འཁྲུངས་སྐར་དུས་ཆེན།

ཚུལ་ཁྲིམས། སུ་ཇཱ་བོད་ཁྱིམ།

ཟླ་བདུན་པའི་ཚེས་དྲུག་ཉིན་ནི་ས་སྒང་རིལ་མོ་འདིའི་ཡང་ཐོག་ཏུ་འགྲེང་བའི་མཐོ་སྒང་གི་ཕ་གཞིས་དེ་ནས་ཁྱེད་ཀྱི་ངུ་ངག་གི་དབྱངས་རྟ་ཐོག་མར་བོར་ཞིང་ཨ་མའི་ངག་ལས་འཐོར་བའི་ཡིག་དྲུག་གི་སྒྲ་དབྱངས་རྙེད།
སྐབས་དེ་ནས་བཟུང་ཨ་མའི་ལག་སོར་ལས་བྱུང་བའི་རྩམ་པའི་འཆིང་བུ་རེ་རེས་ཁྱེད་ཀྱི་ལང་ཚོ་བསྐྱེད་ལ། རྔམ་བརྗིད་དབྱིངས་སུ་འགྱིང་བའི་དར་དཀར་གྱི་ན་བཟའ་བཀླུབས་པའི་ཁ་བའི་རྡུལ་བརྩེགས་ལས་བཞུར་བའི་དྭངས་བསལ་གྱི་ཆུ་ཐིགས་རེ་རེ་ཁྱེད་ཀྱི་རྩ་ལམ་ལ་རྒྱུ། ལོ་ཡག་གི་སྙེ་མ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ལྡེམ་པའི་ཞིང་ཚིགས་རེ་རེ་དང་། དྲོད་ལམ་ལམ་གྱི་ཉི་འོད་འོག་ཏུ་བཀྲག་མདངས་རྣམ་པར་འཚེར་བའི་མེ་ཏོག་གི་འཛུམ་ཞལ་དང་གཤོག་པ་ལྡེབ་ཙམ་ལྡེབ་ཙམ་གྱིས་འཕུར་ལྡིང་ལ་བྲེལ་བའི་ཕྱེ་ལེབ་དག་ནི། ཁྱེད་ཀྱི་མིག་གི་ལོངས་སྤྱོད་ཉག་གཅིག་ཏུ་གྱུར་བའི་རང་བྱུང་གི་མཛེས་པ་སྟེ། ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཐོག་མ་དེའོ། །
མ་གཞི་ཁྱེད་ནི་གངས་རི་དང་རྩ་ཐང་། སྦྲ་ནག་དང་ནོར་ལུག མཐོ་སྒང་འདིའི་ཡོད་ཚད་ཀྱི་ཚེ་སྲོག་ལ་འོད་སྣང་བརྒྱུས་པའི་སེམས་ཀྱི་འོད་གོར་དེ་ཡིན། དེ་བས་ཟླ་བདུན་པའི་ཚེས་དྲུག་ནི་བོད་མིའི་རྣམ་དག་གི་སེམས་ཁོངས་སུ་བཞེངས་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མི་ཡི་རྣམ་རོལ་དུ་སྤྲུལ་པའི་ཁྱེད་ཉིད་འཇིག་རྟེན་ལ་བལྟམས་པའི་ཉིན་མོ་སྟེ། བོད་མིའི་སྙིང་ཁོང་ན་རེ་སྨོན་གྱི་མིག་ཟུང་བགྲད་ཅིང་སོར་བཅུ་སྙིམ་པར་སྦྱར་བའི་གསོལ་འདེབས་ཀྱི་དམིགས་པ་དྭངས་མ་དེ་ཡིན། ཁྱེད་ཀྱི་བྱུང་བས་ལོ་ཟླའི་ཕང་བ་ནས་འགྲིབ་པའི་ལོ་རྒྱུས་ཀྱི་ངོ་གདོང་ལ་བཀྲུ་བཤལ་ཐེངས་གཅིག་བྱས་ཤིང་། བཙན་པོའི་མི་རྒྱུད་འདིའི་ངོ་གདོང་ལ་སྣུམ་ཞག་ཐེངས་གཅིག་བྱུགས་པའོ། །
ཁྱེད་ནི་འདི་ལྟར་ལུང་བསྟན་གྱི་ཐུལ་འོག་ནས་བབས་པའི་ཕ་གཞིས་གོར་མོ་འདིའི་ལས་དབང་གི་བདག་པོ་སྟེ། གནམ་འོག་ནས་ལྷོད་ཀྱིས་འགྱིངས་པའི་གནའ་བོའི་ཕོ་བྲང་གི་གསེར་ཁྲིའི་སྤོ་ན་ཡོད་པའི་འོད་ཀྱི་ཕུང་པོ་དེ་ཡིན།། ཡང་ན། ཁྱེད་ནི་འདི་ལྟར་ཞིང་གྲོང་གི་མཛེས་ལྗོངས་དེའི་ཁོང་དུ་བསྙལ་བའི་བྱིའུ་ཆུང་གཉོམ་པོ་ཞིག་གམ། ཨ་མའི་སློག་པའི་ཁུག་ན་ཞི་འཇམ་གྱི་གཉིད་ལ་རོལ་བའི་བྱིས་པ་བསམ་མེད་ཅིག་ནས་དྲིལ་ཆུང་གི་སིལ་སྒྲས་ཁེངས་པའི་མགྱོགས་བྱམས་ཀྱི་ཡང་སྟེང་ནས་འཛམ་གླིང་གི་ཞི་བདེའི་དེད་དཔོན་དུ་ཕེབས་པའི་དགེ་སློང་རྣམ་དག་དེ་ཡིན།
མདོར་ན་ཁྱེད་འཁྲུངས་པ་ནི་རྩྭ་རྩེ་ན་འོད་དུ་འཚེར་བའི་མུ་ཏིག་གི་ཟིལ་བ་ཞིག་སྟེ། རྩི་ཤིང་དང་སྤང་རྩའི་ཁྲོད་ནས་མཁའ་དབྱིངས་སུ་འགྲེང་བའི་གསོ་བྱེད་ཀྱི་ནུས་པ་ཁོ་ན་ཉིད། རླུང་འཚུབ་ཀྱི་རྒོལ་བ་ཇི་ལྟར་ཆེ་ཡང་མགོ་བོ་ཡས་མས་ལ་བསྙེས་ཙམ་གྱིས་སང་ཉིན་སླར་ཡང་གསོན་ཤུགས་ཀྱིས་འགྱིང་ངེས།
ཁྱེད་འཁྲུངས་པ་ནི་གངས་རི་ལས་ཉིལ་བའི་འཁྱག་རོམ་ཞིག་སྟེ། ཉི་འོད་ཀྱིས་ཞུན་མར་བཞུས་པའི་ཆུ་ཐིགས་རེ་རེ། བྱང་ཐང་ན་ལུས་པའི་འཇག་རྩྭའི་ཚོགས་ཀྱི་རྨི་ལམ་དང་། བྱེ་ཐང་ན་ལུས་པའི་གྲོག་སྦུར་ཞིག་གི་རེ་སྨོན་ཡང་ཡིན། མ་ཟད་ཁྱེད་ཉིད་ཆུ་ཕྲན་ཞིག་དང་འདྲེས་ནས་ཆིལ་ཆིལ་དུ་འཕྱོ་བའི་གཙང་པོའི་རླབས་དང་འགྲོགས་ནས་སྔོ་ལྗང་ངེར་ལྡེམ་པའི་ཞིང་ཚིགས་རེ་རེ་བརྒྱུད་དུས་སོར་རྩེ་ནས་གཞལ་བར་མི་ནུས་པའི་སྐྱེ་རྒུ་ཡོད་ཚད་ཀྱི་ཤ་ཁྲག་རུས་གསུམ་ལ་འཐིམས་ཡོད།
ཁྱེད་ཀྱི་བྱུང་བ་ནི་དགུ་ཚིགས་སྐྱ་མོའི་ཕང་བ་དང་བརྒྱུད་ནས་དྲོད་ལམ་ལམ་གྱི་འོད་ཐིགས་གཅིག་སྟེ། མེ་ཏོག་ཅིག་གི་མཛེས་པའི་དུང་བརྡ་དང་ཕྱེ་ལེབ་ཅིག་གི་འཕུར་ལྡིང་བཏེགས་པའི་རླུང་བུ་དེ་ཡིན། བྱིས་པ་ཞིག་གི་ཉིན་མོའི་དགའ་སྤྲོས་བརྟས་པའི་རོལ་རྩེད་དེ་ཡིན། ཁྱེད་ཀྱི་འཁྲུངས་སྐར་དུས་ཆེན་ནི་ཨ་མའི་ངག་ལས་བཟློ་བའི་ནག་ནོག་གིས་མ་གོས་པའི་སེམས་པའི་ང་རོ་དེ་ཡིན་ལ། ངེད་ཅག་གི་ངོ་གདོང་ན་འཁྱིལ་བའི་འཛུམ་ཀོང་དེ་ཡིན། ཁྱེད་ཀྱི་འཁྲུངས་སྐར་དུས་ཆེན་ནི་ལོ་རྒྱུས་གླེགས་བམ་ཀྱི་ཕང་བ་ན་བརྩིགས་པའི་རྡོ་རིང་དེ་ཡིན་ལ། མི་རབས་འགའི་ངོ་གདོང་བསྲུང་ཞིང་གཉུག་མར་གནས་པའི་སྲུང་མ་དེ་ཡིན།
ཁྱེད་ཀྱི་འཁྲུངས་སྐར་དུས་ཆེན་ནི་དྲག་རླུང་གིས་རྡེག་ཤུལ་དུ་ཐག་སྒྲ་འབྱིན་པའི་དར་ལྕོག་དེའི་ངོ་གདོང་ལ་བཙེམ་པའི་ཁ་དོག་ལྔ་ལྡན་གྱི་རས་ཆེན་དེ་ཡིན། མ་ཟད་ཁྱེད་ཀྱི་འཁྲུངས་སྐར་དུས་ཆེན་ནི་ས་སྒང་སྔས་སུ་བྱས་པའི་མཐོ་སྒང་གི་མི་རིགས་འདིའི་ཡོད་ཚད་ཡིན།

འཁྲུངས་སྐར་དུས་ཆེན།

རིག་འཛིན་བསྟན་དགའ། སུ་ཇཱ་བོད་ཁྱིམ།

སྤྱན་གཟིགས་མི་ཡི་རྣམ་རོལ་ལྷ་གཅིག་གཟུགས་སྐུའི་བཀོད་པ་རི་བཞིན་བརྟན།།
སྲིད་གསུམ་འགྲོ་བའི་སྒྲིབ་པ་བདུད་རྩི་གསུང་གིས་རབ་ཏུ་གཙང་བཀྲུས་ནས།།
ཐབས་མཁས་ཐུགས་རྗེ་འོད་ཀྱིས་འགྲོ་བའི་སྨག་རུམ་ཡོངས་སུ་གསལ་མཛད་ཅིང་།།
གང་གི་སྐུ་གསུང་ཐུགས་ཀྱི་ཆེ་བ་ཀུན་ལ་གུས་པས་ཕྱག་འཚལ་ལོ།།

འདུ་འཛིའི་ལོངས་སྤྱོད་དར་སའི་སྙིགས་མ་ལྔ་བདོའི་འགྲོ་བར་བརྩེ་གཟིགས་ནས།།
བཀྲ་ཤིས་གཡང་གི་ཕྱུག་པའི་ཚེས་བཟང་བདུན་པའི་དྲུག་གི་ཉིན་མོ་དེར།།
གཞལ་མེད་དཔལ་གྱི་རྟགས་དང་རྟེན་འབྲེལ་ལྟོས་བཅས་ཟབ་མོས་སྔོན་བསུས་ཏེ།།
དལ་འབྱོར་མི་ཡི་ལུས་སུ་སྐྱེ་བར་འཕོས་པའི་འཁྲུངས་སྐར་དུས་ཆེན་རྨད།།

གནས་མཆོག་ཨ་མདོའི་ཡུལ་ནས་དྲི་བྲལ་གཟུགས་སྐུའི་འཚར་ལོངས་རབ་རྒྱས་ཤིང་།།
ཞིང་ས་དབུས་གཙང་ཡུལ་ནས་མཛད་འཕྲིན་འོད་ཟེར་སེར་པོ་རབ་འཕྲོས་ནས།།
སྒང་པ་ཁམས་ཀྱི་ཡུལ་ནས་གདུལ་བྱ་སྣ་མང་རབ་ཏུ་བསྐོང་གནང་སྟེ།།
ཟབ་མོ་ཆོས་ཀྱིས་འགྲོ་བ་ཐར་པའི་ལམ་དུ་འདྲེན་མཛད་ཨེ་མ་ཧོ།།

སྣོད་ཀྱི་སྐྱོན་གསུམ་སྤངས་ཤིང་སྡེ་སྣོད་གསུམ་ལ་འཆད་རྩོད་རྩོམ་གྱུར་ནས།།
རབ་དུལ་མཁས་སྙན་དབུས་ནས་ལྷ་རམས་དམ་བཅའི་མཛད་བཟང་ཀུན་ཁྱབ་སྟེ། །
འགྲོ་དོན་ཁོ་ནར་དམིགས་ནས་ཉིན་མཚན་ལྟོས་མེད་སྒོམ་སྒྲུབ་ཉམས་ལེན་ལ།།
རྟག་ཏུ་བྲེལ་བས་བསྐྱངས་པར་སྙིང་ནས་ཡི་རངས་གུས་པས་བདག་ཕྱག་འཚལ།།

འདོད་དགུའི་ལོངས་སྤྱོད་འབྱུང་བའི་ཕུན་ཚོགས་དཔལ་གྱི་འཁྲུངས་སྐར་དུས་ཆེན་དུ།།
མཚན་ལྡན་བོད་མི་ཀུན་གྱིས་དགའ་སྤྲོའི་སྣང་བས་ཁྱབ་ཅིང་འཁྲུངས་སྐར་དུ།།
བཀྲ་ཤིས་ཁ་གཡར་སྒྲོགས་ཤིང་ཟབ་མོས་སྨོན་འདུན་བཅོས་མིན་རབ་བཏབ་ནས།།
དགའ་བའི་རིག་གཞུང་འཁྲབ་སྟོན་སྐྱིད་པའི་གླུ་ཡིས་མཆོད་སྤྲིན་ཕུལ་བར་ལགས།།

ཆོས་རྒྱལ་མེས་དབོན་དུ་མའི་ཤུལ་འཛིན་རང་རིགས་བོད་པའི་མེས་རྒྱལ་འདི།།
བདུད་རྒྱལ་མོའུ་ཙེ་ཏུང་གིས་སྲིད་བྱུས་ངན་པ་བོད་དུ་བཙན་ཤེད་ཀྱིས།།
མི་འདོད་བོད་མིར་གཉའ་གནོན་དྲག་པོའི་སེར་བ་རབ་ཏུ་གཏོར་བའི་ཚེ།།
གང་གིས་བོད་མིའི་དོན་ཏུ་སྐུ་ངལ་མ་འཛེམས་སྐྱབས་བཅོལ་ཕེབས་པར་རྨད།།

ལོ་མང་བསྟུད་ཅིང་སྤེལ་བའི་དམར་ཤོག་སྲིད་ཇུས་ངན་པའི་ཤུགས་རྐྱེན་གྱིས།།
མགོ་ནག་སྤུན་ཟླ་མང་པོའི་རྙེད་དཀའི་ལུས་སྲོག་གཅིག་རྗེས་གཉིས་མཐུད་ཀྱིས།།
ཕངས་མེད་བློས་གཏོང་བྱས་པར་འགོག་པའི་ཕྱིར་དུ་ཕྱི་རྒྱལ་ཡུལ་གྲུ་རུ།།
བོད་མིའི་བདེ་སྡུག་དང་ནི་བདེན་པ་ར་སྤྲོད་བྱས་པར་ཡིད་མོས་སྐྱེས།།

དམག་འཁྲུག་མུ་གེའི་འཇིགས་པ་མང་སར་ཐུགས་རྗེ་བརྩེ་བས་རབ་གཟིགས་ནས།།
ཆོས་ལུགས་མཐུན་སྒྲིལ་དང་ནི་བསམ་བློའི་འཁྱེར་སོ་གང་ལེགས་ཡོང་སླད་དུ།།
བཅོས་མིན་སྨྲ་བ་འཇམ་པོས་གྲོགས་ངན་སེལ་བར་དམིགས་ནས་ལམ་སྟོན་མཛད།།
འཛམ་གླིང་ཞི་བདེ་བསྐྲུན་པོ་སྐྱེས་མཆོག་གང་ལ་གུས་པའི་ཕྱག་འཚལ་ལོ།།

སོན་རྩའི་མིང་འཛིན་པ་ཡི་སྨྱུག་ཐོགས་སློབ་བུས་གང་གི་འཁྲུངས་སྐར་ལ།
ཤིས་བརྗོད་མེ་ཏོག་ཕྲེང་བས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རབ་ཕུལ་ནས།།
བསྟོད་བསྔགས་མེ་ཏོག་ཚོམ་བུས་ཞབས་བརྟན་མཛད་འཕྲིན་རྒྱས་པའི་སྨོན་པ་ཡིན།།
ཕུན་ཚོགས་བཟང་དགུའི་ཕྱུག་པའི་བཀྲ་ཤིས་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་མཆིས།།

གང་གིས་གནང་བའི་ཟབ་མོའི་གདམས་ངག་མ་ལུས་བརྗེད་མེད་དྲན་ཕྱིར་དང་།།
གང་གིས་མཛད་པའི་གཉིས་ཕན་དབུ་མའི་ལམ་མཆོག་ཡལ་མེད་བརྟན་ཕྱིར་དང་།།
གང་གིས་བཅོལ་བའི་རེ་འདུན་ཟབ་མོ་རྟག་ཏུ་དྲན་ཞིང་རྒྱུན་འཁྱོངས་སླད།།
དུས་བཟང་བཀྲ་ཤིས་འཁྲུངས་སྐར་འདི་ཀོ་བརྗེད་མེད་སྲུང་བརྩི་ཞུ་བར་རྨད།།

བསྟན་པའི་སྐྱེས་རབས་འཛིན་པའི་ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ་ཡིས།།
འཛིན་སྐྱོང་སྤེལ་གསུམ་བྱ་བའི་བོད་རྒྱུད་ནང་བསྟན་ཆོས་ལུགས་རྟག་བརྟན་གནས།།
རྒྱ་མཚོའི་རྦ་རླབས་འཕྱུར་འདྲའི་ནང་ཆོས་དབུ་འཕང་དགུང་དུ་རབ་བསྙེགས་ནས།།
༸རྒྱལ་བའི་སྐུ་ལ་གེགས་ངན་བར་ཆད་སེལ་ཞིང་སྐུ་ཚེ་བརྟན་གྱུར་ཅིག།

རིག་གྲུང་ཤ་སྟག་འཛོམས་ཤིང་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་འདི་ཡི་ཐོག།
བླང་དོར་གནས་ལ་འབད་པའི་ཕྲན་གྱིས་གང་ཤེས་ཡིག་ངོར་ཕབ་པ་འདིས།།
བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་པའི་སློབ་མར་ཕན་པའི་བདུད་བརྩི་དང་།།
དགའ་བའི་བྲོ་དང་དབྱེར་མེད་གྱུར་པའི་སྨོན་འདུན་ཤུགས་དྲག་འདེབས་པ་ལགས།།

འཁྲུངས་སྐར་དུས་ཆེན།

བསྟན་འཛིན་ཕུན་ཚོགས། དཔེ་སྟོན་སློབ་གྲྭ།

རྒྱལ་ཁབ་རེར་དམིགས་བསལ་གྱི་དུས་ཆེན་ཡོད་པ་ལྟར་ཕྲན་གྱི་རྒྱལ་ཁབ་ལའང་དུས་ཆེན་མི་འདྲ་བ་མང་པོ་ཡོད། དཔེར་ན། འཁྲུངས་སྐར་ཉིན་མོ་དང་ཞི་བདེ་གཟེངས་རྟགས་ཉིན་མོ་སོགས་ཡོད། སྤྱིར་བོད་མི་རྣམས་ཀྱིས་དུས་ཆེན་ཚང་མ་གཙོ་བོ་འཛིན་བཞིན་དུས་ཆེན་རེེར་དམིགས་བསལ་གྱི་ལས་རིགས་འདྲ་མིན་སྣ་ཚོགས་སྤེལ་བ་དང་། དུས་ཆེན་དེར་སྐྱིད་པོ་གཏོང་བཞིན་ཡོད།
དུས་ཆེན་མང་པོ་ནང་ནས་མི་མང་པོ་ཞིག་གིས་འཁྲུངས་སྐར་དུས་ཆེན་གཙོ་བོ་འཛིན་ལ། དུས་ཆེན་འདི་ནི་ང་ཚོའི་བོད་ཀྱི་དབུ་ཁྲིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་༸གོང་ས་སྐྱབས་མགོན་ཆེན་པོ་འཇིག་རྟེན་གྱི་མུན་ནག་མེད་པར་བཟོ་ཆེད་མདོ་སྨད་སྟག་འཚེར་དུ་འཁྲུངས་པར་དགའ་བསུ་ཞུ་བཞིན་མཆིས། དུས་ཆེན་འདི་ནི་ཁོང་གི་བཀའ་དྲིན་རྗེས་དྲན་བྱས་ཤིང་རང་ལུས་མེ་རུ་ཕུལ་མཁན་གྱི་དཔའ་བོ་དཔའ་མོ་རྣམས་སེམས་སུ་བཟུང་ནས་ཁོང་རྣམས་པ་བསྐྱར་དུ་མི་ལུས་ཐོབ་ཕྱིར་སྨོན་ལམ་འདེབས་པ་དང་། བོད་མི་མང་པོ་ཞིག་དྷ་ས་གཙུག་ལག་ཁང་དུ་འཛོམས་ནས་ཉེ་འཁོར་གྱི་བོད་པའི་སློབ་གྲྭ་ཁག་གིས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་ཁོང་གི་བཀའ་དྲིན་རྗེས་དྲན་དང་བོད་མིའི་དབུ་ཁྲིད་རྣམ་པས་དེའི་སྐོར་ལ་བཀའ་སློབ་གནང་བཞིན་ཡོད། རྒྱལ་ཁབ་འདྲ་མིན་ནང་གནས་མཁན་གྱི་བོད་པ་རྣམས་ཀྱང་ཁོང་གི་འཁྲུངས་སྐར་དུས་ཆེན་ལ་དགའ་བསུ་ཞུ་གི་ཡོད། རྒྱལ་ཁབ་འགའ་རེ་ནས་མི་རྣམས་འཛོམས་ཏེ་ཁོང་གི་འཁྲུངས་སྐར་དུས་ཆེན་ལ་དགོན་པའི་ནང་ན་སྨོན་ལམ་རྒྱག་པ་དང་། ན་ཆུང་སློབ་མ་ཚོས་བསྟོད་པའི་སྙན་ཚིག་ཕུལ་ཏེ་མཆོད་སྤྲིན་ངག་གི་མེ་ཏོག་ཕུལ། སློབ་མ་རྣམས་ཀྱིས་སེམས་གཏིང་ནས་འཁྲུངས་སྐར་དུ་རྩོམ་བྲིས་པ་དང་རྒྱལ་ཁབ་འགའ་རེའི་གཞུང་གིས་ཁོང་གི་བཀའ་དྲིན་མཇལ་ཆེད་ལག་རྟགས་ཕུལ་བ། དགོན་པ་གྲ་ཚང་གི་གྲྭ་བ་ཚོས་ཁོང་གི་སྐུ་ཚེ་ཞབས་བརྟན་ཆེད་དུ་ཞལ་འདོན་བསྐྱོར་བ་དང་། ཚོགས་པ་འགའ་རེ་ནས་དབུལ་པོའི་ཆེད་དུ་དངུལ་སྦྱིན་གཏོང་བྱེད་པ་དང་། སློབ་གྲྭའི་ནང་རྒན་ལགས་རྣམས་ཀྱིས་སློབ་ཕྲུག་རྣམས་ལ་ཁོང་གི་སྐོར་འགྲེལ་བཤད་བརྒྱབ་ཏེ་ཁོང་ནི་ང་ཚོ་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར་གསུངས། ཁོང་གིས་ལྗགས་རྩོམ་བྱས་པའི་དེབ་རྣམས་མིག་སྟོན་བྱེད་པ་དང་། སློབ་ཕྲུག་རྣམས་ལ་ཁོང་ལྟར་བྱ་དགོས་པའི་བསླབ་བྱ་གནང་བཞིན་ཡོད།

སྐྱེ་འགྲོ་ཀུན་གྱི་བཀུར་བའི་མགོན་སྐྱབས་མཆོག།
ཉམ་ཐག་སྐྱེ་རྒུའི་སྡུག་བསྔལ་སེལ་མཁས་པ།།
ལུས་ཅན་ཡོངས་ལ་བདེ་སྐྱིད་འོད་སྣང་སྦྱིན།།
ལྷ་བྱ་དཀར་པོ་ཁྱོད་ལ་སྙིང་ནས་འདུད། །

ཁོང་གི་བཀའ་དྲིན་བོད་པ་ཚང་མས་ཤེས་ལ་ཁོང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། ཁོང་གི་བཟང་སྤྱོད་འཛམ་གླིང་ཡོངས་ཀྱི་ཤེས་ལ་ཁོང་གི་བཟང་སྤྱོད་ང་ཚོས་ག་ལ་བརྗེད་སྲིད་དེ། དེ་ནི་བོད་པ་ཡོངས་ཀྱི་དམིགས་ཡུལ་ཁོ་ན་ཡིན། ཁོང་གི་བཀའ་སློབ་ང་ཚོའི་ཆེད་དུ་སྨན་དང་གཅིག་མཚུངས་བཞིན། སྨན་དེས་ཕན་པ་མ་གཏོགས་གནོད་པ་ནམ་ཡང་བྱེད་མི་སྲིད། ཁོང་ང་ཚོའི་ཆེད་དུ་ནད་མེད་ཚེ་རིང་ཡོང་བའི་གསོལ་བ་འདེབས་ལ། ཁོང་ནི་ང་ཚོའི་ཚེ་སྲོག་ཡིན། བོད་པ་ཡོངས་ཀྱི་དབུ་ཁྲིད་༸གོང་ས་མཆོག་ནི་ང་ཚོའི་ཆེད་དུ་འོད་དང་གཅིག་མཚུངས་ཡིན། དེ་ཡིས་མུན་ནག་སེལ་ནས་འཇིག་རྟེན་ཞི་བདེའི་འོད་ཁྱབ་ཏུ་འཇུག་མཁན་དེ་ཡིན། ཁྱེད་ལྟ་བུ་ནི་བྱུང་མྱོང་མེད་ལ་འབྱུང་མི་སྲིད། ཁྱེད་ནི་ང་ཚོའི་མིག་དཔེ་དང་ང་ཚོའི་རེ་བ་རེད།

མདུན་ཤོག

Menu