ཀ) ངེས་སྦྱོང་མིན་པའི་ཨིན་ཇིའི་སློབ་ཚན། (Elective English)

རྒྱབ་ལྗོངས།

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་གདམ་ང་ཅན་གྱི་ཨིན་ཇིའི་སློབ་ཚན་ཁག་ནི་གཙོ་བོ་རྩོམ་རིག་དང་རྩོམ་རིག་གི་གཞུང་ལུགས་ལ་སློབ་སྦྱོང་བྱས་ནས། ཚད་མཐོའི་སྐད་ཡིག་གི་ནུས་རྩལ་སྤེལ་ཐབས་བྱ་རྒྱུར་གཙོ་འདོན་བྱ་དགོས། དེར་བརྟེན་བསླབ་གཞིའི་རྩ་འཛིན་ནང་འཛམ་གླིང་གི་རྩོམ་རིག་ཁག་ལས་ལེགས་ཆ་གཅེས་བཏུས་དང། བོད་ཀྱི་མཁས་པས་ཨིན་ཡིག་ནང་བྲིས་པའི་རྩོམ་རིག་ཁག་ལས་ཀྱང་ལེགས་ཆ་བསྡུ་ལེན་བྱས་ཏེ། ཨིན་ཇིའི་སྐད་ཡིག་ཐོག་ནས་འཛམ་གླིང་གི་གྲགས་ཅན་བརྩམས་ཆོས་ཁག་ལ་རོལ་མྱོང་དང། སློབ་སྦྱོང། དབྱེ་ཞིབ་བཅས་བྱེད་པ་མ་ཟད། བོད་ཀྱི་གནའ་དེང་རྩོམ་རིག་ཀློག་འདོན་བྱེད་པར་སྤྲོ་བ་བསྐྱེད་ཐབས་བྱ་དགོས།
གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་གནས་སྐབས་སུ། ཚད་མཐོའི་སྐད་ཡིག་གི་ནུས་རྩལ་གོང་མཐོར་གཏང་སྟེ། མཐོ་རིམ་སློབ་གྲྭའི་ཨིན་ཡིག་གི་སློབ་ཚན་ཁག་བདེ་བླག་ངང་གོ་རྟོགས་ཐུབ་རྒྱུར་གྲ་སྒྲིག་འཐུས་ཚང་བྱ་དགོས།

དམིགས་ཡུལ།

• གནའ་དེང་གི་ཨིན་ཇིའི་རྩོམ་བྲིས་སྣ་མང་ལ་གོ་རྟོགས་རྒྱ་གང་ཆེར་སྤེལ་རྒྱུ།
• རྩོམ་རིག་གི་འདུ་ཤེས་བསྐྲུན་པ་དང། སྐད་ཡིག་གི་གསར་གཏོད་ནུས་པ་རྩལ་འདོན་བྱ་རྒྱུ།
• ཚིག་མཛོད་དང། མངོན་བརྗོད། ཤེས་བྱ་ཀུན་བཏུས་སོགས་ལ་བརྟེན་ནས་སློབ་མའི་ཐ་སྙད་ཇེ་ཕྱུག་ཏུ་གཏོང་རྒྱུ།
• རྣམ་དཔྱོད་དང་སྤྲོ་སྣང་ལྡན་པའི་ཐོག་ནས་རྩོམ་རིག་ཀློག་འདོན་གྱི་སྤྲོ་བ་གོང་མཐོར་གཏོང་རྒྱུ།
• ཨིན་ཇིའི་བརྡ་སྤྲོད་དང། སྐད་རིགས་ཀྱི་རྨང་གཞི། སྐད་ཀྱི་སྒྲ་གདངས་སོགས་ལ་སློབ་སྦྱོང་བྱེད་པའི་ལམ་སྟོན་བྱ་རྒྱུ།
• སློབ་ཕྲུག་རྣམས་ཀྱིས་མ་སྐད་ནས་ཨིན་ཡིག་ཏུ་ཕབ་སྒྱུར་བྱེད་པ་དང། ཨིན་ཡིག་ནས་མ་སྐད་ཐོག་ཕབ་སྒྱུར་བྱ་ཐབས།
• གཞུང་ལུགས་དང་རྩོམ་རིག་ལ་ལྟ་སྣང་འདྲ་མིན་ཐོག་ནས་དཔྱད་བརྗོད་སྤེལ་ཐུབ་པ་བྱ་རྒྱུ།

དམིགས་ཚད།

  • གཞུང་ལུགས་ལ་གོ་བ་ལོན་ཐུབ་པ་དང། སྤྱི་ཁོག་ཁོང་དུ་ཆུད་པ། རྩོམ་རིག་གི་ནང་དོན་གཙོ་ཕལ་ཕན་ཚུན་འབྲེལ་ཐུབ་པ།
  • རྩོམ་ཡིག་གི་བསླབ་བྱའམ་བསྟན་དོན་དང་རྒྱས་བཤད་འབྲེལ་ཐུབ་པ་བྱ་རྒྱུ། དཔེར་ན་ཞིབ་ཕྲའི་རྒྱས་བཤད་ཀྱི་ལམ་ནས་སྤྱིའི་གོ་རྟོགས་སྤེལ་བ་དང། མཚུངས་བསྡུར་གྱི་ཐབས་ལམ་ཅི་རིགས་ཐོག་ནས་རྩོམ་ཡིག་གི་མཇུག་བསྡོམས་བྱ་རྒྱུ།
  • ཞིབ་ཕྲའི་སྐབས་ས་གནས་དང་དོན་དངོས་ངོས་བཟུང་བ་དང། རྩོད་པ་བྱེད་པ། གོ་རིམ་འབྲེལ་ཆགས་པ། སྤྱི་ཁྱབ་རང་བཞིན་ལྡན་པ། མཇུག་བསྡོམས་ལེགས་པར་བྱེད་པ་སོགས་ལ་དོ་ནན་བྱ་དགོས།
  • གནད་ལུགས་ལ་བརྟེན་ནས་མཇུག་བསྡོམས་བྱེད་པ་དང། ཞིབ་ཕྲ་མེད་པ་རྣམས་ཡོད་པ་བཟོ་བ། གྲུབ་འབྲས་ལ་ཚོད་དཔག་བྱེད་ཐུབ་པ། ཞིབ་ཕྲའི་རྒྱས་བཤད་ཀྱི་གཙོ་གནད་ངོས་བཟུང་ཐུབ་པ། རང་གིས་བཀླགས་པ་རྣམས་གཞན་ལ་འགྲེལ་བརྗོད་བྱ་ཐུབ་པ།
  • སྒྱུ་རྩལ་ལ་རོལ་མྱོང་བྱེད་པ་དང། ཚིག་གི་སྒྲོམ་གཞིར་བརྟེན་ནས་ཚིག་དོན་ལ་གོ་བ་ལེན་པ་དང། དེས་སྤྱི་ཚོགས་ཀྱི་གཟུགས་བརྙན་ཇི་ལྟར་མཚོན་པའི་སྐོར་ལ་དཔྱད་ཞིབ་བྱ་ཐུབ་པ།
  • དགོད་གཏམ་དང། དཔྱད་རྩོམ། ཟུར་ཟའི་རྩོམ་ཡིག ཆོས་སྤྱོད་རྩོམ་ཡིག བཞད་གད་གཏམ་བརྗོད་སོགས་རྩོམ་ཐབས་སྣ་ཚོགས་ངོས་བཟུང་ཐུབ་པ།
  • རྒྱུ་མཚན་བརྩད་འཚོལ་དང་དབྱེ་ཞིབ་ཀྱི་ནུས་པ་ལྡན་པ།
  • སྙན་ངག་གི་སྐད་ཆར་རྒྱུས་ལོན་ལེགས་པོ་ཡོང་བར་བྱེད་པ་དང། སྐད་ཆ་དེ་དག་གིས་སྒྱུ་རྩལ་གྱི་ཉམས་འགྱུར་ཅི་ཞིག་སྟོན་མིན་ཤེས་རྟོགས་ཐུབ་པ་བྱ་རྒྱུ།
  • སྐད་ཡིག་གི་གཞུང་ལུགས་དང་སྒྱུ་རྩལ་ལ་ཚོར་མྱོང་སྐྱེན་པོ་ཡོང་བ་བྱ་རྒྱུ།

སློབ་ཁྲིད་ལམ་སྟོན།

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་སྐབས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་པར་བྱས་ཏེ། དགེ་རྒན་ཁོ་ནར་བརྟེན་པའི་གོམས་གཤིས་མེད་པར་བཟོ་དགོས། དེ་ཡང་ཐབས་ལམ་སྣ་ཚོགས་དང། སློབ་མ་དབུས་བཞག བྱེད་སྒོའི་ལམ་ནས་སློབ་འཁྲིད་དང་སློབ་སྦྱོང་བྱེད་ཐབས་བཅས་ལ་བརྟེན་དགོས་པ་མ་ཟད། རྩོམ་རིག་སློབ་འཁྲིད་སྐབས་ཁ་ཁུ་སིམ་མེར་དཔེ་དེབ་ཀློག་པའི་འདུ་ཤེས་བསྐྲུན་དགོས། དེ་ལྟར་བྱས་ཚེ་གོ་བ་གཏིང་ཟབ་ལོན་པར་དོ་སྣང་མང་ཙམ་སྤྲོད་ཐུབ། སློབ་ཚན་མ་འཁྲིད་གོང་ནས་འབྲེལ་ཡོད་དཔེ་དེབ་ཁག་སྔོན་ཚུད་ནས་བལྟ་ཀློག་བྱ་དགོས་པས། བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་ནང་ཟུར་བལྟའི་དཔེ་དེབ་ཁག་ངོ་སྤྲོད་བྱ་དགོས། རྩོམ་ཡིག་ཀློག་འདོན་དང་ལྷག་པར་རྩོམ་ཡིག་འབྲི་རྒྱུ་ནི་སྐད་ཡིག་ཡར་རྒྱས་གཏོང་བའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་སྟབས། སློབ་མའི་རྩོམ་འབྲིའི་ནུས་པ་དང་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཆེད། བསླབ་གཞིའི་རྩ་འཛིན་ནང་སློབ་མས་རྩོམ་ཡིག་འབྲི་བའི་ལས་འཆར་གང་མང་འཁོད་དགོས།

ཁ) ཨིན་ཡིག་ངེས་སྦྱོང་སློབ་ཚན། (ENGLISH CORE)

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ལ་སླེབས་སྐབས་ཨིན་ཇིའི་སྐད་ཡིག་གི་གནས་ཚད་གང་ལེགས་དགོས་ངེས་ཡིན་པས། ངེས་སྦྱོང་སློབ་ཚན་ནང་ཚད་མཐོའི་སྐད་ཡིག་གི་ནུས་རྩལ་སྤེལ་ཐབས་བྱ་རྒྱུར་གཙོ་འདོན་བྱ་དགོས། གཞི་རིམ་གོང་མའི་སློབ་ཕྲུག་མང་པོ་ཞིག་ནི་མཐོ་སློབ་ལ་འགྲོ་བའི་སྟ་གོན་བྱ་རྒྱུའི་དུས་ལ་སླེབས་ཡོད་པས་ཁོང་ཚོའི་ཨིན་ཇིའི་སྐད་ཡིག་གནས་ཚད་ངེས་ཅན་ཞིག་དགོས་པ་ཡིན། ཡང་སློབ་ཕྲུག་ཁག་ཅིག་ནི་འཛིན་རིམ་བཅུ་གཉིས་རྗེས་ལས་རིགས་སྣ་ཚོགས་ནང་ཞུགས་མཁན་ཡིན་པས། ངེས་སྦྱོང་སློབ་ཚན་གྱིས་སྡེ་ཚན་འདི་གཉིས་གཙོ་བོར་བཟུང་ནས། གཅིག་ནས་མཐོ་རིམ་སློབ་སྦྱོང་དང་འབྲེལ་བའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང། གཉིས་ནས་ལས་རིགས་སྣ་ཚོགས་དང་འབྲེལ་བའི་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་རྒྱུར་གལ་ཆེན་འཛིན་དགོས།
དམིགས་ཡུལ།

  • ཨིན་སྐད་ཐོག་ནས་ཐད་གཏོང་དང་སྒྲ་འཇུག་བྱས་པའི་བརྗོད་གཞི་སྣ་མང་གི་གཏམ་བཤད་སོགས་ལ་ཉན་བལྟ་བྱས་ཏེ། ཉན་རྩལ་གོང་མཐོར་གཏོང་བ་དང་དཔྱད་བརྗོད་ཀྱི་བསམ་བློ་སྤེལ་དགོས།
  • སྤྱི་ཚོགས་ཀྱི་ལས་རིགས་དང་སློབ་གསོའི་ལས་དོན་དང་འབྲེལ་བའི་སྐད་ཡིག་གི་བྱང་ཚད་གོང་མཐོར་གཏོང་རྒྱུ།
  • བརྗོད་གཞི་སྣ་མང་ཐོག་བགྲོ་གླེང་དང། བཅར་འདྲི། གཏམ་བཤད་སོགས་བྱ་རྒྱུ།
  • རྩོམ་ཡིག་སོགས་ཀྱི་སྤྱི་ཁོག་ཁོང་དུ་ཆུད་པ་དང། དེ་དང་འབྲེལ་ཡོད་གནད་དོན་ཤེས་རྟོགས་ཐུབ་པ་བྱ་རྒྱུ།
  • ཨིན་སྐད་ཐོག་ནས་གཞན་ལ་འབྲེལ་གཏུགས་བྱེད་ཐབས་བྱང་ཆ་ལྡན་པ་བཟོ་རྒྱུ།
  • བྱེད་སྒོའི་ལམ་ནས་སྐད་ཡིག་གི་ནུས་རྩལ་གོང་མཐོར་བཏང་སྟེ། རྒྱུ་མཚན་དབྱེ་ཞིབ་དང་རྗེས་དཔག་ཐུབ་པ་བྱ་རྒྱུ།
  • སློབ་ཕྲུག་རྣམས་ཀྱིས་མ་སྐད་ནས་ཨིན་ཡིག་ཏུ་ཕབ་སྒྱུར་བྱེད་པ་དང། ཨིན་ཡིག་ནས་མ་སྐད་ཐོག་ཕབ་སྒྱུར་བྱེད་ཐུབ་པ་བཟོ་རྒྱུ།
  • ཨིན་ཡིག་རྩོམ་རིག་ལ་རོལ་མྱོང་ཐུབ་པ་དང། གསར་གཏོད་དང་འཆར་སྣང་སྐྱེན་པོའི་ཐོག་ནས་ཨིན་ཡིག་བེད་སྤྱོད་གཏོང་ཐུབ་པ།

དམིགས་ཚད།

  • བཅོས་སྒྲུང་དང། གཏམ་བརྗོད། སྙན་ངག རྣམ་ཐར། རྟོག་བརྗོད། རྩེད་རིགས་དང་ལྗོངས་རྒྱུའི་སྐོར་གྱི་རྩོམ་ཡིག་བལྟ་ཀློག་དང་དེ་དག་ལ་དཔྱད་ཞིབ་བྱ་རྒྱུ།
  • འབྲི་རྩོམ་ལ་ཤུགས་སྣོན་རྒྱག་རྒྱུ།
  • གཏམ་བཤད་ལ་གོ་རྟོགས་དང་ཚུར་སྣང་བྱ་ཐུབ་པ།
  • ལས་རིགས་དང་གནད་དོན་འདྲ་མིན་ཐོག་གཏོང་ཡིག་དང་སྙན་ཞུ་འབྲི་སྟངས་སློབ་རྒྱུ།
  • ཚིག་ཐོ་དང། ལས་བསྡོམས། ལས་འཆར། ངོ་སྤྲོད། རྒྱབ་གཉེར་ཡི་གེ འཕྲིན་ཐུང་སོགས་འབྲི་སྟངས་སློབ་རྒྱུ།
  • གཏམ་བཤད་དང་དཔྱད་གཞིའི་ཡིག་ཆ་སོགས་ལ་མཆན་འགོད་དང་ཡིག་ཆུང་བཟོ་རྒྱུ།

ཨིན་ཇིའི་སྐད་ཡིག་གི་དོན་གནད།

གཞི་རིམ་གོང་མའི་ཨིན་ཡིག་བསླབ་གཞིས་འཛིན་རིམ་བཅུ་པ་མན་གྱི་ཨིན་ཇིའི་སྐད་ཡིག་གི་རྨང་གཞིའི་ཐོག་སྐད་ཡིག་གི་བཀོལ་སྤྱོད་དང་བྱ་ལས་ཐོག་གོ་རྟོགས་ཟབ་ཏུ་གཏོང་དགོས་པ་མ་ཟད། ལྷག་པར་གཤམ་འཁོད་གནད་དོན་ཐོག་ནུས་པ་མང་ཙམ་འདོན་དགོས།

• བརྗོད་ཚིག་སྣ་ཚོགས་ཀྱི་ལམ་ནས་དུས་གསུམ་གྱི་རྣམ་བཞག་བསླབ་རྒྱུ།
• ཚན་རིག་དང་གསར་གཏོད་ཀྱི་རྩོམ་ཡིག་ནང་བྱ་ཡུལ་དང་བྱ་ལས་ཀྱི་སྒྲ་ངོ་སྤྲོད་བྱ་རྒྱུ།
• ཚིག་སྒྲུབ་ཅིག་བརྗོད་ཐབས་སྣ་ཚོགས་དང་དཔེ་རྒྱན་སྣ་ཚོགས་ཀྱི་ལམ་ནས་འབྲི་ཐབས་བྱ་རྒྱུ།
• བརྡ་མཚོན་རིག་པའི་ (Semantic) རྣམ་བཞག་ཐོག་ནས་བྱ་ཚིག་བསླབ་རྒྱུ།

སློབ་ཁྲིད་ལམ་སྟོན།

གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་བཅུ་གཉིས་སྐབས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་གཤིས་འཇགས་པར་བྱས་ཏེ། དགེ་རྒན་ཁོ་ནར་བརྟེན་པའི་གོམས་གཤིས་མེད་པར་བཟོ་དགོས། དེ་ཡང་ཐབས་ལམ་སྣ་ཚོགས་དང། སློབ་མ་དབུས་བཞག བྱེད་སྒོའི་ལམ་ནས་སློབ་འཁྲིད་དང་སློབ་སྦྱོང་བྱེད་ཐབས་བཅས་ལ་བརྟེན་དགོས་པ་མ་ཟད། རྩོམ་རིག་སློབ་འཁྲིད་སྐབས་ཁ་ཁུ་སིམ་མེར་དཔེ་དེབ་ཀློག་པའི་འདུ་ཤེས་བསྐྲུན་དགོས། དེ་ལྟར་བྱས་ཚེ་གོ་བ་གཏིང་ཟབ་ལོན་པར་དོ་སྣང་མང་ཙམ་སྤྲོད་ཐུབ། སློབ་ཚན་མ་འཁྲིད་གོང་ནས་འབྲེལ་ཡོད་དཔེ་དེབ་ཁག་སྔོན་ཚུད་ནས་བལྟ་ཀློག་བྱ་དགོས་པས། བསླབ་གཞིའི་རྩ་འཛིན་དང་སློབ་ཚན་འཆར་འགོད་ནང་ཟུར་བལྟའི་དཔེ་དེབ་ཁག་ངོ་སྤྲོད་བྱ་དགོས། རྩོམ་ཡིག་ཀློག་འདོན་དང་ལྷག་པར་རྩོམ་ཡིག་འབྲི་རྒྱུ་ནི་སྐད་ཡིག་ཡར་རྒྱས་གཏོང་བའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་སྟབས། སློབ་མའི་རྩོམ་འབྲིའི་ནུས་པ་དང་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཆེད། བསླབ་གཞིའི་རྩ་འཛིན་ནང་རྩོམ་ཡིག་འབྲི་བའི་ལས་འཆར་གང་མང་འཁོད་དགོས།

Menu