[toc]

རྩ་བའི་བླ་མ་མཇལ་དུས།(ཨང་དང་པོ)

དོན་གྲུབ་ཚེ་རིང༌། བལ་ཡུལ་རྣམ་རྒྱལ་མཐོ་སློབ།

རྨད་བྱུང་བྱམས་པ་སྐྱེ་འགྲོ་ཀུན་ལ་སྙོམས། །ཚད་མེད་སྙིང་རྗེ་ཉམ་ཐག་འགྲོ་ལ་གཟིགས། །
མཐའ་བྲལ་མཁྱེན་པའི་ཤེས་བྱ་ཡོངས་རྫོགས་པའི། །ཏཱ་ལའི་བླ་མས་བྱང་ཆུབ་བར་དུ་སྐྱོངས། །
རང་གཞུང་དྲི་མེད་དཔལ་ལྡན་ཤེས་རིག་གིས། །རང་སློབ་ཀུན་ལ་རྩོམ་འགྲན་གནང་བ་འདིར། །
ཞུགས་སྐལ་ཐོབ་པ་སྤྲོ་སྟེ་བརྗོད་གཞི་ལ། །གཏམ་གླེང་སྒོ་མོ་ཕྱེ་རོགས་དབྱངས་ཅན་མ། །
    དེ་ཡང་རང་ཅག་ཁ་བ་རི་པ་ཡོངས་ཀྱི་ལྷ་སྐལ་སྙིང་རྗེ་ཆེན་པོའི་བདག་ཉིད། འཛམ་གླིང་སྐྱེ་འགྲོ་རྣམས་ཀྱི་ཞི་བདེའི་དེད་དཔོན། དོན་གྱི་སླད་དུ་མཚན་ནས་ཞུ་ན། རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་སྒོ་གསུམ་གུས་པས་ཤིས་བརྗོད་སྔོན་དུ་བཏང་སྟེ་གླེང་བར་བྱ་བ་ནི། སྐབས་བབ་ཀྱི་རྩ་བའི་བླ་མ་མཇལ་དུས་ཞེས་པའི་བརྗོད་གཞི་འདི་ཡིན།
    དེ་ཡང༌། འཛམ་གླིང་འདིའི་ནང་གླིང་བདུན་ཡོད་པའི་ནང་རྒྱལ་ཁབ་བརྒྱ་ཕྲག་ཡོད་པ་མཁྱེན་གསལ་རེད། དེ་བཞིན་རྒྱལ་ཁབ་སོ་སོའི་ཆོས་ལུགས་དང༌། རིག་གཞུང༌། སྐད་ཡིག་ཀྱང་འདྲ་མིན་ཡོད། སྤྱིར་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཆོས་ལུགས་ལའང་དབྱེ་ན་མང་པོ་ཡོད་དེ། དཔེར་ན། ནང་ཆོས་དང༌། ཧིན་དྷི། ཡེ་ཤུ། ཁ་ཆེ་སོགས་ཡོད་ཅིང༌། ཆོས་ལུགས་འདི་དག་ལ་ལམ་སྟོན་མཁན་ཡང་ཡོད། ལམ་སྟོན་ནམ་བླ་མས་མི་དམངས་ལ་ཆོས་ཀྱི་དོན་འགྲེལ་བཤད་རྒྱག་པ་དང༌། བྱེད་ཆོག་མི་ཆོག་སྐོར་ཡང་བསླབ་བྱ་བསྐྱོན་གྱི་ཡོད་པ་སྨོས་མ་དགོས།
    དེ་ཡང་གུས་པ་རང་ཉིད་འཛམ་གླིང་འདིའི་ནང་བོད་པའི་རིགས་སུ་སྐྱེས་པ་བཞིན་རང་གི་སྙིང་དབུས་ཀྱི་རྩ་བའི་བླ་མ་ནི་ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་ཡིན་པ་སྨོས་མ་དགོས། གུས་རང་ཉིད་བལ་ཡུལ་བྱམས་པ་གླིང་གཞིས་ཆགས་ཀྱི་གྲོང་གསེབ་ལུང་ཁུག་ཅིག་ཏུ་སྐྱེས་ཀྱང༌། ཆུང་དུས་འཛིན་རིམ་བཞི་པ་དང་ལྔ་པའི་སྐབས་ནས་ྋགོང་ས་མཆོག་ལ་མཇལ་འདོད་ཆེན་པོ་ཡོད། གུས་པས་དྲན་གསལ་པོ་སོས་པ་ཞིག་ལ། གུས་པ་འཛིན་རིམ་ལྔ་པའི་དུས་སུ་ཕྲན་གྱི་ཨ་མ་ལགས་དང་པཱ་ལགས་རྣམ་གཉིས་ལ་རྒྱ་གར་དུ་འགྲོ་ཟེར་ནས་ཐེངས་མང་པོ་འབོད་སྐུལ་བྱས་པས། བཀའ་དྲིན་ཆེ་བའི་ཕ་མ་རྣམ་གཉིས་ཀྱིས་ཀྱང་བུ་ཁྱེད་རང་འཛིན་གྲྭ་བདུན་པ་ཐོན་ན་ང་ཚོ་ཚང་མ་རྒྱ་གར་འཕགས་པའི་ཡུལ་དུ་ང་ཚོའི་ཁོག་པའི་སྙིང་དངདཔྲལ་བའི་མིག་ལྟ་བུ་ྋསྤྱི་ནོར་ྋགོང་ས་མཆོག་མཇལ་དུ་འགྲོ་ཡི་ཡིན་ཞེས་ལན་གནང་བྱུང༌། དེ་ནས་གུས་པས་སློབ་སྦྱོང་ལ་འབད་པ་བཞིན་ལོ་འཁོར་ཡིག་རྒྱུགས་ལེགས་པོ་བྱུང་སྟེ། ལོ་ལྟར་འཛིན་རིམ་འཕར་ཞིང༌། དེ་སྔོན་གུས་པ་འཛིན་གྲྭ་གཅིག་ནང་ལོ་གཉིས་གཉིས་སྦྱངས་ནས་ཡོང་བ་ཞིག་ཡིན་ཡང༌། འཛིན་རིམ་ལྔ་པ་ནས་བདུན་པ་བར་ཡིག་ཚད་ཀྱི་བརྒྱ་ཆ་མ་ཟགས་པར་ཡོང་བ་ཡིན།
    ཕྱི་ལོ་༢༠༠༥ ལོའི་ཟླ་༥ པའི་ཚེས་༢༣ རེས་གཟའ་པ་སངས་ཉིན་འཛིན་གྲྭ་བདུན་པ་ཐོན་ཏེ། ང་ཚོའི་ནང་མི་ཡོངས་རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་རྒྱུའི་གྲ་སྒྲིག་བྱས་པ་བཞིན། ཕྱི་ལོ་༢༠༠༥ ལོའི་ཟླ་༥ པའི་ཚེས་༣༠ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ ཐོག་ཁྱིམ་ནས་ཐོན། ལམ་དུ་མ་ཆས་གོང་གུས་པའི་ཁུག་མའི་ནང་དཔེ་ཆ་དང་མཇལ་དར་གཉིས། ཞོར་ལ་གྱོན་ཆས་ཡག་ཤོས་གསུམ་འཁྱེར་རྒྱུ་གྲ་སྒྲིག་བྱས་པ་ཡིན།
    ཉིན་མཚན་གཉིས་ལ་རླངས་འཁོར་ནང་བསྐྱོད་དུས་མཚན་ལའང་གཉིད་མ་ཁུག་པར་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར་བྱུང༌། ཉིན་གསུམ་རྗེས་སུ་རྒྱ་གར་ལ་སླེབས་པས། དེ་ནས་ང་ཚོ་ཚང་མ་རྡ་རམ་ས་ལའི་ཕྱོགས་སུ་བསྐྱོད་པ་ཡིན། རྡ་རམ་ས་ལར་འབྱོར་དུས་ྋགོང་ས་མཆོག་གི་ཕོ་བྲང་མཇལ་བ་དང་གུས་པའི་སེམས་ནང་ཚོར་སྣང་ནམ་རྒྱུན་དང་མ་འདྲ་བ་བྱུང༌། ཕོ་བྲང་གཟི་བརྗིད་དང་ལྡན་པ་ཞིག་ལ་དབྱིབས་མཛེས་ཤིང༌། གཡས་གཡོན་དུ་མེ་ཏོག་འདྲ་མིན་གྱི་དྲི་ངད་ཕྱོགས་ཡོངས་སུ་ཁེངས་པའི་ཁོར་ཡུག་ཧ་ཅང་གཙང་མ་འདུག གུས་པའི་རྩ་བའི་བླ་མ་མཇལ་མཁན་སྐྱེས་བུ་མང་ཞིང༌། བོད་མི་ཙམ་མ་ཡིན་པར་ཕྱི་རྒྱལ་ནས་ཀྱང་མང་པོ་འདུག
    ཉིན་དེར་གུས་པའི་རྩ་བའི་བླ་མ་མཇལ་རྒྱུའི་གོ་སྐབས་མ་ཐོབ་པས། ང་ཚོ་ཚང་མ་མགྲོན་ཁང་ནང་བསྡད་དེ་དགོང་མོ་གཉིད་པའི་སྐབས་སུ་གུས་པའི་རྨི་ལམ་ལ། ྋགོང་ས་མཆོག་དང་མཇལ་བ་ཙམ་མ་ཡིན་པར་གུས་པ་ྋགོང་ས་མཆོག་དང་མཉམ་དུ་བཀའ་མོལ་ཞུ་ཞིང༌། སྐབས་དེར་གུས་པའི་དཀའ་ངལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་རྣམས་ལྷག་བསམ་དཀར་པོའི་ཐོག་ཞུ་བཞིན་འདུག དེ་ནས་གུས་པར་ཕྱག་དབང་གནང་བ་མ་ཟད། ཞལ་འདོན་དཔེ་ཆ་ཞིག་ཀྱང་བསྩལ་པ་བཅས་རྨི་ལམ་བཟང་པོ་ཞིག་རྨིས་བྱུང༌། ཞོགས་པ་སྔ་པོ་ལངས་ནས་གུས་པ་ཕ་མ་རྣམ་གཉིས་ཀྱི་མཉམ་དུ་སྐོར་བར་ཕྱིན་ཏེ། སྐོར་བ་བཅུ་གཉིས་བརྒྱབ་པ་དང་ཞོར་ལ་མར་མེ་ཕུལ་ནས་དེ་རིང་གུས་པའི་སྲོག་དང་འདྲ་བའི་རྩ་བའི་བླ་མར་མཇལ་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཡིན།
    ཞོགས་ཇ་འཐུང་ཚར་བ་དང༌། དུས་ཚོད་ཅུང་ཙམ་གྱི་རྗེས་སུ་ས་མཐའ་ནས་ཕེབས་པའི་བོད་མི་རྣམས་ད་ལྟ་ཚོགས་ཁང་ནང་འཛོམས་ཤོག་ཅེས་ཁྱབ་བསྒྲགས་བྱས་བྱུང༌། ང་ཚོ་དང་ཡུལ་མི་ཚང་མ་ཚོགས་ཁང་ནང་ཕྱིན་ཏེ། གུས་པ་མདུན་དུ་བསྡད་པ་ཡིན། དུས་ཚོད་ཡུད་ཙམ་ནས་ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ཕེབས་པས་བོད་མི་ཚང་མ་ཡར་བཞེངས་བྱུང༌། ཡིན་ནའང༌། གུས་པ་བསོད་ནམས་མེད་པའི་རྐྱེན་གྱིས་ཞལ་མཇལ་བ་དང་རང་ཉིད་བརླགས་པ་ནང་བཞིན་ཆགས་སྟབས། པཱ་ལགས་ཀྱིས་ང་ལ་ལོངས་ཞེས་གསུངས་བྱུང༌། དེ་ནས་གུས་པ་ཡར་ལངས་ཀྱང༌། གུས་པའི་སེམས་ནང་གང་ཡང་དྲན་རྒྱུ་མི་འདུག ཡིན་ནའང༌། ཕྱག་གསུམ་འཚལ་ནས་སྨོན་ལམ་བཏབ་པ་ཡིན། ཡུལ་མི་ཚང་མས་གུས་པར་བལྟས་ནས་རྣམ་འགྱུར་ནམ་རྒྱུན་དང་མི་འདྲ་བ་བསྟན་བྱུང༌། ཡིན་ནའང༌། གུས་པའི་སེམས་ནང་ཞེད་སྣང་གི་ཚོར་སྣང་ངམ་ངོ་ཚ་ཡི་ཚོར་སྣང་གང་ཡང་མ་བྱུང༌། དེ་ནས་ྋགོང་ས་མཆོག་གིས་བཀའ་སློབ་གནང་སྟེ། བོད་ཡིག་གལ་ཆེ་སྐོར་དང༌། བྱམས་པའི་སྐོར། ཕ་མས་ཕྲུ་གུ་ལ་ལྟ་སྟངས། རྣམ་འགྱུར་སྟོན་སྟངས། སྐད་ཆ་བཤད་སྟངས་སོགས་བཀའ་སློབ་ལམ་སྟོན་གནང༌། གུས་པས་རྣམ་གཡེང་མ་བྱས་པར་རིག་པ་བསྒྲིམས་ནས་ཉན་ཞིང༌། བཀའ་སློབ་རྣམས་མ་བརྗེད་པའི་ཆེད་དུ་ཉིན་དེབ་ནང་བཀོད་པ་ཡིན།
    བཀའ་སློབ་གནང་བའི་སྐབས་སུ་ཁོང་གི་ཚིག་རྣམས་གུས་པའི་རྣ་བས་ཐོས་དུས་བྱིན་རླབས་རེད་བསམ། ཁོང་གི་བཀའ་སློབ་ཀྱིས་གུས་པའི་སེམས་ནང་གི་ཉོན་མོངས་དུག་གསུམ་སེལ་བ་དང༌། དེ་ཙམ་མ་ཟད་བདག་གི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཐེབས། བཀའ་སློབ་ཚར་བ་དང་ཡུལ་མི་རྣམས་ལ་ཕྱག་དབང་གནང་བྱུང་བས་གུས་པས་ཕྱག་དབང་ཞུ་སྐབས། ཞེད་སྣང་ངམ་དངངས་སྐྲག་ཆེན་པོ་སྐྱེས་ནས་གཟུགས་པོའམ་རྐང་ལག་བཞི་འདར་བྱུང༌། གུས་པས་ཕྲེང་བ་ལ་ཕྱག་དབང་ཞུས་པས་ཁོང་གིས་གུས་པ་ལའང་ཕྱག་དབང་གནང༌། དེ་ནས་ལམ་སང་གུས་པའི་ཞལ་འདོན་དཔེ་ཆ་བཏོན་ནས་ཕྱག་དབང་ཞུས་པས། ྋགོང་ས་མཆོག་ཞལ་འཛུམ་ཞིང་ཕྱག་དབང་གནང་བྱུང༌། ཚོར་བ་དང་སེམས་ནང་གཞན་པ་དྲན་རྒྱུ་གང་ཡང་མི་འདུག ཧ་ཅང་སྐྱིད་པོ་བྱུང་སྟེ་ལམ་ནས་ཡོང་སྐབས་ལམ་ཟུར་གྱི་སློང་མཁན་རྣམས་ལ་གུས་པས་ལྕགས་སྒོར་རེ་རེ་སེམས་སྐྱིད་པོའི་ངང་ནས་ཕུལ་བ་ཡིན།
    མགྲོན་ཁང་ནང་ལོག་ཡོང་བའི་སྐབས་སུ་ཨ་མ་ལགས་ཀྱི་གུས་ལ་དྲི་བ་ཞིག་གནང་བྱུང༌། ད་འདོད་པ་ཁེངས་སོང་ངམ། མ་འོངས་པར་ཡང་བསྐྱར་མཇལ་འདོད་ཡོད་ན་སློབ་སྦྱོང་ཡག་པོ་གནང་བ་ནང་བཞིན་གྲུབ་འབྲས་ལེགས་པོ་འཁྱེར་ཤོག་དང༌། འཛིན་གྲྭ་བཅུ་པའི་ལོ་འཁོར་ཡིག་ཚད་ཚར་ནས་ཟླ་བ་གཉིས་དང་ཕྱེད་ཀའི་གུང་གསེང་ལ་ཡང་བསྐྱར་མཇལ་དུ་ཡོང་ཆོག་ཅེས་གསུང་བའི་སྐབས་སུ། གུས་པས་དེ་འདྲ་ཡིན་ན་ཡག་པོ་རེད། ཨ་མ་ལགས་ཐུགས་རྗེ་ཆེ་ཞེས་ལན་བཏབ་པ་ཡིན།
    ད་ལྟ་གུས་པ་འཛིན་གྲྭ་དགུ་པའི་ནང་སློབ་བཞིན་ཡོད་པས། ལོ་ཕྱེད་ཡིག་ཚད་གྲུབ་འབྲས་ཀྱང་ཡག་པོ་བླངས་ཡོད། མ་འོངས་པའམ། ཡོང་རྒྱུའི་ལོར་འཛིན་གྲྭ་བཅུ་པ་ཚར་ན་ཡང་བསྐྱར་མཇལ་རྒྱུའི་གོ་སྐབས་རག་གི་རེད་ཅེས་བསམས་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་དང་བྱེད་བཞིན་ཡོད།
    སྐབས་དེར་ནང་ལ་མ་ལོག་གོང་ང་ཚོ་དམིགས་བསལ་གྱི་ས་ཆ་གཞན་ལ་ཡང་འཆམ་འཆམ་དུ་ཕྱིན་པ་ཡིན། ང་ཚོ་རྒྱ་གར་འཕགས་པའི་ཡུལ་ལ་བདུན་ཕྲག་གཅིག་བསྡད་དེ་བལ་ཡུལ་ལ་ལོག་སྐབས། ང་ཚོ་སྣུམ་འཁོར་ནང་གཞས་སོགས་བཏང་ནས་ཡོང་བ་ཡིན། ཡུལ་མི་ཚང་མའི་གདོང་ལ་དགའ་བའི་མིག་ཆུ་ཐོན་པ་ཡང་གུས་པས་མང་པོ་མཐོང་བྱུང༌། གུས་པ་ཧ་ཅང་སྐྱིད་པོ་ཆགས་བྱུང༌། འདིའི་སྐོར་ཆ་ཚང་བ་ཞིག་འབྲི་ཐུབ་ཀྱི་མི་འདུག་ཀྱང་རགས་རམ་ཙམ་ཞིག་ཡིན།
    ྋགོང་ས་མཆོག་མཇལ་བ་ནས་བཟུང་ད་ལྟ་བར་གུས་པས་ཉིན་ལྟར་ཞལ་འདོན་སྐྱོར་བ་དང༌། ཞོར་ལ་མ་ཎིའམ་སྔགས་བསགས་ཀྱི་ཡོད། དེར་མ་ཟད་མ་ཉལ་གོང་ཕྱག་གསུམ་འཚལ་བ་དང༌། གུས་པའི་རྩ་བའི་བླ་མར་ཡང་བསྐྱར་མཇལ་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། དུས་ཚོད་སྟོང་པའི་སྐབས་སུ་གུས་པས་ཉིན་དེབ་ཡང་ནས་ཡང་དུ་ཀློག་གི་ཡོད། གང་ཡིན་ཟེར་ན། རྩ་བའི་བླ་མས་གནང་བའི་བཀའ་སློབ་རྣམས་གུས་པའི་དྲན་པར་བརྟན་པོ་ཆགས་པའི་ཆེད་དུ་དང་དུས་ཚོད་དེ་ཡང་བསྐྱར་དྲན་པའི་སླད་དུ་ཡིན།
    གནས་ཚུལ་གཞན་ཞིག་ཞུས་པ་ཡིན་ན། གུས་པ་བོད་ཡིག་ཧ་ཅང་ཞན་པས། ཉིན་ལྟར་རྒན་བློ་བཟང་ཐབས་རྒྱལ་ལགས་ཀྱིས་གུས་ལ་བཀའ་བཀྱོན་ཐེངས་མང་པོ་བཏང་བ་མ་ཟད། ཐེངས་མང་པོ་ཉེས་རྡུང་ཡང་རག་མྱོང༌། བོད་ཡིག་ལ་ཞན་པ་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཉིན་གཅིག་ལ་བོད་ཡིག་ཚོགས་ཐེངས་གཅིག་ལས་མེད་པ་དང༌། ནམ་རྒྱུན་དུ། དབྱིན་ཡིག་སྒྲུང་དེབ་སོགས་ཀློག་རྒྱུར་གུས་པ་དགའ་བོ་བྱེད་ཀྱི་ཡོད། དེའི་རྐྱེན་གྱིས་རེད་བསམ་གྱི་འདུག གུས་པ་རྒྱ་གར་འཕགས་ཡུལ་ལ་ཕྱིན་རྗེས། རང་ཉིད་ཀྱི་རྩ་བའི་བླ་མས་བོད་ཡིག་གལ་ཆེན་ཡིན་པའི་ཐོག་བཀའ་སློབ་གནང་དུས། གུས་པ་ངོ་ཚ་བོ་ཆགས་བྱུང༌། ཉིན་དེར་གུས་པས་བོད་ཡིག་སྒྲུང་དེབ་མང་པོ་རྒྱ་གར་ནས་ཉོས་ཏེ། སྒྲུང་དེབ་གཅིག་ཀློག་གཉིས་ཀློག་བྱས་པ་དང༌། གུས་པར་ྋགོང་ས་བསྟན་འཛིན་རྒྱ་མཚོ་མཆོག་གི་བྱིན་རླབས་ལ་བརྟེན་ནས་ད་ལྟ་རྩོམ་ཡིག་འབྲི་ཐུབ་པ་དང༌། དེར་མ་ཟད་སློབ་གྲྭ་ནང་ཁུལ་བོད་ཡིག་རྩོམ་ཡིག་ལ་ཨང་ཀི་ལེན་ཐུབ་བྱུང༌། དེ་ཚང་མ་ཁོང་གི་བྱིན་རླབས་རེད་བསམ་གྱི་འདུག
    མཐའ་དོན་དེ་ལ་བོད་མི་ཡོངས་ཀྱི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་དུ་བརྟན་པ་དང༌། ཐུགས་ཀྱི་བཞེད་དོན་མགྱོགས་ནས་མྱུར་དུ་འགྲུབ་པའི་སྨོན་འདུན་དང༌། བོད་ཕྲུག་ཡིན་པའི་ཐོག་བོད་ཡིག་ལ་དམིགས་བསལ་དོ་སྣང་དང་འབད་བརྩོན་བྱེད་དགོས་པ་གལ་ཆེ་ཞིང༌། བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་དང༌། མ་འོངས་པའི་ཤེས་རིག་རྩོམ་ཡིག་འགྲན་བསྡུར་འདི་བོད་ལ་འཚོག་ཐུབ་པའི་རེ་སྨོན་དང་བཅས། བོད་རྒྱལ་ལོ། །
རྩོམ་ཡིག་དཔྱད་མཆན།
    ཇི་བཞིན་བརྗོད་པའི་རྩོམ་ཡིག་འདིའི་ནང་བར་འཇུག་དང༌། གསབ་འཇུག བཀོད་འབྲི། གསལ་བཤད། དུང་སེམས་མཚོན་པ་སོགས་ཀྱི་ཐབས་རྩལ་དུ་མ་མཉམ་སྤྱོད་བྱས་འདུག་ནའང༌། རྩོམ་ཡིག་གི་གཞི་རྩའི་གོ་རིམ་དང་བརྗོད་སྙིང་དམ་པོར་འཛིན་ཐུབ་པ་ཧ་ཅང་ལེགས། རྩོམ་གཞིའི་རྒྱུ་ཆ་འདེམས་སྟངས་ལེགས་ལ་རྗོད་ཚིག་འབྲེལ་ཆགས་ཤིང་གོ་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན།
    རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་བསྡུ་སྟངས། རྩོམ་གཞིའི་རྒྱུ་ཆར་བརྟེན་ནས་བརྗོད་བྱ་འབུར་དུ་འདོན་ཐབས་བཅས་ཀྱི་ཐོག་ཐུགས་སྣང་དགོས་གལ་མཐོང༌།

རྩ་བའི་བླ་མ་མཇལ་དུས།(ཨང་གཉིས་པ)

དོན་གྲུབ་སྒྲོལ་མ། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
    ཞེས་པའི་བཀྲ་ཤིས་པའི་ཚིགས་བཅད་དེ་ཡིས་དེ་རིང་གི་འབྲི་རྩོམ་གྱི་བརྗོད་གཞི་དེའི་འགོ་བརྩམས་ནས་མུ་མཐུད་དེ་བྲི་བར་བྱའོ། །
    དེ་ཡང་མིའི་འགྲོ་བ་བྱུང་བ་ནས་བཟུང་རང་ཅག་སྐྱེ་འགྲོ་ཐམས་ཅད་དྲིན་ཅན་མ་ཡུམ་གྱི་ཁོག་ནས་ཐོན་ཏེ། འཁོར་བར་བཅིངས་ཤིང་རྙོག་ཟིང་ཆེ་བའི་མི་ཡུལ་དེར་གོམ་པ་སྤོ་བའི་ཉིན་ཐོག་མ་དེ་ནས་བཟུང་དགའ་སྐྱོ་ཟུང་འབྲེལ་གྱི་གནས་ཚུལ་འབའ་ཞིག་གིས་རབ་ཏུ་བསྐོར་ནས་མི་ཚེ་དེ་བྲོ་བ་མངར་སྐྱུར་གཉིས་ལྡན་གྱི་ཟས་ལྟ་བུ་ཞིག་དང་འདྲ། དེ་བཞིན་ང་རང་ཡང་འཁོར་ཐག་གི་དྲ་རྒྱ་དེའི་ནང་ཚུད་དེ་དགའ་སྐྱོ་ཟུང་འབྲེལ་གྱི་བྱ་བ་རྣམས་རྦ་རླབས་བཞིན་ནམ་ཡང་རྒྱུན་ཆད་མེད་པར་ངའི་འདྲེན་བྱེད་ཀྱི་མདུན་དུ་མཆིས།
    དེ་ཡང་ང་རང་དགའ་བར་འོས་པའི་བྱ་བ་ནི་ང་རང་ཤ་མར་ཐུད་གསུམ་གྱི་ཐོན་སྐྱེད་ཕུན་ཚོགས་ལྡན་ཞིང༌། ནང་ཆོས་ལ་དད་པ་དང་ཡིད་ཆེས་ལྡན་པའི་ཆོས་རྒྱལ་བྱམས་ལྡན་མང་པོ་འཁྲུངས་པའི་གནས་མཆོག འཛམ་གླིང་འདིའི་ནང་སྙན་གྲགས་ཡོངས་སུ་ཁྱབ་པའི་བསིལ་ལྡན་གངས་ཅན་ལྗོངས་སུ་སྐྱེས་ཤིང༌། མཉམ་མེད་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར། ཁ་ནས་བོད་སྐད་སྨྲ་ཞིང་བོད་ཀྱི་ཁྱད་ཆོས་ལྡན་པའི་བོད་མི་དྭངས་གཙང་ཞིག་ཡིན་པས་ང་རང་དམར་ཆུང་སེམས་ཁམས་དྭངས་མོ་རབ་ཏུ་སྤྲོ། འོན་ཀྱང་དགའ་ན་སྡུག ཡག་ན་ཉེས་ཞེས་པའི་ཁ་རྒྱུན་ལྟར་སྡུག་དགོས་པ་ནི་ང་རང་གི་ལུས་ནང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཟུངས་ཁྲག་རྒྱུ་ཞིང་བཀྲུས་ཀྱང་དག་རྒྱུ་མེད་པའི་བོད་རིགས་གཙང་མ་ཞིག་ཡིན་ཡང༌། རང་ཉིད་འཚར་ལོངས་བྱུང་སའི་ས་གཞི་དེ་གཞན་གྱི་མངའ་འོག་ཏུ་ཤོར་ཏེ་བདེན་པ་ཡོད་ཀྱང་སྨྲ་ས་མེད་པ་ཞིག་ཏུ་གྱུར་ཡོད་པ་དེ་ངས་མ་རྟོགས་པ་ནི་ང་རང་ཧ་ཅང་ངོ་གནོང་དང་སྐྱོ་འོས་པ་ཞིག་རེད། དེར་མ་ཟད། རང་ཉིད་ཀྱི་རྒྱལ་ཁབ་ཡོད་ན་མེད་ན། ཨ་ཡོད་ནང་གི་ད་ཡོད། །སྒོ་ངའི་ནང་གི་སེར་རིལ་ཞེས་པའི་དཔེ་ལྟར། བོད་རྒྱལ་ཁབ་འདིའི་རིན་ཐང་བྲལ་བའི་ནོར་བུ་ལྟ་བུ་གཅིག་ཡོད་པ་སྟེ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་བོད་མི་ཡོངས་ཀྱི་སེམས་ནང་གི་རྩ་བའི་བླ་མ་ཁོང་ཡང་བོད་རྒྱལ་ཁབ་ཆེན་པོའི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་དུ་གནས་ཤིང༌། རྒྱལ་ཁབ་ཀྱི་ཆེད་དུ་གཞན་ལ་རོགས་རམ་དང་འབོད་སྐུལ་ཞུ་བཞིན་མཆིས། ཁོང་གིས་བླ་ན་མེད་པའི་མགོན་སྐྱབས་དང་སྙིང་རྗེ་ཆེན་པོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་དེ་ལྟར་བློས་བཏང་མཛད་རུང༌། ང་ཚོ་ནི་ད་དུང་རྨོངས་གཉིད་ནང་ཚུད་པའི་སེམས་ཅན་ལྟར་རེད། དེ་སྐྱོ་དགོས་པ་ཞིག་མ་རེད་དམ།
    དུས་ཚོད་ནི་རླུང་འཚུབ་ཀྱིས་དེད་པ་བཞིན་མགྱོགས་ཤིང༌། ང་རང་ཁུ་སིམ་དུ་གནས་ཏེ་སོམ་ཉི་ཡི་དྲ་རྒྱར་ཚུད། འདས་དོན་ལ་ཕྱིར་བལྟས་ཀྱི་མནོ་བསམ་ཞིག་གཏོང་སྐབས། ང་ལོ་ངོ་བཅུ་ཕྲག་ཙམ་ཁ་ཕྱོགས་བརླགས་པའི་རླུང་བུ་ལྟར་གཞན་གྱི་ཆུ་སྣ་གར་ཁྲིད་ཀྱི་མགོ་སྐོར་བསླུ་བྲིད་འོག་ཚུད་ནས་རང་ཡུལ་ལ་ངོ་ཚ་དགོས་པ་དང༌། འགྱོད་པ་སྐྱེ་དགོས་པའི་ལས་བྱས་ཡོད། འོན་ཏེ་ཚེ་སྔོན་སྨོན་ལམ་བཟང་པོའི་འབྲས་བུར་ཚེ་འདིར་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་ཞིང་ཐོད་པར་ཞག་ཚིལ་ཆེ་བར་བརྟེན། རྒྱལ་ཁབ་གཞན་གྱི་ཡུལ་མི་དང་མི་འདྲ་བར་རྒྱ་གར་འཕགས་པའི་ཡུལ་དུ་སྨྲ་བརྗོད་རང་དབང་དང༌། ྋགོང་ས་མཆོག་གི་ཐུགས་རྗེའི་འོད་ཟེར་འོག་ད་ཆ་ཤེས་ཡོན་གྱི་སྐྱེད་མོས་ཚལ་དུ་སློབ་ཕྲུག་ཇི་སྙེད་ཅིག་དང་ལྷན་དུ་ཤེས་རིག་གི་བང་རྩལ་འགྲན་བཞིན་མཆིས།
    རང་ཉིད་ད་ཆ་འདི་ལྟ་བུར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི། ང་རང་བཙན་བྱོལ་དུ་འབྱོར་ནས་བོད་མིའི་གནས་སྟངས་དང་བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་དབར་གྱི་ཁྱད་པར་དེས་རྟོགས་ཐུབ་བྱུང༌། ངས་ཉིན་མོ་དེ་ནམ་ཡང་བརྗེད་མི་སྲིད་ལ་བརྗེད་ཀྱང་མི་ཐུབ། རྒྱུ་མཚན་ནི་ཉིན་མོ་དེ་ངའི་མི་ཚེ་ནང་འདས་ཟིན་པ་དང༌། ད་ལྟ། མ་འོངས་པའི་ནང་ནམ་ཡང་བསྲུབ་ཐབས་མེད་པ་ཞིག་ཏུ་གྱུར་ཟིན། ངས་ཉིན་མོ་དེ་ཉིད་རྡོ་རྗེ་ཕ་ལམ་སྟེང་དུ་རི་མོ་བརྐོས་པ་ལྟར་རང་གི་སེམས་གཏིང་དུ་བརྐོས་ཟིན། དེར་ཁྱེད་རྣམས་ཀྱིས་དོགས་སློང་གི་དྲི་བ་ཞིག་འབྱུང་སྲིད། དེར་བརྟེན། ངས་དགའ་སྤྲོའི་རྣམ་པའི་ངང་མ་གསང་དྲང་པོར་བརྗོད་པར་འདོད། ཉིན་དེ་ནི་ང་རང་རྒྱ་གར་དུ་སླེབས་ནས་ྋརྒྱལ་བ་རིན་པོ་ཆེར་མཇལ་ཁའི་བགོ་སྐལ་བྱུང་བའི་ཉིན་དེ་རེད། དེ་ཡང་དེ་རིང་ངས་དུས་ཚོད་འདི་དང་མཉམ་དུ་ཤོག་དཀར་འདིའི་སྟེང་ཁྱེད་རྣམས་ལ་འགྲེལ་བཤད་བགྱི་བར་འདོད།
    དེ་ནི་ལོ་ངོ་བཞི་ཙམ་སྔོན་གྱི་འདས་དོན་རེད། དེ་ནི་༢༠༠༣ ལོའི་ཕྱི་ཟླ་དང་པོའི་ནང་བྱུང་བ་ཞིག་རེད། ང་རང་བོད་ནས་བཙན་བྱོལ་དུ་ཡོང་ནས་ཟླ་བ་གཅིག་ཙམ་གྱི་རྗེས་ལྷ་ཆོས་སྐྱོང་སྲུང་མའི་རོགས་རམ་དང་བོད་གཞུང་གི་རོགས་རམ་བཅས་ཀྱི་འོག་ང་རང་རྡོ་རྗེ་གདན་དུ་འབྱོར་སོང༌། སྐབས་དེར་རྡོ་རྗེ་གདན་དུ་ྋརྒྱལ་བ་རིན་པོ་ཆེ་ཡིས་དུས་འཁོར་དབང་ཆེན་སྩོལ་བའི་སྐབས་རེད། དེ་བཞིན་ང་རང་སྤུན་མཆེད་ཚོ་དང་མཉམ་དུ་གསུང་ཆོས་སུ་བསྐྱོད་བཞིན་ངས་ྋགོང་ས་མཆོག་རྒྱང་མཇལ་མ་གཏོགས་དངོས་སུ་མཇལ་ཁ་ད་དུང་མ་རག འོན་ཀྱང་ག་དུས་ཡིན་ཡང་ཁོང་གི་གཟི་བརྗིད་ཀྱི་འོད་ཟེར་དེ་ཆོས་རའི་ནང་ཡོད་པའི་ཆོས་ཞུ་བ་ཡོད་དོ་ཅོག་ལ་ཉེ་རིང་མེད་པར་འཕྲོས། སྐབས་དེར་ཆོས་རའི་ནང་གི་སྣང་བརྙན་དེ་ནི་ངོ་མ་སེམས་འགུལ་ཐེབས་པའི་སྣང་བརྙན་ཞིག་རེད། ངས་ད་བར་དེ་ལྟ་བུའི་གྲ་རྒྱས་པའི་ཆོས་ར་མཇལ་མ་མྱོང་ལ་དེ་འདྲའི་སྐྱེ་བོ་མི་རེ་ངོ་རེ་ཚང་མའི་ངོ་གདོང་ལ་བཅོས་མིན་གྱི་རྣམ་འགྱུར་དང༌། མི་ཉུང་བ་ཞིག་གིས་ཁོང་གི་གསུང་སྐད་ཐོས་མ་ཐག་དགའ་སྐྱོ་ཡི་མཆི་མ་ཕྲེང་རྡོག་རེ་གཉིས་མཁུར་ཚོས་ཀྱི་སྟེང་དུ་བཞུར་ནས་མཆི་མས་ངོ་གདོང་ཡོངས་རྫོགས་འཁྲུད་བ་དང་གཉིས་སུ་མ་མཆིས།
    དེ་ནས་ཉིན་གསུམ་ཙམ་གྱི་རིང་གི་གསུང་ཆོས་དང༌། ཉིན་གསུམ་པའི་དགོང་དྲོ་དེ་ལ་ྋགོང་ས་མཆོག་གིས་གསར་འབྱོར་བ་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་བསྩལ་རྒྱུའི་གཏམ་སྙན་པོ་དེ་ངའི་སྒྲ་འཛིན་དབང་པོར་ཐོས་བྱུང༌། སྐབས་དེར་ངས་བོད་ཆས་སམ་བོད་རྒྱལ་ཁབ་ཀྱི་ཆས་གོས་ལེགས་པར་སྤྲས་ཤིང་ཁྲུས་གཙང་མ་བརྒྱབ་སྟེ་བསོད་ནམས་ཀྱི་བྱིན་རླབས་འཕར་རྒྱུའི་འདོད་པ་དང་སྦྲགས་སྤུན་མཆེད་མཉམ་དུ་མཇལ་ཁར་བཅར་བ་ཡིན།
    སྤྱིར་བོད་ནས་གསར་འབྱོར་བ་ཤིན་ཏུ་མང་བར་བརྟེན་སྐུ་སྲུང་བ་རྣམས་ཀྱིས་བཀོད་པའི་འོག་ཕྱེད་ཀ་ཕྱེད་ཀ་བྱས་ནས་མཇལ་ཁ་ཞུ་རྒྱུ་བྱས། སྐབས་དེར་ང་རང་རྒྱུན་ལྡན་དང་མི་འདྲ་བར་སེམས་ལ་ཚོར་བ་ལྕི་མོ་ཞིག་བྱུང༌། ང་ཚོ་བང་བསྒྲིགས་ཏེ་སྒོ་འགྲམ་དུ་སླེབས་སྐབས་སྐུ་སྲུང་བ་བཞི་ལྔ་ཙམ་གྱི་ཆོས་ཞུ་བ་ཚང་མར་ལུས་བཤེར་བྱ་བཞིན་མཆིས། རང་ཉིད་ཕྲུ་གུའི་སྣང་བ་དང་སྒུག་བཟོད་མ་ནུས་པར་མགྱོགས་ནས་མྱུར་དུ་ྋགོང་ས་མཆོག་ལ་མཇལ་ན་སྙམ་པའི་བསམ་ཚུལ་དྲག་པོས་ཁོང་ཚོའི་ལུས་བཤེར་གྱི་བྱ་སྤྱོད་ལ་ཉོབ་སྣང་སྐྱེས། དེ་ནས་རིམ་པས་ནང་དུ་མངགས་ནས་མི་རིང་བར་མཇལ་བ་ཡོངས་རྫོགས་སྒོ་རའི་ནང་སླེབས་ཏེ་ཚང་མས་ཁུ་བྱུག་གནམ་ཆུ་ལ་སྒུག་པ་ལྟར་རེ་སྨོན་བྱས་ནས་སྡོད་སྐབས། གློ་བུར་དུ་ན་བཟའ་ངུར་སྨྲིག་བཞེས་པའི་སྐུ་ཞོག་མང་པོ་ཞིག་སྔོན་དུ་ཕེབས། དེ་ནས་རིམ་པས་སྐུ་སྲུང་བ་རྣམས་བརྒྱུགས་སོང༌། ཨོ། ད་ང་ཚོས་རེ་སྒུག་བྱས་པའི་བོད་མི་རྣམས་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུའི་ྋགོང་ས་མཆོག་ཆིབས་སྒྱུར་ཞབས་སོར་འཁོད་བྱུང༌། དེ་མ་ཐག་ངའི་ཉེ་འགྲམ་དུ་ཡོད་པའི་ལོ་ན་རྒས་པའི་རྨོ་མོ་ལགས་ཤིག་གིས་ཞལ་ནས་སྨོན་ལམ་བཏབ་སྟེ། མིག་ཆུ་རང་དབང་མེད་པར་ལྷུང་བཞིན་མཆིས། ང་རང་ཡང་སྙིང་གི་འཕར་ལྡིང་དེ་རེ་ཞིག་མཚམས་འཇོག་བྱས་ཏེ་མིག་གཉིས་ཧུར་རེ་བལྟས་ཏེ་ལུས།
    སྐབས་དེར་ཁོང་གི་བྱམས་བརྩེའི་འཛུམ་མདངས་དང་བཅས་ང་ཚོར་དགའ་བསུ་དང་བཀའ་སློབ་བསྩལ་ཞིང༌། མཐའ་མར་ཁོང་གི་ཆོས་ཞུ་བ་ཐམས་ཅད་ལ་ཕྱག་དབང་གནང༌། ངོ་མ་ཁོང་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང༌། ཁོང་གིས་ཉེ་རིང་མེད་པར་ཚང་མའི་མགོ་ལ་བྱིལ་བྱིལ་ལམ་གདོང་ལ་ཕྱག་གཉིས་ཀྱིས་བྱམས་པོ་དང༌། ཐོད་པ་ཐུག ད་དུང་གླེང་མོལ་གནང༌། སྐབས་དེར་ངའི་སེམས་ལ་སྐུ་སྲུང་བ་རྣམས་ཀྱིས་དེ་ལྟར་ལུས་བཤེར་བྱ་དགོས་པའི་ངེས་པའམ་རྒྱུ་མཚན་དེ་ཤེས་བྱུང་ལ། ངས་སྔོན་ལ་དེ་ལྟ་བུའི་ཚོར་བ་ནོར་འཁྲུལ་ལ་ངས་དགོངས་སེལ་ཞུ་བཞིན་སྐུ་སྲུང་རྣམས་དགོངས་པ་མ་ཚོམ་ཞུ་བའི་སེམས་ཚོར་ཞིག་ང་རང་ལ་བྱུང༌། དེ་ནས་རིམ་པས་ང་རང་ལ་སླེབས་སྐབས། ཁོང་གིས་བྱམས་བརྩེའི་སྤྱན་ལས་ང་ལ་སྙིང་ཉེ་ཡི་ཚོར་བ་དང་ཁོང་གི་འཇམ་པའི་གསུང་ལས་ང་རང་གི་དྲིན་ཅན་ཕ་མ་ལྟ་བུའི་སེམས་ཚོར་བྱུང༌། ྋཁོང་གི་ཕྱག་གཉིས་ཀྱིས་ངའི་མགོ་ལ་བྱིལ་བྱིལ་གནང་ནས་”ཁྱོད་ཕ་ཡུལ་ག་ནས་ཡིན་”ཞེས་དྲི་བྱུང༌། ང་རང་ནི་ཁོང་གི་གཟི་བརྗིད་ཀྱི་མནན་ནས་ཚིག་ལན་ཐེབས་རྒྱུ་ལྟ་ཅི་རེ་ཞིག་ལྐུགས་པ་ལྟ་བུར་གྱུར་ནས། རང་ཉིད་ཀྱི་ཕ་ཡུལ་ཡང་དྲན་ཤེས་ལས་བརྗེད་སོང༌། འོན་ཀྱང་ངས་མགྱོགས་མྱུང་ངང་ང་རང་ཏྲེ་ཧོར་ཁམས་པ་ཡིན་ཞེས་ལན་བཏབ་པས། ཁོང་གིས་མཉེས་པོའི་ངང་ཞལ་འཛུམ་ཞིག་གནང་བྱུང་བས། དེས་ང་རང་གི་སེམས་གཏིང་དུ་དྲོ་སྐྱིད་ཀྱི་ས་བོན་བཏབ་པ་བཞིན་བྱུང༌།
    ང་རང་རྒྱ་གར་དུ་འབྱོར་བ་ནས་ད་བར་ལོ་ཟླ་དེ་ནང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མྱོང་ཡང༌། རྟག་ཏུ་ྋགོང་ས་མཆོག་གི་སྐུ་པར་རམ་བཀའ་སློབ་ཡིད་ལ་འཁོར་ཐེངས་རེར་ང་རང་ལ་སེམས་ཤུགས་འཕར་མ་ཞིག་སྦྱིན་ནས་དཀའ་ངལ་ལ་གདོང་ལེན་བྱེད་པའི་ནུས་པ་བྱུང༌། དེ་ལྟ་བུའི་ནུས་ཤུགས་དེ་ནི་ང་རང་ྋགོང་ས་མཆོག་མཇལ་ནས་བཟུང་བྱུང་བའི་ཚོར་བ་ཞིག་ཡིན། དེས་རྐྱེན་པས་ད་ཆ་རང་ཉིད་འགྲམ་དུ་ཡོད་པའི་ཁོར་ཡུག་རྣམས་ཀྱི་སྔོན་དང་མི་འདྲ་བའི་ཁྱད་ཆོས་ལྡན། མཚམས་རེར་ལམ་དུ་འགྲོ་སྐབས་ལམ་ཟུར་དུ་ཡོད་པའི་རྩ་དང་ཤིང་སྡོང་གིས་ང་རང་ངོ་ཤེས་པ་ལྟར་འཇུས་ནས་འཚམས་འདྲི་བྱེད་པ་བཞིན་འདུག མདོར་ན། ྋགོང་ས་མཆོག་ངའི་རྩ་བའི་བླ་མ་ཁོང་མཇལ་དུས་ཀྱི་ཚོར་སྣང་དེ་ཡིག་ཐོག་ཏུ་ཕབ་འདོད་ཀྱང་ངའི་ཤེས་ཚད་ཀྱི་རྐྱེན་པས་དེ་རིང་འདི་ཙམ་གྱི་མཚམས་འཇོག་པར་འདོད།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་རང་གི་རྩ་བའི་བླ་མར་མཇལ་བའི་སྐལ་བཟང་ཐོབ་པའི་བརྗོད་གཞི་མྱོང་ཚོར་དང་སྦྱར་ཏེ། གཞིས་བྱེས་གཉིས་ཀྱི་བོད་མི་ན་གཞོན་གྱི་གནས་སྟངས་བཀོད་འདུག རྩོམ་ཡིག་ནང་གསབ་འཇུག་དང་བར་འཇུག་གི་ཐབས་རྩལ་སྤྱད་དེ་བརྗོད་དོན་སྙིང་པོར་རམ་འདེགས་ནུས་པའི་གནས་ཚུལ་མང་པོ་བཀོད་སྒྲིག་བྱས་ཏེ། རྩོམ་ཡིག་གི་སྒྲིག་གཞི་བཀོད་སྟངས་དང་བྱུང་རིམ་ཞིབ་ཚགས་སུ་བྲིས་པ་ལེགས་ཤིང༌། ཡིག་ནོར་ཉུང་བ་དང༌། ཚིག་སྦྱོར་སྡེབ་ལེགས་པས་སྙན་ཆ་ལྡན།
    རྩོམ་ཡིག་གི་འགོ་བཙུགས་ནས་དུམ་མཚམས་དྲུག་པ་བར་གཞུང་དངོས་འགོ་འཛུགས་བྱས་མི་འདུག་པས་འགོ་འཛུགས་སྟངས་རིང་དྲགས་པ་དང་སྐབས་མང་པོ་ཞིག་ཏུ་བརྗོད་དོན་སྙིང་པོ་དམ་འཛིན་མ་ཐུབ་པའི་སྣང་ཚུལ་བྱུང༌། རྩོམ་ཡིག་འབྲི་རྒྱུ་ནི་སྐུ་བརྙན་བཞེངས་པ་ནང་བཞིན་ཆད་ལྷག་མེད་པ་ཞིག་དགོས་གཤིས། ཚིག་རྫོབ་དང་དགོས་མེད་ཀྱི་ནང་དོན་སྐྱུང་ཐབས་གནང་རྒྱུ་གལ།

རྩ་བའི་བླ་མ་མཇལ་དུས།(ཨང་གསུམ་པ)

 ཆོས་སྐྱིད། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ།   

    ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་གང་ཟག་ཕལ་མོ་ཆེར་རང་རང་གི་རྩ་བའི་བླ་མ་དང༌། མགོན་སྐྱབས་བླ་མ་རེ་ཡོད། དེ་བཞིན་ང་ཚོ་གངས་ཅན་པ་རྣམས་ལ་ཡང་སོ་སོའི་མགོན་སྐྱབས་ཀྱི་བླ་མ་ཞིག་ཡོད། འོན་ཀྱང་ཐབས་རྡིགས་ཀྱི་གནས་ཚུལ་ཞིག་ལ། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བཙན་གནོན་འོག་ང་ཚོ་གངས་ཅན་པ་རྣམས་ཀྱི་རྩ་བའི་བླ་མ་དང་གངས་ཅན་པ་མང་པོ་ཞིག་མི་ཡི་ལུང་པར་སྐྱབས་བཅོལ་དུ་ཕེབས་ཡོད་པ་རེད། བཙན་བྱོལ་དུ་ཡོང་མ་ཐུབ་པའི་བོད་མི་མང་པོ་ཞིག་གངས་ཅན་ཡུལ་དུ་རྒྱ་མིའི་གདུག་རྩུབ་མནར་གཅོད་མྱངས་ནས་བསྡད་ཡོད་ཀྱང༌། གངས་ཅན་ཡོངས་ལ་མཚོན་ན། མགོན་སྐྱབས་ཀྱི་རྩ་བའི་བླ་མ་ནི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་ལ། ཁོང་ནི་ང་ཚོ་རྩམ་གཟན་ཙམ་མ་ཟད། འཛམ་གླིང་ཡོངས་ལ་ཕན་རླབས་ཆེ་བའི་གཟི་བརྗིད་ཅན་གྱི་འཛམ་གླིང་ཞི་བདེའི་དེད་དཔོན་ཞིག་རེད།
    གུས་མོ་ང་རང་ལ་སྐྱབས་མགོན་ཁོང་མཇལ་བའི་དུས་ཚོད་ཐོག་མ་ནི་ཕྱི་ལོ་༢༠༠༠ ལོ་ལ་ཡིན། དེ་ཡང་རྒྱ་མིའི་བཙན་གནོན་འོག་ཕ་མའི་དགོངས་བཞེས་ལྟར་ང་རང་རྒྱ་གར་འཕགས་པའི་ཡུལ་ལ་སློབ་སྦྱོང་བྱེད་དུ་ཡོང་ཞིང༌། གུས་མོར་རྩ་བའི་བླ་མ་ཁོང་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ། སྐབས་དེར་སེམས་ཡོངས་རྫོགས་ལ་དུས་རྒྱུན་བྱུང་མ་མྱོང་བའི་དགའ་ཚོར་དཔག་ཏུ་མེད་པ་ཞིག་བྱུང་བ་དང༌། མིག་ནང་ལ་ཁོང་མཇལ་བའི་དགའ་སྣང་གི་མཆི་མས་ཁེངས་ཤིང༌། སེམས་ནང་དུ་ཁོང་མཇལ་རྒྱུ་བྱུང་བ་འདི་ནི་བུ་མོ་ང་རང་གི་ཚེ་སྔོན་བསགས་པའི་བསོད་ནམས་ཀྱི་འབྲས་བུ་ཞིག་རེད་སྙམ་བཞིན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་ཕྱག་འཚལ་བ་ཡིན།
    སྐབས་དེར། སེམས་ལ་ཚོར་བ་སྐྱོ་ལྷང་ལྷང་ཞིག་ཀྱང་གློ་བུར་དུ་བྱུང་སོང༌། གང་ཡིན་ཞེ་ན། གངས་ཅན་ལྗོངས་སུ་རྒྱ་མིའི་བཙན་གནོན་འོག་ཏུ་གནས་ཡོད་པའི་བོད་མི་མང་པོ་ཞིག་གི་སེམས་ནང་ལ་ཁོང་མཇལ་རྒྱུའི་གོ་སྐབས་བྱུང་ན་འཆི་ཡང་འགྱོད་པ་མེད་བསམས་ནས་བཙན་བྱོལ་དུ་ཡོང་སྐབས། ལམ་བར་ནས་རྒྱ་མིས་བཟུང་བ་དང༌། གངས་སྲུབས་སུ་ལྷུང་བ། ནད་ཀྱིས་གྲོངས་པ་སོགས་ཁོང་ཚོའི་ཕུགས་བསམ་འགྲུབ་རྒྱུ་ཕར་བཞག མཐར་གར་སོང་ཆ་མེད་དུ་གྱུར་པ་དང༌། ཡང་ཁ་ཤས་ཁོང་མཇལ་རྒྱུ་བྱུང་ན་བསམ་གྱིན་རེ་སྒུག་བྱས་ཀྱང་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་འགྲོ་མཁན་ཡང་ག་ཚོད་དང་ག་ཚོད་བྱུང་ཡོད་ཨང༌། དེ་ངའི་སེམས་ནང་ལ་ཁོང་མཇལ་བའི་དགའ་སྣང་དང་ལྷན་དུ། ཕ་ཡུལ་དུ་ཡོད་པའི་རྒྱ་མིའི་བཙན་གནོན་འོག་ལ་སྐྱབས་མགོན་ཁོང་མཇལ་རྒྱུའི་རེ་སྒུག་བཅངས་ཀྱིན་འདས་གྲོངས་སུ་ཕྱིན་པ་དང༌། ད་དུང་ཡང་རེ་སྒུག་ངང་གནས་བཞིན་པའི་ཁོང་རྣམ་པའི་བྱ་སྤྱོད་འདི་དག་སེམས་ནང་འཁོར་བཞིན། ངའི་སྙིང་དབུས་སུ་གྲི་བཙུགས་པ་ལྟ་བུའི་ན་ཟུག་དྲག་པོ་གཏོང་བ་དང༌། མཆི་མ་ཡང་བར་མེད་ས་ལ་ལྷུང་གིན་ལྷུང་གིན། གུས་མོ་ང་རང་གི་སེམས་ནང༌། ཁོང་ལྟ་བུའི་གཟི་བརྗིད་ཆེ་བའི་རྩ་བའི་བླ་མར་མཇལ་དུས་རང་ཉིད་བསོད་ནམས་ཅན་ཞིག་རེད་འདུག་སྙམ་བྱུང༌།
    དེ་ནས་ཁོང་གིས་དམིགས་བསལ་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ཟུར་དུ་བཞག་ནས་བཀའ་སློབ་ལམ་སྟོན་གནང་བྱུང༌། སྐབས་དེར་དེའི་ནང་ལ་རྒན་འཁོགས་ལོ་ན་ཧ་ཅང་བགྲེས་པ་ཁ་ཤས་དང༌། སེར་མོ་བ། གཞོན་སྐྱེས་དང༌། ད་དུང་ལོ་ན་ཆུང་ཆུང་གི་བྱིས་པ་ཡང་མང་པོ་ཞིག་འདུག སྐབས་དེ་དུས་ང་རང་ལོ་ན་བཅུ་ལ་སོན་ཙམ་ཡིན། ལྷག་པར་དུ་ཁོང་གི་བཀའ་སློབ་འགོ་ཚུགས་མ་ཐག་རྒན་འཁོགས་མང་པོ་ཞིག་དགའ་ངུ་ཤོར་ནས་བརྒྱལ་ནས་དྲན་པ་ཡང་འཐོར་སོང༌། དེ་འདྲ་ཡིན་དུས། ང་ཡང་རང་བཞིན་གྱིས་ཁོང་གི་གསུང་སྐད་ཐོས་དུས་ཡིད་བདེ་བར་འཁོད་པ་དང་ཁོང་གིས་སྐབས་དེ་དུས་གནང་བའི་བསླབ་ཚིག་རྣམས་དུས་ད་ལྟ་ཡང་དྲན་བཞིན་ཡོད། དེ་ནས་བཀའ་སློབ་གྲུབ་མཚམས་སུ་ང་ཚོ་མི་རེ་ངོ་རེ་བྱས་ནས་མཇལ་ཁ་གནང་བྱུང་བས་ངའི་སེམས་ལ་དེ་ནི་དངོས་གནས་ཨེ་ཡིན། རྨི་ལམ་མིན་ནམ་སྙམ་པའི་ཚོར་བ་བྱུང༌། དེ་དང་ཆབས་ཅིག་ངའི་མདུན་དུ་ང་རང་གི་གཅུང་མོ་ཁྲིད་ཡོང་སྐབས་མོ་རང་དེའི་སྐབས་ལོ་དྲུག་ལ་སོན་ཙམ་ཡིན་པས་མོ་རང་ལ་ཁོང་གིས་”ཁྱེད་རང་ཆུང་ཆུང་དེ་འདྲ་ག་རེ་བྱེད་དུ་ཡོང་བ་ཡིན་”གསུངས་སོང་བས། ངའི་གཅུང་མོས་”ང་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན” ཞེས་ལན་ཕུལ་སོང༌། དེ་ནས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གིས་”སྙིང་རྗེ་” ཞེས་གསུངས་ཀྱིན་བྱམས་པོ་གནང་སོང་བས་དངོས་གནས་འདི་ནི་གུས་མོར་མཚོན་ན། ངོ་མཚར་སྐྱེ་འོས་པ་ཞིག་ལོས་ཡིན།
གུས་མོ་ཕལ་བ་ང་རང༌། །འཛམ་གླིང་ཞི་བདེའི་དེད་དཔོན། །ཚེ་སྔོན་ལས་ཀྱི་དབང་གིས། །
མཇལ་བ་བསོད་ནམས་ཡིན་ནོ། །    ཁོ་རང་མཇལ་བ་ཙམ་གྱིས། །ཡིད་སེམས་བདེ་བར་འཁོད་སོང༌། །
ཁོང་གི་གསུང་སྐད་ཐོས་པས། །དགའ་སྤྲོ་དཔག་མེད་སྐྱེས་བྱུང༌། །གུས་མོའི་མི་ཚེའི་ནང་ལ། །
སྐྱབས་མགོན་རྩ་བའི་བླ་མར། །མཇལ་རྒྱུ་བྱུང་བ་ཁོ་ནས། །འཆི་ཡང་འགྱོད་པ་མི་འདུག །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནང་རྩོམ་པ་པོ་ལོ་ན་ཆུང་ངུའི་སྐབས་སུ་ྋགོང་ས་མཆོག་གི་མཇལ་ཁར་ཐོབ་པའི་དོན་རྐྱེན་དང་སྦྲགས། སྐབས་དེའི་མྱོང་ཚོར་དང་འཆར་སྣང་ཞིབ་འབྲི་བྱས་འདུག རྩོམ་ཡིག་གི་སྒྲིག་གཞི་བཀོད་སྟངས་འཚམས་ཤིང་མཇལ་ཁའི་བྱུང་རིམ་དང་སེམས་ཁམས་ཀྱི་བཀོད་འབྲི་ཞིབ་ཚགས་ལྡན་པ། མིང་ཚིག་གི་དག་ཆ་དང་ཕྲད་སྦྱོར་ཚུལ་ནོར་སོ་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན།
    རྩོམ་ཡིག་འགོ་འཛུགས་སྐབས་ཀྱི་སྤྱི་བཤད་ལ་ནུས་པ་དེ་ཙམ་མ་མངོན། ལྷག་པར་རྩོམ་ཡིག་ཧྲིལ་པོའི་བརྗོད་སྙིང་གཏིང་ཟབ་ཅིང་ནུས་ལྡན་ངང་མཚོན་ཐབས་སླད་ཐུགས་སྣང་གིས་ཧུར་བརྩོན་མུ་མཐུད་གནང་ན་ཡར་རྒྱས་འབྱུང་ངེས་སྙམ།

མདུན་ཤོག

Leave a Reply

Your email address will not be published.

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu