སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང་རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་གཉིས་མཛད་པ་པོ་ནི་དངུལ་ཆུ་བླ་མ་ཆོས་བཟང་གི་ཐུགས་སྲས་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིན།
ཁོང་ནི་གཙང་གི་གཡས་རུའི་ཁོགས་བཀྲ་ཤིས་དགེ་འཕེལ་ཞེས་པའི་འདབས་འབྲེལ་བཞད་ཅེས་པའི་ཡུལ་དུ་ཡབ་དངུལ་ཆུ་བླ་མ་དྷརྨ་བྷདྲའི་གཅུང་པོ་བཀྲ་ཤིས་དང༌། ཡུམ་ཚེ་རིང་སྲིད་ཆོས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བཞི་པའི་ས་སྤྲུལ་ཕྱི་ལོ་ ༡༨༠༩ ལོར་འཁྲུངས་ཤིང༌། བྱིས་དུས་ཀྱི་མཚན་ལ་འཇམ་དབྱངས་རྡོ་རྗེ་ཞུ། དངུལ་ཆུའི་དབོན་པོ་ཞེས་འབྱུང་བའང༌། དངུལ་ཆུ་བླ་མ་རྡརྨ་བྷ་དྲའི་ཚ་བོ་འམ་དབོན་པོར་འཁྲུངས་པས་ཡིན། དགུང་ལོ་ལྔ་པར་དངུལ་ཆུ་དྷརྨ་བྷདྲའི་མདུན་ནས་ཀློག་སློབ་པའི་དབུ་འཛུགས་གནང་མཛད།
དགུང་ལོ་བཅུ་གཅིག་པར་བཀྲ་ཤིས་དགེ་འཕེལ་དགོན་གྱི་ཆོས་སྒོར་ཞུགས་ཏེ། དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་མདུན་ནས་རབ་ཏུ་བྱུང༌། མཚན་ལ་བློ་བཟང་ཆོས་འཕེལ་དུ་གསོལ། དགུང་ལོ་བཅུ་གཉིས་པར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས།
དགུང་ལོ་བཅུ་དགུ་ནས་དངུལ་ཆུ་དྷརྨ་བྷདྲའི་མདུན་ནས་སྒྲ་རྩིས་སྙན་སུམ་དང༌། གཞུང་ལུགས་རབ་འབྱམས་ལ་ཐོས་བརྩོན་གྱི་དབུ་འཛུགས་གནང་མཛད་པ་དང༌། དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་སྒྲ་ཀཱ་ལ་པར་སྦྱངས་པ་གྲུབ་པའི་རྒྱུགས་ཕུལ་བར་བླ་མས་དགྱེས་མཉེས་དང་བཅས་ཏེ་ཀུན་བཤད་ཀྱི་མཚན་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གསོལ། ལོ་དེའི་ཟླ་བཞི་པར་དངུལ་ཆུ་དྷརྨ་བྷདྲའི་མདུན་ནས་དགེ་སློང་རྡོ་རྗེ་འཛིན་པའི་བསླབ་སྡོམ་བཞེས་ཏེ་སྤྱན་གྱི་འབྲས་བུ་བཞིན་སྲུང་སྡོམ་གནང་ཞིང༌། ཐོས་བརྩོན་ལ་མཐའ་གཅིག་ཏུ་འབད་པ་གནང་བས་མདོ་སྔགས་ཀྱི་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁྱེན་དཔྱོད་འབར། གསུང་རྩོམ་ལ་གསང་སྔགས་ཀྱི་སྒྲུབ་ཐབས་སྐོར་དང༌། ཐུན་མོང་རིག་གནས་ཀྱི་སྐོར་སོགས་པོད་གསུམ་བཞུགས། དགུང་ལོ་བདུན་ཅུ་དོན་དགུ་པ་ཕྱི་ལོ་ ༡༨༨༢ ལོར་དགོངས་པ་ཞི་བར་གཤེགས།

སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ།

དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད།

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། ། སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། ། ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང།།དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།། སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི།། ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང་། །ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། ། རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིཊ་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ། །དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག། །མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང་། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར།།མ་མི་མིན་མེད་དགག་སྒྲ་སྟེ།།མ་མི་ཐོག་མ་མིན་མེད་མཇུག ། མ་ནི་བར་གྱི་གསལ་བྱེད་ལའང་། །ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། ། ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། །ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། ། ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། །

མདུན་ངོས།

Menu