བདེན་པའི་མེ་ལྕེ།

ཀུན་དགའ་ཚེ་རིང། སེ་ལ་ཀུལ་བོད་ཁྱིམ།

བདེན་ལུཊ་འཚོལ་བའི་མིག་ཟུང་ཁྲ་མོས་འོད་མདངས་ཤིག་གི་འགྲེལ་བཤད་འཁུར། །  
བདེན་དོན་གླེང་བའི་སྨྲ་ལྕེ་རྒོད་པོས་སྙིང་སྟོབས་ཤིག་ལ་བླ་འབོད་འཐེན། །
བདེན་པ་སྐྱོང་བའི་བརྟུལ་ཞུཊ་བརླིང་བས་སྤོབས་པའི་མགོ་འཕང་མཐོ་རུ་བཏེཊ། །
བདེན་རྫུན་འཐབ་པའི་མེ་ལྕེ་ཀློང་ནས་དམར་པོ་སྲོག་གིས་གད་རྒྱངས་སྒྲོག ། 

    འགྲོ་བ་མི་ནི་བདེན་པ་ལ་དགའ་ཞིང་བདེན་པའི་གནས་ལུགས་འཚོལ་རྒྱུར་དེ་བས་ཀྱང་སྤྲོ། ང་ཚོ་ཐུན་མོང་གིས་དྲང་བདེན་ལ་བརྩི་འཇོག་བྱེད་ལ་རྩོད་ལེན་ཀྱང་བྱེད། འཇིག་རྟེན་དུ་བདེན་པ་མེད་སོང་ན། ཡོད་ཚད་ཀྱི་ཡོད་ཚད་ལ་སྙིང་པོ་མེད་འགྲོ་བ་རེད། དེ་དུས་ནི་སྐྱག་རྫུན་གྱི་ན་བུན་འཁྲིགས་ཏེ་དངོས་ཡོད་ཀྱི་འཇིག་རྟེན་ཁམས་ཤིག་མཐོང་ཐབས་བྲལ་བའི་མུན་ནག་གི་དུས་སྐབས་ཡིན། མུན་ནག་གི་ཁྲོད་དུ་སུ་ཡིས་ཀྱང་བདེན་པ་མི་མཐོང་ལ་དྲང་པོའང་མི་བྱ། འདོད་རྔམ་དང་ཧམ་བཟུང། བཙན་གནོན། ཐ་ན་བླ་སྲོག་ཀྱང་འཆོར་ངེས་སོ། །དེའི་རྐྱེན་གྱིས་བདེ་བར་འདོད་པའི་སྐྱེ་འགྲོ་ཡོད་རྒུ་མུན་ནག་གི་ཞིང་ཁམས་འདི་འདྲར་འཚོ་མི་འདོད་པར་དེ་ལས་ལྡོག་པའི་རྩོལ་བ་ལ་འཇུག་པ་ཡིན། དེ་ནི་ཏག་ཏག་བདེན་པ་འཚོལ་བའི་ལམ་དུ་བསྐྱོད་རྒྱུ་དེ་རེད།
    དུས་རབས་གསར་པའི་ལྷ་མོ་འཇིག་རྟེན་དུ་བྱོན་ནའང། མི་ཡུལ་དུ་སྔར་ལྟར་གདུག་རྩུབ་དང་གཉའ་གནོན། བཤུ་གཞོག་གི་རྩུབ་སྤྱོད་ཆད་མི་འདུག  མ་ཟད། དེང་སང་གི་དུས་འདི་དག་ལ་ངའི་ཕ་ཡུལ་དུ་འཇིགས་སྐྲག་གི་རླུང་བུ་འཚུབ་ཀྱིན་འདུག་ཟེར། བཙན་གནོན་དང་བཙོན་འཇུག  གཅར་རྡུང། འཕྲོག་བཅོམ། དམར་གསོད་ཀྱང་བྱེད་ཀྱིན་པའི་ཡུལ་གྲུ་དེར་ངའི་རིགས་མཐུན་སྤུན་ཟླ་ཁྲི་ཕྲག་གིས་སྡུག་བསྔལ་གྱི་མིག་ཆུ་ཐ་ར་ར་གཏོང་གིན་པ་གོ་བྱུང།
    རྒྱ་ནག་དམར་པོའི་གཞུང་གི་སྐྱག་རྫུན་གྱི་བང་མཛོད་ད་དུང་ཡང་རྫོགས་མི་འདུག  ཁོང་ཚོ་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ཚིག་འབྲུ་སྙན་མོ་མང་པོ་ཞིག་བསྡུ་རུབ་བྱེད་ཀྱིན་པར་བྲེལ། ངོ་ཚ་དང་སྙིང་རྗེ་ཡེ་ནས་བྲལ་བའི་མཁྲེགས་འཛིན་པ་དེ་ཚོས་མུ་མཐུད་དུ་སྐྱག་རྫུན་ལུང་པ་གང་འཁྱེར་ནས་མི་མང་གི་རྣ་བ་དང་མིག་ཟུང་འགེབས་ཐབས། སྨྲ་ལྕེ་འགོག་ཐབས་བྱེད་བཞིན་འདུག། བྱམས་བརྩེ་དང་སེམས་འཁུར་སྤུ་ཙམ་མེད་པའི་དམར་པོའི་དམག་དཔུང་ཁྱུ་དང་ཁྱུ་རེ་མདུན་དུ་བཤམས་ནས། དྲག་མཚོན་སྣ་ཚོགས་ཀྱི་རྩེ་མོ་གཏོད་ཀྱིན་མེ་མདའི་འབེན་དུ་གྱུར་པའི་འབངས་མི་ཚོར་བརྙས་བཅོས་དང་ཁྱད་གསོད་ཁོ་ན་བྱེད་པ་རེད། སྨག་ཧ་ཅང་གནག་པའི་མུན་ནག་གི་ཡུལ་ཁམས་འདི་ནས་འཚོ་ཐབས་བྲལ་བའི་རྐྱེན་གྱིས། བདེན་པའི་རྟོགས་པ་སད་པའི་མི་བུ་རེ་རེ་བཞིན་ཡར་འགྲེངས་ནས་སླེབས་ཀྱི་འདུག་པར་མ་ཟད། ཁོང་ཚོས་བདེན་པའི་རྒྱང་འབོད་བྱ་འགོ་བརྩམས།
    ཁ་སང་དེ་རིང་དང་ན་ནིང་དོ་ཚིགས། ངས་ཕ་ཡུལ་ནས་རང་དབང་གི་འོད་མདངས་ཤིག་འཕྲོ་བ་མཐོང་བྱུང། གངས་དཀར་འོ་མའི་རླབས་རྒྱུན་རྩེན་པའི་གངས་ཁྲོད་ནས་མི་འཇིགས་སེང་གེའི་གཡུ་རལ་གསིག་བཞིན་པ་མངོན་སུམ་དུ་མིག་ཟུང་གིས་རིག་སོང། མཚན་སྨག་སྟུག་པའི་པོ་ཏ་ལའི་མཁའ་དབྱིངས་སུ་འོད་སྣང་འདྲེན་པའི་སྐར་ཆེན་ཞིག་ཤར་ལ་ཉེ་བ་རྟོགས་དུས། ཤ་རུས་གདུང་རྒྱུད་གཅིག་པའི་བོད་མི་སྤུན་ཟླ་ཁྲི་ཕྲག་གི་ཞུམ་མེད་ཀྱི་སྤོབས་པ་དང་འཇིགས་བྲལ་གྱི་སྙིང་སྟོབས་ལ་འགྲན་ཟླ་བྲལ་བ་ཤེས་སོང། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དཔའ་མོའི་བླ་མེད་ཀྱི་ཆོད་སེམས་དང་རྒྱལ་ཞེན་གྱི་རང་མདངས་བསམ་ན། ང་ལ་དབང་མེད་དུ་འདར་ཤ་བརྒྱབ་བྱུང། འདི་ནི་རང་ག་བའི་འདར་ཤ་ཞིག་མ་ཡིན་ཏེ། བདེན་པའི་གནས་ལུགས་དང་རང་དབང་གི་ཆེད་དུ། ཆག་འཇིག་དང་ཉེན་ཁའི་ཀློང་ན་འཚོ་བའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཕྱིར་དུ་གོ་ལ་ཧྲིལ་པོ་གཡོ་ནུས་པའི་མེ་ལྕེ་ཞིག་སྦར་བྱུང་བས་རེད།
    འཛམ་གླིང་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བདེན་པའི་འཐབ་རྩོད་ཅིག་གི་ལས་འགུལ་གྱི་རྦ་རླབས་འཕྱུར་ཡོང་དུས། སུ་དང་གང་ལའང་བསམ་དབང་དྲན་དབང་ཞིག་མེད་པར་རང་འགུལ་གྱིས་སྦྲིད་པར་བྱེད། གངས་ཅན་བོད་མིའི་ལས་དབང་གི་བདེ་སྡུག་ལ་མནོ་བསམ་རེ་བཞེས་དུས། བདག་གི་སྤུན་ཟླ་ལགས། ཁྱོད་ལ་ཅི་འདྲའི་རི་རབ་ལས་བརྟན་པའི་ཆོད་སེམས་ཤིག་དང་སྟག་མོ་ལས་ཀྱང་བཙན་པའི་སྙིང་སྟོབས་ཤིག་རྒྱས་སོང། བདེན་ཁ་ལ་རིན་ཐང་མི་སྟེར་བའི་ཧམ་བཤད་དེར་ཁྱོད་གཏན་ནས་ཞེན་པ་ལོག་ཡོང་བས། ཅིས་ཀྱང་རང་ས་ནས་གཡོ་འགུལ་ཐེངས་ཤིག་མི་བྱ་ཀ་མེད་དུ་གྱུར།
    དུས་དེར། ཡོད་ཚད་ཁུ་སིམ་མེར་གཉིད་དུ་ཡུར་བའི་སྐབས། ཁྱོད་འབར་བྱུང། འུར་འུར་དུ་འབར་གྱིན་བདེན་པའི་ཁ་གཡང་སྒྲོག་གི་འདུག  དམར་ལྷེམ་ལྷེམ་གྱི་མེ་ལྕེའི་ཁྲོད་ནས་རང་དབང་གི་འབོད་སྒྲ་བསྒྲགས། མེ་ལྕེ་དེའི་གསེབ་ཏུ་བླ་སྲོག་གསོན་པོས་དེ་ལྟར་མིའི་རིགས་ལ་སྐུལ་བརྡ་ཐེངས་ཤིག་བཏང། ད་དུང་དེ་ལས་ཀྱང་ལྷག་པ་ནི་ཁྱོད་ཀྱིས་རང་ཉིད་བསྒྲོན་ཡང་གཞན་ལ་འཚེ་བར་མི་འདོད་པའི་ཀུན་སྤྱོད་དེ་རེད། དེའི་རྐྱེན་གྱིས་མི་རྣམས་རྟབ་རྟབ་པོར་སད་དེ་གང་སར་བྲེལ་འཚུབ་འཚུབ་ཀྱིས་འདུར་གྱིན་འདུག། རང་སྲོག་ལ་རང་གིས་རྒོལ་ཏེ་བདེན་པ་འཚོལ་བའི་བདག་གི་དཔའ་བོ་ལགས། ཁྱོད་ཀྱིས་དེ་ལྟར་རང་ཉིད་ཀྱི་ཐམས་ཅད་བློས་བཏང་སྟེ་འཇིག་རྟེན་ནས་བཞུད་སོང་མོད། ཁྱོད་ཀྱིས་སྦར་བའི་མེ་ལྕེ་དེ་ནམ་ཡང་གཟིམ་མི་སྲིད་ལ། ཁྱོད་རང་བགྲོད་པའི་ལམ་བུ་དེ་དུས་གཏན་དུ་བསུབ་ཐབས་བྲལ་སོང།
    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལྷུང་ལྷུང་དུ་བཞུར་དུས། དཔའ་བོའི་སྟོབས་དང་རྟུལ་ཕོད་ཀྱི་སྙིང་སྟོབས། དཔའ་བོས་བསྐྲུན་པའི་བླ་མེད་ཀྱི་མཛད་རྗེས་སྐྱེ་བོ་ཀུན་གྱི་ཡིད་སེམས་སུ་ལྷན་ཅིག་ཏུ་འཐིམ་ངེས་ཤིང། བདེན་པའི་མེ་ལྕེ་ཡི་འོད་མདངས་ལ་སྔར་བས་ཀྱང་གཟི་འོད་འཕྲོ་བཞིན་དུ། གངས་ལྗོངས་ཨ་མའི་ལྟོ་བ་རུ་དགའ་སྤྲོའི་ངང་རང་དབང་གི་དགྱེས་སྟོན་བཤམས་ཆོག། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ལ་ཟད་མཐའ་བྲལ་བས་ན། འུ་ཅག་གིས་མཐུན་པའི་ལག་རྡང་སྦྲེལ་ཏེ་བདེན་པའི་མེ་ལྕེ་ལ་གུས་ཕྱག་འབུལ་ཆོག་ཅིང། མེ་ལྕེའི་ཁྲོད་ན་ང་ཚོར་ཅེར་བའི་རྣམ་ཤེས་དུ་མའི་སྤྱན་ཟུང་ལ་སྤྲོ་བའི་འོད་མདངས་རྒྱས་སུ་འཇུག་ཐུབ། གངས་རིའི་གཟི་བརྗིད་དང་གངས་ཆུའི་དྭངས་གཙང་ལ་སླར་ཡང་གསོན་ཤུགས་བསྐྲུན་པར་གྱུར་པས། བདེ་སྐྱིད་ལྡན་པའི་དཔལ་ཡོན་གསར་པ་ཞིག་ལ་མགོ་བོ་བསྙེས་ནས་པོ་ཏ་ལའི་མདུན་ཐང་དུ་དལ་བུར་མིག་ཟུང་བཙུམ་ན་འགྲིག།
    འདི་དག་ཡོད་ཚད་རྨི་ལམ་དུ་རྨིས་ཐེངས་རེར། ངས་ད་གཟོད་རྨི་ལམ་མངོན་སུམ་དུ་བསྒྱུར་བའི་དཔའ་བོ་དཔའ་མོ་དེ་དག་དྲན་བྱུང། དམར་པོ་མེ་ཡི་གསེབ་ཏུ་བདེན་པའི་གད་རྒྱངས་སྒྲོག་པའི་བརྟུལ་ཕོད་པའི་མཐོ་སྒང་གི་དཔའ་རྒོད་དེ་ཚོ་ལྷག་ཏུ་དྲན་བྱུང། ཟུངས་ཁྲག་དང་བླ་སྲོག་གིས་དམར་པོ་གཞུང་གི་སྒོ་ཆེན་བརྡུངས་ཤིང། མེ་ལྕེ་དང་འོད་མདངས་ཀྱིས་རང་དབང་དང་དྲང་བདེན་ལ་རྒྱང་འབོད་གནང་བའི་རླབས་ཆེན་གྱི་ཕྱག་རྗེས་མཐའ་དག་ནི་ཁྱོད་ཉིད་བདེན་པའི་ལམ་བུར་བསྐྱོད་པའི་གོམ་སྟབས་འབའ་ཞིག་རེད།
    རྒྱ་ནག་དམར་པོའི་བཙན་གནོན་དང་འཇིགས་སྐུལ། དྲག་སྤྱོད་ལ་ཞུམ་པ་མེད་པར་ངོ་བཟློག་མཁན་དང་བོད་མི་འབུམ་ཚོ་དྲུག་གི་སྡུག་བསྔལ་གྱི་ན་ཟུག་འཁུར་དུ་བཞེས་ཏེ། རང་གི་འདོད་འདུན་གསལ་པོར་བསྟན་ཞིང་དྲང་མོར་བརྗོད་མཁན། ཁྱེད་ཅག་གིས་ནམ་རྒྱུན་དུ་རྫུན་བཟོ་དང་འཁྱོག་བཤད་ལ་དགའ་བའི་རྒྱ་ནག་གཞུང་གི་ངོ་གདོང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་སོང། ཞི་བ་དང་འཚེ་བ་མེད་པའི་ཁྱོད་ཀྱི་བློས་གཏོང་དེས། བོད་ཡུལ་དུ་ད་དུང་ཡང་༸སྐྱབས་མགོན་ཞིག་གི་བྱིན་རླབས་དང་སྤུན་ཟླ་དུ་མའི་བརྩེ་འདང། དེ་བས་ཀྱང་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང། བདེན་པ་དང་དྲང་པོའི་གནས་ལུགས་བཅས་མེད་པར་བརྟེན་ཤིན་ཏུ་མཁོ་བའི་ར་སྤྲོད་དང་བདེན་དཔང་བྱིན་སོང། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཁྱོད་ཀྱི་སྙིང་སྟོབས་དང་བློས་གཏོང་ལ་ཡི་རངས་ཞུ་ཞིང་གདེང་འཇོག་སྤྲོད་ཀྱིན་ཡོད་ལ། ཁྱོད་ཀྱི་བླ་སྲོག་གི་འབོད་པ་ལ་ཏན་ཏན་བརྩི་མཐོང་བྱེད་ངེས་ཡིན་པས། བདེན་པ་འོད་དུ་འབར་བའི་མེ་ལྕེ་ཡིས་འཛམ་གླིང་གི་སྒལ་གཞུང་དུ་བདེན་པའི་ལོ་རྒྱུས་བསྐྲུན་ཁོ་ཐག་ཡིན།
    བདེན་དོན་གྱི་སླད་དུ་མེ་ལྕེའི་ཀློང་དུ་མཆོངས་པར་སྤོབས་པའི་མིའི་རིགས་ཀྱི་དཔའ་རྒོད་རྣམ་པ། རང་དབང་གི་ཕྱིར་དུ་བླ་སྲོག་གསོན་པོ་མེ་རུ་བསྲེག་ནུས་པའི་མཐོ་སྒང་གི་བོད་པའི་དཔའ་བོ་ཚོ། དྲང་བདེན་དང་གནས་ལུགས་འཚོལ་བའི་ལམ་དུ་ཆས་པ་ནས། གོ་ལ་ཧྲིལ་པོར་བདེ་སྐྱིད་དང་ཞི་བདེ་ཡི་ཉི་གཞོན་ཞིག་བསུ་ཐུབ་ངེས་རེད་ལ།
    ཁ་བ་བོད་པའི་ལས་དབང་གི་སྐྱོ་གར་དེ་མཇུག་སྒྲིལ་བྱེད་ནུས་པ་ཡིན། རྒྱུ་མཚན་ནི་བདེན་པ་ལ་ནམ་ཡང་རྒྱལ་ཁ་འཐོབ་ཅིང་བདེན་པའི་མེ་ལྕེ་ལ་གཏན་དུ་གཟིམ་པ་མེད་པས་སོ། །

མེ་ཕུང་དམར་པོ་འུར་འུར་འབར་བའི་རྒྱལ་གཅེས་དཔའ་པོའི་བླ་སྲོག་གིས། །
རང་དབང་ཞི་བདེའི་འོད་སྣང་འཕྲོས་ཏེ་གོ་ལ་ཧྲིལ་པོར་བདེ་སྐྱིད་བསུ།  །
བདེན་པའི་མེ་ལྕེ་མཐོ་སྒང་བོད་ནས་འཇིག་རྟེན་ཀུན་ཏུ་མཆེད་གྱུར་ན། །
མི་འཇིགས་དཔའ་པོའི་སྙིང་སྟོབས་གསོན་པོ་ནམ་ཡང་དྲན་པའི་རྡོ་རིང་ཉིད། །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་མགོ་མཇུག་གཉིས་ཀར་ཚིགས་སུ་བཅད་པས་བརྒྱན་པ་ནི་སྲོལ་རྒྱུན་གྱི་རྩོམ་སྟངས་དང་མཚུངས་ཤིང། རྩ་བའི་ཆ་ནས་དུང་སེམས་མཚོན་པའི་རྩོམ་ཡིག་གི་གྲས་སུ་གཏོགས།
    རྩོམ་ཡིག་འདིའི་བརྗོད་བྱ་ལ་རྩོམ་པ་པོས་སྤྱི་དང་བྱེ་བྲག་གཉིས་སུ་དབྱེ་སྟེ་གླེང་ཡོད། དེ་ཡང་བདེན་པའི་གལ་ཆེའི་རང་བཞིན་སོགས་རྩོམ་ཡིག་གི་འགོ་ནས་སྤྱི་ཡོངས་ཀྱི་ཆ་ནས་གླེང་སྟེ། བྱེ་བྲག་ཏུ་བོད་མིས་རང་ལུས་མེ་སྲེག་གིས་དྲག་གནོན་བྱེད་མཁན་གྱི་གཞུང་ལ་ངོ་རྒོལ་བྱེད་པའི་མེ་ལྕེ་དེ་ཡང་བདེན་པའི་མེ་ལྕེ་ཞིག་ཏུ་བརྗོད་ཡོད།
    རྗོད་བྱེད་ཀྱི་ཚིག་ལ་གོ་སླ་ཀློག་བདེ་ཡི་ཁྱད་ཆོས་ལྡན་ལ། ཚིག་གི་དངོས་ཤུགས་བརྒྱུད་གསུམ་ནས་དཔའ་བོའི་སྙིང་སྟོབས་ལ་བསྔགས་བརྗོད་བླ་ན་མེད་པ་བྱས་པ་དང་མཉམ་དུ་རང་གི་འགོག་མེད་ཀྱི་དུངས་སེམས་ཀྱང་གང་ནུས་ཀྱིས་མཚོན་པར་བྱས་ཡོད།

བདེན་པའི་མེ་ལྕེ།

རྣམ་རྒྱལ་སྒྲོལ་མ། སྦེལ་ཀོབ་བོད་ཁྱིམ།

བདེན་པ་ནི་ནམ་ཡང་བདེན་པ་ལས་རྫུན་དུ་འགྱུར་མི་སྲིད་ལ། དྲང་བདེན་འཚོལ་བའི་ཆོད་སེམས་དེ་ཡང་གཏན་དུ་ཞུམ་མི་སྲིད་པས། བདེན་པའི་ང་རོ་ཞིག་ཀྱང་ཇི་སྲིད་བར་དུ་མེ་ལྕེ་བཞིན་གྱེན་དུ་འབར་བ་ལས་ཕྱིར་འཐེན་དང་གཉའ་འཁུམས་མི་སྲིད།
“གསོན་ན་སྟོབས་དང་བདེན་པར་གསོན་དགོས་ལ། འཆི་ན་འོད་དང་ལྡན་པར་འཆི་དགོས”
                —-   《 ཤར་དུང་རི 》འི་ཚིག་གཡར་བ་ཡིན།

སྔོན་གླེང།

    འདི་ནི་བདེན་པ་རེད། མིག་གཉིས་དངུལ་གྱི་ཤོག་བུས་བཏུམས་པར་མིན་ཚེ། བོད་རྒྱལ་ཁབ་ནི་གནའ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། འདི་ནི་བདེན་དོན་ཞིག་རེད། དཔོན་པོ་ཐམས་ཅད་རང་གི་ཐོབ་དང་གོ་ས་ལ་ཆགས་མེད་ན། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སུམ་ཅུ་སོ་གྲངས་ནང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོས་བོད་ལྗོངས་འདི་ཉིད་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་གསལ་བསྒྲགས་མཛད་པར་ཀུན་གྱིས་མཁྱེན་གསལ་དང་ཡོངས་ཀྱིས་རྟོགས་ངེས་རེད། བདེན་པ་འདི་ནི་དུས་ནམ་ཡང་བདེན་པ་རེད།  སུས་ཀྱང་བསྒྱུར་བཅོས་ཐུབ་ཐབས་མེད་པའི་གནད་དོན་ཞིག་ཀྱང་རེད།

དང་པོ། བདེན་པ་གང་རེད་དམ།

    སྤྱིར་ན་གོང་དུ་ཞུས་པ་བཞིན་བོད་རྒྱལ་ཁབ་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་ཁ་བཏོད་པ་བཞིན་ཀུན་ལ་མངོན་སུམ་དུ་གྱུར་ཅིང་ཡོངས་སུ་གྲགས་མོད། སྤྱི་ལོ་ ༡༩༤༩ ནས་བཟུང་རྒྱ་ནག་གུང་ཁྲན་ཏང་གིས་བཙན་དབང་ཐོག་ནས་ངེད་ཅག་བོད་ཀྱི་ཡུལ་དུ་བཙན་འཛུལ་བྱེད་འགོ་བཙུགས་ནས་མི་བསད། ཡུལ་བཅོམ། གཏེར་ཁ་དབོར་འདྲེན་བྱས་ནས་མཐའ་ན་ངེད་བོད་པ་ཚང་ལ་རང་དབང་གི་ཚིག་གཅིག་སྒྲོག་པའི་ཐོབ་ཐང་དང། རང་གི་བླ་མའི་སྐུ་པར་ཞིག་ཀྱང་ཉར་མི་ཆོག་པར་དོན་མེད་བཙོན་འཇུག་དང། ཉེས་མེད་ལ་མནར་གཅོད་བཏང་ནས་བཟོད་བསྲན་ཀུན་ནས་བྲལ་བར་བརྟེན་གངས་ཅན་པའི་སྤུན་ཟླ་རྣམས་བདེན་པ་འཚོལ་བའི་ལམ་ལ་ཞུགས།

གཉིས་པ། བདེན་པ་འཚོལ་བ།

    དྲག་གནོན་དང་མནར་གཅོད། གདུག་རྩུབ་དང་བཤུ་གཞོགས་ཚད་ལས་བརྒལ་བར་བརྟེན་བོད་མི་རྣམས་བཟོད་བསྲན་བྲལ་ནས་བདེན་པ་འཚོལ་བའི་གོམ་ཁ་དང་པོ་དེ་སྤྱི་ལོ་༡༩༥༩་ལོའི་ཟླ་ ༣ པའི་ཚེས་༡༠ ལ་སྤོས་པ་རེད། དེ་ཡང་ཞི་བའི་ངང་ནས་བདེན་པའི་འབོད་སྒྲ་སྒྲོག་བཞིན་རང་དབང་གི་ངོ་རྒོལ་བྱས། དེ་བཞིན་སྤྱི་ལོ་ ༡༩༧༩ ཟླ་བ་ ༩ པའི་ཚེས་ ༢༡ ནས་དོན་སྙིང་ལྡན་ལྡན་པའི་ཞི་རྒོལ་བྱས་ཀྱང་ཕན་འབྲས་ཏིལ་ཙམ་ཡང་མ་བྱུང་བར་མ་ཟད། མུ་མཐུད་ནས་འདྲེ་ལག་རིང་པོ་བསྐྱངས་ནས་གཉའ་གནོན་བྱས་པར་བརྟེན ༢༠༠༨ ལོར་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང།
    ད་དུང་ཡང་ཡ་ལན་བྱེད་པའི་ཚབ་ཏུ་བོད་ལྗོངས་ཡོངས་རྫོགས་དྲག་ཆས་ཉེན་རྟོག་དམག་མིས་བསྐོར་ནས་བོད་པའི་མགོ་ཐོག་ཏུ་ཉི་མ་ཤར་ཡང་འོད་སྣང་མེད་པ་དང་འཚོ་བ་བསྐྱེལ་ཡང་སྙིང་པོ་མེད་སྟབས་ ༢༠༠༩ ལོ་ནས་བཟུང་ད་བར་དུ་བོད་མི་ ༤༢ ལྷག་གིས་རང་གི་སྐུ་ལུས་མེ་ལ་བསྒྲོན་ནས་ངེད་བོད་པ་ཚང་གི་བདེན་པ་འཛམ་གླིང་ཡོངས་ཀྱིས་རྟོགས་པའི་ཐབས་ཤེས་བྱས།

གསུམ་པ། བདེན་པ་འཚོལ་སྟངས།

    ཀྱེ་ཀྱེ། འཛམ་བུ་གླིང་གི་འགྲོ་བ་མི་ཡི་རིགས། གཟིགས་བྱུང་ངམ། གལ་སྲིད་ཁྱེད་ཀྱི་མིག་གཉིས་དམར་པོའི་གཞུང་གི་གནོན་ཤུགས་ཀྱིས་ཅི་ནས་ཀྱང་བཏུམས་མེད་ན་ཁྱེད་ཀྱིས་མཐོང་ཡོད་ངེས། རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་ཞི་རྒོལ་ལ་གཟིགས་དང། དམར་པོ་གཞུང་ལ་གནོད་པའི་བྱ་བ་ཏིལ་ཙམ་མེད་པར་རང་གི་བདེན་པ་ཁོ་ན་ར་སྤྲོད་བྱེད་ཆེད་རང་གི་ལུས་ལ་མེ་བསྒྲོན་ནས་མེ་ལྕེ་དམར་པོ་དེའི་དབུས་ནས་དྲང་བདེན་ལ་མིག་ཅེར་བའི་རེ་བ་བརྒྱབས། འཚིག་བཞིན་པའི་ལུས་ཀྱི་དུ་བ་ནག་པོ་དེའི་ཁྲོད་ནས་བདེན་པར་རྒྱབ་ལངས་བྱ་བའི་རེ་བ་དང་བཅས་ཆེས་མཐའ་མཇུག་གི་དབུགས་རྒྱུན་ཆད་དེ་མི་ཡུལ་འདི་ནས་གཏན་ཏུ་བྲལ་སོང།
     རེད་ཨང། ད་བར་དུ་རྡུང་རྡེག་དང་བཙན་གནོན་ཅི་ཙམ་བྱས་པ་ལ་བོད་པ་སུ་ཞིག་གིས་གང་འཇོན་གྱིས་ཡ་ལན་བྱེད་དམ། མ་རེད། ཁོང་ཚོར་ཡ་ལན་བྱེད་པར་སྙིང་སྟོབས་ཀྱིས་མ་འདང་བ་དང་བློ་ཁོག་མེད་པ་གཏན་ནས་མིན། ཁོང་ཚོའི་ཚེ་གཅིག་གི་རིན་ཐང་རྟོགས་བཞིན་དུ་དབུགས་ཀྱི་རྒྱུན་ཆད་བཅུག་པ་ནི་ཁོང་ཚོ་དྲང་བདེན་ལ་དགའ་དྲགས་པའི་དབང་གིས་རེད། ཁོང་ཚོ་དྲང་བདེན་ལ་དུངས་དྲགས་པའི་རྐྱེན་གྱིས་རེད། དེའི་ཕྱིར་ཁོང་ཚོས་ཞི་བའི་ངོ་རྒོལ་བྱས་ཏེ་བདེན་པ་འཚོལ་བ་ཡིན།

བཞི་པ། བོད་པ་ཚང་གི་མེ་ལྕེ།

    གོང་དུ་ཞུས་པ་ཐམས་ཅད་བདེན་པ་ཡོད་པ་དང་བདེན་པའི་རྒྱུ་མཚན། བདེན་པ་འཚོལ་བ་དང་བདེན་པ་འཚོལ་སྟངས་རེད། ད་ནི་ངེད་གངས་ཅན་པའི་མེ་ལྕེའི་སྐོར་གླེང་རྒྱུ་ཡིན། མེ་ལྕེ་འདི་ནི་ཆུས་བསད་མི་ཐུབ་པ་དང། རླུང་གིས་གཡོ་མི་ཐུབ་པའི་མེ་ལྕེ་ཡིན། མེ་ལྕེ་འདི་ནི་རྒྱལ་གཅེས་ཀྱི་མེ་ལྕེ་ཡིན་པས་དམར་པོའི་སླུ་བྲིད་དང་གཡོ་སྒྱུ་ཆུ་བོ་འབབ་འབབ་དེས་གཏན་ནས་བསད་མི་ནུས། མེ་ལྕེ་འདི་ནི་ལྷག་བསམ་གྱི་མེ་ལྕེ་ཡིན་སྟབས་ཀླ་ཀློའི་ཐབས་བརྒྱ་བྱུས་སྟོང་གི་རླུང་བུས་ནམ་ཡང་གཡོ་མི་ཐུབ།
    དེ་བས་ཀྱང་མེ་ལྕེ་འདི་བཙན་པོ་སྲོང་བཙན་སྒམ་པོའི་རིགས་རྒྱུད་ལས་འཁྲུངས་པའི་དཔའ་ངར་ཞིག་ཡིན་ཕྱིར། རྒྱ་ནག་གི་དམག་དཔུང་འཛམ་གླིང་ཡོངས་ལ་ཁྱབ་ཀྱང་དཔའ་ངར་གྱི་འཐབ་རྩོད་དེ་ནམ་ཡང་ནུབ་པར་མི་འགྱུར། མེ་ལྕེ་དེ་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་བྱིན་རླབས་ཀྱི་མཐུ་སྟོབས་ཤིག་ཡིན་སྟབས། མནར་གཅོད་ཀྱི་རལ་གྲི་རྣོ་ལ་གདུག་རྩུབ་ཀྱི་སེམས་པ་གནག་ཀྱང་བཟོད་བསྲན་གྱི་ཞི་བའི་གྱེན་ལངས་དང། རང་དབང་བདེན་པའི་མེ་ལྕེ་གཉིས་ལ་འགྲན་ནུས་པའི་ཐབས་བྱུས་ད་བར་དུ་མེད་ལ་མ་འོངས་པར་ཡང་ཡོད་མི་སྲིད། མེ་ལྕེ་འདི་ནི་གཙང་པོ་བཞི་ཡི་རྒྱུན་དང་མཚོ་མོ་དག་གི་ཁ་ཞེང་གི་རང་བཞིན་ལས་མ་འདས་པས་དགྲ་བོའི་དམག་དཔུང་དང་དྲག་པོའི་མེ་སྒྱོགས་ཀྱི་སྐད་ངན་ཤུགས་ཇི་ཙམ་ཆེ་ན་ཡང་གཡོ་འགུལ་དང་ཤུགས་རྐྱེན་ཐེབས་པའི་དོགས་པ་ག་ལ་ཡོད།

ལྔ། མེ་ལྕེའི་དམིགས་ཡུལ་དང་ཕུགས་བསམ།

    རྒྱལ་གཅེས་ཀྱི་མེ་ལྕེ་དེ་དུས་རྟག་ཏུ་གྱེན་ནས་གྱེན་དུ་འབར་བ་ལས་གཡོ་སྒྱུའི་ཆུ་ཡིས་བསད་པར་དོགས་པ་མེད་པ་ནི་མེ་ལྕེ་འདི་ལ་དམིགས་ཡུལ་ཡོད་པའི་རྟགས་མཚན་རེད།  དམིགས་ཡུལ་དེ་མ་འགྲུབ་བར་དུ་མེ་ལྕེ་འདིས་ཕྱིར་འཐེན་གཏན་ནས་བྱེད་མི་སྲིད། དམིགས་ཡུལ་ནི་ཆུང་ཆུང་ཞིག་དང་དྭངས་གཙང་ཞིག་རེད། དམིགས་ཡུལ་ཆུང་ཆུང་འདི་ནི་སྔར་ནས་ཡིན་ལ་འབྱུང་འགྱུར་ཡང་ཡིན་དགོས་པའི་གནད་དོན་ཞིག་རེད། དེ་ནི་བདེན་པ་རེད། བདེན་པ་དེ་ནི་བོད་འདི་རྒྱ་ཁོངས་མིན་པའི་བདེན་པ་ཞིག་རེད། ངེད་ཚང་ལ་བདེན་པ་འཚོལ་བའི་ཐོབ་ཐང་ཡོད་པ་དེ་རེད། རྒྱུ་མཚན་ནི་ང་ཚོར་དྲང་བདེན་ཡོད་པས་ཡིན། བདེན་པ་ཡོད་པར་ར་སྤྲོད་བྱེད་པའི་ཐོབ་ཐང་ང་ཚོ་ལ་ཡང་ཡོད་པས་སོ། །
    མེ་ལྕེ་འདི་ལ་ཕུགས་བསམ་ཡང་ངེས་ཅན་ཞིག་ཡོད་པ་ནི་ལོ་ནག་ང་དགུ་སྔོན་དུ་ང་ཚོ་རང་ཉིད་ཀྱི་ཡུལ་ལ་བདེ་སྐྱིད་ཀྱི་འཚོ་བར་རོལ་ནས་ཞི་བདེ་བག་ཕེབས་ངང་གནས་དུས། ང་ཚོར་རང་གི་ཡུལ་དང་རང་གི་མཚེར་ས་ཡོད། བར་སྐབས་དེར་དམར་པོས་བཙན་གྱིས་ཕྲོགས་སོང་བར་བརྟེན། ད་ཆ་ང་ཚོ་རང་གི་ཡུལ་རང་ལ་དབང་བ་དང་རང་ཉིད་རང་གི་ཡུལ་ན་སྡོད་འདོད་པའི་འདུན་པ་དང་བསམ་བློ་ཡོད་སྟབས་ཕུགས་བསམ་འདི་བཅངས།
    བོད་པ་ཚང་གི་མེ་ལྕེ་དང་མེ་ལྕེ་འདིའི་དམིགས་ཡུལ་མ་འགྲུབ་བར་དུ་ཉིན་རེ་བཞིན་གོམ་ཁ་མདུན་དུ་སྤོ་བ་ལས་ཕྱིར་འཐེན་མི་བྱ་བར་མ་ཟད། ཕུགས་བསམ་ཆུང་ཆུང་འདི་ཡང་མ་འགྲུབ་ཚེ། དེ་རིང་འཇིག་རྟེན་འདིར་གནས་བར་སྙིང་པོ་མེད་པས་གོམ་པ་རེ་རེ་བཞིན་སྤོས་ཏེ་མཐར་མེ་ལྕེ་འདི་འབར་བ་ཞིག་རེད།

མཐའ་མཇུག་གི་སེམས་གཏམ།

    བདེན་པ་ནི་སེམས་དང་ལྡན་པ་མ་ཡིན་པས་ཀླ་ཀློའི་དམག་དཔུང་དང་དྲག་གནོན་གྱི་སྟོབས་ཤུགས་ཀྱིས་གསོད་མི་ཐུབ་ལ། དྲང་བདེན་ནི་སེམས་མེད་བེམ་པོ་མ་ཡིན་པས་མེ་སྒྱོགས་དང་རྡུལ་ཕྲན་གྱིས་གཏོར་བའི་བསམ་པ་ནི་ཉིན་མོའི་རྨི་ལམ་རེད། དེའི་ཕྱིར་བདེན་པ་ནི་ནམ་ཡང་བདེན་པར་གནས་ཐུབ་པ་ནི་འཁོར་བའི་ཆོས་ཉིད་རེད། ལོ་ངོ་དུ་མ་ཕྱིན་ན་འཕྲོ་བརླག་ཏུ་འགྲོ་བའི་ལོ་རྒྱུས་མེད་ལ་འཁྱོག་བཤད་འབུམ་ཕྲག་བྱས་ཀྱང་གཡོ་འགུལ་ཐེབས་ནས་འཕོ་འགྱུར་འགྲོ་མི་སྲིད།
    དེ་ཙམ་དུ་མ་ཟད་བདེན་པ་ནི་གཡོ་སྒྱུ་དང་སླུ་བྲིད་ཀྱིས་མགྲོན་པོར་བསུ་ཐུབ་པ་དང། འཇིགས་སྐུལ་དང་ཧམ་བཤད་ལ་འཇིགས་ནས་བྲོས་འགྲོ་བའི་ལུགས་སྲོལ་ཡང་མེད་པར་བདེན་པ་ནི་དུས་ནམ་ཡང་བདེན་པ་རེད།
    བདེན་པའི་ཆེད་དུ་འབར་བཞིན་པའི་མེ་ལྕེ་འདི་ཡང་རྒྱལ་གཅེས་དང་ལྷག་བསམ། སྙིང་སྟོབས་དང་དཔའ་ངར་གྱི་མེ་ལྕེ་ཡིན་སྟབས་མཚམས་ཆད་པ་དང་མཚམས་འཇོག་པ། གཉའ་འཁུམ་པ་དང་སྙིང་ཞུམ་པ་སོགས་ཀྱི་སྲོལ་མེད།  མདོར་ན་ངེད་བོད་པ་ཚང་ལ་བདེན་པ་མ་ཐོབ་བར་དུ་འབར་བཞིན་པའི་མེ་ལྕེ་ཡང་གཏན་དུ་འབར་ངེས་རེད།

བདེན་པའི་རང་བཞིན་གསོད་མེད་ཡལ་མེད་དེ། །
བདེན་པའི་འཐབ་རྩོད་བདེན་པའི་རྒྱལ་ཁ་ཡོད། །
ལྷག་བསམ་མེ་རུ་འབར་བའི་སྙིང་སྟོབས་དེ། །
ནམ་ཡང་གྱེན་དུ་འབར་བར་ཐེ་ཚོམ་ཅི། །

རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་སྔོན་གླེང་དང་མཇུག་གཏམ་ཐེ་ན་དུམ་ཚན་ཆེན་པོ་ལྔ་རུ་གྲུབ་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན། རྩོམ་ཡིག་ཏུ་བདེན་པ་དང་མེ་ལྕེ་གཉིས་དང་འབྲེལ་བའི་སྒྲུབ་ཕྱོགས་ཀྱི་དོན་དག་མང་པོ་ཞིག་བཀོད་ཡོད་པ་ནི། གནས་ལུགས་དང་རྒྱུ་མཚན་ངེས་ཅན་ལྡན་པ་ཞིག་རེད། དུམ་ཚན་རེེར་ཁ་བྱང་རེ་བཏགས་པ་དེར་ཡང་དཔྱད་རྩོམ་ཞིག་གི་ཉམས་མངོན་འདུག
རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་ནི་བདེན་པའི་དོན་དུ་རང་ལུས་མེ་སྲེག་བྱེད་ཕོད་པའི་དཔའ་བོ་ཚོར་བསྟོད་བསྔགས་དང་རྗེས་སུ་ཡི་རངས་བྱས་པ་ཞིག་རེད། རྗོད་བྱེད་ཀྱི་ཚིག་ལ་ཡང་གོ་བདེ་བ་ཀློག་སྤྲོ་བའི་ཁྱད་ཆོས་གང་འཚམ་ཞིག་འདུག
འོན་ཀྱང། དུམ་ཚན་རེར་ཁ་བྱང་རེ་བཏགས་པ་ཡོངས་རྫོགས་བརྗོད་དོན་དང་འཚམས་པོ་ཞིག་རེད་ཟེར་རྒྱུ་ཅུང་ཁག་པོ་འདུག། འོན་ཀྱང། ལོ་ཚད་དང་ཤེས་ཚད་གཞིགས་ནས་བཤད་ན། དངོས་ནས་རྩོམ་ཡིག་ཡག་པོ་ཞིག་རེད།

རང་དབང་གི་འབོད་སྒྲ།

བློ་བཟང་དགེ་ལེགས། མ་སུ་རི་བོད་ཁྱིམ།

    སྔོ་བསངས་མཐའ་ཡས་པའི་ནམ་མཁའ། འཇའ་བཞིན་གསེར་འོད་འཕྲོ་བའི་ཉི་མ། མཛེས་ཤིང་རྣམ་པར་བཀྲ་བའི་མེ་ཏོག་གི་དྲི་བསུང། རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ལུས་ཕྲ་མའི་གླུ་སྒྲ། ཨེ་མ། དེ་ལས་ཀྱང་ཁྱད་དུ་འཕགས་པ་ནི་བོད་མི་རིགས་ཀྱི་གཞོན་སྐྱེས་རྣམས་ལ་ལམ་སྟོན་གྱི་འདྲེན་བྱེད་དང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་འཛིན་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་རང་དབང་གི་འབོད་སྒྲ་དེ་ཡིན་པར་མངོན། གསོན་དང། ཧི་མ་ལ་ཡའི་རིའི་རྒྱབ་ལ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུང་བཞིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རང་དབང་གི་འབོད་སྒྲ་དེ། ཡར་ཀླུང་གཙང་པོ་ལས་ཆེ་ལ་མཁའ་དབྱིངས་སུ་འཕུར་བཞིན་པའི་ལྷ་བྱ་དཀར་པོ་ལས་ཞི་བདེ་ཡིན་ཆེ་ནས་རང་དབང་ཡོད་དམ་ཟེར་ན། རུས་སྦལ་གྱི་སྤུ་དང་ནམ་མཁའི་མེ་ཏོག་དང་གཉིས་སུ་མ་མཆིས་སོ། །དམྱལ་བ་བོད་ཁ་བ་གངས་ཅན་དུ་འཕོས་པ་ལྟར། མནར་གཅོད་དང་སྡུག་བསྔལ། ཕྲ་མ། འཕྲོག་བཅོམ། བཙན་འཕྲོག་བགྱིད་དུས་འདིར་བོད་ཀྱི་དཔའ་བོ་རྣམས་ཀྱི་འབོད་སྒྲ་དང་བདེན་པའི་མེ་ལྕེ་འཛམ་གླིང་ཡོངས་སུ་ཁྱབ་སྟེ། འཚེ་མེད་ཞི་བའི་རང་དབང་གི་འབོད་སྒྲ་དེ་དུས་རབས་ཉེར་གཅིག་པའི་ནང་ནམ་ཡང་བསུ་ཐབས་མེད་ཅིང་བོད་ཀྱི་ལོ་རྒྱུས་ནང་བྱས་རྗེས་འཇོག་གནང་མཛད་ཡོད། བོད་ཀྱི་དཔའ་བོ་དང་དཔའ་མོ། ཁྱོད་རྣམས་ཀྱི་འབོད་སྒྲ་རེ་རེའི་ནང་དུ་བོད་མི་རིགས་ཀྱི་བདེན་པ་དང་རང་དབང་འདྲ་མཉམ་བཅས་བཀོད་ཡོད་ལ། ཁྱོད་རྣམས་ཀྱི་སྐུ་ལུས་མེ་མཆོད་དུ་ཕུལ་བའི་ནང་དུ་བོད་མི་རིགས་ཀྱི་སྙིང་སྟོབས་དང་ལ་རྒྱ་ཡི་བླ་སྲོག  མཐུན་སྒྲིལ་གྱི་རྩ་བ་ཡང་ལྡན། ཀྱེ་ཀྱེ། དུས་རབས་ཉེར་གཅིག་པའི་བོད་ཀྱི་དཔའ་བོ་ཁྱེད་རྣམས་ཀྱི་འབོད་སྒྲ་ལ་སྙིང་སྟོབས་འདི་ལྟ་བུ་ཞིག་ཇི་ལྟར་རྒྱས་པ་ཡིན་ནམ། དེ་ནི་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ལམ་སྟོན་གྱི་འདྲེན་བྱེད་ངོ་མ་དེ་ཡིན།
    རེད་ཡ། ང་ཚོ་ནི་ཁྱོད་ཅག་གི་རྗེས་འབྲངས་ཡིན་ལ། མ་འོངས་བོད་གསར་སྐྲུན་མཁན་ཡང་ཡིན། ང་ཚོའི་སེམས་དང་མིག་ནས་ཡལ་དཀའ་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་ཁྱོད་རྣམས་ཀྱི་རེ་བ་དང་དམ་བཅའ་སོགས་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར། ང་ཚོ་གཞོན་སྐྱེས་རྣམས་ཀྱི་བོད་དོན་ལ་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོ་ཡི་བོད་རྒྱལ་ཁབ་དེ་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ལ། སྒྱུ་རྩལ་གྱི་བང་མཛོད་དང། ཤེས་རིག་གི་ལྟེ་བ། བློ་དཀར་གྱི་འབྱུང་གནས་ཤིག་ཀྱང་ཡིན། དེར་གནས་པའི་སྐྱེ་འགྲོ་ཀུན་ནང་ཆོས་ལ་དད་པ་ཆེ་ཞིང། གཞན་ཕན་ལྷག་བསམ་དང་རང་དབང་ཞི་བདེ་ལ་དགའ་བ་ཞིག་ཡིན་པར་མ་ཟད། རང་དབང་གི་འབོད་སྒྲ་ལ་བརྟེན་ནས་འདི་ལྟར་གངས་ཅན་པའི་ལོ་རྒྱུས་སྨྲ་དགོས་བྱུང།
    དེ་ཡང། ཕྱི་ལོ་༡༩༤༩ ལོ་ནས་བཟུང་རྒྱ་དམར་གྱི་དྲག་ཤུགས་བོད་ཡུལ་དུ་སླེབས་ཤིང། རིག་གནས་གསར་བརྗེ་ལ་ཁ་གཡར་ཏེ། ཁ་ནས་མེ་ཏོག་གི་ལྷ་ཁང་བཞེངས། ཁོག་ནས་ངན་ཇུས་ཀྱི་ཐིག་འཐེན་ཏེ། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཁབ་ཀྱི་རང་དབང་དང་ཞི་བདེ་རྒྱ་དམར་གྱིས་འཕྲོག་པར་མ་ཟད། དཔའ་བོ་དཔའ་མོ་དུ་མ་ཞིག་གི་ཚེ་སྲོག་ཀྱང་འཕྲོག་སྟེ། དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་གྱི་རྒྱ་མཚོ་བསྐྱིལ། ༸སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་ཁོང་དང་འབྲལ་ཐབས་མེད་པའི་མི་དམངས་གཞིས་སུ་ལུས། ད་ལྟའི་ཆར་བོད་དུ་གནས་པའི་བོད་མི་རྣམས་ཀྱིས་རང་གི་བླ་མ་དྲན་ཏེ་རྒྱ་གཞུང་ལ་༸སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་བྱེད་བཞིན་མཆིས། བོད་ཀྱི་དཔའ་བོ་རྣམས་ལ་རྒྱལ་ཁབ་གཞན་གྱི་སྐྱེ་བོ་ལྟར་རང་དབང་ཡོད་པ་རེད་དམ་ཟེར་ན་རྩ་བ་ནས་མེད། འོན་ཀྱང། ང་ཚོའི་དཔའ་བོ་ཡི་འབོད་སྒྲ་དང་རྒྱལ་ཁབ་གཞན་གྱི་དཔའ་བོ་ཡི་འབོད་སྒྲ་གཉིས་དབར་ལ་ཁྱད་པར་ཤིན་ཏུ་ཆེ། ང་ཚོ་བོད་ཀྱི་དཔའ་བོ་རྣམས་ཀྱི་འབོད་སྒྲ་རུ། བོད་མི་རིགས་ཀྱི་བློ་སྟོབས་དང་སྙིང་སྟོབས། མི་རིགས་ཀྱི་ལ་རྒྱའི་བླ་སྲོག་དང་མཐུན་སྒྲིལ་འདུས་ཡོད་པས། ཁོང་རྣམས་ནི་ང་ཚོའི་དཔའ་བོ་ངོ་མ་དེ་ཡིན་ལ། ང་ཚོ་བོད་མི་རིགས་ཀྱི་རིག་གནས་ཀྱི་སྲོལ་འཛིན་ངོ་མ་དེ་ཡང་ཡིན། ལྷག་པར་དུ་རྒྱ་ནག་གིས་དྲག་གནོན་ཇི་ལྟར་བྱས་ཀྱང་རིགས་ཞེན་གྱི་མེ་ལྕེ་ནམ་ཡང་གསོད་མི་ཐུབ།
    རྒྱ་ནག་གིས་ཞི་བའི་ཐོག་བོད་མི་རྣམས་ལ་སླུ་བྲིད་བྱས་ཀྱང། བོད་མི་རྣམས་ནམ་ཡང་དེ་ཕྱོགས་སུ་མི་ལངས་པར་རང་སར་གནས་བཞིན་ངོ་རྒོལ་བྱེད། བོད་མི་རིགས་ཀྱི་མི་ཐོག་རྒན་པ་རྣམས་རྫོགས་འགྲོ་གི་ཡོད་ཀྱང་མི་ཐོག་གཞོན་པ་རྣམས་ཀྱིས་རང་གི་ཕ་མ་སྤུན་མཆེད་རྒྱ་གཞུང་གིས་བསད་པའི་ན་ཟུག་དང་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་རྒྱུན་འཛིན་ཆེད་རྒྱ་དམར་ལ་འཚེ་མེད་ཞི་བ་བརྒྱུད་ངོ་རྒོལ་བྱེད་བཞིན་པ་འཛམ་གླིང་ཡོངས་ལ་ཁྱབ།
     ངས་བོད་ཀྱི་དཔའ་བོ་ཞིག་ངོ་སྤྲོད་ཞུས་པ་ཡིན་ན། དཔའ་བོ་འཇམ་དཔལ་ཡེ་ཤེས། ཁོང་ནི་འཕགས་པའི་ཡུལ་དུ་གནས་པའི་གཞོན་སྐྱེས་རྣམས་གཉིད་ལས་དཀྲོགས་པའི་ཅོང་བརྡ་ཡིན། ཁོང་གི་འབོད་སྒྲ་ཡིས་འཛམ་གླིང་ཡོངས་ལ་ཚོར་བ་གསར་པ་ཞིག་དང་ང་ཚོའི་སེམས་ལ་གྲང་ཤུར་ཤུར་གྱི་ཚོར་སྣང་ཞིག་སྦྱིན་བྱུང། ངས་ཁྱེད་ཀྱི་དལ་འབྱོར་ལུས་པོའི་དམར་ལམ་ལམ་གྱི་མེ་ལྕེ་མཐོང་ཐེངས་རེ་རེར། སེམས་ལ་ན་ཟུག་དང་སྔར་ལས་ལྷག་པའི་སྙིང་སྟོབས་ཤིག་སྐྱེས་མྱོང་ལ། མི་རིགས་ཀྱི་ལ་རྒྱ་དང་རང་དབང་འདྲ་མཉམ་གྱི་ཆེད་དུ་རང་ལུས་མེ་མཆོད་དུ་ཕུལ་བ་འདི་ནི་ང་ཚོ་གསར་སྐྱེས་ཀྱི་གཞོན་ནུ་རྣམས་ཀྱི་སེམས་ནང་རྡོ་ལ་རི་མོ་བཀོད་པར་ལྟར་བཟུང་ཡོད།
    ཨེ་མ། བོད་མི་རིགས་ཀྱི་དཔའ་བོ་རྣམས་ཀྱི་རང་དབང་གི་འབོད་སྒྲ་ནི་ཡོད་ཚད་ནང་གི་གཅེས་ནོར་ཡིན། གཅིག་བྱས་ན་རང་དབང་གི་འབོད་སྒྲ་ལ་བརྟེན་ནས་བོད་ཀྱི་རང་དབང་བསྐྱར་གསོ་བྱེད་ཐུབ་ངེས་ཡིན། རང་དབང་ཞེས་པའི་ཚིག་འདི་ཅི་འདྲའི་རིན་ཐང་ཆེ་ལ་སྐྱེ་བོ་ཡོངས་ཀྱི་འཐབ་རྩོད་བྱེད་ས་དང་ཚེ་སྲོག་བརྟེན་ས་ཞིག་ཀྱང་ཡིན། རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་ཡིན་ལ་ང་ཚོ་བོད་མི་རྣམས་ཀྱི་རྩོད་ལེན་བྱེད་ས་ངོ་མ་དེ་རང་དབང་དང་རང་བཙན་ཡིན།

རྩོམ་ཡིག་དཔྱད་མཆན།
    རྩོམ་འདི་ནི་དུངས་སེམས་མཚོན་པའི་ལྷུག་རྩོམ་དུ་གཏོགས་པ་ཞིག་རེད། རྩོམ་ཡིག་གི་འགོ་ནི་ཕྱི་སྣོད་ཀྱི་བཀོད་པ་ཞིབ་འབྲི་ནས་ནང་བཅུད་ཀྱི་སེམས་ཅན་ཞིབ་འབྲི་བྱེད་པའི་ཐབས་ཀྱིས་རྩོམ་འགོ་བཟུང་ཞིང། རིམ་གྱིས་རང་གི་དུངས་སེམས་ཀྱི་འཕེལ་ཕྱོགས་དང་འགྲོགས་ནས་བསྟོད་པར་འདོད་གང་ལ་བླ་ལྷག་གིས་གཟེངས་སུ་བསྟོད་ཡོད།
    རྗོད་བྱེད་ཀྱི་ཚིག་ལ་སྙན་ཆ་མི་དམན་པ་ལྡན་ཞིང་གོ་སླ་ལ་ཀློག་བདེ་བའི་ཁྱད་ཆོས་ལྡན། འོན་ཀྱང་རྩོམ་ཡིག་གི་འགོ་རུ་འཇའ་བཞིན་གསེར་འོད་འཕྲོ་བའི་ཉི་མ་ཞེས་པ་དེ་དཔེ་དོན་འབྱོར་མོ་ཞིག་མ་རེད། གཞན་ཡང་རྩོམ་ཡིག་གི་གོ་རིམ་ནི་རང་གི་སེམས་འགྱུ་ཡི་དབང་དུ་སོང་ནས་ཞིབ་ཚགས་ཤིང་བརྒྱུད་རིམ་ལྡན་པ་ཞིག་བྱུང་མི་འདུག་པ་འདྲ།

མདུན་ཤོག

Menu