རྒྱལ་ཡོངས་རྩོམ་ཡིག་འགྲན་སྡུར་གྱི་ལས་རིམ་ངོ་སྤྲོད།

༡། རྩོམ་ཡིག་འགྲན་སྡུར་གྱི་དམིགས་ཡུལ།

གཏན་ ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་མཇུག་གནོན་བྱ་སླད། ཕྱི་ལོ་༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ནས་ལོ་རེར་འཛིན་རིམ་དྲུག་པ་ཡན་འདབས་སུ་རྒྱལ་ ཡོངས་རྩོམ་ཡིག་འགྲན་སྡུར་གྱི་ལས་རིམ་སྤེལ་མུས་ལགས་ཤིང༌། རྩོམ་ཡིག་འགྲན་སྡུར་དེ་ནི་སློབ་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་ གཟེངས་བསྟོད་གནང་རྒྱུ་ཙམ་མ་ཡིན་པར། གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་གདེང་འཇོག་དང་དཔྱད་ཞིབ་ཀྱི་གཞི་ རྩར་འགྱུར་ཆེད་དང༌། འབྲེལ་ཡོད་དགེ་རྒན་རྣམས་ལ་སློབ་མའི་རྩོམ་འབྲིའི་གནས་ཚད་དང་ཁ་ཕྱོགས། རྩོམ་འབྲིའི་སློབ་ཁྲིད་ལ་ལམ་སྟོན་དང་དཔྱད་ཞིབ་ཀྱི་རིན་ཐང་མཁོ་སྤྲོད། སློབ་མ་རྣམས་ལ་དུས་རྒྱུན་རྩོམ་འབྲིའི་ནུས་རྩལ་ལ་སྦྱོང་བརྡར་གྱི་དཔྱད་གཞིར་ འགྱུར་བ་བཅས་ཀྱི་ཕན་ནུས་འདོན་སྤེལ་ཡོང་བའི་དམིགས་ཡུལ་བཟུང་ཡོད།

༢། རྩོམ་འགྲན་གྱི་བརྒྱུད་རིམ།

རྩོམ་ཡིག་འགྲན་སྡུར་བྱེད་སྟངས་ནི།
ཀ)     ཐོག་མར་འཛིན་རིམ་སོ་སོའི་ཁྲོད་སྔོན་འགྲོའི་རྩོམ་ཡིག་འགྲན་སྡུར་སྤེལ་ཏེ་རྩེ་ཕུད་སློབ་མ་རེ་རེ་འདེམས་དགོས།
ཁ)    ཤེས་ལས་ནས་རྩོམ་འགྲན་གྱི་དུས་ཚེས་དང༌། རྩོམ་ཡིག་གི་ཁ་བྱང་བཅས་སློབ་ཁོངས་སོ་སོར་གཏོང་རྒྱུ།
ག)    གཏན་འབེབས་དུས་ཚེས་སུ། སློབ་ཁག་སོ་སོས་འབྲེལ་ཡོད་བོད་དགེ་དང་ས་གནས་འགོ་འཛིན་ལས་ཁང་གི་འཐུས་མི། དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱི་གཟིགས་རྟོག་འོག་འགྲན་ སྡུར་སྤེལ་རྒྱུ།
ང)   འགྲན་སྡུར་དངོས་གཞི་མ་སྤེལ་གོང་གི་དུས་ཡུན་སྐར་མ་༡༥ སྔོན་དུ་ཤེས་ལས་ཀྱིས་བཏང་བའི་རྩོམ་ཡིག་ཁ་བྱང་གི་ཁ་ཕྱེ་དགོས།
ཅ)    འགྲན་སྡུར་མཇུག་གྲིལ་མ་ཐག་ཏུ་སློབ་མ་རེ་རེའི་རྩོམ་ཡིག་ཐོག་གཟིགས་རྟོག་ཚོགས་ ཆུང་གི་རྟགས་ཐམ་འཁོད་དེ་ཉིན་དེ་རང་ལ་ཤེས་ལས་སུ་སྦྲག་གཏོང་བྱ་དགོས།

༣། རྩོམ་འགྲན་ལ་གདེང་ཞིབ་བྱེད་ཐབས།

ས་ གནས་སློབ་ཁག་ནས་དུས་ཚེས་རྒྱས་བཅད་ནང་ཚུད་འབྱོར་བའི་ཕུལ་བྱུང་རྩོམ་ཡིག་རྣམས་ ལ་གདེང་ཞིབ་བྱ་སླད། ཤེས་ལས་ནས་རྩོམ་ཡིག་གདེང་ཞིབ་ཚོགས་ཆུང་བསྐོ་འཛུགས་གནང་བ་བརྒྱུད། འཛིན་རིམ་སོ་སོའི་ཨང་རིམ་རྩེ་ཕུད་གསུམ་རེ་འདེམས་སྒྲུག་གིས་བྱ་དགའ་གནང་རྒྱུ་ དང་ཆབས་ཅིག ཕུལ་བྱུང་རྩོམ་ཡིག་རྣམས་ལ་དཔྱད་མཆན་གནད་བསྡུས་རེ་དང་བཅས་སྨྱུག་གསར་ཞེས་པའི་ ལོ་རེའི་དུས་དེབ་ནང་ཕྱོགས་བསྒྲིགས་ཀྱིས་གཏན་ཉིན་སློབ་གྲྭ་ཡོངས་སུ་རིན་མེད་ འགྲེམས་སྤེལ་བྱེད་བཞིན་ཡོད།

རྩོམ་སྒྲིག་པའི་གཏམ།
སྡེ་ཚན་དང་པོ།  (འཛིན་གྲྭ་དྲུག་པ)
སྡེ་ཚན་གཉིས་པ།   (འཛིན་གྲྭ་བདུན་པ)
སྡེ་ཚན་གསུམ་པ།   (འཛིན་གྲྭ་བརྒྱད་པ)
སྡེ་ཚན་བཞི་པ།   (འཛིན་གྲྭ་དགུ་པ)
སྡེ་ཚན་ལྔ་པ།   (འཛིན་གྲྭ་བཅུ་པ)
སྡེ་ཚན་དྲུག་པ།   (འཛིན་གྲྭ་བཅུ་གཅིག་པ)
སྡེ་ཚན་བདུན་པ།   (འཛིན་གྲྭ་བཅུ་གཉིས་པ)

ཕྱི་ལོ་༢༠༡༠ ལོའི་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས་བདམས་བཀོད།

གླེང་བརྗོད།

        བཀའ་དྲིན་ལ་མཚུངས་ཟླ་མ་མཆིས་ཤིང་རྣམ་དཔྱོད་དང་སྙིང་སྟོབས་ཀྱིས་ཡོངས་སུ་ཕྱུག་པའི་རང་རེའི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ནས་བཟུང། ཁྱུང་བོ་གཡུ་ཁྲི་ལ་སོགས་སྔོན་བྱོན་དྲན་དབང་དམ་པ་རྣམས་ཀྱི་ཕྱག་བྲིས་ཀྱི་རྒྱུན་བཟང་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་གཏོང་ཕྱིར་དང། ཁྱད་པར་དེང་སྐབས་སྲོལ་རྒྱུན་རིག་གཞུང་ཉམས་རྒུད་དང༌ཀམ་པུ་ཊར་དར་ཁྱབ་ཀྱི་རྐྱེན་པས་གཞོན་སྐྱེས་མང་པོས་བོད་ཡིག་བྲིས་གཟུགས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཚབས་ཆེའི་གནས་སྟངས་འོག  ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་སུད་སིར་གནས་སྡོད་ལྷ་ས་བུའི་མཐུན་ཚོགས་ཀྱི་མཐུན་འགྱུར་རོགས་རམ་འོག གཞི་རིམ་སློབ་མའི་ཕུལ་བྱུང་ཡིག་གཟུགས་འདེམ་སྒྲུག་གི་ལས་འགུལ་འདི་འདྲ་ཞིག་གཏན་ཉིན་སློབ་གྲྭ་ཡོངས་སུ་ལག་བསྟར་བྱ་འགོ་བརྩམས། འདི་ལྟ་བུའི་ལས་འགུལ་གཞི་རིམ་སློབ་གྲྭ་རང་ངོས་ནས་ཀྱང་སྤེལ་དང་སྤེལ་མུས་ཡིན་ནའང། དབུས་ཤེས་རིག་ལས་ཁུངས་ཀྱིས་དམིགས་བསལ་འབུར་འདོན་གྱིས་སྐུལ་སློང་དང་བློ་སྟོབས་སྤེལ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གཤིས། ཡིག་གཟུགས་བྱ་དགའི་ལས་རིམ་འདི་ཉིད་བརྒྱུད་རང་རེའི་གཏན་ཉིན་སློབ་གྲྭ་ཁག་གི་ བོད་ཡིག་བྲིས་གཟུགས་མི་རིང་བར་ཡར་རྒྱས་ཀྱི་མངོན་རྟགས་གསལ་པོ་ཞིག་ཐོན་པའི་ རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
    ལས་འགུལ་འདི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་སྡེ་ཚན་དྲུག་ཏུ་བགོས་ཏེ། སྡེ་ཚན་རེ་ལ་འཛིན་གྲྭ་གཉིས་རེ་དང༌། སྡེ་ཚན་རེའི་སློབ་ཕྲུག་རྣམས་ཀྱི་ཡིག་གཟུགས་རྣམས་གདེང་ཞིབ་ཚོགས་ཆུང་ལ་ཕུལ་ནས་སྡེ་ཚན་རེ་ལས་སློབ་ཕྲུག་རྩེ་ཕུད་གསུམ་དང་ལེགས་གསོལ་གྱི་བྱ་དགའ་ལྔ་བཅས་ཕུལ་བྱུང་ཡིག་གཟུགས་བརྒྱད་རེ་འདེམ་སྒྲུག་བྱེད་ཀྱི་ཡོད་ལ། རྩེ་ཕུད་ཡིག་གཟུགས་ཁག་དེབ་འདིར་བདམས་བཀོད་ཀྱིས་གཏན་ཉིན་སློབ་གྲྭ་ཡོངས་ལ་འགྲེམས་སྤེལ་བྱས་ཡོད།
    འདིར་བཀོད་ཡིག་གཟུགས་རྣམས་ཇུས་འགོད་ཀྱི་དགོས་མཁོར་གཞིགས་ཏེ་བཅད་གཏུབས་གང་འཚམ་བྱ་དགོས་བྱུང་ཡོད་མོད། བཅད་གཏུབས་བྱས་ཀྱང་མ་ཕྱིར་འགྱུར་བ་གང་ཡང་ཐེབས་མེད་པས། སློབ་མ་རང་ཉིད་ཀྱི་ཡིག་རིས་དངོས་ཡིན་པར་དགོངས་འཇགས་མཛོད།
    མ་འོངས་པར་ལས་འགུལ་འདི་རྒྱུན་མཐུད་དེ་སྤེལ་རྒྱུ་ལགས་ན། ལས་དོན་འདི་ཚགས་ཚུད་དང་སློབ་མའི་ཡིག་གཟུགས་ཡར་རྒྱས་ཡོང་བ་ལ་དགེ་རྒན་རྣམས་ཀྱིས་འབད་བརྩོན་ལ་ཁ་འབྲལ་ཐབས་མེད་སྟབས། དགེ་རྒན་རྣམ་པས་ལས་དོན་འདི་ལ་གཞོགས་འདེགས་དང་སློབ་མ་ཚོར་སྐུལ་སློང་དང་སློབ་སྟོན་དོ་ནན་ཡོང་བའི་རེ་འདུན༌བཅས།

རྩོམ་སྒྲིག་པས།
 ཕྱི་ལོ་༢༠༡༠ ལོའི་ཟླ་༧ ཚེས་༡༩ ཉིན།

ཕྱི་ལོ་༢༠༡༠ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།

རྩོམ་སྒྲིག་པ། འཇམ་དབྱངས།
རྒྱབ་ཤོག་ཇུས་འགོད་པ། འཇམ་དབྱངས།

མདུན་ཤོག

Menu