འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་འབྱུང་རིག་སྡེ་ཚན་གྱི་སློབ་ཚན་ནི་ལོ་རྒྱུས་དང། ས་ཁམས། སྲིད་དོན་ཚན་རིག དཔལ་འབྱོར་སོགས་སུ་དབྱེ་མཚམས་ཕྱེ་ཡོད་ཀྱང་། བསླབ་གཞི་དེ་དག་གི་བརྗོད་གཞི༌རང་མཚན་ཐོག༌སློབ་སྦྱོང་བྱ་དགོས་པ་མ༌ཟད། བསླབ་གཞི་ཕན་ཚུན་ཡ་མ་བྲལ་བར་སྤྱི་ཚོགས་ཀྱི་བརྗོད་གཞིར་རམ་འདེགས་ཡོང་ཐབས་བྱ་དགོས།
འབྱུང་རིག་སྡེ་ཚན་གྱི་བསླབ་གཞི་ནི་བོད་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་གནས་ཚུལ་ལ་བསམ་གཞིག་གིས་བཟོ་འགོད་བྱ་དགོས་ཤིང། སློབ་ཁྲིད་སྐབས་ངེས་པར་སློབ་ཕྲུག་ལ་ཤེས་བྱ་དང་འཇོན་རྩལ་ཐོབ་པར་ཁྲིད་སྟོན་བྱེད་པ་དང། གསར་གཏོད་དང། མཛེས་དཔྱོད་རིག་པ། ལྟ་ཚུལ་གལ་ཆེ་ཁག་བསླབས་ཏེ། འདས་པ་དང་ད་ལྟ་བ་གཉིས་ཀྱི་འབྲེལ་བ་དང། སྤྱི་ཚོགས་ཀྱི་འགྱུར་ལྡོག་ཚོར་ཐུབ་པ། དཀའ་ངལ་བསལ་ཐབས་བཅས་ཁྲིད་སྟོན་དགོས་པ་དང། སྒྲ་དང་འགུལ་བརྙན་གྱི་རྒྱུ་ཆ་སྟེ། པར་དང། རེའུ་མིག ས་ཁྲ། གློག་བརྙན། དངོས་བསྐྱོད་ཞིབ་འཇུག༌སོགས་ཀྱི་ཁུངས་དག་ཡིག་ཆ་སྤྱད་པའི་བསླབ་གཞི་མཁོ་འདོན་བྱ་དགོས།

Menu