[toc]

བོད་ཀྱི་རྩ་ཆེའི་སྲོག་ཆགས་།(ཨང་དང་པོ)

ཉི་འོད། སེ་ལ་ཀུལ་བོད་ཁྱིམ།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་གི་སྲིན་མོ་གཉིས་ཏེ་ཉམ་ཆུང་གི་སྲོག་ཆགས་བདག་མེད་གཉིས་ལྷན་དུ་འདུས་པ་ལས་གངས་འཁྱགས་དང་གཡའ་རྡོ་སྙིང་སྟོབས་ཀྱིས་བཞུ་བར་བྱེད་པའི་གདོང་དམར་ཚང་གི་རིགས་རྒྱུད་འདི་དར་ཞིང་འཕེལ། མདོ་དབུས་མཐོ་སྒང་གི་བདག་པོ་ངོ་མ་དང་པུར་རྒྱལ་གདུང་རྒྱུད་ཀྱི་བྱེད་པོ་དག་མ་དེ་བཟང་ངན་ཅི་ཡིན་རུང་རྐུབ་ལ་མཇུག་མ་ཐོགས་ཤིང་ལུས་ལ་སྤུ་ཡིས་ཁེངས་པའི་མཐོ་སྒང་གི་སྲོག་ཆགས་གཉིས་པོ་འདི་ཡིན་པ་ང་ཚོས་ཇི་ལྟར་གསང་ཐུབ།
མདོར་ན། ང་ཚོའི་མེས་པོ་དང་ང་ཚོའི་རིགས་རྒྱུད། ང་ཚོའི་ཤ་ཁྲག་དང་ང་ཚོའི་གཤིས་སྤྱོད་ཡོད་ཚད་བདག་མེད་ཀྱི་སྲོག་ཆགས་འདི་གཉིས་ལས་བྱུང་བ་སྨོས་མ་དགོས།
དེང་སང་གི་དུས་སུ་བོད་ཀྱི་རི་ལུང་སྟོད་སྨད་ཀུན་ཏུ་དངངས་འཚབ་དང་འཇིགས་སྐྲག་ཁོ་ནའི་ཁྲོད་དུ་ལུས་པའི་སྣ་མང་གི་སྲོག་ཆགས་ཡོད་དོ་ཅོག་ཡབ་མེས་ནས་བརྒྱུད་ཡོང་བའི་གཡང་ཟོག་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་གཅེས་ནོར་ཡང་ཡིན།  འོན་ཀྱང་།   ཡིད་སྐྱོ་བའི་གནས་ཚུལ་ཞིག་ཞུས་ན།  སྔ་མོའི་དུས་སུ་བོད་ཀྱི་ཡུལ་ལུང་གང་སར་མཐོང་རྒྱུ་ཡོད་པའི་རྩ་ཆེའི་སྲོག་ཆགས་དོམ་ཁྲ་དང་སྟག་གཟིག  འབྲོང། དྲེད། རྣ་བ་དང་དགོ་བ། གཡི་དང་གསའ་ལ་སོགས་པ་སྲོག་ཆགས་གྲངས་ལས་འདས་པ་བག་ཕེབས་དང་བདེ་འཇགས་ངང་རི་ཆུ་ནགས་གསུམ་ལ་ལོངས་སུ་སྤྱད་ནས་འཚོ་བཞིན་ཡོད་ཀྱང་། ཉག་ཕྲ་བའི་ད་ལྟའི་དུས་འདིར་སྲོག་ཆགས་འདི་དག་གི་རིགས་རྒྱུད་དང་སྐྱེ་འཕེལ་ལ་ལྟ་བས་མི་བཟོད་པའི་ཉམས་རྒུད་ཤུགས་ཆེན་སོང་ཡོད་པར་མ་ཟད་འདི་དག་གི་གྲངས་འབོར་ཡང་མཛུབ་མོའི་གྲངས་ཙམ་ལ་ལྷུང་བའི་གནས་སྟངས་ཐབས་རྡུགས་འདི་བྱུང་བ་ང་ཚོའི་རྒྱལ་ཁབ་ཀྱི་ཕམ་ཁ་དང་གྱོང་གུད་ཉག་གཅིག་རེད།
ཉམས་རྒུད་ཀྱི་གཞི་རྩ་དང་འབྱུང་ཁུངས་ཀྱང་ཕྱི་ཕྱོགས་ཀྱི་བཙན་འཛུལ་དང་ཧམ་སེམས་ཆེན་པོས་རྩ་ཆེའི་སྲོག་ཆགས་འདི་དག་ཡུལ་གཞན་དུ་དབོར་བའམ་དམར་གསོད་བཏང་ནས་རིན་བྲལ་གྱི་དངོས་ཆས་བཟོ་བྱེད་ཀྱི་རྫས་སུ་བསྒྱུར་བ་དང། རང་དོན་དང་ཁྲེལ་མེད་ཀྱི་དབང་གིས་སྲོག་ཆགས་འདི་རིགས་ལྐོག་རྔོན་བྱེད་པ་དང་སྲོག་ཆགས་འདི་དག་ལས་བཟོས་པའི་དངོས་རྫས་ལ་བརྩི་མཐོང་དང་དགའ་སྣང་ཡོད་པའི་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་ནས་ཡ་ང་བའི་གནས་སྟངས་སྐྱོ་བོ་འདི་ང་ཚོའི་ལུས་སྟེང་ལའང་མངོན་སུམ་དུ་ཚེས་ལ་ཉེ།
གལ་སྲིད་ང་ཚོས་ཆིག་སྒྲིལ་ངང་སྟོང་ལ་ཉེ་བའི་རྩ་ཆེའི་སྲོག་ཆགས་འདི་དག་གི་ཚེ་སྲོག་ལ་རིན་ཐང་སྦྱིན་ཏེ་སྲུང་སྐྱོབ་དང་རྒྱབ་སྐྱོར་ལེགས་པར་བྱས་ན། མ་འོངས་པར་རྩ་ཆེའི་སྲོག་ཆགས་འདི་དག་གི་སྐྱེ་འཕེལ་གྱི་ཕྲེང་ཐག་མི་ཆད་པར་སླར་ཡང་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་མཛེས་པའི་རྒྱན་དུ་འགྱུར་བར་གདོན་མི་ཟ། དེར་བརྟེན། ང་ཚོས་མྱུར་དུ་བོད་གངས་ཅན་གྱི་རྩ་ཆེའི་སྲོག་ཆགས་ཀྱི་ཚེ་སྲོག་སྐྱོབ་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་སོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་གསལ་བཤད་རྩོམ་ཡིག་ཅིག་ཡིན། རྩོམ་ཡིག་ཏུ་རང་ཉིད་བོད་ཀྱི་སྲོག་ཆགས་ལ་གཅེས་སྤྲས་བྱེད་པའི་ཀུན་སློང་རྣམ་དག་ཅིག་ཡོད་པ་མཚོན་པར་བྱས་ཡོད།
རྩོམ་ཡིག་གི་འགོར་སྤྲེལ་དང་བྲག་སྲིན་ལས་བོད་རིགས་བྱུང་སྐོར་དང། དེ་གཉིས་བོད་ཀྱི་རྩ་ཆེའི་སྲོག་ཆགས་ཡིན་ཚུལ་བཀོད་ནས། སྲོག་ཆགས་ནི་མིའི་རིགས་ཀྱི་འབྱུང་ཁུངས་དང་འཚོ་གནས་ལ་གལ་འགངས་ཧ་ཅང་ཆེ་ཚུལ་སྤྱི་ནས་བྱེ་བྲག་གི་སྟེང་ལ་གཞོལ་བའི་ཚུལ་གྱིས་དུས་ཚོད་ཀྱི་གོ་རིམ་ལྟར་གླེངས་ཤིང། མཇུག་སྡུད་སྟངས་དང་བར་གྱི་ཞིབ་བརྗོད་བྱེད་སྟངས་ཅུང་ལེགས་ལ། ཁྱད་པར་དུ་ཚིག་ཕྲད་དང་རྣམ་དབྱེ། ཁྱད་ཆོས་ཀྱི་མིང་སོགས་སྡེབ་ལེགས་པའི་ཕྲེང་བར་བརྒྱུས་པས་ན་རྗོད་བྱེད་ཚིག་ལ་སྙན་ཆ་ལྡན་ཞིང་ཀློག་བདེ་བའི་ཁྱད་ཆོས་ལྡན།
འོན་ཀྱང། ཞན་ཆ་ཞིག་མི་གླེང་ཐུ་མེད་དུ་གྱུར་པ་ནི། བརྗོད་བྱར་གཙོ་ཕལ་གྱི་དབྱེ་བ་འབྱེད་ཚུལ་ལ་དོ་སྣང་དེ་ཙམ་བྱས་མི་འདུག་པའི་ཁར། ཁ་གསབ་གྱིས་བརྗོད་པས་ཀྱང་བརྗོད་བྱ་གཙོ་བོར་རམ་འདེགས་ཀྱི་ནུས་པ་ཇི་ལྟར་འདོན་མིན་ལ་བསམ་གཞིགས་བྱས་པར་ཉམས་མྱོང་གིས་དེ་ཙམ་འདང་མེད་པའི་ཚོར་སྣང་སྟེར། 

བོད་ཀྱི་རྩ་ཆེའི་སྲོག་ཆགས།(ཨང་གཉིས་པ)

ཚེ་རིང་གཡང་འགྲུབ། གོ་པལ་པུར་བོད་ཁྱིམ།

ཤིན་ཏུ་ཡངས་པའི་རྩྭ་ཐང་། མཐོ་ལ་བརྗིད་པའི་གངས་རི། ཚང་ཚིང་གི་ནགས་ཀླུང། འབྲས་ལྡན་གྱི་ལྗོན་པ། དྭངས་གཙང་གི་དལ་འབབ་སོགས་ཡིད་དུ་འོང་བའི་བདག་གི་ཕ་ཡུལ་ན། ལག་དམར་རྒྱ་དམར་གྱི་མེ་མདའི་ཁ་ན་འཇིག་བཞིན་པ་མ་གཏོགས། དུས་བཞིའི་འགྱུར་འགྲོས་ཁྲོད་ན་བག་ཡངས་ཀྱིས་འཚོ་བཞིན་པའི་ངོ་མཚར་དང་རྩ་ཆེའི་སྲོག་ཆགས། ཡུལ་གྲུ་གཞན་ན་དཀོན་པའི་དོམ་ཁྲ་དང་འཕར་བ། རྐྱང། དགོ་བ་སོགས་མང་ཡང། ངས་དེ་རིང་དབྱངས་གསལ་སོ་བཞིའི་གདངས་དབྱངས་སུ་འདྲེན་འདོད་པ་ནི་བདག་ལ་ཆེས་རྒྱུས་ངོ་ཆེ་ཤོས་ཏེ། བདག་གི་ཕ་ཡུལ་གྱི་གཡག་ཡིན།
གཡག་ནི་བོད་ཀྱི་རྩ་ཆེའི་སྲོག་ཆགས་ཤིག་ཡིན། མོའི་རིགས་ལ་འབྲིར་འབོད་ཅིང་མཐོ་སྒང་གི་བོད་པ་ཞིག་ཡིན་ཕྱིན་ངོ་མི་ཤེས་མཁན་སུ་ཡང་མེད། ཕར་བལྟས་ན་འབྲོང་དང་བཟོ་ལྟ་འདྲ་ཞིང་འབྲོག་པའི་ས་ཆར་ཧ་ཅང་མང་ཞིང་འབྲོག་པའི་ལྷས་ར་ན་གཉོམ་དུང་དུང་ངང་འཚོ་བར་དགའ། གཡག་ནི་སྤང་ལྗོངས་དང་རྩྭ་ཐང་སོགས་ན་ཉུལ་ཞིང་འཇག་རྩྭ་དང་རྩྭ་སྐམ་སོགས་ལ་རོལ་ནས་ནར་སོན་ཞིང་བཟང་ཤ་དོད་པའི་བཅོས་མིན་གྱི་སྣང་ཚུལ་ཞིག་བསྟན་ཡོང། རྒྱ་ཆེ་བའི་འབྲོག་པའི་ས་ཆ་ན་གཡག་གི་གྲངས་ཀ་ནི་སྲོག་ཆགས་གྲོག་མའི་ཚང་བརྡོལ་བ་ལྟར་རི་ལུང་དང་སྤང་ཐང་ན་ནག་ཆིལ་ལེར་ཁྱབ་ནས་ཡོད།
འབྲུ་གཡག་ལ་རྭ་ཅོ་ཡོད་པ་དང་རྭ་ཅོ་མེད་པ་གཉིས་ཀ་ཡོད་ཅིང་ད་དུང་སྤུ་མདོག་མི་འདྲ་བ་ཁམ་པ་དང། ཁྲ་ཁྲ། དཀར་པོ་དང་ནག་ཁྲ་སོགས་འདྲ་མིན་ཡོད་ཅིང་ཕལ་ཆེ་བ་ནི་ནག་པོ་ཡིན་པས་མཐོ་སྒང་གི་གྲུའམ་བོད་པའི་གཡང་ཟོག་ཅེས་འབོད་པ་ཡིན།
འབྲི་གཡག་ལ་ཡང་ལོ་རིམ་བརྩི་སྟངས་འདྲ་མིན་ཡོད་ཅིང། དཔེར་ན། བེའུ་དང་ཡ་རུ་སོགས་ང་ཚོའི་བྱིས་པ་དང་གཞོན་པ། དར་མ་སོགས་བརྩི་སྟངས་དང་འདྲ་བ་ཡིན།
འབྲི་གཡག་སྟེ་མཐོ་སྒང་ངམ་བོད་པའི་རྩ་ཆེའི་སྲོག་ཆགས་དེ་ནི། བོད་པའི་ཆེས་རྩ་ཆེ་བའི་སྲོག་ཆགས་ཞིག་གམ། བཀའ་དྲིན་ཆེ་བའི་སྲོག་ཆགས་ཤིག་ཏུ་བརྩི་ཆོག་སྟེ། འབྲི་གཡག་གིས་ངེད་ཚོར་ཕན་རླབས་ཆེན་པོ་བསྐྲུན་མྱོང་ཞིང། འབྲི་མོའི་འོ་ཞོ་ལས་འུ་ཚོའི་ཤ་ཁྲག་རྒྱས། གཡག་རྒོད་ཀྱི་ངལ་རྩོལ་དང་ཚོ་ཆེ་བའི་ཤ་ཁྲག་གིས་འུ་ཚོའི་འཚོ་བའི་ཆ་རྐྱེན་ཡང་གོམ་གང་ཡག་ཏུ་ཕྱིན་པ་སྨོས་མེད་རེད།
བདག་ལ་མཚོན་ན་ཡང་ཆུང་བྱིས་པའི་དུས་ནས་འབྲི་མོའི་འོ་ཞོ་བཏུང་སྟེ་ནར་སོན་ཞིང་སུ་ལ་ཡང་ཞེད་སྣང་དང་རེ་ཞུ་མི་དགོས་པའི་བདེ་ཐང་གི་ལུས་ཟུངས་འདི་བྱུང་བས་ངའི་སེམས་ནང་དུ་འབྲི་གཡག་ནི་ང་ཆེས་དགའ་བའི་སྲོག་ཆགས་ཤིག་ལགས། ད་དུང་དེ་ཙམ་གྱིས་ག་ལ་ཚད་དེ་གཡག་རྒོད་དེ་ཚོས་ལྗིད་ཁོག་ཐེག་པར་དཀའ་བའི་ཁུར་བོ་རེ་འཁུར་བཞིན་འབྲོག་པའི་འཚོ་བ་དང་བདེ་ཐང། འུ་ཚོའི་ཟ་ཁ་དང་འཐུང་ཁ་གསོ་བཞིན། རྒས་ན་སོ་ཉམས་པའི་དུས་སུ་ཡིད་མུག་མུག་དང་གཉོམ་དུང་དུང་ངང་ཤ་ཁྲག་གི་རྒྱུ་ལས་གྲུབ་པའི་རིན་ཆེན་ལུས་པོ་དང་ཚེ་སྲོག་སྦྲ་ནག་གི་གོང་ཁ་ན་འཚོ་ཞིང་མཐོ་སྒང་གི་རྒྱབ་མདུན་ན་གནས་པའི་འུ་ཚང་གི་སྒོ་ཁར་འབུལ་གྱིན་ཡོད། འབྲི་མོ་ནི་ཆུང་བེའུའི་དུས་མ་མའི་ནུ་ཞོ་ཅི་འདོད་དུ་མི་རེག་ཅིང། ནར་སོན་པ་ན་རང་ཉིད་ཀྱི་ནུ་ཞོའི་ནུས་བཅུད་ལས་བོད་པ་ཚང་གི་རྒན་གཞོན་རྣམས་གསོ་ཞིང་ན་རྒས་པའི་དུས་ད་དུང་དེ་དག་གི་ཁ་ཟས་སུ་འགྱུར་ངེས།
ལོ་རྒྱུས་ཀྱི་བརྒྱུད་རིམ་དང་དུས་ཀྱི་རླབས་འགྱུར་ཁྲོད་དུ་ཕྱི་མིག་ཅིག་བལྟས་ན་འུ་ཚོའི་ཆེས་རླབས་ཆེ་བའི་འཚོ་བའི་ཁྲོད་ན། འབྲི་མོའི་འོ་ཞོ་དང་གཡག་རྒོད་ཀྱི་ཤ་ཁྲག་ནི་འུ་ཚོ་ཆེས་དགའ་བ་དང། ཆེས་བཟང་ཞིང་བཅུད་འཛོམས་པའི་ཕུལ་བྱུང་གི་ཟས་རིགས་ཤིག་ཡིན་པས། འབྲི་གཡག་ནི་རླབས་ཆེན་གྱི་གཡང་ཟོག་ཅིག་ཅི་ལ་མིན་ཨང། 
དུས་རབས་གང་དུ་བསླེབས་ཀྱང་རུང། སྤྱི་ཚོགས་ཇི་ལྟར་འགྱུར་ཡང་རུང་། གཡག་ནི་ཏན་ཏན་འུ་ཅག་བོད་ཀྱི་རྩ་ཆེའི་སྲོག་ཆགས་ཡིན་པར་གདོན་མི་ཟ།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བོད་ཀྱི་སྲོག་ཆགས་ཀྱི་རྣམ་གྲངས་མདོར་བསྡུས་ཀྱི་ངོ་སྤྲོད་བྱས་རྗེས། བྱེ་བྲག་ཏུ་གཡག་དང་འབྲིའི་ཁ་དོག་དང་ཆེ་ཆུང་། ཁྱད་ཆོས་སོགས་གོ་རིམ་ལྡན་པའི་ངང་མཚམས་སྦྱོར་བྱས་ཡོད། བརྗོད་དོན་གྱི་ཆ་ནས་དུམ་མཚམས་ཆེན་པོ་གསུམ་དུ་དགར་ཆོག་སྟེ། དུམ་མཚམས་དང་པོའི་ནང་བོད་ཀྱི་རང་བྱུང་ཁམས་དང་དེར་གནས་པའི་སྲོག་ཆགས་མང་པོ་ཞིག་རགས་བསྡུས་ཀྱིས་མཚམས་སྦྱོར་བྱས་ཡོད། དུམ་མཚམས་གཉིས་པར་འབྲི་གཡག་གི་སྐོར་ཁ་གསལ་ལ་གོ་རིམ་ལྡན་པའི་ངང་མཚམས་སྦྱོར་བྱས་ཡོད། ཁ་གསབ་ཀྱི་ཚུལ་དུ་བརྗོད་པའི་དུམ་མཚམས་གསུམ་པའི་ནང་རང་ཉིད་ཀྱི་འབྲི་གཡག་ལ་བཅངས་པའི་དུངས་སེམས་དང་ཡིད་འགྱུར་མཚོན་པར་བྱས་ཡོད།
རྩོམ་ཡིག་འདི་ནི་འབྲི་གཡག་བརྗོད་གཞིར་གྱུར་བའི་གསལ་བྱེད་རྩོམ་ཡིག་ཅིག་ཡིན། གསལ་བཤད་ཀྱི་ནང་དོན་གསལ་ཞིང་གོ་རིམ་ལྡན་པ། ཚིག་ཉུང་ལ་དོན་འདུས་པ་བཅས་ཀྱི་ཁྱད་ཆོས་ཀྱང་ལྡན། གཞན་ཡང་སྤྱི་ནས་བྱེ་བྲག་དང་ཕྱི་ནས་ནང། རིང་ས་ནས་ཉེ་ས་སོགས་ཀྱི་བཀོད་འབྲི་ཡང་འོས་ཤིང་འཚམ་པར་སྤྱད་དེ། རྩོམ་གྱི་འགོར་ཕྱི་སྣོད་ཀྱི་བཀོད་པ་བསྡུས་འབྲི་བྱས་ཏེ་རིམ་གྱི་ནང་བཅུད་ཀྱི་སེམས་ཅན་གྱི་སྐོར་མཚམས་སྦྱོར་བྱས་པ་ནི་ཕྱི་ནས་ནང་། ཡང་དོམ་གཟིག་སྤྱང་འཕར་སོགས་རགས་བསྡུས་ཀྱིས་ངོ་སྤྲོད་བྱས་རྗེས་རང་གིས་བརྗོད་འདོད་པའི་བྱེ་བྲག་གི་འབྲི་གཡག་གསལ་བཤད་བྱས་པ་ནི་སྤྱི་ནས་བྱེ་བྲག། གཞན་ཡང་འབྲི་གཡག་གི་ཕོ་མོའི་དབྱེ་བ་ནས་ཁ་དོག་དང་གཤིས་ཀ་སོགས་ངོ་སྤྲོད་བྱས་པ་ནི་རགས་པ་ནས་ཞིབ་ཕྲ་བཅས་ཀྱི་བཀོད་འབྲིའི་ཐབས་རྩལ་སྤྱད་འདུག
རྩོམ་གྱི་མགོ་འཛུགས་སྟངས་དང་ཁ་གསབ་ཀྱི་བརྗོད་པ། མཇུག་སྡུད་སྟངས་སོགས་སྒྲིག་གཞི་བཀོད་སྒྲིག་བྱས་པའང་ལེགས། གསལ་བཤད་རྩོམ་གི་གལ་གནད་དམ་འཛིན་ཐུབ་པ་བྱུང་འདུག་པས་མུ་མཐུད་དུ་འབད་བརྩོན་ཡོང་བར་ཞུ།

བོད་ཀྱི་རྩ་ཆེའི་སྲོག་ཆགས།(ཨང་གསུམ་པ)

ནོར་བུ་རྒྱ་མཚོ། སུ་ཇ་བོད་ཁྱིམ།

སྤྱིར་འཛམ་གླིང་མཐོ་སྒང་དེ་ནི་འཇིག་རྟེན་གྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་དང་གཉིས་སུ་མ་མཆིས། འགྲོ་དྲུག་གང་ཡིན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ཁ་བ་གངས་ལྗོངས་དེ་ལ་རིན་ཆེན་ནོར་ལུག་དང་རྩ་ཆེན་སྲོག་ཆགས་ཀྱིས་ཁེངས། སྣ་མང་གི་བྱ་བྱེའུས་དབྱངས་སྙན་སྒྲོག་ཅིང་གཅན་གཟན་དང་རི་དྭགས་སོགས་ཤ་གཟན་དང་རྩྭ་གཟན་གྱི་སྲོག་ཆགས་ནི་ནམ་མཁའི་སྐར་ཚོགས་ས་ལ་གཏོར་བ་དང་མཚུངས།
གངས་ལྗོངས་ནི་རྟ་ནོར་ལུག་གསུམ་གྱི་ཕ་ཡུལ་ཡིན། དེ་ལས་ཀྱང་གཡག་ཅེས་པའི་དུད་འགྲོ་དེ་ནི་སྤྱོད་སྒོ་ཧ་ཅང་ཆེ་བའི་སྒོ་ཟོག་རྩ་ཆེན་ཞིག་ཡིན།  དགུན་ཁའི་གྲང་ངར་ལྡང་བཞིན་པའི་སྐབས་སུ་འབྲུ་དང་མཛོ་མོ། ར་ལུག་སོགས་ཀྱི་འོ་མ་ལ་བརྟེན་ནས་འཚོ་བ་དང་། མར་ཕྱུར་འོ་མ་སོགས་ཀྱི་འབྱུང་ཁུངས་ཡིན་ལ། དེ་ནི་དཔལ་འབྱོར་ཡར་རྒྱས་ཀྱི་ཡོང་ཁུངས་ཤིག་ཀྱང་ཡིན།  དེར་སྒོ་ཕྱུགས་རྣམས་ལ་བདག་ཉར་ཡག་པོ་བྱེད་ཅིང་སྲོག་ཆགས་རྣམས་ཀྱི་ཚེ་སྲོག་ལ་ཡང་གནོད་འཚེ་ཉུང་བ་དང་སེམས་འཚབ་དང་འཇིགས་སྐྲག་བཅས་ཀྱི་སྡུག་བསྔལ་ཡང་མེད།
བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་གང་སར་ཁྱིམ་ཚང་གཅིག་ལ་ལུག་ཆིག་སྟོང་དང་ཉིས་སྟོང་ཡོད་པ་ཡོད་ལ། གཡག་ཆིག་སྟོང་དང་ལྔ་བརྒྱ་ཡོད་པའང་ཡོད། ས་ཕྱོགས་ཀུན་ཏུ་སྲོག་ཆགས་ཤྭ་བ་དང་གླ་བ། ད་དུང་རྐྱང་སོགས་སྣ་ཚོགས་ཀྱིས་སྨན་སྣ་དང་རྩི་ཤིང་ལ་ཅི་དགར་རོལ་བཞིན་ཡོད།
བསམ་ཡུལ་ལས་འདས་པ་ཞིག་ལ། སྤྱི་ལོ་ ༡༩༥༡ ལོར་རྒྱ་དམར་པོའི་བཙན་གནོན་དང་དབང་ཤུགས་ཀྱིས་ད་བར་རིན་བྲལ་སྲོག་ཆགས་དང་སྒོ་ཕྱུགས་མང་པོ་ཞིག་ཕངས་མེད་དུ་བསད་དང་གསོད་བཞིན་ཡོད། དེ་རྣམས་རྒྱ་དམར་པོའི་ཁ་ཟས་སུ་གྱུར་བ་དང་ཁ་ཤས་ཟས་གོས་སྡོད་གསུམ་གྱི་དཀའ་ངལ་དང་ཁ་ཤས་དམར་གསོད་བྱས་པ་ནི་སྨན་རྫས་སུ་སྤྱོད་བཞིན་ཡོད།
ཀྱེ་མ། སེམས་སྐྱོ་བའི་གནས་ཚུལ་འདི་ལྟ་བུའི་འབྱུང་རྐྱེན་གང་ལ་ཐུག་ཡོད།    བྱམས་བརྩེ་དང་སྙིང་རྗེ་བྲལ་བའི་མི་ཚེ་དེ་ལ་སྙིང་པོ་ཞིག་ཡོད་དམ།  སྲོག་ཆགས་ནི་ཁོར་ཡུག་གི་མཛེས་རྒྱན་ཡིན་པས་སྲོག་ཆགས་མེད་ན་ཁོར་ཡུག་ལ་མཛེས་རྒྱན་ཡང་མེད། མུ་མཐའ་བྲལ་བའི་རྩྭ་ཐང་དང་དྭངས་ཤིང་གསལ་བའི་ཆུ་བོ་སོགས་ཡོད་ཀྱང་སྲོག་ཆགས་མེད་ན་སྡོང་པོ་ལ་ལོ་མ་དང་ཡལ་ག་མེད་པ་དང་གཅིག་མཚུངས་ཡིན།
མཛེས་ཤིང་སྡུག་པའི་ཁ་བ་གངས་ཅན་གྱི་ཡུལ་གྲུ་དེ་ན་ད་ཆ་སྲོག་ཆགས་ཀྱི་རིགས་རྒྱུད་ཉུང་ནས་ཉུང་དུ་འགྲོ་བཞིན་སྡུག་བསྔལ་གྱི་རྨ་ཁ་ཆེ་ནས་ཆེ་རུ་འགྲོ་བཞིན་པ་ནི་མིག་ཟིན་ལག་མཐོང་རེད་ལ་ཟས་སྤྱོད་ལ་དཀའ་ངལ་ཡང་ཡོང་བཞིན་ཡོད། ཇི་སྲིད་སྲོག་ཆགས་ལ་དོ་སྣང་མ་བྱས་པ་དེ་སྲིད་དུ་འཛམ་གླིང་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་གཏན་ནས་ཤར་ཐབས་མེད།
གལ་ཏེ་སྲོག་ཆགས་ཀྱི་རིགས་གཅིག་ཀྱང་མ་ལྷག་པར་རྩ་སྟོངས་སུ་གྱུར་ཚེ། ཞེ་སྡང་དང་ཕྲག་དོག  ང་རྒྱལ་བཅས་ཉོན་མོངས་ཀྱིས་མནར་བའི་མི་རིགས་དབྱེ་འབྱེད་དང་བཙན་འཕྲོག  རྙོག་འཛིང་སོགས་གོང་ནས་གོང་དུ་འཕེལ་ཏེ་འཛམ་གླིང་འདིར་ཉོན་མོངས་བརྒྱད་ཁྲི་ལས་མང་བ་ཡང་ཡོང་སྲིད་པས་སྲོག་ཆགས་ནི་ཤིན་ཏུ་གལ་འགངས་ཆེ་བ་རེད། སྲོག་ཆགས་མེད་པའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་དེ་ལ་བདེ་སྐྱིད་ཡོང་ཐབས་མེད་ལ་སྲོག་ཆགས་ནི་ང་ཚོའི་གྲོགས་མཐུན་རེད་ལ་སྲོག་ཆགས་ནི་ང་ཚོའི་ཕ་མ་དང་བདེ་སྐྱིད་འབྱུང་བའི་གཞི་རྩ་ཞིག་དང་མཚུངས། ༸ཞི་བདེ་དེད་དཔོན་ཁོང་གིས་གསུངས་པ་བཞིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་འགྲོ་དྲུག་ཀུན་ལ་འདྲ་མཉམ་དང་གཅིག་མཚུངས་ཡིན་པས་སྡིག་ལས་སྤོང་ཅི་ཐུབ་དང་དགེ་བ་སྒྲུབ་ཅི་ནུས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྲོག་ཆགས་སུ་སྐྱེས་པ་ནི་ཚེ་སྔོན་གྱི་ལས་ཡིན་ལ་ད་ཆ་ང་ཚོས་སྲོག་ཆགས་དུད་འགྲོ་རིགས་ལ་སྡུག་བསྔལ་སྤྲོད་དུས་རང་ཉིད་ལ་སྡུག་བསྔལ་གྱི་ཚོར་བ་དེ་མེད་ལ་ཉིན་ཞིག་རང་ཉིད་སྲོག་ཆགས་ཤིག་ལ་སྐྱེ་བ་ལེན་དུས་སྡུག་བསྔལ་མྱངས་ནས་འགྱོད་པ་སྐྱེས་ཀྱང་ལས་རེད། སྲོག་ཆགས་ཀྱིས་ང་ཚོ་ལ་ཟས་གོས་སྡོད་གསུམ་དང་གཏེར་ནོར་ཕུན་སུམ་ཚོགས་པ་གནང་ཡང་འདོད་རྔམ་དང་ཧམ་སེམས་ཆེ་བ། ཆོག་ཤེས་མ་བྱས་པ་དེ་མགོ་ནག་མི་ཡི་ངན་གཤིས་ཡིན། སྲོག་ཆགས་ནི་ཀུན་ལ་བརྩེ་བའི་དྲི་ཞིམ་མེ་ཏོག་དང་མཚུངས། སྲོག་ཆགས་ཀུན་བདེ་བ་རོལ་བའི་ཞིང་ཁམས་སུ་སྐྱེ་བ་ལེན་པ་དང་སྡུག་བསྔལ་དང་མུན་པའི་ཉོན་མོངས་སེལ་བའི་མཐར་ཐུག་གི་གོ་འཕང་ཡང་ཐོབ་པའི་སྨོན་འདུན་དང་བཅས་རང་གཞན་ཀུན་གྱི་ཕུགས་བསམ་ཡང་འགྲུབ་པར་ཤོག།།   ། །
རྩོམ་ཡིག་དཔྱད་མཆན།
གསལ་བྱེད་རྩོམ་ཡིག་འདི་བརྗོད་དོན་གྱི་ཆ་ནས་དུམ་མཚམས་ཆེན་པོ་གཉིས་སུ་དགར་ཆོག དུམ་མཚམས་དང་པོའི་ནང་བོད་ཀྱི་སྲོག་ཆགས་ཀྱི་དགེ་ཕན་མཚམས་སྦྱོར་བྱས་ཡོད། དུམ་མཚམས་གཉིས་པར་སྲོག་ཆགས་ཀྱི་སྐྱེ་གནས་འཇིག་གསུམ་གྱི་སྐོར་ལ་རང་གི་བསམ་ཚུལ་ཞིབ་འབྲི་བྱས་ཡོད།
རྩོམ་ཡིག་འདི་མགོ་ནས་མཇུག་བར་དུ་སྤྱི་བམ་ཙམ་ཞིག་མཚམས་སྦྱར་ཏེ་གྲུབ་པར་བྱས་ཡོད། སྤྱིར་རྗོད་བྱེད་ཚིག་གི་ཆ་ལ་སྐྱོན་ཆ་ཆེར་མེད་ནའང་གསལ་བྱེད་བྱས་པ་བསྡུས་དྲགས་ཤིང་གནད་འགག་གཅིག་གི་ཐོག་ཟབ་འཇུག་མ་ཐུབ་པར་བརྟེན་ཀློག་མཁན་ལ་ཚོར་བ་ཟབ་མོ་སྟེར་མི་ཐུབ་པ་ནི་རྩོམ་པ་པོས་ཐུགས་སྣང་ངེས་པར་དགོས་སོ་སྙམ།

མདུན་ཤོག

Menu