་ཡུན་རིང་ནད་ཀྱིས་བཟུང་བའི་ཉམས་ཤིག་མངོན་ཡོད་པར་མ་ཟད། མིག་ཟུང་གཉིས་ཀོང་དུ་ལྷུང་སྟེ་ད་ནི་གསོན་པའི་རེ་བ་མེད་སྙམ་སྟེ་ཡིད་ཐང་ཆད་པའི་རྣམ་འགྱུར་དེ་གསལ་པོར་མཐོང་ཐུབ།
བསྡུས་འབྲི། སློབ་ཕྲུག་དེ་ངའི་འགྲམ་དུ་ཡོང་སྟེ་དགོངས་པ་ཞུས་སོང༌།
ཞིབ་འབྲི། སློབ་ཕྲུག་དེས་གུས་གུས་ཞུམ་ཞུམ་གྱིས་དགོངས་ཤོག་ཅིག་ཁྱེར་ནས་ངའི་འགྲམ་དུ་བསླེབས་བྱུང༌། དགོངས་ཤོག་གི་ནང་དུ་དེ་རིང་ཞོགས་པར་ཁོང་གི་ཨ་མ་འདས་གྲོངས་སུ་སོང་བའི་གནས་ཚུལ་བྲིས་ཡོད་པས། ངས་མྱུར་དུ་དགོངས་འཁྲོལ་ས་ཡིག་བརྒྱབ་རྗེས་མཆོད་མེའི་ཞལ་འདེབས་སུ་ཧིན་སྒོར་བརྒྱ་སྤྲོད་དུས། ཁོང་གི་མིག་མཐའ་གཉིས་ནས་ཉམ་ཐག་པའི་མཆི་མ་འཁྱིལ་ཏེ་ཐིགས་པ་རེ་ཟུང་དགོངས་ཤོག་གི་སྟེང་དུ་བབས་སོང༌།
གཤིབ་སྡུར་གྱི་ལམ་ནས་རྩོམ་འབྲིར་ལམ་སྟོན།  བདག་གི་ཚོད་ལྟ་ཐེངས་ཤིག་གི་དཔེ་གཞི།
༡། བསྡུས་འབྲི།    རླངས་འཁོར་འདི་ཆུང་ཆུང་ཞིག་རེད།
ཞིབ་འབྲི།   རླངས་འཁོར་འདི་ང་ཚོའི་སློབ་སྤྱིའི་རླངས་འཁོར་ཤར་རླུང་རྟགས་ཅན་དེ་ལས་ཅུང་ཟད་ཆུང༌།
༢། བསྡུས་འབྲི།    བྱ་རྒོད་དེ་འདབ་ཆགས་གཞན་དང་མི་འདྲ་བར་འཕུར་རྩལ་ཆེ།
 ཞིབ་འབྲི།           ཐང་དཀར་རྒོད་པོ་དེ་ཕོ་རོག་སོགས་ལས་གཤོག་རྩལ་ཆེ་བས་ཨ་སྔོན་མཐོན་པོ་འཕྲེད་ཀྱིས་གཅོད་བཞིན་ཡོད།
༣། བསྡུས་འབྲི།     ཚེ་རིང་ནི་རིག་པ་རྒོད་ཀྱང་བག་ཡངས་ལ་དགའ་བས་ནམ་རྒྱུན་སྤོ་ལོ་ཐང་དུ་རྩེད་མོར་གཡེང་ནས་བསྡད་ཡོད་པས་ལོ་འདིར་ཡིག་ཚད་མ་ལོན།
 ཞིབ་འབྲི།        དོན་གྲུབ་ལ་རིག་པ་དེ་ཙམ་ཡག་པོ་མེད་ཀྱང་ནམ་རྒྱུན་སློབ་སྦྱོང་ལ་འབད་བརྩོན་ཆེ་བས། ཁོ་རྒྱུན་དུ་ཞོགས་པའི་ཆུ་ཚོད་བཞི་པའི་སྟེང་ལངས་ནས་སྐད་ཡིག་ཀློག་འདོན་སྦྱོང་བཞིན་པ་དང༌། འཛིན་གྲྭའི་ནང་སློབ་ཚན་ལེགས་པར་ཉན་ཏེ་དོགས་པ་ཡོད་སར་ཐད་ཀར་དགེ་རྒན་ལ་བཀའ་འདྲི་ཞུ་བཞིན་ཡོད། ཉིན་ཞིག་མཚན་གུང་ཆུ་ཚོད་དང་པོའི་ཐོག་ཏུའང་རྩོམ་རིག་གི་ནང་སྦྱོང་འབྲི་བཞིན་པ་དགེ་རྒན་གྱིས་མཐོང་སྟེ་བྱམས་བརྩེ་ལྡན་པའི་ངང་ཉལ་དུ་བཅུག
དུས་ཚོད་གཅིག་གི་ནང་དུ་བྱ་བ་གཅིག་གམ་དུ་མ་སྒྲུབ་ཚུལ།
བསྡུས་འབྲི།    ཟླ་འདིའི་ཚེས་དྲུག་གི་ཉིན་བསྟན་འཛིན་ངྷ་སར་འགྲོ་བའི་ལམ་བར་དུ་རྒན་རྒོན་ཞིག་ལམ་ནང་དུ་ས་ལ་བསྒྱེལ་ཡོད་པ་མཐོང་འཕྲལ། ཁོས་རང་ཉིད་ཀྱི་རླངས་འཁོར་བཀག་སྟེ། རྒན་རྒོན་དེ་སྨན་ཁང་དུ་བསྐྱལ།
ཞིབ་འབྲི།    ཟླ་འདིའི་ཚེས་དྲུག་ཉིན་བསྟན་འཛིན་ངྷ་སར་བྲེལ་འཚུབ་ཀྱིས་འགྲོ་བཞིན་པའི་སྐབས་སུ་ལམ་འགྲམ་དུ་རྒན་འཁོགས་ཤིག་བསྒྱེལ་ཡོད་པ་མཐོང་བས། ཁོས་མྱུར་བར་རླངས་འཁོར་གྱི་ཁ་བཀག་ནས་བབས་ཏེ་ལྟ་དུས། རྒན་འཁོགས་དེའི་མགོ་ནས་ཁྲག་མང་པོ་ཐོན་བཞིན་འཆི་ལ་ཉེ། ཁོས་སེམས་འཚབ་ཆེན་པོས་ཡར་ལྟ་མར་ལྟ་བྱས་ཀྱང་མི་གཅིག་ཀྱང་མ་མཐོང། བྲེལ་བ་ཅི་ཙམ་ཆེ་ཡང་མི་འདི་དེ་ལྟར་བཞག་ན་མི་སྤྱོད་ལས་འདས་པ་ཞིག་རེད་བསམས་ནས། མྱུར་བར་བདེ་ལེགས་སྨན་ཁང་དུ་བསྐྱལ་ཏེ་ངག་འདར་འདར་ངང་སྨན་པ་ལ་ཞུ་བ་འཐེན་ཏེ་སྐྱོབ་ཐབས་བྱས། སྨན་པས་བརྟག་དཔྱད་བྱས་ཏེ་གནམ་ཁབ་བརྒྱབ་རྗེས་གཞི་ནས་ཁོང་གི་སེམས་ལྷོད་ལ་བབས་ཏེ་ཉེན་རྟོག་ལས་ཁུངས་ལ་ཁ་པར་བཏང།
      འདིའི་བརྗོད་པ་གོང་མའི་ནང་དུ་བསྟན་འཛིན་གྱིས་བྱ་བ་བསྒྲུབས་པ་བསྡུས་འབྲི་བྱས་ཡོད་ལ། བརྗོད་པ་འོག་མའི་ནང་དུ་བྱ་བ་སྒྲུབ་ཚུལ་གྱི་འགུལ་ཉམས་དང༌། སེམས་ཚོར། བྱ་བའང་ཁ་ཤས་ཤིག་བསྟུད་མར་བསྒྲུབས་པའི་གནས་ཚུལ་བྲིས་ཡོད་པ་འདི་འདྲའི་ལམ་ནས་སློབ་མར་རྩོམ་འབྲིའི་སྦྱོང་བརྡར་སྤྲོད་དགོས།
      བརྗོད་གཞི་གཅིག་གི་སྟེང་ནས་འབྲི་བ།  བདག་གི་ཚོད་ལྟ་ཐེངས་ཤིག་གི་དཔེ་གཞི།
      ཡུལ།   དུས།   མི་སྣ།   འབྱུང་རྐྱེན།   བྱུང་རིམ།   མཇུག་འབྲས།
      སློབ་མ་ཀ་པ། ༢༠༠༨ ལོར་ལིན་ཊོན་དུ་དོན་གྲུབ་ཀྱིས་<<ངའི་བོད>>ཅེས་པའི་དེབ་ཅིག་བྲིས།
      སློབ་མ་ཁ་པ། ༢༠༠༨ ལོར་ཨིན་ཇིའི་རྒྱལ་ས་ལིན་ཊོན་དུ་སློབ་སྦྱོང་བྱེད་བཞིན་པའི་དོན་གྲུབ་ཀྱིས་བོད་ནང་གི་ཛ་དྲག་དོན་རྐྱེན་མཚོན་ཕྱིར་<<ངའི་བོད>>ཅེས་པའི་དེབ་ཅིག་བྲིས།
      སློབ་མ་ག་པ། ༢༠༠༨ ལོར་ཨིན་ཇིའི་རྒྱལ་ས་ལིན་ཊོན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་ཁྲིམས་ལུགས་སློབ་སྦྱོང་བྱེད་བཞིན་པའི་དོན་གྲུབ་ཀྱིས་བརྙན་མཐོང་གློག་འཕྲིན་གྱི་སྦི་སྦི་སི་གསར་འགྱུར་ལས་རིམ་ལས། བོད་ནང་གི་ཛ་དྲག་གི་གནས་ཚུལ་མཐོང་སྟེ། ཁོང་གིས་དེབ་ཅིག་འབྲི་རྒྱུའི་བློ་ཐག་བཅད། ལོ་དེར་བོད་ནང་དུ་དངོས་སུ་བསྐྱོད་ནས་དཀའ་ངལ་འཛེམས་མེད་ཀྱིས་དཔྱད་ཞིབ་བྱས་ཏེ་རྒྱུ་ཆ་མང་པོ་ཞིག་རྙེད་སོན་བྱུང་བས་ལོ་དེའི་དགུན་ཁར་<<ངའི་བོད་>>ཅེས་པའི་དེབ་ཅིག་བཏོན་པ་རྒྱལ་སྤྱིའི་སྟེང་དུ་སྐད་གྲགས་ཆགས།
    ཕྲན་གྱིས་དེའི་རྗེས་ལ་ད་ལྟ་སློབ་མ་གསུམ་གྱིས་བྲིས་པ་འདི་ཇི་བཞིན་བརྗོད་པའི་རྩོམ་ཡིག་རྒྱས་བསྡུས་མི་འདྲ་བ་གསུམ་ཡིན་ལ། ད་དུང་ང་ཚོས་དེབ་དེའི་ནང་དུ་ཅི་ཞིག་བྲིས་ཡོད་པ་དང༌། དེབ་དེ་འབྲི་བའི་བརྒྱུད་རིམ། དོན་གྲུབ་བོད་དུ་བསྐྱོད་ནས་དཔྱད་ཞིབ་བྱས་ཚུལ། དོན་གྲུབ་ཟེར་པའི་མི་དེ་ཅི་འདྲ་ཞིག་ཡིན་མིན། བསམ་བློ་གཏོང་ཚུལ་བཅས་བྲིས་ན་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་བའི་རྒྱུ་མཚན་བཤད་དེ་ད་དུང་མུ་མཐུད་ནས་འབྲི་བར་བསྐུལ་བ་ཡིན།
      ཇི་བཞིན་བརྗོད་པའི་རྩོམ་ཡིག་ཆ་ཤས་རེ་རེ་ནས་འབྲི་བ། (སློབ་མ་རྣམས་ལ་གནས་བབ་མི་འདྲ་བའི་འོག་ཏུ་མིག་གི་ལྟ་སྟངས་མི་འདྲ་བ་ལྔ་འབྲིར་བཅུག་པའི་སྐབས་ཀྱི་སློབ་མ་ཞིག་གི་ནང་ལས།)
སྒྲོལ་མའི་བྱིས་དུས་ཀྱི་མིག
       སྒྲོལ་མའི་སྨིན་དཀྱུས་རིང་པོའི་འོག་གི་མིག་ཟུང་ནི་འོད་འཚེར་བའི་སྐར་མ་ཆུང་ཆུང་གཉིས་དང་འདྲ་བར་འོད་ལམ་ལམ་བྱེད་ཅིང༌། མིག་ཟུང་གི་གཏིང་སར་འཇིག་རྟེན་གྱི་གསང་བ་མང་པོ་ཞིག་མི་མངོན་པའི་ཚུལ་གྱིས་སྦས་འདུག
      སྒྲོལ་མའི་ལང་ཚོའི་དུས་སྐབས་ཀྱི་མིག
      སྒྲོལ་མས་མཛེས་སྡུག་གི་མིག་ཟུང་ཀེམ་ཀེམ་དུ་གཡོ་ཞིང་དགའ་སྣང་གི་ཟུར་མིག་ཟླ་འོད་འོག་ཧ་ཅང་རྣོ་བས་ཁོ་བོའི་བྲང་ལ་ཟུག། ཁོ་མོས་ཡང་དང་བསྐྱར་དུ་ཁོ་བོའི་གདོང་ལ་ཅེར་བ་ནི་ཁྱོད་མ་འགྲོ་ཟེར་བ་དང་ཀུན་ནས་མཚུངས།
      སྒྲོལ་མའི་རེ་སྒུག་གི་མིག
      ས་སྲོད་ཀྱི་ཐུ་འོག་ན་སྒྲོལ་མས་མིག་ཟུང་རྒྱང་རིང་གི་གྲོང་སྡེ་ལ་ཕྱོགས་ནས་ཡུན་རིང ་ལྷག ཁོ་མོའི་མིག་ཟུང་གི་ཟབ་སར་གཏིང་མི་དཔོག་པའི་རེ་སྒུག་ཅིག་གི་ཉིང་ཁུ་འཁྱིལ་འདུག་ལ། མིག་ཟུང་མཆི་མས་ཁེངས་པ་ནི་ཁོ་མོའི་བརྩེ་དུང་གི་ཉིང་བཅུད་ངོ་མའི་རྟགས་མཚན་ཞིག་ཕྱི་ལ་འབྱོ་བ་དང་གཉིས་སུ་མ་མཆིས།
      ཁོ་བོ་གྲོངས་པ་མཐོང་བའི་མིག
      སྒྲོལ་མའི་མཛེས་སྡུག་གི་མིག་ཟུང་ནི་ཞལ་ཐང་ཆེན་མོའི་ངོས་ཀྱི་སྒྲོལ་མ་དཀར་མོའི་སྤྱན་ལྟར་གཡོ་འགུལ་མེད་ནའང༌། མིག་ཆུ་རྡོག་པོ་འགའ་རེ་མཁུར་ཚོས་བརྒྱུད་ནས་བྲང་ཁར་ཟགས།
      འདས་མཆོད་རྗེས་ཀྱི་མིག
       སྐྱ་རེངས་ཀྱི་ཐུ་འོག་ན་སྒྲོལ་མའི་མིག་ཟུང་གཉིས་དམར་པོ་དམར་རྐྱང་དུ་གྱུར་ཅིང༌། ཅུང་འབུར་ཚུགས་སུ་ཐོན་པའི་སྣང་བ་ཞིག་འགོག་མེད་དུ་སྟེར།
      ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཕྱིར་ཆ་ཤས་རེ་རེ་ནས་འབྲི་བ། སེམས་ཁམས་འབྲི་བ།(གནམ་གྲུ་བརྡབ་སྐྱོན་ཤོར་བའི་སྐབས་སུ་འཚོ་བའི་རྒྱབ་ལྗོངས་མི་འདྲ་བའི་མི་ལྔས་ལྟད་མོར་བལྟས་ཡོད་པའི་བསམ་བློ་མི་འདྲ་བ།)
      ༡། བུ་མོ་ཞིག   གྲོང་གསེབ་ཀྱི་ཁྱིམ་ཚང་སྐྱོ་པོ་ཞིག་ནས་འཚར་ལོངས་བྱུང་ཞིང་ཕ་མ་གཉིས་སྔ་མོ་ནས་འདས་ཟིན་ལ། ད་ལྟ་ཁྱིམ་ཚང་འབྱོར་ཕྱུག་ལྡན་ཞིང་དྲག་ཤུལ་ཅན་ཞིག་ན་གཡོག་མོར་བསྡད་ཡོད།
      ༢། གྲྭ་པ་ཞིག   རང་ལོ་བཅོ་བརྒྱད་ཙམ་སོན་ཞིང་དྲན་རིག་ཧ་ཅང་རྒོད་ལ། དགོན་པ་ནས་རྒྱུན་དུ་སྒྲིག་ཁྲིམས་དང་འགལ་བའི་ལས་ཀ་མང་པོ་བྱས་པས། ཆད་པ་མི་ཉུང་བ་ཞིག་ཁུར་མྱོང་ཡོད།
      ༣། སྤོ་ལགས་ཤིག    སྔོན་ཆད་དམག་མི་ཞིག་ཡིན་ལ་མིའང་བསད་མྱོང་ཡོད་པར་མ་ཟད་ཁྲིམས་ཁང་དུའང་འགྲིམས་མྱོང་ཡོད། ད་ལྟ་ཁྱིམ་ཚང་འབྱོར་བ་ལྡན་ཞིང་སྐྱིད་པོ་ཞིག་གི་སྤོ་ལགས་ཆགས་ཡོད།
      ༤། ཨིན་ཇུའི་མི་ཞིག   ཁོང་རང་ལོ་བཞི་བཅུ་ཙམ་ལོན་ཞིང་སྔོན་ཆད་གནམ་གྲུའི་ཁ་ལོ་པ་ཞིག་ཡིན། ད་ལྟ་རྒན་ཡོལ་ཞུས་ཏེ་རྒྱལ་ཁབ་མང་པོར་སྤྲོ་འཆམ་ལ་འགྲོ་བཞིན་ཡོད།
      ༥། ཕོ་གསར་ཞིག  ཚོང་པ་ཕྱུག་པོ་ཞིག་ཡིན་ལ་ད་ལྟ་ཁོའི་ཆུང་མ་གནམ་གྲུ་དེའི་ནང་ནས་ཤི་ཟིན། ཡ་མཚན་པ་ཞིག་ལ་དེ་རིང་ཁོང་འདིར་བསླེབས་དུས་ར་བཟི་འདུག
      སློབ་ཕྲུག་ཚོ། མི་འདི་དག་གི་འཚོ་བའི་འཚར་ལོངས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང༌། ད་ལྟའི་གནས་བབ་ཀྱང་མི་འདྲ་བའི་དབང་གིས་སྐབས་དེར་བསམ་བློ་མི་འདྲ་བ་རེ་བཏང་ཡོད་པར་ངེས་ན། ཁོ་ཚོ་རེ་རེའི་སྐབས་དེའི་བསམ་བློ་གཏོང་ཚུལ་ཉུང་བསྡུས་རེ་ཕྲིས།
གསལ་བཤད་ཅན་གྱི་རྩོམ་ཡིག་འབྲི་ཚུལ།
      ཅི་ཞིག་ལ་གསལ་བཤད་ཅན་གྱི་རྩོམ་ཡིག་ཟེར་ཞེ་ན། དེ་ནི་བྱ་དངོས་གང་ཞིག་ངོ་སྤྲོད་དམ་མཚམས་སྦྱོར་བྱེད་པ་དང༌། རང་བཞིན་དང་ཁྱད་ཆོས་སོགས་ཀྱི་གནས་ལུགས་གསལ་བཤད་བྱེད་ཅིང་བདེན་པ་གཞིར་འཛིན་པའི་དངོས་ཡོད་ཅན་གྱི་རྩོམ་ཡིག་འབྲི་ཐབས་ཤིག་ཡིན་ཞིང་ནང་དོན་ལ་བྱ་དངོས་ཀྱི་ཕྱིའི་དབྱིབས་གཟུགས་དང༌། ངོ་བོ། ཁྱད་ཆོས། ཕན་ནུས་དང་སྤྱོད་སྒོ། འབྱུང་རྐྱེན་དང་འབྱུང་འགྱུར་གྱི་གནས་ཚུལ་བཅས་འདུས་ཡོད།
གསལ་བཤད་རྩོམ་ཡིག་གི་ཁྱད་ཆོས།
༡། སྒྱུ་རྩལ་རྩོམ་རིགས་དང་འདྲ་བར་མཛེས་རྟོག་གི་དགོས་མཁོར་གཞིགས་ནས་སྣང་བརྙན་གསར་སྐྲུན་མི་བྱེད་པ་དང༌། དགག་སྒྲུབ་རྩོམ་ཡིག་ལྟར་རང་ཉིད་ཀྱི་ལྟ་ཚུལ་མི་འདོན།
༢། གསལ་བཤད་རྩོམ་ཡིག་གིས་དངོས་ཡོད་གང་ཡིན་པ་དེ་དྲང་པོོར་བརྗོད་པ་ལས། རྩོམ་པ་པོའི་བརྩེ་དུང་མ་ཞུགས་པ་ཞིག་དགོས།
༣། གསལ་བཤད་རྩོམ་ཡིག་གིས་ཤེས་བྱ་ཞིག་བརྒྱུད་སྤྲོད་བྱེད་པ་དང༌། ཤེས་བྱ་དེའང་ཐད་ཀར་ལས་སླ་པོ་དང་གོ་བདེ་པོའི་སྒོ་ནས་གཞན་ལ་འདོན་སྤྲོད་བྱེད།
གསལ་བཤད་རྩོམ་ཡིག་གིས་གསལ་བཤད་བྱེད་ཐབས་ནི་རྒྱས་འགྲེལ་བྱེད་པ། མཚན་ཉིད་འཇོག་པ་དང༌། དབྱེ་འབྱེད་བྱེད་པ། གཤིབ་སྡུར་བྱེད་པ། ལུང་འདྲེན་པ། གྲངས། ཚོན་དང་རི་མོ། རེའུ་མིག་དང་དཔེ་འཇོག་པ་བཅས་ལ་བརྟེན་ནས་གསལ་བཤད་བྱེད་ཀྱིན་ཡོད།
གསལ་བཤད་རྩོམ་ཡིག་གི་སྐད་ཆ་ནི་གནད་ལ་ཁེལ་བ། གོ་བདེ་བ། མིང་ཚབ་མིང་གིས་མི་བྱེད་པར་ཡོངས་གྲགས་ཀྱི་ཁྱད་ཆོས་ལྡན་པའི་སྐད་ཆས་འགྲེལ་བརྗོད་བྱེད་དགོས།
གསལ་བཤད་རྩོམ་ཡིག་གི་སྒྲིག་གཞི།    སྒྲིག་དབྱིབས་གསལ་བཤད་བྱེད་དུས་ཉེ་བ་ནས་རིང་བ་དང༌། ཕྱོགས་གཅིག་ནས་ཕྱོགས་གཞན་ཞིག ཆ་གཅིག་ནས་ཡོངས་རྫོགས་བཅས་གོ་རིམ་ལྟར་གསལ་བཤད་བྱེད་དགོས།
བྱ་དངོས་ཀྱི་འབྱུང་རྐྱེན་ལྟ་བུ་ཡིན་ན་ཇི་ལྟར་བྱུང་བའི་བརྒྱུད་རིམ་གྱི་སྔ་གཞུག་ལྟར་འབྲི་དགོས་ཤིང་གནས་ཚུལ་གསལ་བཤད་བྱེད་པའི་རྩོམ་ཡིག་ལ་སྤྱི་དང་བྱེ་བྲག གོ་དོན་ནས་དཔེ་བརྗོད། རྒྱུ་ནས་འབྲས་བུ། གོ་སླ་བ་ནས་དོན་ཟབ་པ། ཕྱི་ནས་ནང་བཅས་ཀྱི་གོ་རིམ་ལྟར་འབྲི་དགོས།
གསལ་བཤད་རྩོམ་ཡིག་འབྲི་བའི་ནུས་པ་སྐྲུན་ཐབས།
      གསལ་བཤད་རྩོམ་ཡིག་འབྲི་བར་སློབ་མ་རྣམས་ལ་དུས་རྒྱུན་དུ་བྱ་དངོས་ལ་དབྱེ་ཞིབ་དང་ཕྱོགས་བསྡུས་བྱེད་པར་མཛུབ་ཁྲིད་བྱེད་དགོས།
      ལྟ་ཞིབ་བྱེད་ཐབས་ལ་རེ་རེ་བཞིན་སྣེ་ཁྲིད་བྱེད་ཐབས། དཔེར་ན་ཐོན་མི་སམྦྷོཊ་ལྟ་བུར་མཚོན་ན་བྱེ་བྲག་གི་བྱ་བ་ཁ་ཤས་གཞིར་བཟུང་ནས་གསལ་བཤད་བྱས་ཡོད་པ་ལྟར་བྱ་དངོས་དབྱེ་ཞིབ་བྱེད་ཐབས་ཀྱང་མང་པོ་ཡོད་པ་བཞིན། ད་ལྟ་ནས་འདས་པར་ལྟ་བ། འདས་པ་ནས་མ་འོངས་པར་ལྟ་བ་དང༌། ད་ལྟ་ནས་ད་ལྟ་ལ་ལྟ་བ། ད་ལྟ་ནས་མ་འོངས་པ་ལ་ལྟ་བ། བྱེ་བྲག་ནས་སྤྱི་ལ་ལྟ་བ། སྤྱི་ནས་བྱེ་བྲག་ལ་ལྟ་བ། དཔེ་གཞི་ནས་མཚན་ཉིད་ལ་ལྟ་བ། དཔེ་ནས་དོན་ལ་ལྟ་བ། ཁྱད་ཆོས་ནས་ངོ་བོ་ལ་ལྟ་བ། ངོ་བོ་ནས་ནུས་པ་ལ་ལྟ་བ་སོགས་བྱེད་དུ་བཅུག་སྟེ་གསལ་བྱེད་རྩོམ་ཡིག་འབྲི་ཐབས་དང་དབྱེ་ཞིབ་བྱེད་ཐབས་བསླབ་དགོས།
      རྒྱུ་རྐྱེན་ལ་ལྟ་ཞིབ།    བྱ་དངོས་ཀྱི་ཐོག་མའི་འབྱུང་རྐྱེན་དང༌། བར་དུ་འཕེལ་རྒྱས་འགྲོ་ཚུལ་དང་དེའི་རྒྱུ་རྐྱེན་གང་དག་ཡིན་མིན་ནས་ད་ལྟའི་བར་དུ་ལྟ་ཆོག
      ངོ་བོ་ལ་ལྟ་ཞིབ། མི་དག་གིས་བྱ་དངོས་གང་དེ་ཅི་འདྲ་ཞིག་ཡིན་པ་ཙམ་ལས་དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་གསལ་པོར་མི་ཤེས་པ་དང༌། རྒྱུས་མངའ་ཆུང་བའི་རིགས་ལ་དེའི་རྒྱུ་མཚན་ཇི་བཞིན་སྟོན་ཐུབ་པའི་དཔེའི་དངོས་པོ་གཞན་ཞིག་བརྒྱུད་ནས་གསལ་བཤད་བྱས་ཆོག
      བྱ་དངོས་ཀྱི་ཕན་ནུས་ལ་ལྟ་ཞིབ། བྱ་དངོས་ཀྱི་ཕྱོགས་གཅིག་དང༌། ཡང་ཕྱོགས་ཁ་ཤས་སམ་ཕྱོགས་མང་པོ་ནས་གསལ་བཤད་བྱེད་དུས་གལ་ཆེ་བ་དང༌། མི་རྣམས་ལ་ཆ་རྒྱུས་ཞན་པ་དག་གཙོ་བོར་བཟུང་སྟེ། དེའི་ནུས་པ་ངོས་འཛིན་གྱིས་དེའི་སྤྱོད་སྒོ་དང༌། ཕན་གནོད་སོགས་དེ་འབྲེལ་གྱི་བྱ་དངོས་གཞན་དང་འབྲེལ་བ་ལ་ལྟ་ཞིབ་བྱས་ཆོག
    འདི་ལྟར་ལམ་སྟོན་བྱེད་པའི་དགོས་པ།
    ན་ཆུང་སློབ་མ་རྣམས་ལ་གསལ་བཤད་ཅན་གྱི་རྩོམ་ཡིག་ཅིག་ཕྲིས་ཞེས་བསྐྱུར་བ་ཡིན་ན་ཚད་གཞི་མཐོ་དྲགས་ཏེ་ཇི་ལྟར་འབྲི་དགོས་མིན་མི་ཤེས་པའི་དཀའ་ངལ་འཕྲད་ངེས་པས། དགེ་རྒན་རྣམས་ཀྱིས་ནམ་ཡང་ཆ་ཤས་རེ་རེ་ནས་འབྲི་ཐབས་བསླབས་ཏེ། སྤྱིའི་འབྲི་ཐབས་ལ་རིམ་གྱིས་གོམ་པ་རིམ་འགྲོས་ཀྱི་བྱ་ཐབས་སྤྱོད་རྒྱུ་འདི་ཧ་ཅང་གལ་ཆེ་སྟེ། འདི་ནི་ཕྲན་གྱིས་ཚོད་ལྟ་མང་པོ་བརྒྱུད་ནས་ཤེས་པའི་ཤེས་རྟོགས་ཤིག་ཡིན།
    དཔེར་ན་གསལ་བཤད་ཅན་གྱི་རྩོམ་ཡིག་འབྲི་བའི་སྐབས་སུ། ཤིང་སྡོང་ཞིག་གི་སྐོར་འབྲི་དགོས་ན། དེའི་གྲུབ་རྐྱེན་དང། ཡལ་འདབ། དེ་དང་གནམ་གཤིས་བར་གྱི་འབྲེལ་བ། དེའི་ཕན་ནུས། དབྱིབས་རྣམ་སོགས་སོ་སོར་འབྲིར་བཅུག་སྟེ་མཐར་གཅིག་སྡུད་བྱེད་དུ་བཅུག་ན་ཤིང་སྡོང་གང་ཞིག་ཡོངས་སུ་གསལ་བཤད་བྱས་ཡོད་པས་ན། སློབ་ཕྲུག་དེས་རང་ཉིད་ལ་གསལ་བཤད་ཀྱི་རྩོམ་ཡིག་དེ་འདྲའི་ཆ་ཚང་ཞིག་འབྲི་བའི་ནུས་པ་བྱུང་བར་དགའ་སྤོབས་འབྱུང་བར་མ་ཟད། དཀའ་ངལ་ཡང་དེ་ཙམ་མེད་པའི་ཐོག་ནས་གསལ་བཤད་ཅན་གྱི་རྩོམ་ཡིག་འབྲི་བར་ལམ་སྟོན་བྱེད་ཐུབ།
དགག་སྒྲུབ་རྩོམ་ཡིག་འབྲི་ཐབས་དང་སྒྲིག་གཞི།
      དགག་སྒྲུབ་རྩོམ་ཡིག་ནི་བྱ་བ་གང་ཞིག་དང་གནད་དོན་ཅི་ཞིག་གི་ཐད་ལ་དཔྱད་པ་བྱས་ཏེ་གནས་ལུགས་ངོ་མ་གང་ཡིན་པ་ར་སྤྲོད་བྱེད་པའི་རྩོམ་ཡིག་ཅིག་ཡིན།
     སྒྲུབ་པའི་རྩ་བའི་ཁྱད་ཆོས།    
     དེའི་རྩ་བའི་ཁྱད་ཆོས་ནི་བསྒྲུབ་བྱ་དང༌། སྒྲུབ་བྱེད། སྒྲུབ་རིམ་བཅས་ཡིན།
     བསྒྲུབ་བྱ་དང༌། སྒྲུབ་བྱེད། སྒྲུབ་རིམ་གསུམ་དང་དེ་དག་གི་འབྲེལ་བ།   
     བསྒྲུབ་བྱ་ནི་རྩོམ་པ་པོས་གནད་དོན་གང་ཞིག་ལ་ལྟ་ཚུལ་དེ་ཡིན་པ་དང༌། སྒྲུབ་བྱེད་ནི་རང་ཉིད་ཀྱི་ལྟ་ཚུལ་དེ་ཡང་དག་པར་བདེན་དཔང་བྱེད་པའི་རྒྱུ་མཚན་དང་ཁུངས་ལུང་སོགས་ཡིན། དེ་ལ་དབྱེ་ན་ལོ་རྒྱུས་དངོས་རིགས་དང༌། མཚོན་དཔེ། སྡོམ་གྲངས་སོགས་དངོས་ཡོད་ཀྱི་བདེན་དཔང་དང༌། དཔེ་ཆ་ཁུངས་ལྡན་ནས་ལུང་འདྲེན་དང་གཏམ་དཔེ་སོགས་ལ་བརྟེན་པའི་གནས་ལུགས་བདེན་དཔང་གཉིས་ཡོད། སྒྲུབ་བྱེད་ལ་བསྒྲུབ་བྱ་དང་གཅིག་མཐུན་ཡིན་པ་དང༌། ཁུངས་བཙུན་པ། བསྒྲུབ་བྱ་སྒྲུབ་པར་ནུས་པ་ལྡན་པ་བཅས་ཀྱི་ཁྱད་ཆོས་གསུམ་དང་ལྡན་དགོས།
     སྒྲུབ་རིམ་མམ་སྒྲུབ་ཐབས།
     སྒྲུབ་རིམ་ནི་སྒྲུབ་བྱེད་ཀྱིས་བསྒྲུབ་བྱ་སྒྲུབ་ཐབས་དང་གོ་རིམ་ལ་ཟེར་ཞིང། གནའ་དཔེ་དག་ལས་གཞན་ལུགས་འགོག་ཕྱིར་རང་ལུགས་འཇོག་པ་ཟེར་བ་དང་ནང་དོན་གཅིག་པར་དྲང་ཕྱོགས་ནས་རང་ཉིད་ཀྱི་ལྟ་ཚུལ་འདོན་པ་དང༌། ལྡོག་ཕྱོགས་ནས་གཞན་ལུགས་ཀྱི་འདོད་ཚུལ་བཀག་པའི་རིམ་པའམ་སྒྲུབ་ཐབས་ལ་ཟེར།
      སྒྲུབ་ཐབས་ལ་དབྱེ་ན་རིགས་ལྔར་འདུ་སྟེ།
     ༡། དོན་དེ་གསལ་བར་བྱེད་པའི་དཔེ་མཚོན་ཞིག་དྲངས་ནས་སྒྲུབ་པའི་དཔེའི་སྒྲུབ་ཐབས།  ༢།  གཞུང་ཁུངས་ལྡན་ནས་ཚིག་དང་དོན་དྲངས་ཏེ་སྒྲུབ་པའི་ལུང་གི་སྒྲུབ་ཐབས།    ༣། བྱ་དངོས་གཞན་ཞིག་དང་བསྡུར་ནས་དབྱེ་བ་ཕྱེས་ཏེ་སྒྲུབ་པའི་གཤིབ་སྡུར་གྱི་སྒྲུབ་ཐབས། ༤།  གནད་དོན་དེ་རང་ལ་དབྱེ་ཞིབ་བྱས་ཏེ་སྒྲུབ་པའི་དབྱེ་ཞིབ་ཀྱི་སྒྲུབ་ཐབས།  ༥།  དེ་དང་རིགས་འགྲེས་པ་ཞིག་གིས་སྒྲུབ་པའི་རིགས་བསྒྲེའི་སྒྲུབ་ཐབས།
བསྒྲུབ་བྱའི་ཚད་གཞི།     བསྒྱུབ་བྱ་ནི་དངོས་ཡོད་ཡིན་ལ་ཡིན་མིན་ལེགས་ཉེས་སོགས་དབྱེ་འབྱེད་ཀྱི་དགོངས་པ་གསལ་པོ་ཞིག་ཡིན་དགོས།
     འགོག་པའི་ཚུལ།
     འགོག་ཚུལ་ལ་གཞན་གྱི་འདོད་ཚུལ་མ་བཀོད་པར་སྤྱིར་བཏང་ནས་འགོག་པ་དང༌། གཞན་གྱི་འདོད་ཚུལ་རགས་བསྡུས་སུ་འགོད་པ། གཞན་གྱི་འདོད་ཚུལ་ལས་གནད་འདྲེན་པ། ཚིག་འདྲེན་པ་བཅས་ཀྱིས་དགག་བྱ་འཛུགས་དགོས།
     དེའི་གྲུབ་ཆ་གསུམ།    འགོག་པ་ལའང་རྩ་བའི་ཁྱད་ཆོས་གསུམ་ཡོད་པ་ནི་དགག་བྱ། འགོག་བྱེད། བཀག་པ་གསུམ་མོ། །
     འགོག་སྟངས། འགོག་སྟངས་ལ་རིགས་གསུམ་ཡོད་དེ་གཞན་གྱི་ལྟ་ཚུལ་ནོར་འགལ་བྱུང་བ་འགོག་པའི་བསྒྲུབ་བྱ་འགོག་པ་དང༌། གཞན་གྱིས་སྒྲུབ་བྱེད་དུ་དྲངས་པའི་སྒྲུབ་བྱེད་ཀྱི་ནོར་འཁྲུལ་དང་འགལ་བ་འགོག་པ། གཞན་གྱིས་དྲངས་པའི་བསྒྲུབ་བྱ་དང་སྒྲུབ་བྱེད་བར་དུ་འགལ་འབྲེལ་ཡོད་པ་བཏོན་ནས་སྒྲུབ་ཚུལ་འགོག་པ་སྟེ་རིགས་གསུམ་ཡོད།
     དགག་སྒྲུབ་རྩོམ་ཡིག་གི་སྒྲིག་གཞི།    གནད་དོན་འདོན་པ་དང༌། གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་གསུམ་དུ་འདུ།
     དགག་སྒྲུབ་རྩོམ་ཡིག་གི་འགོ་འཛུགས་ཚུལ། ༡ ཐད་ཀར་བསྒྲུབ་བྱ་འདོན་པ། ༢ གནད་དོན་གླེང་བ། ༣ དཔེ་བཀོད་པ། ༤ སྤྱིར་དོན་བཀོད་པ།
     དགག་སྒྲུབ་རྩོམ་ཡིག་གི་གཞུང་དངོས་ཀྱི་བཀོད་སྒྲིག ༡ རིམ་པ་བཞིན་དུ་གཏིང་ཟབ་ཏུ་བཏང་སྟེ་རིགས་འདེད་ཀྱིས་དགག་སྒྲུབ་བྱེད་སྟངས། ༢ གོ་རིམ་སོ་སོའི་ནང་དོན་འདྲ་ནའང་རྣམ་པ་མི་འདྲ་བའི་དགག་སྒྲུབ་བྱེད་སྟངས། ༣ དོན་མཉམ་ཡང་རྣམ་པ་མི་འདྲ་བ་དང་རིགས་འདེད་གཉིས་ཟུང་འབྲེལ་གྱིས་དགག་སྒྲུབ་བྱེད་སྟངས་བཅས་གསུམ་ཡོད།
     མཇུག་སྡུད་སྟངས།     དགག་སྒྲུབ་རྩོམ་ཡིག་གི་འཇུག་སྡུད་སྟངས་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞིང་དེ་ལའང་ཕྱོགས་བསྡུས་ཀྱིས་འཇུག་བསྡུ་བ་དང༌། བསྐྱར་དུ་ནན་བཤད་བྱས་ཏེ་འཇུག་བསྡུ་བ། རེ་སྨོན་དང་འབོད་སྐུལ་གཏོང་བ། གནད་དོན་གཙོ་བོ་ཐག་གཅོད་ཀྱིས་འཇུག་བསྡུ་བ་བཅས་རྒྱུན་དུ་སྤྱོད་བཞིན་པའི་རིགས་བཞི་ཙམ་ཡོད་དོ། །
དགག་སྒྲུབ་རྩོམ་ཡིག
     དགག་སྒྲུབ་རྩོམ་ཡིག་ལ་དགག་པ་གཙོ་བོར་བྱེད་པ་དང༌། སྒྲུབ་པ་གཙོ་བོར་བྱེད་པ། དགག་སྒྲུབ་གཉིས་ཀའི་ཆ་དང་ལྡན་པ། དགག་བྱ་དངོས་སུ་བཀོད་པ་དང༌། སྒྲུབ་རིམ་མི་འདྲ་བ་སྣ་ཚོགས་པ་བཅས་ཡོད་པའི་གནས་ཚུལ་དང་འབྲི་ཐབས་དག་སློབ་མ་རྣམས་ལ་ངོ་སྤྲོད་བྱས་རྗེས། དཔེ་གཞི་འདི་འདྲ་ཞིག་གི་སྒོ་ནས་མཛུབ་ཁྲིད་དང་ཚོད་ལྟ་བྱས་ཆོག། དཔེར་ན།
     སློབ་མ་ཞིག་ལ་མིའི་རིགས་ཇི་ལྟར་བྱུང་བའི་སྐོར་གྱི་དྲི་བ་གཏོང་དུས།
     སློབ་མ་ཀ་པ།     དཀོན་མཆོག་གིས་བཟོས་པ་རེད་ཟེར།
     སློབ་མ་ཁ་པ། མིའི་རིགས་འདི་དཀོན་མཆོག་གིས་བཟོས་པ་མ་ཡིན་པར་ལས་ལས་བྱུང་བ་ཡིན་ཚུལ་ནང་ཆོས་གཞིར་བཟུང་ནས་བསྒྲུབས།
     སློབ་མ་ག་པ། མིའི་རིགས་འདི་སྲོག་ཆགས་གཞན་དང་འདྲ་བར་རྒྱ་མཚོའི་ནང་གི་གྲུབ་རྫས་ཤིག་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཚུལ་བཤད་དེ་བསྒྲུབས།
     དེ་མུར་འདི་ནི་དགག་སྒྲུབ་རྩོམ་ཡིག་འབྲི་ཚུལ་ཞིག་ཡིན་པས་འདིར་གཞན་གྱི་ལྟ་ཚུལ་ཞིག་དགག་པའམ་རང་གི་ལྟ་ཚུལ་ཞིག་བསྒྲུབ་དགོས་ན། སྒྲུབ་རིམ་མི་འདྲ་བ་དང་དགག་རིམ་མི་འདྲ་བ་དུ་མའི་སྒོ་ནས་བྲིས་ཆོག་པའི་རྒྱུ་མཚན་རྣམས་ར་སྤྲད་རྗེས། ད་དུང་ཞིབ་ཆ་ཆེ་རུ་ཇི་ལྟར་གཏོང་དགོས་ཚུལ་བཅས་བཤད་དེ་མཛུབ་ཁྲིད་བྱས་ཆོག
     སྤྲེའུ་བྱང་ཆུབ་སེམས་དཔའ།  (སློབ་ཚན་དབྱེ་ཞིབ་དང་སློབ་ཁྲིད་གྲ་སྒྲིག)
     ༡ སློབ་ཁྲིད་དམིགས་ཚད། སྒྲུང་འདི་སློབ་ཁྲིད་བརྒྱུད་ནས་སློབ་མ་རྣམས་ཀྱིས་གང་དག་ཤེས་དགོས་སམ། བརྗོད་སྙིང་ཅི་ཞིག་བསྟན་ཡོད་པ་དང་བརྗོད་སྙིང་དེ་བསྟན་པར་བརྗོད་བྱ་གང་དག་འཚོལ་སྡུད་བྱས་ཡོད་པ། ཚུལ་ཇི་ལྟར་བྲིས་ཡོད་པ་བཅས་ཤེས་དགོས། 
     ཀ རང་ལས་གཞན་གཅེས་ཀྱི་བསླབ་བྱ་བསྟན་ཡོད།
     ཁ སྤྲེའུ་རྣམས་ཀྱི་ཡུལ་གང་ཞིག་ཏུ་འཚོ་བ་རོལ་བཞིན་པ་དང༌། ཤིང་ཏོག་གཅིག་ཆུ་ནང་ལྷུང་བའི་རྐྱེན་གྱིས་ཆུས་ཁྱེར་བ་རྒྱལ་པོ་ཞིག་གི་ལག་ཏུ་ཐོབ་པ་དང༌། འཐབ་འཁྲུག་བྱས་ཏེ་མཐར་བྱང་ཆུབ་སེམས་དཔས་སྤྲེའུ་རྣམས་སྐྱོབ་པ།
     ༢ ཐབས་རྩལ་ལ་ལྟ་སྟངས། — བྱུང་རིམ་དོན་བསྡུས་སུ་གོ་བ་བླངས་ན་ཉིན་གཅིག་ཅེས་པ་ནས་འགོ་བརྩམས་ཏེ། 
     ཀ  ཤིང་ཏོག་བཏོག་པ།  
     ཁ ཤིང་ཏོག་གཅིག་ཆུ་ལ་ཟེགས་ཏེ་ཆུས་ཁྱེར་བ།  
     ག རྒྱལ་པོ་ཞིག་གི་ལག་ཏུ་འབྱོར་ནས་ཟོས་པས་འདོད་རྔམ་སྐྱེས་པ།   
     ང  ཆུ་བརྒྱུད་དེད་ནས་ཤིང་སྡོང་འཚོལ་དུ་ཕྱིན་པ
     ཅ ཕྲག་དོག་གིས་སེམས་འཁྲུཊ་ཏེ་མདའ་འཕངས་པ།   
     ཆ སྤྲེའུ་བྱང་ཆུབ་དཔས་གཞན་རྣམས་སྐྱོབ་པ།
     ༣ དོན་གྱི་ལྟེ་བ་ཆེས་ཞིམ་པའི་ཤིང་འབྲས་ཤིག་ཡིན་པ་དེ་ལ་བརྩམས་སྒྲུང་དབྱེ་ཞིབ་ཀྱི་སྐབས་སུ་དེ་ལ་རྒྱུད་སྐུད་ཀྱང་ཟེར།
     ༤ སློབ་ཚན་གྱི་གནད་འགག དཀའ་གནད། གཙོ་གནད་གསུམ།
     ཁྲིད་པའི་སྐབས་སུ་དཀའ་གནད་བསལ་ཏེ་གནད་འགག་རྟོགས་ཤིང་གཙོ་གནད་ཐོབ་པ་བྱེད་དགོས། སྦྱོང་བའི་སྐབས་སུ་གནད་འགག་སྔོན་ལ་བཙལ་ཏེ་དཀའ་གནད་གྲོལ་ཐུབ་པ་དང་དེ་ནས་གཙོ་གནད་རྙེད་པར་བྱེད་དགོས།

སློབ་ཚན་དབྱེ་ཞིབ།
སློབ་ཚན། སྤྲེའུ་བྱང་ཆུབ་སེམས་དཔའ།
༡ གནད་འགག སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་གཉིས་ཀྱིས་བྱ་བ་ཅི་ཞིག་བསྒྲུབ་པ།
༢ གཙོ་གནད། སྒྲུང་འདིའི་བརྗོད་སྙིང་བསླབ་བྱ་ནི་གཙོ་གནད་ཡིན།
༣ དཀའ་གནད། ཤིང་འབྲས་ཞིམ་པོ་འཕྲོག་རེས་བྱེད་པའི་ཁྲོད་ནས་ཕྱིར་མངོན་བྱས་པའི་མི་སྣ་གཙོ་བོ་གཉིས་ཀྱི་བྱ་བའི་ཁྱད་པར་དང༌། བསམ་བློའི་ཁྱད་པར། གཞི་གང་ཞིག་དང་རྒྱུ་རྐྱེན་གང་ཞིག་ཡིན་པ།

   ༥། དྲི་བ་དྲིས་ལེན། ཚོད་ལྟའི་དྲི་བ།
   ཀ   རྒྱལ་པོས་སྤྲེའུ་རྣམས་གསོད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
   ཁ སྤྲེའུ་བྱང་ཆུབ་སེམས་དཔས་བྱ་བ་ཅི་ཞིག་བསྒྲུབས་ཡོད་དམ། བྱ་བ་དེ་འདྲ་ཞིག་བསྒྲུབས་དགོས་པའི་རྒྱུ་མཚན་ཅི། 
   ག གནས་སྟངས་གང་འདྲ་ཞིག་གི་འོག་ནས་སྤྲེའུ་བྱང་ཆུབ་སེམས་དཔས་བཟང་སྤྱོད་ཅི་འདྲ་ཞིག་ཕྱིར་མངོན་བྱས་ཡོད་དམ། 
   ང བྱང་ཆུབ་སེམས་དཔས་དེ་འདྲ་བསྒྲུབ་ན་ཉེན་ཁ་ཅི་ཞིག་ལ་འཕྲད་སྲིད་དམ།
   ༦།  གཤིབ་སྡུར་དང་དབྱེ་ཞིབ།
   ཀ   རྒྱལ་པོ་དང་སྤྲེའུ་བར་ཁྱད་པར་ཅི་ཡོད་དམ།
   ཁ   རྒྱལ་པོ་དང་སྤྲེའུ་གཉིས་ཀྱིས་བྱ་བ་མི་འདྲ་བ་གང་ཞིག་བསྒྲུབས་ཡོད་དམ།
   ག   རྒྱལ་པོ་དང་སྤྲེའུ་བར་དུ་འགལ་བ་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ།
   ང རྒྱལ་པོ་དང་སྤྲེའུ་གཉིས་ཀྱི་བསམ་པ་མི་འདྲ་བའི་ཁྱད་པར་སྟོན་པའི་བརྗོད་པ་རེ་སྒྲུང་ལས་བཙལ་ཏེ་ངོ་སྤྲོད་བྱོས།
   ༨། སྟབས་བདེའི་དྲི་བ།        
   ཀ   སྤྲེའུ་གཞན་དག་ཇི་ལྟར་བསྐྱབས་སམ།
   ཁ  ཕྲག་དོག་གིས་རྒྱལ་པོ་ཁྲོས་དོན་ཅི།
   ང  སློབ་ཚན་འདིས་ཁྱེད་ལ་བསླབ་བྱ་ཅི་ཞིག་ཐོབ་སོང་ངམ།
   ༩། སློབ་ཚན་འདི་སློབ་སྦྱོང་བྱེད་ཐབས།
   ཀ སྔོན་འགྲོ། སྐད་མཐོན་པོས་ཀློག་ཏུ་འཇུག་དགོས་པ་དང༌། དོན་དག་འགྲེལ་དུ་འཇུག་པ། དངོས་གཞི་དགེ་རྒན་གྱིས་ངོ་སྤྲོད་བྱས་རྗེས་སླར་ཡང་གོང་དུ་སློབ་ཕྲུག་རང་ཉིད་ཀྱི་གོ་བ་ལེན་ཚུལ་མི་མཐུན་པ་གང་ཡོད་ངོས་འཛིན་དུ་འཇུག་པ།
   ཁ   བྱུང་རིམ་དང་མི་སྣའི་བར་གྱི་དྲི་བ་རིམ་པར་བཀོད་དེ་སྒྲུང་ངེས་པར་བྱེད་པ།
   ང   དོགས་སློང་གི་དྲི་བ་བཀོད་དེ་སློབ་མ་ནང་ཁུལ་བགྲོ་གླེང་བྱེད་དུ་འཇུག་པ།
   ཅ   ཚིག་གནད་ཁ་ཤས་ཟུར་དུ་བཏོན་ནས་དྲི་བ་འདོན་པ།
   ཆ   ཚིག་གསར་སྦྱོང་དུ་འཇུག་པ།
   ཇ   གོང་གི་དྲི་བ་རྣམས་ཁ་ཤས་ནང་སྦྱོང་དུ་བཞག་ཆོག
   ཉ དགེ་རྒན་གྱིས་འདིའི་ནང་གི་བསླབ་བྱ་སྟོན་པའི་རྩོམ་ཐུང་ཞིག་བྲིས་ཏེ་གནད་་་་་་       འགག་རྣམས་སློབ་མར་ཁ་སྐོང་བྱེད་དུ་བཅུག་ཆོག
   རྡོའི་སེང་གེས་ཁ་གདངས་པ།  སློབ་ཚན་དབྱེ་ཞིབ།
   སྒྲུང་འདི་ནི་མི་སྣ་གཉིས་གཤིབ་སྡུར་བྱས་པའི་སྒྲུང་ཞིག་ཡིན་ལ། སྲོལ་རྒྱུན་གཏམ་རྒྱུད་ཀྱི་གཤིབ་སྡུར་ཚང་མའི་ནང་དུ། བསྡུར་བྱ། སྡུར་བྱེད།  སྡུར་ཆོས་བཅས་དགོས་མོད། བསྡུར་བྱ་སྡུར་བྱེད་བར་དུ་མཚུངས་རྟགས་ཙམ་མེད་པར་ཧེ་བག་ཆེན་པོ་ཡོད་པའི་རིགས་ཀྱང་ལྟ་བསྡུར་བྱེད། དེ་ལས་ལྡོག་སྟེ་དེང་རབས་བརྩམས་སྒྲུང་ལ་མཚུངས་རྟགས་ཡོད་པ་གཙོ་འདོན་བྱེད། བརྩམས་སྒྲུང་འདིའི་ནང་གི་དོན་གྱི་ལྟེ་བར་གསེར་བཀོད་ཡོད་པ་དང༌། དེའང་གཏམ་རྒྱུད་ཀྱི་མཚར་འགུག་སྤྲོ་གསུམ་གྱི་ཁྱད་ཆོས་འདོན་ཕྱིར་སེང་གེ་ཞིག་འབྲི་བཞེངས་བྱས་ཡོད། དོན་ལ་མི་སྣ་མི་འདྲ་བ་གཉིས་ཀྱི་ཁྱད་པར་ཕྱིར་འདོན་བྱེད་པའི་རྒྱུད་སྐུད་ལྟ་བུ་ཡིན། མདོར་ན་འདིར་གཤིས་ཀ་མི་འདྲ་བ་གཉིས་ཀྱིས་ཡུལ་ལ་འབྲེལ་བ་འཛིན་ཚུལ་བཤད་ཡོད། ཡུལ་གྱི་ངོ་བོའི་ཆ་ནས་འགྱུར་བ་མེད་པ་ཞིག་ཡིན་ནའང༌། མིའི་ཡུལ་ཅན་གྱི་ངོ་བོའི་ཆ་ནས་ཡུལ་ལ་དབྱེ་བ་ཤོར་འགྲོ་བའི་སྣང་ཚུལ་གཅིག་པུ་བསྟན་ཡོད་པ་ལྟ་བུའི་ཆེ་ས་དང་མཐོ་ས་ནས་གོ་བ་བླངས་ན་སྒྲུང་ཡག་པོ་ཞིག་ཡིན།
   དབུལ་པོར་བསྟོད་ཅིང་ཕྱུག་པོར་སྨད་པའི་བརྗོད་བྱ་ཞིག་བསྒྲིགས་ཡོད་ལ། སེམས་པ་ལེགས་ན་དབུལ་པོ་ཡིན་ཡང་ཕྱུག་པོར་འགྱུར་བའི་སྣང་བརྙན་ཞིག་བསྐྲུན་ཡོད། འོན་ཀྱང་སེམས་པ་བཟང་བ་ཙམ་མ་ཡིན་པར་དཀའ་ལས་བརྒྱབ་ན་ཕྱུག་པོར་འགྱུར་བའི་མི་ཆོས་ཀྱི་སྙིང་སྟོབས་བཙུགས་མི་འདུག

བྱ་སྤྱོད་བསྡུར་བ།
སྤྲང་པོ།    ཕྱུག་པོ།
  ཁོས་ད་གཟོད་སེང་གེས་བཤད་པ་དྲན།   གསེར་ཐོབ་ཆེད་སྐྱོ་ངལ་མེད་པར་བསྒུག།
  ཁུག་མ་ཞིག་ལས་འཁྱེར་མེད་པ།    སྒྲོ་བ་ཤིན་ཏུ་ཆེན་པོ་ཞིག་ཁྱེར་ཡོད།

    སྐད་ཆ་བསྡུར་བ།   
    སྤྲང་པོ། ༡། ཨ་ཇོ་སེང་གེ་ལགས། ཁྱོད་ལའང་བདག་སྐྱོང་བྱེད་མཁན་མེད་པས་རྩམ་པ་ཅུང་ཟད་ཕུལ་བ་ནི་འོས་པ་ཞིག་རེད།  ༢།  འདི་ངའི་ཚེ་གང་ལ་སྤྱད་ནའང་འདང༌། ཁྱེད་ཀྱིས་ལྟོས་དང༌། འདི་འདྲ་མང་བས་ད་དུང་མི་འདང་ངམ།
    ཕྱུག་པོ ༡། ཨ་ཙི་ཨ་ཙི། འོ་བརྒྱལ། ངའི་ཁྱིམ་ཅི་འདྲའི་དབུལ་བ་ཁྱེད་ཀྱིས་མཁྱེན་པ་ལྟར་ལགས། ༢། ད་དུང་སྒྲོ་བ་གང་མི་འདུག་པས།

གནས་བབ་དང་བསམ་བློ་བསྡུར་བ།
དབུལ་པོ། ཕྱུག་པོ།
དབུལ་པོ་བུད་ཤིང་འཐུ་མཁན་ཞིག ། འབྱོར་ལྡན་ཕྱུག་པོ་ཡིན་པ།
སེང་གེར་ཟས་སྤྲད་པ་གསེར་གྱི་ཆེད་དུ་མིན་པ གསེར་གྱི་ཆེད་དུ་གཡོ་སྒྱུའི་ལས་ཀ་བྱས་པ།
གསེར་སྦྱིན་རྒྱུའི་སྐོར་བརྗེད་སོང་བ། དབུལ་པོས་རྫུན་བཤད་པའམ་ཡང་ན་སེང་གེས་ཁོ་ལ་ཡིད་མ་ཆེས་པ་ཡིན་ནམ་སྙམ་པའི་སེམས་ཁྲེལ་བྱས་པ།
ནོར་ལ་ཆོག་ཤེས་པ། དྲང་པོ་དང་ལྷག་བསམ་རྣམ་དག་ཡིན་པ། འདོད་རྔམ་ཆེ་བ། གཡོ་སྒྱུ་ཆེ་བ།
མཇུག་འབྲས་བསྡུར་བ།
དབུལ་པོ། ཕྱུག་པོ།
དབུལ་པོ་ནས་ཕྱུག་པོར་གྱུར་པ། སེང་གེའི་ཁ་ནས་ལག་པ་འདོན་མ་ཐུབ་པ།

  བརྗོད་སྙིང་ངམ་ནང་དོན་གཙོ་བོ།
   སྒྲུང་འདི་སྤྱི་ཡོངས་ནས་བླ་མ་སྨྱོན་པའི་སྒྲུང་དང་ཧ་ཅང་མཐུན།
   སྒྲུང་འདིའི་བརྗོད་སྙིང་ནི་ནང་བསྟན་ཤེས་རིག་གི་བསམ་བློའི་བསླབ་བྱ་ཞིག་ཡིན་ལ། དེ་ཡང་ནོར་ལ་ཆོག་ཤེས་པ་དང་གཞུང་དྲང་ལ་མཐར་ཐུག་རྒྱལ་ཁ་ཐོབ་པའི་ནང་དོན་གཙོ་འདོན་བྱས་ཡོད།
   སྒྲུང་ཐུང་འདི་སྟོད་ཆ་སྨད་ཆ་གཉིས་སུ་དབྱེ་ཆོག  སྟོད་ཆ་ནི་དབུལ་པོ་དང་སེང་གེ་དབར་གྱི་འབྲེལ་བ་ཡིན་ལ། སྨད་ཆ་ནི་ཕྱུག་པོ་དང་སེང་གེ་དབར་གྱི་འབྲེལ་བ་ཡིན།
   དཀའ་གནད། མི་སྣ་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་དེ་ཡིན།
   གནད་འགག སེང་གེ་ལ་འབྲེལ་བ་འཛུགས་ཚུལ་དང་མཇུག་འབྲས་ཀྱི་སྟེང་ན་ཡོད།
   གཙོ་གནད། མི་སྣ་གཉིས་ཀྱི་དབྱེ་བ་ཤེས་དགོས་པ་དེ་ཡིན།
ཁྲིད་ཐབས།
   ཀློག་པ། གཤིབ་སྡུར་བྱེད་པ། འགྲེལ་བཤད་རྒྱག་པ། བརྗོད་སྙིང་འཚོལ་བ། དུམ་མཚམས་དབྱེ་བ། ཚིག་གསར་སྦྱོང་བ། བསླབ་བྱ་ལེན་པ། བགྲོ་གླེང་བྱེད་དུ་འཇུག་པ། ( སྦྱང་བཤད་བགྲོ་གླེང༌། དྲི་བ་དྲིས་ལན། ཁ་གཏད་བགྲོ་གླེང༌། གྲོས་སྡུར།)
   སྒྲུང་ལས་ལྡོག་ཚིག་འཚོལ་དུ་འཇུག་པ། ལྡོག་ཚིག་དེ་དག་ལས་ལེགས་པའི་ཚིག་དང༌། ཉེས་པའི་ཚིག་སོ་སོར་བཀར་ནས་དེ་དང་དེའི་དོན་གང་ཡིན་པ་དང༌། མི་སྣ་གང་སྟོན་བྱེད་ཀྱི་ཚིག་ཡིན་པ་ངོས་འཛིན་དུ་འཇུག་པ་དང༌། མི་སྣ་གཉིས་ཀྱི་སྐོར་ལ་བསམ་གཞིགས་བྱེད་དུ་བཅུག་ཆོག དགེ་རྒན་གྱིས་སློབ་མར་སྟབས་བདེ་དང་བསམ་གཞིགས། ཚོད་ལྟ། དོགས་སློང་བཅས་ཀྱི་དྲི་བ་བཀོད་དེ་སློབ་མར་དྲིས་ལན་འདེབས་པ་བརྒྱུད་ནས་དབྱེ་ཞིབ་བྱེད་དུ་འཇུག་པ་སོགས་བྱས་ཏེ་སློབ་ཁྲིད་བྱས་ཆོག   །

མདུན་ཤོག

Menu