གཅན་རོང་བསྟན་འཛིན།

    མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཁྲོད་ན་གཡོལ་ཐབས་བྲལ་བའི་གནད་དོན་གལ་ཆེན་ཞིག་གནས་ཡོད་པ་ནི། དགེ་རྒན་གྱི་བྱ་བ་དང་སློབ་མའི་ཁུར་པོ་གཉིས་ལྗིད་དྲགས་ན་ཡང་སློབ་མའི་སྤུས་ཚད་འཕེལ་རྒྱས་དེ་འདྲའི་ཚད་གཞི་གསར་པ་ཞིག་ལ་ཐོན་ཐུབ་ཀྱི་མེད་པ་དེ་རེད། དོན་དངོས་ཀྱི་གནད་དོན་འདི་ནི་མ་འོངས་པའི་འཕེལ་རྒྱས་དང་བྱིས་པའི་མདུན་ལམ་ལ་འབྲེལ་བ་དམ་པོ་ཡོད་པས། ཚང་མས་བསམ་གཞིགས་དང་ཞིབ་འཇུག་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་ཏུ་གྲུབ་ཡོད།    

གཅིག  སློབ་ཁྲིད་ཀྱི་བཟང་ངན།                                   

    དགེ་རྒན་གྱིས་དུས་ཚོད་ངེས་ཅན་ཞིག་ལ་སློབ་ཁྲིད་བྱས་རྗེས། སློབ་མ་ལ་བྱེ་བྲག་གི་འཕེལ་རྒྱས་ངེས་ཅན་ཞིག་ཐོན་ཚེ་སློབ་ཁྲིད་དེ་ནི་ནུས་ལྡན་གྱི་སློབ་ཁྲིད་བཟང་པོ་ཞིག་ཏུ་བརྩིས་ཆོག་པ་རེད་ལ། སློབ་མ་ལ་བྱེ་བྲག་གི་འཕེལ་རྒྱས་གང་ཡང་མ་ཐོན་ན་སློབ་ཁྲིད་དེ་ནི་ནུས་མེད་ཀྱི་སློབ་ཁྲིད་ངན་པ་ཞིག་རེད་ཅེས་བཤད་ཆོག་སྟེ། སློབ་མའི་འཕེལ་རྒྱས་ནི་སློབ་ཁྲིད་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་རེད། དེ་བས། སློབ་ཁྲིད་བཟང་ངན་ནི་དགེ་རྒན་གྱིས་སློབ་ཁྲིད་ནང་དོན་ཁྲིད་ཚར་ཡོད་མེད་དང་ཁྲིད་པ་ནན་མོ་ཡིན་མིན་ལ་བལྟ་བ་ལས་གཙོ་བོ་སློབ་མས་སློབ་པ་བཟང་ངན་ལ་བལྟ་དགོས་པ་རེད། གལ་ཏེ་སློབ་མས་སློབ་ཁྲིད་དེར་ཅི་ཡང་མ་ཤེས་པ་དང་ཡང་ན་ཤེས་འདོད་མེད་ཚེ་དགེ་སློབ་གཉིས་ཀྱི་ཁ་ལྕེ་ཝུ་བ་དང་ཀླད་པ་ད་ར་བྱས་ནས་དཀའ་ངལ་ཅི་ཙམ་མྱངས་ན་ཡང་ནུས་མེད་ཀྱི་སློབ་ཁྲིད་ངན་པ་ལས་མ་འདས་པ་རེད།
    སློབ་ཁྲིད་བཟང་པོ་ནི་སློབ་ཁྲིད་དེའི་མགོ་མཇུག་བར་གསུམ་དུ་སློབ་མའི་འཕེལ་རྒྱས་ལ་མཉམ་འཇོག་བྱེད་དགོས་པ་ལས་སྐྱེས་མའི་ཁེར་གླུ་ལེན་པ་ལྟ་བུ་ཞིག་ཏུ་འགྱུར་མི་རུང། སློབ་དང་བྲལ་ཚེ་ཁྲིད་པ་ནི་སྟོང་བཤད་རྐྱང་རྐྱང་ཞིག་ཏུ་འགྱུར་ངེས་པས། སློབ་པ་གཙོ་གནད་དང་ཡོད་ཚད་སློབ་མའི་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་པའི་བསམ་བློ་གསར་པ་ཞིག་ཆགས་རྒྱུ་ནི་སློབ་ཁྲིད་རྒྱལ་ཕམ་གྱི་ཐོག་མའི་རྨང་གཞི་ཡིན་པར་མ་ཟད། མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཚད་ལྡན་ཡིན་མིན་གྱི་ཚད་གཞི་གལ་ཆེན་ཞིག་ཀྱང་རེད། སློབ་མའི་འཕེལ་རྒྱས་དེ་ཡང་མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པ་ལས་རིག་གནས་ཤེས་བྱའམ་ཤེས་བྱའི་ཚན་ཁག་ཙམ་དང་ཡི་གེ་ཙམ། སྐད་ཆ་ཙམ་མ་ཡིན་པར་མི་ཆ་ཚང་བ་ཞིག་གི་འཕེལ་རྒྱས་ལ་བསམ་བློ་གཏོང་དགོས་པས། འདིའི་ཐད་ནས་བཤད་ན། དགེ་རྒན་ནི་མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཙམ་ཡིན་པར་མ་ཟད། དེ་ལས་ཀྱང་མིའི་ནུས་ཤུགས་ཀྱི་ཐོན་ཁུངས་ཕྱོགས་ཡོངས་ནས་གསར་གཏོད་བྱེད་པའི་མི་ཤུགས་ཐོན་ཁུངས་གསར་གཏོད་ཀྱི་བཟོ་སྐྲུན་པ་རེད་ཅེས་བཤད་ན་སྐད་ཆ་ཆ་ཚང་བ་ཞིག་རེད་སྙམ།
    སློབ་ཁྲིད་བཟང་པོ་ནི་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་སློབ་ཁྲིད་དེར་ཕན་འབྲས་ཐོབ་མིན་ལ་མཉམ་འཇོག་བྱས་ཏེ་དགེ་རྒན་ལ་དུས་ཚོད་ཀྱི་འདུ་ཤེས་དང་འབྲས་བུའི་འདུ་ཤེས་ཡང་དག་པ་ཞིག་ཆགས་ནས། སློབ་ཁྲིད་བྱེད་སྐབས་རང་སྣང་གང་དྲན་བྱེད་མི་རུང་ལ། དུས་ཚོད་ཆེས་ཉུང་ངུའི་ནང་དུ་ནང་དོན་ཆེས་མང་པོ་ཞིག་ཁྲིད་ན་སློབ་ཁྲིད་བཟང་པོ་ཡིན་པའི་ངེས་པ་དེ་བས་ཀྱང་མེད་དེ། སློབ་ཁྲིད་ཀྱི་འབྲས་བུ་ནི་ཐོན་སྐྱེད་ཀྱི་འབྲས་བུ་གཞན་དང་མི་མཚུངས་པས། དགེ་རྒན་གྱིས་སློབ་ཁྲིད་ནང་དོན་ཅི་ཙམ་ཁྲིད་ཡོད་མེད་ལ་བལྟ་བ་ལས་སློབ་མར་ཡར་སྐྱེད་ཅི་ཙམ་ཐོན་ཡོད་མེད་ལ་བལྟ་རྒྱུ་ཧ་ཅང་གལ་ཆེ་བ་རེད།
    སློབ་ཁྲིད་བཟང་པོ་ནི་དགེ་རྒན་ལ་ཕྱིར་འདང་རྒྱག་པའི་འདུ་ཤེས་ལྡན་དགོས་ཏེ།   དགེ་རྒན་ཚང་མས་ནམ་རྒྱུན་དུ་ཇི་ལྟ་བུ་ནི་སློབ་ཁྲིད་བཟང་པོ་ཡིན་ནམ།  རང་གི་སློབ་ཁྲིད་ནི་སློབ་ཁྲིད་བཟང་པོ་རེད་དམ། ངའི་སློབ་ཁྲིད་ལས་བཟང་བ་ཡོད་མེད་སོགས་ལ་བསམ་གཞིགས་དང་སྤྱི་སྡོམ་ལེགས་བཅོས་བཅས་བྱེད་དགོས་པ་རེད།

གཉིས། ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས།

    སྣ་མང་ཤེས་ནུས་གཞུང་ལུགས་ནི་ཨ་རིའི་ཧར་ཝ་ཌི་སློབ་ཆེན་གྱི་སེམས་ཁམས་རིག་པའི་སློབ་དཔོན་ཅཱ་ཏཱི་ནཱས་བཏོན་ཏེ། ཁོས་སེམས་ཁམས་རིག་པའི་ཚོད་ལྟ་དང་དངོས་དཔེ་གང་མང་ལ་ལྟ་ཞིབ་བྱས་རྗེས། མིའི་རིགས་ལ་ཆེས་ཉུང་ནའང་བསམ་གཞིགས་གཏོང་ཚུལ་བདུན་ཡོད་དེ། སྐད་ཆའི་ཤེས་ནུས་དང་གཏན་ཚིགས་ཤེས་ནུས། ཕྱི་མིག་ཤེས་ཀྱི་ཤེས་ནུས། རོལ་དབྱངས་ཀྱི་ཤེས་ནུས། ལུས་རྩལ་ཤེས་ནུས། མིའི་བར་གྱི་འབྲེལ་བའི་ཤེས་ནུས། རང་ཉིད་ངོས་འཛིན་གྱི་ཤེས་ནུས་བཅས་ཡིན།

  1. སྐད་ཆའི་ཤེས་ནུས་ནི། མིས་སྐད་ཆ་ཤེས་པ་དང་གང་ལ་གང་འཚམ་གྱིས་སྐད་ཆ་བེད་སྤྱོད་གཏོང་ནུས་པ། དཔེར་ན། སྙན་ངག་པ་དང་གཏམ་བཤད་པ། ཁྲིམས་བཤེར་པ་སོགས་སྐད་ཆའི་ཤེས་ནུས་མཐོ་བའི་མི་ཡིན་པ་ལྟ་བུ་རེད།
  2. གཏན་ཚིགས་ཤེས་ནུས་ནི། རྩིས་རིག་དང་གཏན་ཚིགས་རྗེས་དཔག་གི་ནུས་པ་དང་ཚན་རིག་དབྱེ་ཞིབ་ཀྱི་ནུས་པ་སྟེ། དཔེར་ན། ཚན་རིག་པ་དང་གྲངས་རྩིས་རིག་པ་བ། གཏན་ཚིགས་རིག་པ་བ་སོགས་ནི་གཏན་ཚིགས་ཀྱི་ཤེས་ནུས་མཐོ་བའི་མི་ཡིན་པ་ལྟ་བུ་རེད།
  3. ཕྱི་མིག་ཤེས་ཀྱི་ཤེས་ནུས་ནི། ཁ་དོག་དང་དབྱིབས་གཟུགས། སྟོང་ཆའི་གནས་ཡུལ་སོགས་ཡང་དག་པར་ཤེས་པའམ་སྟོན་པའི་ནུས་པ་ཅན་ཏེ། བཟོ་བཀོད་པ། ཕྱི་ནད་ཚན་ཁག་གི་སྨན་པ། རི་མོ་བ། ཡིག་མཁན། ལྷ་རིས་པ་བཅས་ནི་ཕྱི་མིག་ཤེས་སམ་སྟོང་ཆའི་ཤེས་ནུས་འཕེལ་རྒྱས་ཅན་གྱི་མི་ཡིན་པ་ལྟ་བུ་རེད།
  4. རོལ་དབྱངས་ཀྱི་ཤེས་ནུས་ནི། རང་གི་མྱོང་ཚོར་དང་དབྱེ་འབྱེད།  དྲན་ཤེས།  གླུ་དབྱངས་ཀྱི་སྒོ་ནས་བསམ་བློ་སྟོན་ནུས་པ། དཔེར་ན། རོལ་མོ་བ། དབྱངས་རྟ་མཁན། གླུ་པ་ལྟ་བུའི་སྟེང་ན་ཧ་ཅང་གསལ་པོ་རེད།
  5. ལུས་རྩལ་ཤེས་ནུས་ནི། ཕྱི་ལུས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དངོས་པོ་བསྐྲུན་པའི་ནུས་པ་ལྟ་བུ་སྟེ། དཔེར་ན།  ལུས་རྩལ་པ།  ཞབས་བྲོ་བ།  གར་མཁན་ལྟ་བུ་རེད།
  6. མིའི་བར་གྱི་འབྲེལ་བའི་ཤེས་ནུས་ནི། མི་གཞན་རྒྱུས་ལོན་དང་ངོས་འཛིན་བྱེད་པའི་ནུས་པ་ཅན་ཏེ། དཔེར་ན། ཚོང་པ་དང་ཆབ་སྲིད་པ། དགེ་རྒན། སེམས་ཁམས་སྨན་པ། ཆོས་དཔོན། སྤྱི་ཚོགས་བྱ་འགུལ་བ་ལྟ་བུ་རེད།
  7. རང་ཉིད་ངོས་འཛིན་གྱི་ཤེས་ནུས་ནི། རང་གིས་རང་ཉིད་ལ་ངོས་འཛིན་ལྟ་བཤེར་བྱེད་པའི་ཤེས་ནུས་ཏེ། སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཤེས་བཞིན་གྱི་བྱ་ར་བསྟེན་པ་དེ་རེད། དཔེར་ན། ཚད་མ་རིག་པ་བ། སྒྲུང་གཏམ་པ། ཁྲིམས་བཤེར་པ། ཆོས་ལུགས་ཉམས་ལེན་པ་སོགས་ཀྱི་སྟེང་ནས་གསལ་པོར་མངོན་ཐུབ།

    ཅཱ་ཏཱི་ནའི་ཞིབ་འཇུག་ལས་ཤེས་ཐུབ་པ་ནི། ཤེས་ནུས་གང་ཞིག་ཡིན་ཀྱང་དེས་མིའི་རིགས་དང་སའི་གོ་ལའི་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ཕན་ནུས་རྒྱ་ཆེ་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པས། མི་སུ་ཞིག་ཡིན་ཡང་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་མ་མཐར་ཡང་ཤེས་ནུས་ཀྱི་གཏེར་ཁ་ཆེན་པོ་བདུན་ཡན་ཆད་ཡོད་ནའང་གཙོ་བོ་ཁོར་ཡུག་དང་སློབ་གསོས་མིའི་སྟེང་གི་ཤེས་ནུས་ཀྱི་ཐོན་ཁུངས་དེ་དག་སྔོག་འདོན་འཕེལ་རྒྱས་ལ་ནུས་པ་ཅི་ཙམ་ཐོན་ཡོད་མེད་ལས་མིའི་སྤུས་ཚད་རབ་འབྲིང་ཐ་གསུམ་བྱུང་དང་འབྱུང་བཞིན་ཡོད་པ་དེ་རེད།
    འདས་པའི་སློབ་གསོས་སློབ་ཁང་སློབ་ཁྲིད་ཁོ་ནར་གཙིགས་ཆེན་བྱས་པ་ལས་སྤྱི་ཚོགས་ལག་ལེན་སྣང་མེད་དུ་བཏང་སྟེ། སྨྱུ་གུ་དང་ཤོག་བུ་ཁོ་ན་ལ་བརྟེན་ནས་རྒྱུགས་བླངས་ཏེ་སློབ་མའི་ཤེས་ནུས་མཐོ་དམའ་དང་སློབ་སྦྱོང་གི་འབྲས་བུ་འཕེལ་རྒྱས་སོགས་ཐག་བཅད་པ་ནི་ཕྱོགས་རེ་བའི་ལྟ་ཚུལ་ཤ་སྟག་རེད། འདི་ལྟར་བྱས་ཚེ་སྐད་ཆའི་ཤེས་ནུས་དང་རྩིས་རིག་གི་གཏན་ཚིགས་ཤེས་ནུས་ཁོ་ན་གཙིགས་སུ་བཟུང་བ་ཙམ་ལས་ད་དུང་སྤྱི་ཚོགས་ལ་ཤིན་ཏུ་མཁོ་བའི་ཤེས་ནུས་གང་མང་ཞིག་དང་ཀུན་སྤྱོད་དང་རྩལ་ནུས་ཀྱི་ཆ་ཐམས་ཅད་སྣང་མེད་དུ་ལུས་ཡོད་པ་རེད། སློབ་མའི་སྟེང་གི་ཆེས་གལ་འགངས་ཆེ་བའི་ཤེས་ནུས་མང་པོ་ཞིག་ངོས་འཛིན་དང་སྔོག་འདོན་བྱས་མེད་པས། མིའི་ཤེས་ནུས་སྔོག་འདོན་བྱས་པའི་ཚད་མི་འདྲ་བའི་དབང་གིས་ཤེས་ཡོན་གྱི་གྲུབ་ཆ་དང་ནུས་རྩལ་གཏན་ནས་མི་འདྲ་ལ། དེའི་དབང་གིས་མི་དང་མིའི་བར་དང་མི་རིགས་དང་མི་རིགས་བར་ལ་འདྲ་མཉམ་མ་ཡིན་པའི་མཇུག་འབྲས་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། མི་ནུས་སྔོག་འདོན་གྱི་སློབ་གསོ་བརྒྱུད་དེ་དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་ཡོངས་སུ་འཚམ་པའི་མི་སྐོར་ཞིག་རྒྱལ་ཁའི་ལམ་དུ་འགྲོ་བཞིན་ཡོད་ནའང་དེ་ལས་ལྡོག་པའི་མི་མང་པོ་ཞིག་རྒྱུགས་སྐར་ཧ་ཅང་མཐོ་ཡང་སྤྱི་ཚོགས་འཚོ་བའི་ལག་ལེན་གྱི་ཁྲོད་ན་ཕམ་ཁ་འབྱུང་བཞིན་ཡོད།
    དེ་བས། དགེ་རྒན་གྱིས་སློབ་མ་རེ་རེའི་རྒྱབ་ལྗོངས་དང་དགའ་སྣང་། ཁྱད་ཆོས། སེམས་ཁམས་སོགས་ལ་རྒྱུས་ལོན་ཡང་དག་པ་ཞིག་བྱས་ཏེ་སློབ་མར་དོན་དངོས་དང་འཚམ་པའི་བྱེད་ཐབས་སྤྱད་དེ། དུས་རབས་འཕེལ་རྒྱས་ཀྱི་རེ་བ་དང་ཡོངས་སུ་འཚམ་པའི་འཇོན་ཐང་མི་སྣ་གསར་པ་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་མ་རེེ་རེའི་མི་ཚེའི་རྒྱལ་ཕམ་དང་འཚོ་གནས་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད་པའི་བྱ་བ་གལ་ཆེན་ཞིག་དང་། སློབ་གསོ་རྒྱལ་ཕམ་གྱི་གཞི་འཛིན་ས་ཉག་ཅིག་ཀྱང་རེད།

གསུམ། རང་འགུལ་གྱི་དགེ་སློབ་འབྲེལ་བ་ཆགས་དགོས།

    སྲོལ་རྒྱུན་གྱི་སློབ་ཁྲིད་ཁྲོད་དུ་དགེ་རྒན་གྱིས་ཁྲིད་འགན་ཁོ་ན་ཁུར་བ་དང་སློབ་མས་སློབ་འགན་ཁོ་ན་ཁུར་ཡོད་པས། སློབ་ཁྲིད་ནི་དགེ་རྒན་གྱིས་སློབ་མ་སྐྱེད་སྲིང་བྱེད་པའི་བྱ་འགུལ་ཉག་ཅིག་ཏུ་གྱུར་ཡོད་དེ་ཁྲིད་ནི་རྒྱལ་པོ་ལྟ་བུ་དང་སློབ་ནི་དེའི་འཁོར་གྱི་བློན་པོའམ་ཞབས་ཞུ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད། གནས་ཚུལ་འདི་ལྟ་བུའི་འོག་ནས་དགེ་སློབ་གཉིས་ཀྱི་བར་ལ་རང་བཞིན་གྱིས་དགེ་རྒན་གྱིས་བཤད་སློབ་མས་ཉན། དགེ་རྒན་གྱིས་འདྲི། སློབ་མས་ལན་འདེབས། དགེ་རྒན་གྱིས་འབྲི་སློབ་མས་བཤུ། དགེ་རྒན་གྱིས་སྟེར་སློབ་མས་ལེན། དགེ་རྒན་གྱིས་བྱོ་སློབ་མས་བཟེད། དགེ་རྒན་གྱིས་བསྡུར་སློབ་མས་ལྟ། དགེ་རྒན་གྱིས་སྡིགས་སློབ་མས་བཟོད། དགེ་རྒན་གྱིས་བཀའ་འབེབ་སློབ་མས་ལག་བསྟར་བྱེད་པའི་གཞན་དབང་ཁོ་ནའི་འབྲེལ་བ་ཞིག་ཆགས་དང་ཆགས་བཞིན་ཡོད་པས། དགེ་སློབ་གཉིས་ཀྱི་བྱ་འགུལ་དེ་དགེ་རྒན་གཅིག་པུའི་བྱ་འགུལ་དུ་གྱུར་ཏེ་ཁྲིད་ཀྱིས་སློབ་པའི་ཚབ་དང། ཐོག་མར་ཁྲིད་རྗེས་སུ་སློབ་པ་དང། ཅི་ཙམ་ཁྲིད་ན་དེ་ཙམ་སློབ། ཇི་ལྟར་ཁྲིད་ན་དེ་ལྟར་སློབ་པ་དང། མ་ཁྲིད་ན་མི་སློབ་པའི་གནད་དོན་འབྱུང་བཞིན་ཡོད་པས། སློབ་མའི་ནུས་པ་དང་རང་གཤིས། རང་འགུལ། དགའ་སྣང་། བརྩོན་སེམས། རང་བཀུར་བསམ་བློ། ཡིད་ཆེས། གསར་གཏོད་བསམ་བློ་བཅས་ལ་ཤུགས་རྐྱེན་ཐེབས་ནས་དགེ་སློབ་བར་ལ་བྱུང་མི་འོས་པའི་འགལ་བ་འབྱུང་བཞིན་ཡོད།
    དོན་ངོ་མའི་སྟེང་ནས་བཤད་ན་སློབ་ཁྲིད་ནི་སློབ་དང་ཁྲིད་ཀྱི་འགྲོ་འོང་ངམ་ཡར་སྐུལ་ཙམ་དང་དགེ་སློབ་བར་གྱི་བརྗེ་རེས་དང་འབྲེལ་གཏུག་ཙམ། དགེ་སློབ་ཕན་ཚུན་བློ་སྒོ་འབྱེད་པ་དང་ཕན་ཚུན་ཁ་གསབ་ཙམ་ཡིན་པས། གོ་རིམ་འདི་དག་གི་ཁྲོད་ནས་དགེ་སློབ་གཉིས་ལ་བསམ་གཞིགས་གསར་པ་དང་ཉམས་མྱོང་གསར་པ། ཤེས་བྱ་གསར་པ། བརྩེ་དུང་གསར་པ། ངོས་འཛིན་གསར་པ། ལྟ་ཚུལ་གསར་པ། འཕེལ་རྒྱས་གསར་པ་བཅས་བྱུང་སྟེ། མཐར་དགེ་སློབ་གཉིས་ལ་མཉམ་ཤེས་མཉམ་ཐོབ་དང་མཉམ་འཕེལ་མཉམ་རྒྱས་འབྱུང་དགོས་པ་རེད། འདི་ལྟར་བྱས་ཚེ་སློབ་ཁྲིད་ནི་ཚེ་སྲོག་གི་བྱ་འགུལ་ཞིག་དང། ཁྱད་རྩལ་ཞིག   རང་ཉིད་མངོན་འགྱུར་བྱེད་པའི་གོ་རིམ་ཞིག   འདྲ་མཉམ་གྱི་བརྗེ་རེས་ཤིག་བཅས་ཡིན་པས།  དགེ་སློབ་གཉིས་ལ་འདྲ་མཉམ་གྱི་བསམ་བློ་གསར་པ་ཞིག་ཆགས་དགོས་པ་ལས། ད་དུང་དགེ་བཀུར་སློབ་གཅེས་ཞེས་ཁ་གཡང་བསྒྲགས་ནས་བསྡད་ན་སློབ་མའི་ལུས་སེམས་འཕེལ་རྒྱས་ལ་གནོད་ཚབས་ཆེ་སྟེ། སློབ་ཁྲིད་བྱེད་སྐབས་དགེ་སློབ་གཉིས་ཀྱི་བར་ན་འདྲ་མཉམ་དང་ཕན་ཚུན་བློ་སྒོ་འབྱེད་པའི་འབྲེལ་བ་གནས་དགོས་ན་ཡང་དགེ་བཀུར་སློབ་གཅེས་ཞེས་པའི་རྗེས་ལུས་ཀྱི་བསམ་བློ་དེའི་དབང་གིས་སློབ་མས་དགེ་རྒན་ལ་བཀུར་བ་དང་དགེ་རྒན་གྱིས་སློབ་མར་བྱམས་པའི་འབྲེལ་བ་ཁོ་ན་གནས་ཚེ་དོན་དངོས་སུ་མཐོ་དམའ་དང་གོང་འོག་གི་འབྲེལ་བ་ཙམ་ལས་ཕན་ཚུན་གྱི་འབྲེལ་བ་གཏན་ནས་གནས་ཐབས་མེད་པ་རེད། དེ་ལྟ་བུའི་དགེ་སློབ་འདྲ་མཉམ་མ་ཡིན་པའི་རྗེས་ལུས་ཀྱི་བསམ་བློ་འདིས་སློབ་མས་སློབ་ཁྲིད་སྐབས་སུ་ཁ་གྲགས་མི་ཐུབ་པ་དང་ལན་འདེབས་མི་ཐུབ་པའི་མཇུག་འབྲས་ངན་པ་བཞག་ཡོད་ལ། མི་རིགས་སློབ་གསོའི་ཁྲོད་ན་ཧ་ཅང་ཚབས་ཆེན་རེད། དེ་བས་སློབ་མས་དགེ་རྒན་ལ་བརྩི་བཀུར་བྱེད་དགོས་པར་མ་ཟད། དགེ་རྒན་གྱིས་ཀྱང་སློབ་མ་རེ་རེའི་རྩིས་ཐང་དང་རིན་ཐང་ལ་བརྩི་འཇོག་བྱེད་དགོས་ལ། ཁྱད་པར་དུ་བློ་རིག་ཞན་པའི་སློབ་མ་དང་སློབ་འབྲས་མི་ལེགས་པའི་སློབ་མ། ཁེར་རྐྱང་དུ་ཕུད་པའི་སློབ་མ། མང་ཆེ་བ་མི་དགའ་བའི་སློབ་མ། ནོར་འཁྲུལ་ཅན་གྱི་སློབ་མ། བརྩི་མཐོང་ཞན་པའི་སློབ་མ། ལྟ་ཚུལ་མི་གཅིག་པའི་སློབ་མ་རྣམས་ལ་བརྩི་བཀུར་བྱེད་པ་ལས། སློབ་མར་ལུས་ཆད་གཅོད་པའམ་སྡིགས་སྨོད་དང་བརྙས་སྨོད། ཟུར་ཟ། མི་མང་པོའི་གྲལ་ནས་གང་འདོད་དུ་སྐྱོན་བརྗོད་སོགས་བྱས་ན། སློབ་མའི་རང་བཀུར་བསམ་བློར་རྨ་ཁ་ཚབས་ཆེན་བཟོས་ཏེ་མི་ཚེ་ཕམ་ཁའི་ལམ་དུ་འགྲོ་ཉེན་ཆེ་བས་ཚང་མས་མཉམ་འཇོག་དང་བཅོས་སྒྱུར་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་རེད་སྙམ།
    དགེ་རྒན་གྱིས་སློབ་མར་བརྩི་བཀུར་བྱེད་དགོས་པར་མ་ཟད། ད་དུང་སློབ་མ་རེ་རེའི་ཐུན་མིན་གྱི་ཁྱད་ཆོས་དང་དགའ་སྣང་དག་ལ་བསྔགས་བརྗོད་བྱེད་མཁས་པ་ཞིག་ཀྱང་ཡིན་དགོས། འདིའི་ཐད་ནས་མི་ནི་གཞན་གྱི་བསྔགས་བརྗོད་ལ་དགའ་བ་དང་ཁྱད་པར་དུ་བྱིས་པ་དང་ན་གཞོན་ལ་རང་གི་དགེ་རྒན་དང་ཕ་མའི་བསྔགས་བརྗོད་ལ་ཧ་ཅང་དགའ་བའི་ཁྱད་ཆོས་ལྡན་པས། དགེ་རྒན་དང་ཕ་མ་རྣམས་ཀྱིས་བསྔགས་བརྗོད་ལ་དགའ་བའི་དོན་དངོས་ཀྱི་ཆོས་ཉིད་ལྟར་བསྔགས་བརྗོད་རང་བཞིན་གྱི་སློབ་གསོ་གཏོང་རྒྱུ་གལ་ཆེ་ནའང། དགེ་རྒན་མི་ཉུང་བ་ཞིག་ལ་ན་གཞོན་དང་བྱིས་པའི་ཆོས་ཉིད་འདིར་ངོས་འཛིན་ཡང་དག་པ་ཞིག་མེད་པས། དོན་དངོས་ཀྱི་སློབ་ཁྲིད་ཁྲོད་དུ་ཞུགས་ཚེ་ཆོས་ཉིད་འདི་སྣང་མེད་དང་ཐ་ན་རྒྱབ་འགལ་བྱེད་པ་དང། ཡང་ཁ་ཅིག་གིས་ཚད་ལས་བརྒལ་ཏེ། ངོ་མ་རླབས་ཆེན་རེད། ངོ་མ་ཡ་མཚན་རེད། ངོ་མ་ཁྱད་འཕགས་རེད། ལྟ་བུ་ཚད་ལས་འདས་པའི་འུད་བསྟོད་བྱས་ན། སློབ་མའི་སློབ་སྦྱོང་དང་རང་ཉིད་ངོས་འཛིན། ཀུན་སྤྱོད་སོགས་ལ་དངོས་དང་བརྒྱུད་དེ་ངན་ཤན་ཚབས་ཆེན་ཐེབས་པའི་དཔེ་བརྗོད་མང་པོ་ཞིག་འབྱུང་བཞིན་ཡོད།
བཞི། དགེ་རྒན་དང་སློབ་ཁྲིད་ཀྱི་འཕོ་འགྱུར།
    དེང་རབས་སློབ་གསོས་དགེ་རྒན་གྱི་ལྟ་ཚུལ་འཕོ་འགྱུར་འབྱུང་བར་རེ་བ་ཆེས་ཆེན་པོ་འདོན་བཞིན་ཡོད་པར་མ་ཟད། ད་དུང་སློབ་གསོའི་ཕྱོགས་སོ་སོ་དང་སློབ་ཁྲིད་ལེགས་སྒྱུར་གྱི་ཐད་ལའང་རེ་བ་འདོན་བཞིན་ཡོད། ནང་སྒོས་སུ་ཤེས་བྱ་བརྒྱུད་སྤེལ་གྱི་རེ་བ་དང་དམིགས་ཡུལ་བསྒྱུར་ནས་སློབ་མའི་སློབ་སྦྱོང་གི་བརྩོན་སེམས་ཡར་སྐུལ་བྱེད་མཁན་དང་ཁྲིད་སྟོན་པ། ནུས་པ་དང། ཁྱད་ཆོས་སྣ་ཚོགས་སྐུལ་སྤེལ་དང་སྔོག་འདོན་བྱེད་མཁས་པའི་རེ་བ་ཧ་ཅང་ཆེ། འདི་ལྟར་བྱས་ཚེ་ད་གཟོད་སློབ་ཁྲིད་ཀྱི་སྙིང་པོ་ནི་སློབ་ཡིག་གི་སྟེང་ན་ཡོད་པས། ཁྲིད་པ་ནི་མིི་ཁྲིད་པའི་ཆེད་དུ་ཡིན་པ་དངོས་འབེབས་བྱེད་ཐུབ།
    སློབ་ཁྲིད་དང་ཞིབ་འཇུག་གི་ཐད་ནས་བལྟས་ན། དགེ་རྒན་ནི་སློབ་ཁྲིད་བྱེད་མཁན་ཞིག་ཡིན་པར་མ་ཟད།  ད་དུང་སློབ་གསོ་པ་དང་སེམས་ཁམས་རིག་པ་བ། སློབ་ཁྲིད་ཞིབ་འཇུག་པ་ཞིག་ཀྱང་ཡིན་དགོས། ཞིབ་འཇུག་པའི་སྤྱན་རས་ཀྱིས་སློབ་ཁྲིད་གཞུང་ལུགས་དང་སློབ་ཁྲིད་ལག་ལེན་ཁྲོད་ཀྱི་གནད་དོན་སྣ་ཚོགས་ལ་དབྱེ་ཞིབ་དང་ཐག་གཅོད། དེ་དང་མཉམ་དུ་ཉམས་མྱོང་སྤྱི་སྡོམ་དང།  ཞིབ་འཇུག་ལག་ལེན། གསར་གཏོད་བཅས་བྱེད་དགོས། དགེ་རྒན་གྱིས་གཙོ་བོ་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་སློབ་མར་རོགས་སྐྱོར་དང་སྐུལ་སྟོན་བྱེད་རྒྱུ་ཧ་ཅང་གལ་ཆེ་སྟེ། དཔེར་ན། སློབ་མ་རྣམས་རྒྱུས་མེད་ཀྱི་རི་མགོ་ཞིག་ལ་འགོ་བའི་དབང་དུ་བཏང་ན། དགེ་རྒན་གྱིས་རྒྱུན་པར་སློབ་མ་མང་པོ་ལག་རྡང་སྦྲེལ་དུ་བཅུག་སྟེ།  དགེ་རྒན་གྱིས་སྣེ་ནས་ཁྲིད།   འགྲོ་མི་ཐུབ་པ་རྣམས་ལ་སྡིགས་སྨོད་དང་འགྲོ་མཁན་རེ་གཉིས་ལ་ངོ་བསྟོད་བྱེད་བཞིན་སློབ་གྲོགས་ཆེས་ཉུང་ཤོས་ཤིག་རི་མགོར་ཐོན་གང་ཐུབ་བྱས་ན་ཡང་མཇུག་འབྲས་སུ་དགེ་སློབ་གཉིས་ཀ་ངལ་ཞིང་དུབ་ལ་ཁྱད་པར་དུ་སློབ་མ་མང་ཆེ་བས་ཕྱིན་ཆད་རི་མགོར་མི་འགོ་ཞེས་བཤད་པ་ལྟ་བུ་རེད།  འདི་ལྟ་བུའི་སློབ་ཁྲིད་ནི་དགེ་སློབ་གཉིས་ཀྱིས་དཀའ་ཚེགས་ཅི་ཙམ་མྱངས་ན་ཡང་ཕམ་ཁའི་སློབ་ཁྲིད་ལས་མ་འདས་པས། དཔེར་ན། སློབ་གྲོགས་ཚོ་རྒྱུས་མེད་ཀྱི་རི་མགོར་འགོ་བའམ་ཡང་ན་འགྲོ་ལམ་འཆུག་པའི་དབང་དུ་བཏང་ན། སྐབས་དེར་དགེ་རྒན་གྱིས་མྱུར་དུ་ཁྱི་དང་གློ་བ་འཕྲད་པ་ལྟར་སློབ་མར་ལམ་སྟོན་པ་ལས། ཁོ་ཚོར་ཡིན་མིན་དབྱེ་འབྱེད་བྱེད་པའི་ཁ་ཕྱོགས་སྟོན་པ་དང། རི་མགོར་འགོ་བར་ཡར་སྐུལ་བྱེད་དགོས། དགེ་རྒན་གྱིས་སློབ་མ་ཚང་མར་ཚད་གཞི་གཅིག་བཟུང་ནས་སློབ་མའི་སྔོན་ནས་འཐེན་ཏེ་འགྲོ་མི་རུང་ལ་རྗེས་ནས་དེད་དེ་འགྲོ་མི་རུང། ཁྱད་པར་དུ་དགེ་རྒན་གྱིས་སློབ་མ་ཁུར་ཏེ་འགྲོ་མི་རུང་བར་གཙོ་བོའི་གཙོ་བོ་ནི་སློབ་མའི་སྟོབས་ཤུགས་དང་བརྩོན་སེམས། སྙིང་སྟོབས་བཅས་ཡར་སྐུལ་བྱས་ཏེ་མཚམས་མ་བཞག་པར་རི་རྩེར་འགོ་བར་སྐུལ་ལྕག་དང། རི་མགོར་འགོ་བའི་བྱ་རིམ་ཁྲོད་དུ་སློབ་མ་རང་ཉིད་ལ་རྒྱུས་ལོན་དང་རང་ཉིད་ཀྱིས་ཅི་ཞིག་ཤེས་པ། རི་མགོར་འགོ་བའི་དམིགས་འབེན་གཏན་ཁེལ། ལག་ལེན་དེ་དག་ལས་སློབ་སྦྱོང་གི་རྒྱུ་ཆ་འཚོལ་སྡུད་དང་བེད་སྤྱོད་བྱེད་པ། བྱ་འགུལ་སྤེལ་བའི་འཆར་གཞི་འཐེན་པ། ནུས་ལྡན་གྱི་སློབ་སྦྱོང་བྱེད་ཐབས་ཆགས་སུ་འཇུག་པ། སློབ་མས་རྟོགས་ཟིན་པའི་ཤེས་རྩལ་གྱི་རིན་ཐང་གཞལ་བ། སློབ་མས་སློབ་སྦྱོང་བྱེད་སྐབས་ཀྱི་བརྩོན་སེམས་དང་དགའ་སྣང་སྐྱེད་སྲིང་། སློབ་མའི་སློབ་སྦྱོང་གི་གོ་རིམ་དང་འབྲས་བུ་ལ་དཔྱད་སྡུར་ཡང་དག་པ་བྱེད་པ། གཞན་དང་མཉམ་འབྲེལ་བྱེད་པའི་གོམས་སྲོལ་ཆགས་པ། སློབ་མ་རང་ཉིད་ཀྱི་རྩལ་ནུས་སམ་རང་སྟེང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ངོས་འཛིན་རྒྱུས་ལོན་བཅས་བྱེད་པ་ལ་རོགས་རམ་བྱེད་རྒྱུ་དེ་རེད།

ལྔ། སློབ་མའི་སློབ་སྦྱོང་བྱེད་ཐབས་ལེགས་བཅོས་བྱེད་དགོས།

    སློབ་མའི་ཁེར་རྐྱང་དང་གཞན་དབང་རྗེས་ལུས་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་ནི་དེང་རབས་ཀྱི་སྤུས་ཚད་སློབ་གསོའི་བཀག་རྡོ་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། སློབ་གྲྭ་ནས་ལོ་ ༩ ནས་ ༡༢ ཙམ་ལ་སློབ་སྦྱོང་གི་འཚོ་བ་རོལ་བའི་ན་གཞོན་བྱིས་པ་ཞིག་ཉིན་ཧྲིལ་པོ་ཧྲིལ་པོར་གཞན་འགུལ་ཁྲལ་སེལ་དང། སྐྱེད་མེད་སྦྱོང་བརྡར། ཚིག་སྐམ་མཁྲེགས་སྐྱོར། སླ་བའི་བསྐྱར་ཟློས་སོགས་ཀྱི་ཟོ་ཆུན་འཁོར་ལོའི་ནང་ནས་འཁོར་ཚེ་སྤུས་ཚད་ཆེས་མཐོ་བའི་མི་ཞིག་ཆགས་ཐུབ་བམ་མི་ཐུབ་པ་དང། ཁོ་ཚོའི་མི་ཚེ་དེར་གསར་གཏོད་ཀྱི་སྙིང་སྟོབས་དང་ནུས་རྩལ་ལྡན་པ་ཞིག་དང་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་བྱེད་མཁན་ཞིག མཛེས་སྡུག་གི་འཚོ་བ་འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་ཇི་ལྟར་འགྱུར་ནུས་པ་རེད།
    མདོར་བསྡུས་ན། སློབ་ཁྲིད་ནི་ཕྱིའི་ཚོད་འཛིན་གྱི་ནུས་པ་ཙམ་མ་ཡིན་པར་ནང་གི་བསམ་བློ་དང་སྤོབས་པ་བཅིངས་འགྲོལ་བྱེད་པའི་བྱ་འགུལ་ཞིག་ཡིན་པས། གཞན་གཙོ་རང་བཞིན་དེ་རང་གཙོ་རང་བཞིན་དང། གཞན་སྒུལ་རང་བཞིན་དེ་རང་འགུལ་རང་བཞིན། གཞན་བརྟེན་རང་བཞིན་དེ་རང་ཚུགས་རང་བཞིན། མཐོ་དམའ་རང་བཞིན་དེ་འདྲ་མཉམ་རང་བཞིན། གཅིག་འདྲ་རང་བཞིན་དེ་སྣ་ཚོགས་རང་བཞིན་དུ་འཕོ་འགྱུར་རམ་ལེགས་བཅོས་བྱེད་རྒྱུ་ནི་སློབ་སྦྱོང་འཕེལ་རྒྱས་དང་བྱིས་པ་འཚར་ལོངས་འབྱུང་བའི་ཆེས་གནད་འགག་ཅིག་རེད་སྙམ་མོ། །

མདུན་ཤོག

Menu