(དེབ་གོང་མའི་འཕྲོས།)

སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།

     དེ་ཡང་ཁྱད་ཆོས་འདི་བཞི་ནི། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་(༢༠)དང།  སྐྱེས་རབས་སོ་བཞི་པ་ལྟ་བུའི་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་དག་ལ་ལྡན་པའི་ཁྱད་ཆོས་སོ། །རྩོམ་གཤིས་ལས་རྩོམ་པ་པོའི་དགའ་ཁ་འཁྱེར་ཕྱོགས་ཀྱི་གཤིས་ཀ་དང། ལྟ་བ། ཀུན་སྤྱོད་བཅས་མཚོན་ཐུབ་མིན་དང། རྩོམ་པ་པོའི་གཤིས་ཀ་རྩོམ་ཡིག་ལ་ཐད་ཀར་ཞུགས་ཡོད་མེད་ཐད། སྤྱིར་བཏང་ནམ་རྒྱུན། རྒྱལ་བའི་གསུང་རབ་བྱེ་བྲག་པ་ཞིག་ལས་སྟོན་པའི་ལྟ་བ་དང། ཐོགས་མེད་ཀྱི་རྩོམ་ཡིག་གང་ཡང་རུང་བ་ཞིག་ལས་ཐོགས་མེད་ཀྱི་ལྟ་བའི་འཁྱེར་སོ་མཚོན་མི་ནུས་པ་དང། རྩོམ་པ་པོའི་གང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་ལྟོས་ཏེ་དོན་ཡང་སྣ་ཚོགས་སུ་གསུངས་པ་དང། རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། རྩོམ་ཡིག་ལས་རྩོམ་པ་པོའི་གཤིས་ཀ་གང་ཡང་མཚོན་མི་ནུས་པ་ཡིན་ནམ་ཞེ་ན་མིན་ཏེ། དཔེར་ན། རྟག་ངུའི་རྟོགས་བརྗོད་འདིས། རྗེ་རིན་པོ་ཆེའི་དགའ་ཁ་འཁྱེར་ཕྱོགས་གཙོ་བོ་ཞིག་མཚོན་ནུས་ཏེ། རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྟོང་པ་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་དང་། དེ་ལས་གདམས་པ་དང་རྗེས་སུ་བསྟན་པ་ཚོལ་བ་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་བའི་རྣམ་པར་ཐར་བས་ཡིད་འཕྲོག་སྟེ་རྟོགས་བརྗོད་འདི་བརྩམས་པ་བཞིན། རྗེ་རིན་པོ་ཆེ་ཁོང་གིས་ཀྱང་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ཚོལ་ཞིང། དཔྱད་པ་རྫོགས་པའི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་པར་མ་ཟད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དྲིན་ལས་ཇི་ལྟར་ཐོབ་པའི་ལྟ་བའི་མན་ངག་གིས་བརྒྱན་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ལ་སོགས་པ་མཛད་ཚུལ་ནི། རྗེ་རིན་པོ་ཆེའི་རྣམ་ཐར་དང་གསུང་རྩོམ་ཁག་ལ་རྒྱུས་ཡོད་པ་དག་ལ་མགོ་སྨོས་པ་ཙམ་གྱིས་བརྡ་འཕྲོད་ནུས་པ་ཞིག་ཡིན། རྩོམ་ཡིག་གིས་རྩོམ་པ་པོའི་གཤིས་ཀ་མཚོན་པ་དང། རྩོམ་པ་པོའི་གཤིས་ཀ་རྩོམ་ཡིག་གི་མེ་ལོང་དུ་གསལ་བར་ཤར་བཞིན་ཡོད་ཅེས་པ་ནི་སྤྱིར་བཏང་ཙམ་ལས་བྱེ་བྲག་ཏུ་ཁྱབ་པ་འཆའ་ནུས་པ་ཞིག་མིན་ནོ། །

ཇ༽ སྒྱུ་རྩལ་གྱི་རིན་ཐང་ལ་ལྟ་བ།

     སྤྱིར་རྩོམ་ཡིག་གི་སྒྱུ་རྩལ་རིན་ཐང་དང། མཛེས་དཔྱོད་རིན་ཐང། དབྱེ་འབྱེད་ཕྲ་ཞིབ་བྱེད་མཁན་ཐོག་མ་ནི། པོ་ལན་གྱི་མཛེས་རིག་མཁས་པ་ཨིནགྷརཊན(ཕྱི་ལོ༡༨༩༣–༡༩༧༠) ཡིན་ཞིང། ཁོས་སྒྱུ་རྩལ་གྱི་རིན་ཐང་ནི། རྩོམ་ཡིག་དེ་ཉིད་ཀྱི་ཁྲོད་དུ་གནས་ཤིང་མངོན་པའི་ཆོས་ཤིག་དང། མཛེས་དཔྱོད་ཀྱི་རིན་ཐང་ནི་ཀློག་མཁན་གྱིས་རྩོམ་ཡིག་ལ་མཛེས་དཔྱོད་ཀྱི་བློས་ལྟ་ཀློག་སྐབས་གཞི་ནས་མངོན་གྱི་ཡོད་པར་འདོད།
དེ་ལྟར་ན། སྒྱུ་རྩལ་བ་དང། ཀློག་མཁན་གཉིས་ཐུན་མོང་གི་ཐོན་དངོས་ཤིག་སྟེ། སྒྱུ་རྩལ་བས་བརྩམས་ཆོས་གསར་རྩོམ་བྱེད་པ་ནི་རྩ་གནད་རང་བཞིན་དང་། དཔེ་དབྱིབས་རང་བཞིན་ཙམ་ཞིག་ཡིན་ལ་དེ་དག་ཀློག་མཁན་བརྒྱུད་བསྐྱར་བཞེངས་བྱེད་དགོས།
     དེ་ཡང་ལྟ་ཀློག་བྱེད་མཁན་གྱིས་བརྩམས་ཆོས་ཀྱི་བཞེངས་བཀོད་བྱས་པའི་བརྡ་དབྱིབས་གཞིར་བཟུང་། བརྩམས་ཆོས་ཀྱི་སྒྲོམ་གཞི་དང་། དཔེ་དབྱིབས་གྲུབ་སྟངས་ཕུན་སུམ་ཚོགས་པ་དང། ངེས་གཏན་མེད་པའི་ཁྱབ་ཁོངས་ལ་ཁ་སྐོང་བྱས་ཏེ། མངོན་པར་མི་གསལ་བའི་གནས་སྐབས་ཀྱི་རྒྱུ་རྐྱེན་སྣ་ཚོགས་མངོན་གྱུར་བྱུང་ན་གཞི་ནས་བརྩམས་ཆོས་ཤིག་གྲུབ་པ་ཡིན་པར་འདོད།
རྩོམ་ཡིག་གང་ཞིག་གི་སྒྱུ་རྩལ་རིན་ཐང་འཇལ་སྐབས།

༡།    བརྩམས་ཆོས་ལས་མངོན་པའི་བསམ་བློའམ་བློ་སྐྱེད་རང་བཞིན།
༢།    བརྩམས་ཆོས་ཁྲོད་མི་སྣའི་ཁྱད་ཆོས་འབུར་དུ་དོད་མིན་དང་། དུས་རབས་ཀྱི་ཚབ་མཚོན་རང་བཞིན་ལྡན་མིན།
༣།    བརྩམས་ཆོས་ཀྱི་བརྗོད་དོན་དང་གོ་རིམ།
༤།    བརྩམས་ཆོས་ཀྱི་ཚིག་སྦྱོར་བཅས་ཕྱོགས་བཞི་ནས་བལྟ་ཆོག

ཉ༽ རྩོམ་ཡིག་ལས་མངོན་པའི་བསམ་བློའམ་བློ་སྐྱེད་རང་བཞིན།

     སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་འདིའི་ནང་རྗེ་རིན་པོ་ཆེས། ཐེག་པ་ཆེན་པོའི་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགོངས་འགྲེལ་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། གཞུང་དེ་དག་ལས་བསྟན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྡོམ་ཆེན་པོ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང། བསྡུ་བའི་དངོས་པོ་བཞིའི་ཡོན་ཏན་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་ཅིང༌། དེ་དག་གི་རྩ་བའི་འབྱུང་ཁུངས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ་དེ་རྒྱུད་ལ་སྐྱེས་ཕྱིན་ཆད་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བ།
     དེ་ཡང། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་གྱི་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །ཞེས་པ་ལྟར་གྱུར་བའི་དོན་དངོས་རྣམས། མི་སྣ་བྱེ་བྲག་པ་ཞིག་མཚན་གཞིར་བཟུང་ནས། དེས་མགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ། མཐར་འབྲས་བུ་ཐོབ་པའི་བར། སྐལ་བ་དང་ལྡན་པ་རྣམས་ཀྱིས་མཉན་ན་རྣ་བར་སྙན་ཞིང༌། བསམ་ན་ཡིད་དབང་འཕྲོག་པའི་རྩོམ་ཡིག་འདི་མཛད་དེ། སྐྱེས་བུ་དམ་པ་རྣམས་ནི། མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་མུ་མཐའ་མེད་པ་ལས་སྒྲོལ་བའི་ཁུར་ཁྱེར་ནས། བསྐལ་པ་གྲངས་མེད་པ་དུ་མར་ཡང་ལུས་དང་སེམས་ལ་གདུང་བའི་གནོད་པས་ཅུང་ཟད་ཙམ་ཡང་སྐྱོ་བ་མེད་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་རབ་ཏུ་འབར་བས་གང་བའི་ནང་ནས་ཀྱང་བཤེས་གཉེན་ལས་གདམས་ངག་དང། རྗེས་སུ་བསྟན་པ་ཚོལ་བའི་བརྩོན་འགྲུས་རྩོམ་མོ། །ཞེས་བརྩོན་འགྲུས་ལ་བསྔགས་ཤིང། བྱང་ཆུབ་སེམས་དཔའ་རྣམས་ནི། རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་ཡང་ཤ་དང་ཁྲག་དང། རྐང་གིས་ཀྱང་ཆོས་དང། ཆོས་སྨྲ་བ་ལ་བསྙེན་བཀུར་བྱེད་ན། ཟང་ཟིང་གི་ལོངས་སྤྱོད་དང། གཏོང་བ་ལྟ་ཅི་སྨྲོས་ཞེས། ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལའང་བཀུར་བསྟི་སྒྲུབ་པ་དང། སྦྱིན་པའི་ཡོན་ཏན་ལ་བསྔགས་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཏུ་གོ་བགོས་པའི་དཔའ་བོ་ཆེན་པོ་རྣམས་ནི།
     བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དེ་སྲིད་དུ། ཉན་ཐོས་དང༌། རང་རྒྱལ་གྱི་རྣམ་པར་གྲོལ་བ་ལ་སྨོན་པའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་ན། ལྷ་དང་མིའི་དབང་ཕྱུག་ལ་ཡིད་ཆགས་པར་བྱེད་པ་ལྟ་ཅི་སྨྲོས་ཞེས་བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་བསྔགས་པ་དང། བདག་ལས་གཞན་གཅེས་པར་འཛིན་པའི་བློ་དང་ལྡན་པ་རྣམས་ནི། གཞན་གྱི་དོན་དུ་འཁོར་བའི་མཐའ་ཡི་བར་དུ་སེམས་ཅན་དམྱལ་བར་གནས་པར་སྤྲོ་ན། རང་གི་ལུས་དང་སེམས་ལ་གནོད་པ་ཕྲ་མོ་རྣམས་བཟོད་པ་ལྟ་ཅི་སྨྲོས་ཞེས་བཟོད་པའི་ཡོན་ཏན་ལ་བསྔགས་པ་དང༌། གང་གིས་ཉན་ཐོས་དང། རང་རྒྱལ་རྣམས་ཀྱི་མིང་ཙམ་ཡང་མི་ཤེས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་དང། ལྡང་བར་ཡང་ནུས་ན་འཇིག་རྟེན་པའི་བསམ་གཏན་གཟུགས་མེད་རྣམས་མངོན་དུ་བྱེད་པ་ལྟ་ཅི་སྨྲོས་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ལ་བསྔགས་པ་བརྗོད་པ་དང༌།  སྟོང་པ་ཉིད་ཟབ་མོ་ལ་མོས་པ་བརྟས་པ་རྣམས་ནི།  མྱ་ངན་ལས་འདས་པ་མིང་ཙམ་དུ་བསྟན་པ་ལ་ཡང་མི་མཐུན་པར་མི་འཛིན་ན། གཡོ་བའི་ངང་ཚུལ་ཅན་གྱི་སྲིད་པ་རང་གི་ངོ་བོས་དབེན་པར་རྟོགས་པ་ལྟ་ཅི་སྨྲོས་ཞེས་ཤེས་རབ་ལ་བསྔགས་པ་བརྗོད་པ་དང། སྐྱེ་བོ་རང་དགའ་བ་རྣམས་རང་ཉིད་གནས་སྐབས་ཀྱི་མངོན་མཐོ་ཙམ་དོན་དུ་གཉེར་བ་ལ།  སྡུག་བསྔལ་དུ་མས་ལུས་གདུང་བར་བྱེད་པ་ཡང༌།  དཀའ་བ་སྤྱོད་པ་ཡིན་ནོ།  །ཞེས་སྐྱེ་བོ་རྣམས་ངོ་མཚར་དུ་འཛིན་པར་བྱེད་ན། གང་གིས་མཐའ་ཡས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ། སངས་རྒྱས་ཀྱི་ས་ལ་ཕྱིན་པར་འདོད་པས།  བདག་ཉིད་ཀྱི་བདེ་བ་དང། ལུས་དང་སྲོག་ལ་ཡང་མ་ཆགས་པར་གཏོང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་སུ་ཞིག་གུས་པར་མི་བྱེད་ཅེས་བྱང་ཆུབ་སེམས་དཔའི་གཞན་གཅེས་གྱི་བསམ་བློའི་ཡོན་ཏན་ལ་བསྔགས་པ་བརྗོད་ཅིང༌།  དེ་ལྟར་ན།  དཀའ་བ་དུ་མས་བསྒྲུབས་པའི་དམ་པའི་ཆོས་དང་ཕྲད་པར་དཀའ་བ་ཡང་ཁོང་དུ་ཆུད་པར་ནུས་ནས།  རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་དམ་པའི་ཆོས་མཉན་པ་ལ་སྐྱོ་བ་སྤངས་ཏེ།  ཡང་དང་ཡང་དུ་གུས་པ་ཆེན་པོ་ཉེ་བར་བཞག་ནས་ཐོས་པ་དང་བསམ་པ་དང༌།  སྒོམ་པ་ལ་འབད་པར་བྱའོ། །ཞེས་རྗེ་རིན་པོ་ཆེའི་སྐྱེས་སྦྱངས་ཀྱི་ཡོན་ཏན་ལས་བྱུང་བའི་ཐུགས་ཚོར་བརླིང་ཞིང།  ངོ་མཚར་བའི་སྣང་བརྙན་དེ་དག་གིས།  རང་དང་གཞན་ལ་བློ་སྐྱེད་སྟེར་བའི་བསམ་བློ་ཚིག་གི་སྒྱུ་རྩལ་དུ་བཞེངས་པ་ལ།  བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་བ་འདི་ཉིད་རྒྱ་བོད་ཀྱི་སྙན་དངགས་པ་རྣམས་ཀྱི་སྙན་དངགས་ཀྱི་བརྗོད་བྱར་མ་བླངས་པ་རྒྱན་གྱིས་སྤྲས་པའི་ཚིགས་བཅད་གསུངས་པ། དཔེར་ན།

    རྒྱལ་སྲས་རྒྱལ་བའི་རྨད་བྱུང་རྣམ་ཐར་ལ། །
    རྒྱ་བོད་སྙན་དངགས་ཚུལ་ལ་སྦྱངས་རྣམས་ཀྱིས། །
    བློ་གྲོས་ཐོགས་པ་མེད་པར་འཇུག་པ་རྫུན། །
    བདེན་ན་འདི་ཡི་རྟོགས་བརྗོད་མེད་པ་ཅི། །ཞེས་དང༌། བསྟན་བཅོས་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་བརྗོད་པ་ལ། དེའི་མཇུག་ཏུ།
    རྒྱ་ཆེན་ཤེས་བྱའི་གནས་རྣམས་ཀུན་ནས་གསལ། །
    མཁས་པའི་ལེགས་བཤད་པདྨོའི་ཚལ་བརྒྱ་འབྱེད། །
    ཐུབ་བསྟན་བྱ་ལམ་མཛེས་པའི་རྒྱན་གཅིག་པུ། །
    ཁོ་བོའི་བློ་གྲོས་ཉིན་བྱེད་ཤར་བ་ན། །
    བླུན་རྨོངས་རྒྱུ་སྐར་ཁྲོད་ན་འོད་གསལ་ཞིང༌། །
    ཕྲག་དོག་རི་དྭགས་མཚན་མས་སྤུད་པ་ཡི། །
    མཁས་པའི་ངང་ཚུལ་ཅན་གྱི་ཟླ་བ་དང༌། །
    ངན་རྟོག་འབྱུང་བོ་བྱ་ཡི་བཟོད་པར་དཀའ། །

     ཞེས་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་འདི་བརྩམས་གྲུབ་འཕྲལ། ཐུགས་སེམས་སྤྲོ་བས་བཏེགས་ཏེ། ཞལ་ཤོམ་དང་བཅས་རྐང་པ་རྣམས་ཀྱིས་རིམ་པར་བརྗོད་བྱའི་ཁྱད་པར་དང༌། རྗོད་བྱེད་ཚིག་སྦྱོར་ཀྱི་རྣམ་གཞག བྱེད་ལས་རྣམས་ཉམས་མཚར་ཞིང༌། ལྗིད་ཆེ་ལ། རྩོམ་རྩལ་ལ་དཔའ་དང་སྤོབས་པས་ཁེངས་པའི་ཚིགས་བཅད་འདི་རྩོལ་མེད་རང་བརྡོལ་ལྟ་བུར་འཐོར་བའི་ཉམས་བསྟན་པའོ། །
     གང་ལྟར་ནུབ་གླིང་བས། ཤར་ཕྱོགས་ཀྱི་བསམ་བློའི་བླ་སྲོག་ཏུ་འབོད་པའི་ནང་པ་སངས་རྒྱས་པའི་ཆོས་ཚུལ་བསམ་བློའི་སྒྲོམ་གཞི་དང༌། རྣམ་དབྱེ། རྣམ་པ། སྟོབས་ཤུགས་སོགས་དཀྱུས་གཅིག་ཏུ་མཚོན་པ་ལ།
དཔག་མེད་བསྐལ་བར་གཞན་དབང་གྱུར་བའི་སྙིང་རྗེ་ཤུགས་དྲག་གོམས་པའི་མཐུས།།

འགྲོ་བའི་དོན་ལ་རབ་ཏུ་བརྩོན་པའི་ཁུར་ཆེན་འཁྱེར་བར་གྱུར་པ་ཡི། །
སེམས་དཔའ་མཆོག་རྣམས་བྱང་ཆུབ་སྤྱོད་ལས་ཕྱིར་ཕྱོགས་གྱུར་པའི་སྐབས་མེད་དེ། །
རྒྱ་མཚོར་འབབ་པའི་གངྒཱའི་རྒྱུན་ནི་སུ་ཞིག་གིས་ནི་བཟློག་པར་ནུས། །

     ལྟ་བུ་དོན་གཞན་བཀོད་པའི་རྒྱན་གྱིས་བཅིངས་ཏེ། བདག་པས་གཞན་གཅེས་པའི་སེམས་ཁམས་ཀྱི་སྟོབས་ཤུགས་མཚོན་པ་སྟེ།
སྙན་ངག་པ་ཧེ་ཀེར་གྱིས། ཆེས་ཁྱད་པར་དུ་འཕགས་པའི་སྒྱུ་རྩལ་གྱི་རིན་ཐང་ནི། བསམ་པའི་བཀོད་པ་དེ་རེད་ཅེས་རྩོམ་རིག་གི་སྒྱུ་རྩལ་ནི། འཚོ་བ་ཁོ་ནར་བསྟེན་པ་ཞིག་མིན་པར། བསམ་བློ་ལའང་བརྟེན་པར་བཤད་པ་དང༌། རླབས་ཆེ་བའི་རྩོམ་རིག་པ་ཞིག་ཡིན་ན། བསམ་བློ་པ་ཞིག་ཡིན་དགོས་པའི་ལྟ་ཚུལ་བཏོན་པ་ལྟར་ཏེ། འདིར་ཡང་རྗེ་རིན་པོ་ཆེས། མི་རྣམས་ལ་རྟོགས་པར་འདོད་པའི་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དེ། དཔེའི་སྒོ་ནས་རྟོགས་པར་བྱེད་པའི་ནུས་པ་ངེས་ཅན་ཞིག་ཚིག་གིས་འཕེན་པར་བྱེད་དོ། །
     གཤམ་དུ། བརྩམས་ཆོས་ཁྲོད་ཀྱི་མི་སྣ་འབུར་དུ་དོད་སྐབས་ཀྱང། བསམ་བློའི་འཁྱེར་སོ་དང་འབྲེལ་ནས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་དཔེར་ན། རྟག་ཏུ་ངུའི་རང་གཤིས་མཚོན་སྐབས། ཕངས་པ་མེད་པར་བདག་གི་ལུས། ། སོགས་ཚིགས་བཅད་གཅིག་གིས་རྟག་ངུས་དགེ་བའི་བཤེས་ལ་བསྙེན་བཀུར་གྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཏོང་ཕོད་པའི་བསམ་བློ་གཙོ་བོར་བྱས་ཤིང། ལུས་སྲོག་གཏོང་ནུས་པ་དེ་ཡང་གླེན་པའི་ཨུ་ཚུགས་དང་སེམས་ཤུགས་ཙམ་མ་ཡིན་པར། ལུས་ལ་སྙིང་པོ་མེད་པར་ལྟ་བའི་བསམ་བློའི་ཆ་ཤས་སུ་གྱུར་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཁོངས་ཡངས་པ་དང་དཀྱེལ་ཆེ་བ་སྟོན་པ་ལ་དེའི་འོག་དེ་མ་ཐག་ཏུ། སྟོད་སྨད་ལུས་འདི་མཛོད་ཀྱི་སྒོ་གསལ་ཏེ། ། ཞེས་པ་ནས། ལུས་ཀྱི་ངང་ཚུལ་འདི་འདྲ་རིག་ནས་ནི། །སེམས་ལྡན་སུ་ཞིག་འདི་ལ་སྲེད་པར་བྱེད། །ཅེས་གསུངས་པ་ལྟར། གཞན་རྣམས་ཀྱི་སྐབས་སུའང་བསམ་བློའི་འཁྱེར་སོ་རླབས་ཆེ་ཞིང་ཡིད་དུ་འོང་བ་གཙོ་བོར་བརྗོད་ཡོད་པར་མ་ཟད། སེམས་མེད་ཀྱི་བྱ་དངོས་མང་པོར་བསམ་བློའི་སེམས་ལྡན་རབ་བཏགས་ཀྱི་སྤྲས་ཏེ་བཀོད་པའང་སྔ་ཕྱིར་མང་པོ་ཞིག་ཡོད།

ཏ༽ བརྩམས་ཆོས་ཁྲོད་མི་སྣའི་ཁྱད་ཆོས་འབུར་དུ་དོད་པ།

     བརྩམས་ཆོས་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ནི། རྟག་ཏུ་ངུ་དང༌། བདུད་སྡིག་ཅན། ཚོང་དཔོན་གྱི་བུ་མོ། བརྒྱ་བྱིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་རྣམས་ཡིན་ལ། དཔེར་ན། རྟག་ཏུ་ངུའི་སྣང་བརྙན་ཚིག་གི་སྒྱུ་རྩལ་གྱི་རྩོམ་འགྲོས་སུ་འདྲེན་སྐབས། ཁོང་གི་ཐུགས་སྟོབས་དང༌། བཟོད་བསྲན། བརྩོན་འགྲུས། གཏོང་སེམས། རྩེ་གཅིག་པའི་བསམ་བློ། སྒྱུ་མ་ལྟ་བུའི་ལུས་ལ་སྙིང་པོ་མེད་པར་མཐོང་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྣམས་མཚོན་ཐབས་སུ།

    ཕངས་པ་མེད་པར་བདག་གི་ལུས། །
    བཙོངས་ཏེ་དེ་ཡི་རིན་ཐང་གིས། །
    དགེ་བའི་བཤེས་ལ་བསྙེན་བཀུར་བར། །
    འདོད་ནས་གྲོང་དུ་ཞུགས་པར་གྱུར། །
    སྟོད་སྨད་ལུས་འདི་མཛོད་ཀྱི་སྒོ་གསལ་ཏེ། །
    མཆིལ་མ་སྣབས་དང་བཤང་བ་གཅི་ལ་སོགས། །
    དྲི་ང་རྒྱུན་དུ་འབབ་པར་སྟོན་པ་འདི། །
    མི་གཙང་རུལ་བའི་བང་མཛོད་དག་ལ་ནི། །
    ཡིད་འོང་དངོས་པོ་ཅུང་ཟད་ཡོད་རེ་ཞེས། །
    འདི་ཡི་མནའ་ནི་དོར་ཕྱིར་བཀོད་ལྟ་ཡི། །
    ལུས་ཀྱི་ངང་ཚུལ་འདི་འདྲ་རིག་ནས་ནི། །
    སེམས་ལྡན་སུ་ཞིག་འདི་ལ་སྲེད་པར་བྱེད། །

     ཅེས་པ་ལྟ་བུས་བསྟན་ལ། བདུད་སྡིག་ཅན་གྱི་རྣམ་པ་མཚོན་པ་ན། འདི་ཡི་སྤྱོད་པའི་ལང་ཚོ་རྫོགས་པ་ན། །ཞེས་པ་ནས། གཞན་གྱི་ཐོས་པའི་ལམ་ལས་བསྐལ་པར་བྱས། །ཞེས་བདུད་སྡིག་ཅན་གྱི་བསམ་གནག་གི་བསམ་པའི་ཁྱེར་སོ་དང༌། ཕུགས་བསམ་སོགས་དཔེ་དང་བཅས། ཉམས་ཆ་དོད་དེ་གསུངས་པ་དང༌། ཡང་ན། ཚོང་དཔོན་གྱི་བུ་མོའི་རང་བཞིན་མཚོན་པ་ལ།

སྐྱེ་བ་གཞན་དུ་སྦྱངས་པའི་བསོད་ནམས་མཐུས། །
དེ་ཡི་ལུས་ནི་ཤིན་ཏུ་མཛེས་གྱུར་ཏེ། །
འཆི་མེད་བུ་མོ་མངོན་སུམ་སྣང་བ་བཞིན། །
ཆགས་ལྡན་སྐྱེ་བོའི་མིག་གི་བདུད་རྩིར་གྱུར། །
དེ་ཡི་བཞིན་རས་ཆུ་གཏེར་མཛེས་བྱེད་པ། །
མིག་གི་ཨུཏྤལ་ཟུང་དག་འགྲན་པ་བཞིན། །
བྲང་གི་དཀྱིལ་འཁོར་ནུ་མའི་ཁུར་གྱིས་སྒེག །
རོ་སྨད་རྒྱས་ཤིང་སྐབས་ཕྱེད་ཡན་ལག་མཛེས། །
དུལ་ཞིང་ཡིད་གཞུངས་དབང་པོ་ཉེར་ཞི་བ། །
དེ་ནི་ན་ཆུང་ཚོགས་ཀྱིས་ཡོངས་བསྐོར་ནས། །
དྲི་ཟའི་གླུ་དབྱངས་ལྟ་བུར་སྙན་པ་ཡི། །
པི་ཝང་སྒྲ་ཡིས་དགའ་བར་རོལ་ཞིང་འཁོད། །

     ཅེས་སྔོན་སྦྱངས་དགེ་བའི་བསོད་ནམས་ཀྱི་མཐུ་ལས་རྙེད་པའི་འཆི་མེད་བུ་མོ་མངོན་སུམ་དུ་བྱོན་པ་ལྟ་བུ། ཆགས་ལྡན་སྐྱེ་བོ་དག་གི་མིག་གི་བདུད་རྩིར་གྱུར་བའི་མཛེས་ཉམས་བཞིན་རས་དང། མིག་ཟུང་། བྲང་གི་ནུ་འབུར། རོ་སྨད་རྒྱས་ཤིང་སྐབས་ཕྱེད་ཀྱི་ཡན་ལག་མཛེས་པས་ལང་ཚོས་ཁེངས་དྲེགས་བྱེད་འོས་པ་ཞིག་ཡིན་ནའང། བུ་མོ་དེ་ཡི་བསམ་བློའི་འཁྱེར་སོ་ནི། ཡིད་འཕྲོག་པ་ཞིག་སྟེ། དུལ་ཞིང། ཡིད་གཞུངས་ལ། དབང་པོ་ཉེ་བར་ཞི་བ་ཞེས་པ་ལྟ་བུས་མཚོན་ཞིང༌། བརྒྱ་བྱིན་བྲམ་ཟེ་ཁྱེའུར་སྤྲུལ་བའི་རང་བཞིན་རྗོད་སྐབས།

    བདག་གི་རིག་བྱེད་ལས་འབྱུང་བའི། །
    མཆོད་སྦྱིན་སྦྱིན་སྲེག་སྒྲུབ་པའི་རྫས། །
    མི་ཡི་ཤ་དང་སྙིང་དང་ཁྲག །
    རྐང་དང་རུས་པ་ཚོལ་པར་བྱེད། །
    གལ་ཏེ་དེ་དག་གཏོང་ནུས་ན། །

       ཇི་ལྟར་འདོད་པ་རིན་དུ་སྦྱིན། །ཞེས་གསུངས་པས་གསལ་བར་བསྟན་ལ། རྟག་ངུ་ལ་བརྒྱ་བྱིན་གྱིས་ཉམས་སད་སྐབས། བློ་སྟོབས་དག་འབུར་དུ་དོད་ནས་མཚོན་པ་ལ། བསྐལ་བ་བརྒྱ་ཕྲག་དུ་མར་ཡང༌། །མིག་སྟོང་སྒྱུ་མའི་སྦྱོར་བ་སྟོན་པ་ལ། །རང་གི་ལུས་ཀྱང་སོག་མའི་ཕུང་པོ་ལྟར། །ཆགས་མེད་གཏོང་ལ་ཞུམ་པ་མ་མཆིས་ཤིང༌། །བདེན་ཚིག་གྲུབ་པས་ལྷ་དབང་སྤོབས་པ་བཅོམ། །ལྟ་བུ་གསུངས་ལ། རྟག་ངུ་དང་ཚོང་དཔོན་གྱི་བུ་མོ་གཡོག་ལྔ་བརྒྱ་འཁོར་དང་བཅས་པ་ལམ་དུ་མངོན་སུམ་དུ་སྣང་བ་བཞིན་སྟོན་པ་ལ།

    སྔོན་སྤྱད་མ་དྲོས་མཚོ་ལས་ལེགས་འོངས་ཤིང༌། །
    ངོ་མཚར་སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ། །
    བརྩོན་པའི་རྦ་རླབས་ཕྲེང་བ་དྲག་ཏུ་འཁྲུགས། །
    ལྷག་བསམ་ཁུར་ཅན་རྒྱལ་སྲས་གངྒཱའི་རྒྱུན། །
    སྙན་པའི་སྒྲ་སྒྲོགས་མཛེས་མའི་ཆུ་ཕྲན་འཁོར། །
    ལྔ་བརྒྱར་བཅས་ཏེ་ཤར་གྱི་ཕྱོགས་ཉིད་དུ། །

       སྤོས་ལྡན་རྒྱ་མཚོའི་ངོགས་སུ་ཞུགས་པར་གྱུར། ཞེས་མཐའ་དག་གཟུགས་ཅན་གྱི་རྒྱན་གྱིས་བཅིངས་ཏེ། གསོན་ཉམས་འབུར་དུ་དོད་དེ་བཀོད་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ངོ་མཚར་བའི་རྣམ་པ་འབུར་དུ་དོད་སྐབས།

    རྒྱུ་སྐར་ཁྲོད་ན་ཀུ་མུད་གཉེན་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ། །
    རི་དྭགས་ཁྲོད་ན་སེང་གེ་ལྟ་བུར་འཁོར་དུ་འཇིགས་པ་ཀུན་དང་བྲལ། །
    གླིང་བཞིའི་དབུས་ན་ལྷུན་པོ་ཇི་བཞིན་དགེ་མཚན་དུ་མས་ཀུན་ནས་བརྗིད། །
    རིང་མོ་ཞིག་ནས་ཡང་ཡང་ཡིད་ལ་བཅགས་པའི་ཆོས་འཕགས་དེ་ཡིས་མཐོང༌། །ཞེས་ཆོས་དཔེས་སྤྲས་པའི་རྒྱན་གྱིས་མཚོན་པར་བྱས་ཤིང༌། དེའི་སྐབས་ཀྱི་ཚོར་བའི་ཉམས་སྣང་འགོད་སྐབས།
    དེ་ཚེ་དེ་ཡི་ཡིད་ཀྱི་མཚོ། །
    དགའ་བའི་རླབས་ཀྱིས་བསྐྱོད་པ་ནི། །
    ཡང་དག་འཇོག་པའི་བསམ་གཏན་གྱི། །
    བདེ་བའི་དཔེར་ཡང་མི་བཟོད་དོ། །ཞེས་བསྟན། ཆོས་འཕགས་ཀྱི་ངོ་མཚར་དང་དེ་ལ་མེ་ཏོག་འཐོར་བའི་རྣམ་པ་མཚོན་པ་ལ།
    རྒྱལ་སྲས་སྤྱོད་པ་ལྷ་ཡི་ལམ་ན་རྒྱུ། །
    གདུལ་བྱའི་གླིང་བཞི་ཀུན་ལ་སྙོམས་པ་ཅན། །
    ཤུགས་དྲག་བརྩོན་འགྲུས་རྟ་ལྗང་ལྗོན་པ་ཞིག །
    ཆུ་སྐྱེས་དུ་མའི་འོད་སྟོང་ཐོགས་ནས་སུ། །
    གདུལ་བྱ་གསེར་རིའི་དབུས་ན་ལྷམ་མེ་བ། །
    ཆོས་འཕགས་ལྷུན་པོའི་ངོས་ལ་འཐོར་བར་བྱེད། །

     ཅེས་པ་ལྟ་བུ་བཀོད་ཡོད། གཞན་ཡང༌། ཡུལ་ལྗོངས་ཀྱི་རྣམ་པ་མཚོན་པ་ལ། མརྒད་ལོ་མའི་གོས་གྱོན་ཅིང༌། །སོགས་དང༌། གྲོང་ཁྱེར་གྱི་ངོ་མཚར་མཚོན་པའི་ཆེད་དུ། འོག་གཞི་ནོར་བུའི་ཕུང་པོ་བདལ་བ་བཞིན། །སོགས་བཞིན་སྒྲ་དུ་མའི་དཔེ་དང། འདི་ཡི་ངོ་མཚར་རྨད་བྱུང་ཡོན་ཏན་ཚོགས། །ཞེས་པ་ནས། ལྷུན་པོ་དོར་ཏེ་འདི་རུ་འོངས་སམ་སྙམ། །ཞེས་དང༌། འདོད་པ་བསྟེན་ཕྱིར་ལག་པ་གཡོབ་པ་འདྲ། །ཞེས་ཏིང་འཛིན་རབ་རྟོག་གི་རྒྱན་གྱིས་ངོ་མཚར་བའི་རྣམ་པ་ཅན་དུ་བཞེངས་བསྐྲུན་བྱས་པ་དང༌། ཆུ་བོའི་ཡོན་ཏན་ལ་བསྔགས་སྐབས།

ངོགས་རྣམས་མཛེས་ཤིང་ལྗོན་ཤིང་དུ་མས་དཀྲིགས། །
སྟེང་དུ་སྤུ་སྡུག་བྱ་རྣམས་དགའ་བས་རྩེ། །
འགྲམ་ན་ལྡེམ་ལྡེམ་གཡོ་བའི་པདྨོའི་ཚོགས། །

        རྫིང་གི་ཡོན་ཏན་མཐོང་ཚེ་རྒོད་པ་བཞིན། །ལྟ་བུ་དང༌། ཕོ་བྲང་གི་བཀོད་པ་ཡིད་དབང་འཕྲོག་པའི་རྣམ་པར་སྤྲོ་བ་ན། ཀ་བ་དུ་མས་ལེགས་དཀྲིགས་ཀ་གཞུ་ནོར་བུའི་ཕྲ་ཡིས་སྤྲས། །སོགས་སྒྲ་རྒྱན་གྱི་རྩོམ་འགྲོས་སྤྱད་དེ། རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་མངོན་སུམ་གསལ་རྗེན་དང༌། གཟུགས་བརྙན་བཞིན་མཚོན་པར་བྱས་ཏེ། ཀློག་པ་པོར་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པ་ཞིག་སྦྱིན་པར་བྱེད་དོ། །

ཐ༽ བརྩམས་ཆོས་ཀྱི་བརྗོད་དོན་དང་གོ་རིམ།

བསྟན་བཅོས་འདིའི་བརྗོད་དོན་ནི། གཞུང་འདིའི་དངོས་པོ་ངེས་བསྟན་གྱི་སྐབས་སུ།
            སྔོ༷ན་ཚེ་སྔོ༷ན་གྱི་རྒྱལ་བ་དུ་མ་ལ། །
            ལྷག༷་སམ་ལྷག༷་པར་བསྐྲུན་པའི་མཐུ་བརྟས་པ། །
            རྒྱ༷ལ་བའི་རྒྱ༷ལ་སྲས་དམ་པ་རྟག་ཏུ་ངུས། །
            ཆོ༷ས་ཕྱིར་ཆོ༷ས་འཕགས་བསྟེན་ཚུལ་འདིར་བཤད་བྱ། །ཞེས་ལེའུ་གསུམ་པའི་བར་ཆོད་ཟུང་ལྡན་གྱི་རྒྱན་གྱིས་མཛེས་པར་བྱས་ནས་བསྟན་ཅིང༌། དེ་ཡང་རྟག་ཏུ་ངུས། ཆོས་ཀྱི་ཆེད་དུ་ལུས་དང་སྲོག་ལ་མི་ལྟ་བར་བྱ་དཀའ་ལ། གྲངས་མེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་སྤྱད་དེ་དགེ་བའི་བཤེས་གཉེན་ཆོས་འཕགས་བསྟེན་པ་དང། དེ་ལས་ཤེར་ཕྱིན་གྱི་གདམས་ངག་ཉན་པའི་ཚུལ་གསལ་བར་གསུངས་ཤིང༌། དེའི་གོ་རིམ་སྒྲིག་པ་ན།
     དེ་ཡང་འདི་ལྟར། རྟག་ཏུ་ངུ། ཤེར་ཕྱིན་བཙལ་བའི་ཆེད་དུ་དབེན་པའི་ས་ཕྱོགས་ཤིག་ཏུ་ཕྱིན་པ་དང། བར་སྣང་ལས་གཟུགས་མེད་པར་ཤར་ཕྱོགས་སུ་སོང་ཞིག་ཅེས་པ་ལྟར། ཕྱོགས་གང་དུ་བཙལ་དགོས་པ་ཤེས་ནས་སོང་བ་དང༌། ཡང་སོང་སོང་བ་དང་ཐང་ཆད་དེ། ཀྱེ་མ། བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བ་མ་དྲིས་སོ། །ཞེས་ཡིད་ཁོང་དུ་ཆུད་དེ་ངུ་ཞིང་མྱ་ངན་གྱི་དགུང་བདུན་འདས་པ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་མཇལ་བས། དེས་ད་དུང་ཤར་ཕྱོགས་སུ་སོང་ཞིག་དང༌། འདི་ནས་དཔག་ཚད་ལྔ་བརྒྱ་ཙམ་ན། གྲོང་ཁྱེར་གྱི་མིང་སྤོས་ལྡན་ཟེར་བ་དེར། ཆོས་སྟོན་པའི་དགེ་བཤེས་ཀྱི་མཚན་ཆོས་འཕགས་ཟེར་བ་ཡོད་པ་ལུང་དུ་བསྟན་པས། ཁོང་སེམས་འཚབ་ཏེ། འབུལ་བ་ཅི་ཞིག་འབུལ་སྙམ་སྟེ། དེ་ལ་མཆོད་པའི་ཕྱིར་ལུས་བཙོངས་ཏེ་དེ་ཡི་རིན་གྱིས་མཆོད་དགོས་སྙམ་སྟེ། ལུས་སྲོག་ཕངས་མེད་དུ་སྦྱིན་པར་རྩོམ་པའི་ཚེ། ཚོང་དཔོན་གྱི་བུ་མོས་མཐོང་སྟེ། མ་བཟོད་པར་མཆོད་པའི་ཡོ་བྱད་ཅི་དགོས་མཁོ་འབུལ་ཞུ་རྒྱུ་ཁས་བླངས་པ་དང། བྲམ་ཟེའི་གཟུགས་ཅན་བརྒྱ་བྱིན་གྱིས། རང་གི་ངང་ཚུལ་གསལ་བོར་བསྟན་པ་དང། རྟག་ཏུ་ངུས་བདེན་ཚིག་བོར་ཏེ་རང་ལུས་སྐྱོན་མེད་སྔར་ལྟར་སོས་པ། དེ་ནས་ཚོང་དཔོན་གྱི་བུ་མོ་དང་བཅས་ཏེ། གྲོང་ཁྱེར་སྤོས་ལྡན་དུ་སླེབས་སྐབས།
     དགེ་བའི་བཤེས་གཉེན་ཆོས་འཕགས་ལོ་བདུན་དུ་ཏིང་ངེ་འཛིན་གཅིག་གི་ངང་དུ་འབྱམས་ཏེ་བཞུགས་པ། དེ་ནས་བཞེངས་པར་ཉེ་བ་ན་བདུད་སྡིག་ཅན་གྱིས་བར་ཆད་བརྩམས་ཏེ། ཕྱོགས་ཀུན་ཏུ་ཆུ་མི་སྣང་བར་བྱས་པས། རྟག་ཏུ་ངུས་རང་གི་ལུས་ཀྱི་ཁྲག་བཏོན་ཏེ། ས་ཕྱོགས་ཆག་ཆག་བཏབ་པ། བརྒྱ་བྱིན་གྱིས་ཁྲག་དེ་དག་ཁོར་ཡུག་དཔག་ཚད་བརྒྱར་ཁྱབ་པའི་ལྷའི་ཙན་དན་གྱི་ཆུར་བྱིན་གྱིས་བརླབས་པ། ཆོས་འཕགས་ཏིང་ངེ་འཛིན་ལས་བཞེངས་ཏེ་སྟོང་ཉིད་ཟབ་མོའི་ཆོས་བསྟན་པ་རྣམས་སྔ་ཕྱིའི་གོ་རིམ་མ་འཆོལ་བ་ཁྲིགས་ཆགས་སུ་སྟོན་པ་ཙམ་དུ་མ་ཟད། གོ་རིམ་སྒྲིག་སྟངས་ཉམས་མཚར་ཞིང༌། རྟག་ཏུ་ངུས་དཀའ་བ་སྤྱོད་པ་དང༌། བརྩོན་འགྲུས། བློ་སྟོབས་བཅས་མཚོན་པའི་རིམ་པར་བསྒྲིགས་ཤིང༌། དེ་ཡང༌། སྔོན་ལ་ཚིག་ལྷུག་གི་སྒོ་ནས་འཆད་ཅིང། དེའི་དོན་བློ་ངོར་ཤར་བ་ན། དེ་ཡང་ཡིད་འཕྲོག་ཅིང་སྙན་དབང་གསོ་བའི་སྒྱུ་རྩལ་གྱི་རྩོམ་འགྲོས་ཚིགས་བཅད་དུ་བསྡེབས་ཏེ་ངོ་མཚར་བར་བྱས་སོ། །
     དེ་ཡང་གོ་རིམ་འདི་ནི། སྤྱིར་བཏང་དྲང་དོན་ཚིག་གིས་ཟིན་ཚོད་ཀྱི་གོ་རིམ་ཞིག་ཡིན་ལ། བརྗོད་བྱ་ངེས་དོན་ལྟར་ན། དོན་དངོས་ཐོག་འདི་ལས་གཏིང་ཟབ་པའི་གོ་རིམ་གཞན་ཞིག་སྟོན་པ་སྟེ། རྟག་ཏུ་ངུའི་ནང་ཐུགས་ཀྱི་མངོན་རྟོགས་ཀྱི་འཕེལ་རིམ་སྟོན་པ་ནི། བར་སྣང་ལས་སྒྲ་འདི་ལྟ་བུ་ཞིག་ཐོས་ཞེས་པས་འདི་དུས་རྟག་ཏུ་ངུ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པས། གང་ལ་མཉམ་པར་བཞག་ན་རྒྱལ་བ་རྣམས་ལས་ཆོས་གསུང་རབ་ཀྱི་ཚིག་དོན་གྲངས་ལས་འདས་པ་འཛིན་ནུས་པའི་ཏིང་ངེ་འཛིན་མ་ཐོབ་ལ། དེ་ཐོབ་པའི་ཆེད་དུ། བར་སྣང་གི་སྒྲས་བསྟན་པའི་ལུས་ངལ་བ་དང་གཉིད་དང་རྨུགས་པ་དང། བཟའ་བ་དང་བཏུང་བ་དང། ཉིན་མཚན་དང། ཚ་གྲང་ཡིད་ལ་མི་བྱེད་པ་ཞེས་ཏིང་ངེ་འཛིན་དེ་ཐོབ་པའི་གེགས་གཙོ་བོ་བྱིངས་རྒོད་དང་གཉིད་རྨུགས་དེ་དག་སེལ་དགོས་པར་བསྟན་པ་ལྟར། ཏིང་ངེ་འཛིན་དེ་དགུང་བདུན་གྱི་བར་དུ་ཡིད་ལ་བྱེད་པ་གཞན་མི་བྱེད་པར་བསྒོམས་པས། དགུང་བདུན་འདས་པ་ན། དེའི་མདུན་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཤིན་ཏུ་མཛེས་པ་བལྟ་ན་སྡུག་པ། མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་ཞིག་བཞུགས་པ་མཐོང་ངོ་། །ཞེས་དང། གཞན་ས་ཕྱོགས་དེར་ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་པས། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བར་གྱུར་ཏོ། །ཞེས་དང།

    དེ་ཡིད་ཏིང་འཛིན་ཆུ་གཏེར་ལ། །
    ཕྱོགས་བཅུའི་རྒྱལ་བའི་གཟུགས་ཀྱི་སྐུ། །
    རྒྱུ་སྐར་ཕྲེང་བ་ཤར་ལྟར་སྣང། །

      ཀུན་ཀྱང་ཟབ་མོ་དེ་ཉིད་སྟོན། །ཞེས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་བསྟན་པ་དང། ཏིང་ངེ་འཛིན་དེ་ལས་ལངས་ནས་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང། གང་དུ་བཞུད་པ་མ་འཚལ་ཏེ་ཞེས་སོགས་གསུངས་ལུགས་ལ་བལྟས་ན། མཐོང་ཚུལ་དེ་དག་ཏིང་ངེ་འཛིན་གྱིས་མཐོང་ཚུལ་ལས་གཟིགས་ཚུལ་གཞན་མ་ཡིན་པར་གསལ་བ་དང། དེ་བཞིན་དུ། དབུ་མ་འཇུག་པ་ལས། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་གསུངས་པ་ལྟར། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་ཉམས་ལེན་གྱི་གཙོ་བོ་སྦྱིན་པའི་ཕར་ཕྱིན་ཡིན་པས། ཕངས་པ་མེད་པར་བདག་གིས་ལུས། །བཙོངས་ཏེ་ཞེས་སོགས་གསུངས་ཤིང། དེ་བཞིན་དུ་ས་ལམ་བགྲོད་ཚུལ་གྱི་སྐབས་སོ་སོ་སོའི་བླང་དོར་གྱི་རྣམ་གཞག་ཀྱང་གོ་རིམ་བཞིན་སྟོན་པ་ཡང་ཞིབ་ཏུ་བལྟས་ན་ཤེས་པར་འགྱུར་རོ། །

ད༽ བརྩམས་ཆོས་ཀྱི་ཚིག་སྦྱོར།

བརྩམས་ཆོས་འདིའི་ལུས་ནི། ཚིགས་བཅད་དང་ལྷུག་མ་སྤེལ་མར་བྱས་པ། དེ་ཡང༌། རྗེ་རིན་པོ་ཆེས་འདིའི་མཇུག་ཏུ།

ལྷག་བསམ་རྣམ་དག་ལྷུན་པོའི་ཁྱོན་ལས་འཁྲུངས། །
སྒྲ་དོན་རྒྱན་གྱི་མེ་ཏོག་རྣམ་པར་བཀྲ། །
མངོན་བརྗོད་ཡལ་གའི་རྣམ་གྲངས་དུ་མས་ཕྱུག །

       རྟོགས་བརྗོད་སྙན་དངགས་དཔག་བསམ་ལྗོན་པ་འདི། །ཞེས་པ་ལྟར་ཏེ། ཚིགས་བཅད་རེ་རེའི་མིང༌། ཚིག་ཕྲད། རྣམ་དབྱེ་དང་བཅས་པའི་སྡེབ་སྦྱོར་འཇམ་ཞིང། མཉེན་པར་མ་ཟད། ཚིག་རྐང་ཕན་ཚུན་དབར་ཚེག་ཁྱིམ་མང་ཉུང་སྙོམས་སྒྲིག་གི་སྒྱུ་རྩལ་གཞན་དང་མི་འདྲ་བ་དཔེར་ན།
     སྒྲ་གདངས་ཀྱི་དབྱངས་འགྲོས་དང། ཀློག་པ་པོའི་གཅོད་མཚམས་ཀྱི་འགྱུར་ཁུགས་སམ། འདེགས་འཇོག་ཧ་ལས་པའི་ཉམས་ཐོན་པ། དེ་ཡང་གཙོ་བོ་དོན་མཚོན་པ་ལ་ཚིག་གི་གཅོད་མཚམས་གསལ་བ། དཔེར་ན། ཁྱོད་ཀྱི་སྲིད་པའི་བདེ་ལ་མ་ཆགས་ཤིང། །སོགས་ཚིགས་བཅད་གཉིས་ཚེག་ཁྱིམ་དགུ་མ་དང༌། དེའི་འོག་དེ་མ་ཐག་ཏུ། དེ་ནས་བདག་ཉིད་ཆེན་པོ་དེས། །སོགས་ཚེག་ཁྱིམ་བདུན་མ་བྱས་ཏེ། རོ་འཛིན་བསྐྱོད་པ་མེད་ན་ཡང། །ཞེས་པའི་མཇུག་ཏུ། གདངས་ཀྱི་ཉམས་འགྱུར་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ལེགས་ལམ་ལེགས་པར་སྟོན་པའི་ངག །དེ་ལྟར་དེ་ཡི་རྗེས་སུ་ཞུགས། །ལྟ་བུ་བར་ཆོད་ཟུང་ལྡན་གྱི་སྒྲ་རྒྱན་སྤེལ་ཏེ། བརྗོད་བྱ་དེ་དབྱངས་ཀྱི་འགྱུར་འགྲོས་ལས་ཉམས་མཚར་བར་བྱས་ཡོད།
སྤྱིར་ཚིགས་སུ་བཅད་པ་ཚེག་ཁྱིམ་བདུན་མ་དང། དགུ་མ་ཤས་ཆེ་ན་ཡང། སྐབས་རེར་ཚེག་ཁྱིམ་བཅོ་ལྔ་ཅན་རེའི་མཇུག་ཏུ་བདུན་མ་དང། མཚམས་མཚམས་སུ། བཅུ་གཅིག་ཅན་དང། དགུ་མ་དང༌། བདུན་མ་རིམ་པར་བར་མ་ཆད་དུ་འམ། ལྷུག་མ་ཅུང་ཟད་རེའི་མཇུག་ཐོགས་སུ་བཀོད་པ། དེ་ལྟར་རིམ་པར་སྤེལ་བའི་ཚེ་ན་ཡང༌། ལན་རེར། སྒྲ་རྒྱན་ཅན་གྱི་ཚིགས་བཅད་བར་དུ་སྤེལ་ནས་ངལ་བསོའི་གཅོད་མཚམས་དང་འབྲེལ། རྐང་པ་ཕན་ཚུན་དབར་གྱི་དབྱངས་ཀྱི་འདེགས་འཇོག་ཆ་མི་སྙོམས་པ་དང། འགྱུར་ཁུག་མང་བའི་དམིགས་བསལ་སྒྲ་དབྱངས་ཀྱི་ཉམས་འགྱུར་སྔ་མ་ལས་ཕྱི་མ་ངོ་མཚར་བའི་ཉམས་འགྱུར་ཐོན་བཞིན་ཡོད། དེ་བཞིན་མིང་ཚིག་བེད་སྤྱོད་གཏོང་སྐབས་ཀྱང་ཚིག་གི་རྐང་པའི་ནང་མངོན་བརྗོད་ཡོད་མེད་སྤེལ་ནས་བྲིས་པ། དཔེར་ན། གདོང་བཞི་པའམ་མིག་སྟོང་ལྡན་པའམ། །དྲག་པོའམ་དཔལ་མོའི་གཉེན་ནམ་མདའ་ལྔ་པ། །ཞེས་མིང་ཚིག་མངོན་བརྗོད་ཀྱིས་བཅིངས་ཤིང། ཚིག་རྐང་ཕྱི་མ་གཉིས་མངོན་བརྗོད་ཀྱིས་མ་བཅིངས་པར་རང་སོར་ཡོད་པ། རྣམ་ཐོས་བུའམ་ཉི་མའམ་ཟླ་བའམ། །འཁོར་ལོས་སྒྱུར་རམ་གང་ཞིག་ཐོབ་པར་འགྱུར། །ཞེས་པ་ལྟ་བུར་བཞག་ཡོད་དོ། །

ན༽ ཚིག་རྒྱན་སྒྱུ་རྩལ་གྱི་རྣམ་པ་ངོ་མཚར་བ།

     བརྩམས་ཆོས་འདིའི་ནང་ཆེས་མངོན་གསལ་དོད་པའི་སྒྱུ་རྩལ་གྱི་རྣམ་པ་ངོ་མཚར་བ་ཞིག་ནི། ཚིག་རྒྱན་སྣ་ཚོགས་ཀྱིས་བཅིངས་པ་དང། གོ་སླ་བའི་མངོན་བརྗོད་དང་མིང་ཚིག་འཇམ་པའི་སྡེབ་སྦྱོར་ལེགས་པ་དེ་ཡིན། ཚིག་རྒྱན་སྐབས་སྤྱོད་ཤུགས་ཆེ་བ་ནི། རང་བཞིན་བརྗོད་པའི་རྒྱན་དང༌། དཔེ་རྒྱན། གཟུགས་རྒྱན། རབ་བཏགས་དང། དོན་གཞན་བཀོད་པ། འགོག་རྒྱན་སོགས་ཡིན་ལ། སྒྲ་རྒྱན་ལས་བར་ཆོད་ཟུང་ལྡན་གྱི་རྒྱན་སྤྱི་དང། ལྷག་པར་དུ་དེའི་རིགས་པ་ཀ་ལིའི་ཕྲེང་བར་བསྒྲིགས་པ་དེ་དག་ཡིན།
     དཔེར་ན། འདིར་བཀོད་པའི་ཚིགས་བཅད་ཁ་ཤས་ཀྱི་རྒྱན་ངོས་བཟུང་སྟེ་ངོ་སྤྲོད་ན།  གང་ཞིག་རྟོགས་ན་མཐའ་དག་སྤྲོས་པའི་ཚོགས། །ཞེས་སོགས་མཆོད་བརྗོད་ནི། ཆོས་དཔེ་དང༌། ཟབ་མོའི་ལམ། །བརྒྱ་ཕྲག་དཀའ་བས་བསྒྲུབ་ལ་བརྩོན་རྣམས་ཞེས་པས་རིགས་རང་བཞིན་བརྗོད་པ་དང། རྒྱལ་ཞེས་པའི་ཚིག་བཀོད་པས་སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་དང། དཔག་མེད་བསྐལ་བ་སོགས་ཚིགས་བཅད་དེ་ནི་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པའི་རྒྱན་དང། གང་ཞིག་མངོན་ཞེན་སོགས་ཚིགས་བཅད་གཅིག་ནི། ཆ་ཤས་གཟུགས་ཅན་དང། དེ་ནས་བདག་ཉིད་ཆེན་པོ་དེས། །ཞེས་པའི་ཚིགས་བཅད་ནི། སྲིད་པ་ཅན་གྱི་རྒྱན་ལ་གསུམ་ལས། གཉིས་པ་ནང་གི་རྒྱུ་ཅུང་ཟད་ཙམ་གྱིས་འབྲས་བུ་སྲིད་པ་ཅན་གྱི་རྒྱན་དང། འདི་ཡི་བརྩོན་པའི་སྟོབས་ཀྱིས་ཟབ་མོའི་ཚུལ། །སོགས་ཚིགས་བཅད་ནི། སེམས་ལྡན་རབ་རྟོག་གི་རྒྱན་དང༌། མཚན་མའི་བློ་དང་སྡིག་པའི་གྲོགས་པོ་རིང་དུ་བོར། །སོགས་ཚིགས་བཅད་བཞི་ནི།  རིམ་པ་ལྟར།  བྱ་བ་རང་བཞིན་བརྗོད་པའི་རྒྱན་དང།  ཡིད་ལ་བུད་ཤིང་མེད་ན་ཡང༌། །ཞེས་སོགས་ཚིགས་བཅད་ནི། སྲིད་པ་ཅན་གྱི་རྒྱན་དང། ཉོན་མོངས་དྲི་མ་དང་བྲལ་བའི། །ཞེས་སོགས་ཚིགས་བཅད་ནི། བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་གྱི་རྒྱན་དང། དེ་ཚེ་དེ་ཡི་ཡིད་ཀྱི་མཁའ། །ཞེས་སོགས་ཚིགས་བཅད་གཉིས་ནི། ཆ་ཤས་གཟུགས་ཅན་དང། ཇི་ལྟར་དྭངས་པའི་མཚོ་ལ་ཟླ་གཟུགས་ལྟར། །ཞེས་སོགས་ཆོས་དཔེ་དང། དེ་ཡིད་ནུབ་ཀྱི་ས་འཛིན་རྩེར། །ཞེས་སོགས་ཚིགས་བཅད་ནི། གཟུགས་རྒྱན་དང་ལྷན་ཅིག་བརྗོད་པའི་རྒྱན་འདྲེས་མ་དང། བདག་ལྟའི་གཞི་རྩ་ཆེས་ཆེར་རབ་བརྟན་གསེར་གྱི་གཞིར། །སོགས་ནི་ཆ་ཤས་གཟུགས་ཅན་དང། ཕངས་པ་མེད་པར་སོགས་བྱ་བ་རང་བཞིན་བརྗོད་པ།
     སྟོད་སྨད་ལུས་འདི་མཛོད་ཀྱི་སྒོ་གསལ་ཏེ། །སོགས་ནི་ལྔ་པ་སྐྱུག་བྲོ་བ་འཕེལ་བའི་མི་སྡུག་པའི་ཉམས་ལྡན་གྱི་རྒྱན་དང། འདི་ཡི་སྤྱོད་པའི་ལང་ཚོ་རྫོགས་པ་ན། །ཞེས་སོགས་ཆ་ཤས་གཟུགས་ཅན་དང། ལྷ་ཡི་ལམ་ཡང་མ་ཡིན་ཞིང། །སོགས་ཚིགས་བཅད་ནི་སྲིད་པ་ཅན་གྱི་རྒྱན་དང། ཏིང་འཛིན་རབ་རྟོག་གི་རྒྱན་འདྲེས་མ་ཡིན་ཏེ། མེ་ལོང་མའི་རྩ་བར། སྙམ་དང་དོགས་དང་ངེས་དང་འདྲ། །མིན་ནམ་ཞེས་པ་ལ་སོགས་པའི། །སྒྲ་ཡི་རབ་བཏགས་གསལ་བར་བྱེད། །བཞིན་གྱི་སྒྲ་ཡང་དེ་དང་འདྲ། །ཞེས་པ་ལྟར་ཏེ། འོག་ཏུ་རབ་རྟོག་གི་རྒྱན་ཡོད་པའང་དེ་ལྟར་ཤེས་དགོས་སོ། །བདག་གི་རིག་བྱེད་ལས་འབྱུང་བའི། །ཞེས་སོགས་ནི། འཇིགས་པའི་ཉམས་ཅན་དང༌། དེ་དུས་སྐྱེས་བུ་མཆོག་དེ་ཡི། །སོགས་ནི། དངོས་ཐོབ་ཀྱི་དགའ་བའི་རྒྱན་དང༌། སྐྱེ་བ་གཞན་དུ་སྦྱངས་བའི་བསོད་ནམས་མཐུས། །སོགས་ཆོས་དཔེ་དང། དཔེའི་གཟུགས་ཅན་དང། རྫས་རང་བཞིན་བརྗོད་པའི་རྒྱན་ནོ། །བདག་གི་ལུས་ལ་ཆགས་མེད་པར། །སོགས་ནི་བསམ་པ་རྒྱ་ཆེ་བའི་རྒྱན་དང། གང་ཞིག་ལང་ཚོ་གསར་པའི་མེ་ཏོག་གིས་བཀྲ་ཞིང༌། །སོགས་ནི། མཐའ་དག་གཟུགས་ཅན་དང། སྙིང་སྟོབས་ཚ་ཟེར་རབ་འབར་ཞིང། །སོགས་ནི་ཆ་ཤས་གཟུགས་ཅན། དེ་སྐད་བདེན་ཚིག་བརྗོད་མ་ཐག །ཅེས་སོགས་ནི་མཐའ་དག་གཟུགས་ཅན་དང་རབ་བཏགས་ཀྱི་རྒྱན་འདྲེས་མ་དང། བསྐལ་བ་བརྒྱ་ཕྲག་དུ་མར་ཡང༌། །སོགས་ནི་རིམ་པ་ལྟར་རང་བཞིན་བརྗོད་པ་དང། མཐའ་དག་གཟུགས་ཅན་དང༌། བསམ་པ་རྒྱ་ཆེ་བའི་རྒྱན་ནོ། །
     སྔོན་སྤྱོད་མ་དྲོས་མཚོ་ཆེན་ལས་འོངས་ཤིང། །སོགས་ཚིགས་བཅད་གཉིས་ནི་མཐའ་དག་གཟུགས་ཅན་དང། རྒྱུ་སྐར་ཁྲོད་ན་ཀུ་མུད་གཉེན་ལྟར་མཐོང་བ་ཙམ་གྱིས་གདུང་བ་སེལ། །ཞེས་སོགས་ཚིགས་བཅད་ནི་དགའ་བའི་རྒྱན་དང། འོག་གཞི་ནོར་བུའི་ཕུང་པོ་བདལ་བ་བཞིན། །སོགས་ནི། བཞིན་སྒྲ་དུ་མའི་དཔེ་དང༌། འདི་ཡི་ངོ་མཚར་རྨད་བྱུང་ཡོན་ཏན་ཚོགས། །སོགས་ཏིང་ངེ་འཛིན་རབ་རྟོག་གི་རྒྱན་དང༌། སྔོ་སངས་ལུས་མཛེས་རྙོག་པའི་དྲི་མ་བྲལ། །སོགས་ལྡན་པའི་གཟུགས་ཅན་དང༌། འདོད་པ་བསྟེན་ཕྱིར་ལག་པ་གཡོབ་པ་འདྲ། །ཞེས་སོགས་རབ་རྟོག་གི་རྒྱན་དུ་གསལ་ལོ། །
     ངོགས་རྣམས་མཛེས་པའི་ལྗོན་ཤིང་དུ་མས་དཀྲིགས། །སོགས་རིམ་བཞིན་རང་བཞིན་བརྗོད་པའི་རྒྱན་དང༌། ཕྱི་མ་གཉིས་རབ་རྟོག་གི་རྒྱན་གྱིས་སྤྲས་པའོ། །འགྲོ་འདོད་ཡིད་ཀྱི་རླབས་འཁྲུགས་དྲག་པོ་ཡིས། །ཞེས་པ་ནས། བླངས་ནས་རང་གི་སྟེང་དུ་འཁོད་པ་འདྲ། །ཞེས་དང༌། ཡང། རང་གི་ལུས་ལ་དུ་མར་སྟོན་པ་ལྟ། །སོགས་ནི་རབ་རྟོག་དང། དངོས་དཔེ། རབ་རྟོག་གི་རྒྱན་གྱིས་མཛེས་པར་བྱས་པའོ། །དེ་ཡི་བཀོད་པའི་ཡ་མཚན་ལ། །སོགས་ནི་རབ་རྟོག་གི་རྒྱན་དང། གང་གི་ལྷ་བརྒྱའི་ཡན་ལག་མཆོག་དང་ལག་པའི་པདྨོ་མཛེས་བྱེད་པའི། །སོགས་ནི། འབྱོར་བ་རྒྱ་ཆེ་བའི་རྒྱན་དང༌། སྤྲོས་བྲལ་དབུ་མའི་མཁའ་ལ་ལེགས་གནས་ཤིང། །ནས། པདྨོའི་གཉེན་འདིའང་སྐྲག་ནས་བྲོས་པ་འདྲ། །སོགས་ཚིགས་བཅད་སྔ་ཕྱི་གཉིས་ཀ་རབ་རྟོག་གི་རྒྱན་དང༌། འདི་ཡིས་ཆོས་འཕགས་བསྙེན་བཀུར་ཕྱིར། ། སོགས་ཚིགས་བཅད་གསུམ་ནི་རབ་རྟོག་གི་རྒྱན་དང༌། གང་གི་རྒྱལ་བའི་སྲས་པོ་ཡིས། །སོགས་ནི་དགའ་བའི་རྒྱན་དང༌། ཉལ་འགྲོའི་རྒྱུན་རྣམས་སྒྲོག་གི་རྒྱ་ལས་གྲོལ། ། སོགས་ནི།
རྣམ་པའི་ཕྲ་མོའི་རྒྱན་དང༌། གང་ཡང་འདི་ན་སྒྱུ་མ་མཁས་པ་འགས། །སོགས་ནི། འཇིགས་རུང་གི་ཉམས་ཅན་ཡིན་པ་སོགས་དོན་རྒྱན་གྱི་བཅིངས་པ་རྣམས་དང༌། ཡང༌། སྒྲ་རྒྱན་གྱིས་སྤྲས་པ་ནི། སྔོན་ཚེ་སྔོན་གྱི་རྒྱལ་བ་དུ་མ། །ཞེས་སོགས་ཚིགས་བཅད་དང༌། ཡང༌། ལེ༷གས་ལམ་ལེ༷གས་པར་སྟོན་པའི་ངག །སོགས་དང༌། མཇུག་གི། རྒྱ༷ལ་དང་རྒྱ༷ལ་སྲས་སྤྱོད་པ་མ་ལུས་པ། །སོགས་ནི་བར་ཆོད་ཟུང་ལྡན་གྱི་སྒྲ་རྒྱན་དང༌། ཆོས་ཀུན་སྒྱུ་མ་སྟོན་མཛད་པ། །སོགས་རྐང་པ་བདུན་གྱི་དབུས་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་གྱི་སྒྲ་རྒྱན་དང༌། ཡང༌། སྲིད་པ་གསུམ་གྱི་མཆོད་པའི་གནས། །སོགས་དང༌། བདེ༷ན་བཞི་རྟོགས་པའི་འོད་དཀར་ཅན། །སོགས་དང༌། འགྲོ་བའི་སྐྱབས་གཅི༷ག་དོན་དམ་སྐུ། ། སོགས་ནི་རྐང་པ་བཞི་གའི་བར་ན་ཡོད་པའི་བར་ཆོད་ཟུང་ལྡན་དང༌། དེ་ཡང་གསུམ་དང༌། བཞི་དང༌། གཅིག་གྲངས་ཀྱི་ཚིག་གིས་བརྒྱན་པ་དང༌། གང་གི་ངལ་བརྒྱས་བཤེས་གཉེན་བསྟེན་པའི་ཚུ༷ལ། །ཚུ༷ལ་བཞིན་ཞེས་སོགས་ཀྱི་ཚིགས་བཅད་ནི་ཐོག་མཐའ་སྦྱར་བའི་ཟུང་ལྡན་གྱི་སྒྲ་རྒྱན་དང༌། ཡང༌། མ༷་ལུས་སྲས་བཅས་རྒྱལ་བའི་ཡིད། །མི༷་གནས་མྱང་འདས་སྟོན་དེ་ལ། །མུ༷་ཏིག་དོ་ཤལ་རྒྱན་རྣམས་དང༌། །མེ༷་ཏོག་སིལ་མས་མངོན་པར་གཏོར། །ལྟ་བུ་དབྱངས་ཨ་ཨི་ཨུ་ཨེ་བཞི་རིམ་པར་སྤེལ་བའི་རྩོམ་ལུགས་གསར་བའི་སྒྲ་རྒྱན་དང༌། ཡང༌།

    སྣང་བཞིན་མེད་ཕྱིར་སྣང་པས་སྟོང༌། །
    སྟོང་པས་སྣང་ཕྱིར་མེད་བཞིན་སྣང༌། །
    ལམ་ཟབ་ཆེས་དཀའ་རྟོགས་པས་མཁས། །
    མཁས་པས་རྟོགས་དཀའ་ཆེས་ཟབ་ལམ། །
    མཁས་པས་རྟོགས་ཉིད་དེ་བཞིན་གནས། །
    གནས་བཞིན་དེ་ཉིད་རྟོགས་པས་མཁས། །
    རྨོངས་རྣམས་མཐོང་བ་ལོག་པས་འཁྲུལ། །

       འཁྲུལ་བས་ལོག་པ་མཐོང་རྣམས་རྨོངས། །ཞེས་པ་ནི། དྲུག་པ་བཟློག་པའི་ཟུང་ལྡན་ལས། དང་པོ། རྐང་པ་བཟློག་པའི་ཟུང་ལྡན་ཡིན་ལ། དེ་ཡང། ཚིག་རྐང་དང་པོ་དེ་ཉིད་ལུགས་ལས་བཟློག་པས་དེའི་རྐང་པ་གཉིས་པ་འགྲུབ་ཅིང། རྐང་པ་གསུམ་པའི་ཡི་གེ་རྣམས་ལུགས་ལས་བཟློག་པས་རྐང་པ་བཞི་པ་འགྲུབ་པ་སོགས་བྱ་དཀའ་བའི་སྒྲ་རྒྱན་དང། ཡང་དེའི་མཇུག་ཏུ། འདི་ན་ཞེན་པས་ཞེན་ན་འདི། །འཁོར་བར་མྱུར་བ་མྱུར་བར་འཁོར། །ལྟ་བུ་ཚིགས་བཅད་ཕྱེད་བཟློག་པས་ཆོད་པའི་ཟུང་ལྡན་གྱི་སྒྲ་རྒྱན། བྱ་དཀའ་བའི་རིགས་དང། ལྷག་པར་དུ་ཡང།

    ཀ༷་བ་དུ་མས་ལེ༵གས་དཀྲིགས་ཀ༷་གཞུ་ནོར་བུའི་ཕྲ་ཡིས་སྤྲས། །
    ཁ༷་ཁྱེར་ཁྱུང་བརྩེགས་ལེ༵གས་བསྐོར་ཁ༷་པད་པུ་ཤུ་སྤ་ཞིང་མཐོ། །
    པ༷་ཏྲ་འཁྱིལ་བས་གླན་ནས་ལེ༵གས་བརྒྱན་པ༷་ལ་ཤ་ལྟར་ཡིད་འོང་བརྗིད། །
    བ༷་གམ་མང་པོས་ཀུན་ནས་ལེ༵གས་སྤྲས་བ༷་མོའི་མདངས་ལྟར་ཆེས་དཀར་གསལ། །ལྟ་བུ་ནི།

    རྐང་པ་བཞིའི་གནས་གསུམ་ན་ཡོད་པའི་བར་ཆᨕད་ཟུང་ལྡན་གྱི་རྒྱན་གང་ཞིག་ལ། ལེགས་ཞེས་པ་རྐང་པ་བཞི་གའི་བར་ན་ཡོད་ཅིང། ཀ་སོགས་གསལ་བྱེད་ཀྱི་ཡི་གེ་རྐང་པ་བཞི་གའི་ཐོག་དང། བར་ན། བར་ཆོད་དུ་ཡོད་པའི་ཟུང་ལྡན་གྱི་བྱ་དཀའ་བའི་སྒྲ་རྒྱན་འདི་འདྲ་བའི་རྩོམ་སྲོལ་ནི། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས།(༢༡) རང་ཅག་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྩོམ་རིག་རྩོམ་ཡིག་ཡིན་ལ། བོད་མི་རིགས་ཡོངས་ཀྱི་དགའ་བོ་བྱེད་པའི་རྩོམ་ཚུལ་འདི་བཞིན། ཀ་བརྡའི་གོ་རིམ་ངེས་ཅན་དུ་བསྒྲིགས་པས། དེ་ལ་རང་འཁྲིད་ཀྱི་རང་བཞིན་ལྡན་སྟབས། གཞོན་ནུ་ཤེས་ཡོན་ཅན་རྣམས་རྩོམ་རིག་ལ་ཐོག་མར་འཇུག་པའི་སྣེ་ཁྲིད་ལྟ་བུའི་བྱེད་ནུས་འདོན་པ་དང༌། ཚིག་དོན་ཡིད་ལ་འཛིན་པ་དང༌། དྲན་གསོ་དང༌། ངག་སྐྱོར་བྱེད་བདེ་བོ་ཡོད་པའི་ལམ་སྲོལ་འདི་ཞེས་བཤད་པ་ལྟར་ཏེ། ཕལ་ཆེར་རྗེ་རིན་པོ་ཆེས། བོད་ཀྱི་རྩོམ་རིག་ལ་རྣམ་པ་དང༌། བྲོ་བ་མི་འདྲ་བའི་གསར་བཏོད་རྒྱ་བསྐྱེད་རང་བཞིན་གྱི་རྩོམ་རིག་གི་སྒྱུ་རྩལ་ཞིག་ཡིན་ལ། དེའི་ཕྱིས་སུ་བྱོན་པའི་བོད་ཀྱི་སྙན་དངགས་མཁན་རྣམས་ལ་སྣེ་ཁྲིད་དང༌། བློ་སྐྱེད་རང་བཞིན་གྱི་ནུས་པ་ཐོན་པ། དཔེར་ན། རྗེའི་དངོས་སློབ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་ཞང་ཞུང་ཆོས་དབང་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ལས། 

    ཀ༷་ལིང་ཀ་ཡི་བདག་པོ་དེའི། །
    ཁ༷་ཡི་རྒྱ་མཚོ་མཆོད་སྦྱིན་གྱི། །
    ག༷་བུར་གངྒའི་ཇི་སྙེད་རྒྱུན། །
    ང༷་ལས་ལོངས་ཞེས་དྲག་པོས་སྨྲས། །ཞེས་དང༌།
ཅ༷་ཅོ་གླུ་ཡིས་ཅོ་ནས་འདྲེན་ཁྱེད་ཅི༷ར་ཡང་མཆོག་ཚིག་ཅེ༷་སྤྱང་སྐད་མཚུངས་ལུས་གཅུ༷་ཞིང༌། །
ཆ༷་ལུགས་ཙོག་པུས་ཆོ༷་ག་ལ་འབད་ཆུ༷་གཙང་མཆོད་ཡོན་རིན་ཐང་ཆེ༷་བའི་སྐྱོགས་ནང་དུ། །
ཇ༷་ཡི་བཏུང་བའི་ཨུ་མའི་ཇོ༷་བོ་ཇི་ཙམ་དགྱེས་པའི་ཇེ༷་མང་འདོད་ཡོན་ཇུ༷་ཙེའི་གོས་སོགས་ཟོང་འདི་དག།
ཉ༷་གང་ཟླ་བར་འཆི་བའི་ཉི༷་འོད་ཉེ༷་བའི་སྐབས་མེད་ཉོ༷་ཚོང་རེ་བ་ཉུང༷་ངུ་མིན་འདིའི་སླད་དུའོ། ། ལྟ་བུ།

    བགྲང་གིས་མི་ལང་བ་དག་ནི། བརྗོད་འདོད་ཀྱི་དངོས་པོའི་གོ་རིམ་དང་ཚིག་གི་སྡེབ་སྦྱོར་གྱི་གོ་རིམ་གང་ལ་བལྟས་ཀྱང་སྒྱུ་རྩལ་རྩོམ་རིག་གི་ཡང་རྩེར་སླེབས་པའི་རྟགས་མཚན་ཧ་ཅང་གསལ་ལོ། །
དེ་ཡང༌། སྒྲ་རྒྱན་གྱི་སྐབས་ཟློས་སྐྱོན་སྤངས་པའི་སྒོ་ནས་སྒྲ་འདྲ་ཡང། དོན་སོ་སོར་གོ་བའི་ཉམས་གྱི་རྩལ་རྫོགས་ཤིང། གཏན་འཁེལ་རྣམ་པ་ཅན་གྱི་སྒྲ་མཚུངས་ཀྱི་ཉམས་བཏོད་པའི་ཆེད་དུ། བརྗོད་བྱའི་དོན་ཀློག་པ་པོའི་བློ་ངོར་སྐྱེལ་བ་ལ། གཞན་དང་མི་འདྲ་བའི་ནུས་པའི་ཟིལ་ཤུགས་ཡོད་པ་ནི། རྗེ་རིན་པོ་ཆེའི་གསུང་ལ་རིང་དུ་འདྲིས་ཤིང་གོམས་པ་དག་ལ་སྨོས་ཅི་དགོས་ཏེ། རྒྱུས་མེད་པའི་གཟུར་གནས་བློ་གྲོས་དང་ལྡན་པ་དག་ལ་ཡང་བརྡ་སྤྲོད་མི་དགོས་པའི་གནས་སོ། །
    གཞན་ཡང༌། ལྷུག་མའི་སྐབས་སུ་ཡང། སྒྲ་དོན་གྱི་རྒྱན་ཅི་རིགས་སུ་སླེབས་ཤིང༌། ཚིག་རྒྱན་གྱི་ངོ་བོ་འབུར་དུ་དོད་དེ། ཚིག་གི་རྩལ་བྱང་བ་དཔེར་ན། འཇིག་ཚོགས་སུ་ལྟ་བའི་རྩིག་པ་སྟུག་པོ་དྲུང་ནས་འབྱིན་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ། དམིགས་པའི་ཚང་ཚིང་མ་ལུས་པར་སྲེག་པའི་དུས་མཐའི་ཉིན་བྱེད། བློ་གྲོས་ཀྱི་མིག་ཡོངས་སུ་ལྡོངས་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས། ཞེས་པ་ལྟ་བུ་མཐོང་བ་ཙམ་གྱིས་གཟུགས་ཅན་གྱི་རྒྱན་གྱིས་བཅིངས་པ་དང། ཡང་དེའི་ཚེ་ཚོང་དཔོན་གྱི་བུ་མོ་ཞིག སྔོན་གྱི་རྒྱལ་བ་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་པས་ན། གཟུགས་མཛེས་ཤིང་བལྟ་ན་སྡུག་པ་དང། མིག་ཨུཏྤལ་སྔོན་པོ་ལྟ་བུ། སྐྲ་མཐོན་མཐིང་དུ་འདུག་ཅིང་ནུ་མ་རབ་ཏུ་རྒྱས་པ། དགའ་ཚལ་གྱི་ལྷ་ཡི་བུ་མོ་ལྟ་བུ་ཡོད་པ་དེས། རང་གི་ཕ་ཡི་ཁང་པའི་ཡང་ཐོག་གི་སྟེང་ན། བུ་མོའི་འཁོར་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཏེ་ཕ་ལ་རོལ་མོ་བྱེད་ཅིང་གནས་ཡོད་ལྟ་བུ་དཔེ་རྒྱན་གྱིས་སྤྲས་པ་གང་ཞིག་ལ། ཚིག་གི་ཉམས་འགྱུར་རྨད་དུ་བྱུང་བའོ། །
    གང་ལྟར་སྔོན་གྱི་སྦྱོར་བའི་གཏམ་གྱི་སྒོ་ནས་ལས་དང་པོ་བའི་གནས་སྐབས་ནས་བརྩམས་ཏེ། ཚོལ་པའི་རིམ་པ་སྟོན་པ་རྟག་ཏུ་ངུའི་རྟོགས་བརྗོད་འདིའི་རྩོམ་རྩལ་དང། ཚིག་ཉམས་གང་ལ་དཔགས་ན་ཡང། རྗེ་རིན་པོ་ཆེའི་ཐུགས་ལ་གང་ཤར་བ་དང། དེ་གར་སྨྱུག་རྩེའི་འཁྱུག་རྩལ་དང། ཉམས་འགྱུར་ཀློང་བརྡོལ་དུ་བྱུང་བའི་ཉམས་ཐོན་ཡོད་པ་ནི་བཀླགས་པ་ཙམ་གྱིས་ཤེས་སོ། །

པ༽ གཞུང་འདིའི་ལྟ་གྲུབ་གང་དུ་གནས་ཡོད་མེད་ལ་བརྟག་པ།

    རྗེ་རིན་པོ་ཆེ་དངོས་པོའི་གནས་ཚོད་ལ་འཇམ་པའི་དབྱངས་དངོས་ཡིན་ཡང་། ཚུར་མཐོང་གདུལ་བྱའི་སྣང་ངོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དགོངས་པ་ཚོལ་བ་ལ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་བསྟེན་ནས་གདམས་ངག་བཙལ་བ་ལྟར་སྐུ་ངལ་ཚད་མེད་བསྐྱོན་ཏེ། དགུང་ལོ་ཞེ་གཅིག་པར་གཞི་ནས། ལྟ་བའི་དཔྱད་པ་རྫོགས་པའི་ཚུལ་མཛད་ཅིང། ཟབ་མོ་སྟོང་པ་ཉིད་ཀྱི་དོན་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཉི་མ་ལྟར་གསལ་བར་མཛད་པ་ནི་ཡོངས་སུ་གྲགས་ཤིང། བཤད་སྒྲོས་སུ་རྟག་ཏུ་ངུའི་རྟོགས་བརྗོད་དང། རྨད་དུ་བྱུང་བའི་ལེགས་བཤད་གསེར་ཕྲེང་གཉིས་སུ་སྔ་རབས་པའི་ལྟ་བའི་ཤན་ཞུགས་ཡོད་ཚུལ་ཐོས་ལ། ཐོས་ནས་ཀྱང་དེ་དག་ལ་ལྟ་སྐབས་དོ་སྣང་བྱུང་བ་ལྟར་བྱས་ན། སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་འདི་རྗེ་རིན་པོ་ཆེས་ཕར་ཕྱིན་གྱི་གསན་སྦྱོང་གྲུབ་སྟེ་བརྩམས་པ་དང་ཕར་ཕྱིན་པའི་ལུགས་རང་རྒྱུད་པ་ལྟར་ལྟ་གྲུབ་འཆད་པར་སྣང་སྟེ། གང་ཡིན་ཞེ་ན། གཞུང་འདིར།

    གང་ཞིག་སྲིད་ལས་བརྒལ་བ་ཡི། །
    སློབ་མ་དང་ནི་བསེ་རུས་ཀྱང་། །
    མྱོང་བར་མ་གྱུར་གནས་དེ་ནི། །

        བདག་གི་སྤྱོད་ཡུལ་མ་ཡིན་ནོ། །ཞེས། ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་སྲིད་པ་ལས་བརྒལ་པ་ཉན་རང་དགྲ་བཅོམ་པས་ཀྱང་སྤྱོད་ཡུལ་མ་ཡིན་པར་གསུངས་པ་དང། དེ་དང། མཐུན་པར། ལེགས་བཤད་གསེར་གྱི་ཕྲེང་བ་སྐབས་གསུམ་པའི་ནང། ཉན་རང་གིས་ཆོས་རང་བཞིན་མེད་པར་མ་རྟོགས་པར་གསུངས་ཏེ། སེར་བྱེས་དཔར་མ་ཤོག་ངོས།(༥༨༣) ལས། འདིར་ཉན་རང་གིས་ཆོས་རང་བཞིན་མེད་པར་རྟོགས་པར་འདོད་པ་དེ་གང་ཞེ་ན། དབུ་མ་པ་ཁ་ཅིག་འདོད་ཅེས་གྲགས་ཀྱང། དེ་ལྟར་འདོད་པའི་དབུ་མ་དག་གིས་རྒྱུ་མཚན་འདི་ལྟར་བཀོད་ནས་བསྒྲུབས་པ་མི་སྣང་ངོ་། །ཞེས་པ་ནས། དབུ་མ་པའི་སློབ་དཔོན་ལ་ཡང་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང། ཞི་འཚོ་དཔོན་སློབ་དང། འཕགས་སེང་རྗེས་འབྲང་དང་བཅས་པའི་ཕར་ཕྱིན་པ་རྣམས་ཀྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ། ཕྱོགས་འདི་ལ་ནི། རྒྱ་བོད་ཀྱི་མཁས་པ་ཤིན་ཏུ་མང་ངོ་། །ཡུམ་གྱི་རྒྱན་འདི་ལས། ཉན་རང་གི་སྦྱོར་ལམ་གྱི་སྐབས་སུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་གསུངས་པ་ལྟར་སྣང་ཡང་སྤྱིའི་ཁོག་ལ་མི་འགྲིག་གོ། །ཞེས་གསུངས། འོན་ཀྱང་རྒྱལ་ཚབ་རིན་པོ་ཆེས་ནི། རང་རྒྱུད་པའི་ལུགས་ལ་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཞེད་དོ། །ཡང། ཤོག་ངོས་(༥༨༧)ལས། དེ་ལྟར་ན། དཔལ་ལྡན་ཟླ་གྲགས། ཛ་ཡ་ཨ་ནན་ཏ། སློབ་དཔོན་ཞི་བ་ལྷ། ཤེར་འབྱུང། དགེ་བ་ལྷ། བི་མ་ལ་མི་ཏྲ་རྣམས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཞེད་དོ། །ཞེས་རང་རྒྱུད་པའི་ལུགས་ལ་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་མེད་པ་དང། ཐལ་འགྱུར་པའི་ལུགས་ལ་ཡོད་པར་བཞེད་པའི་མདོ་དང་བསྟན་བཅོས་ཀྱི་ཁུངས་སོ་སོར་བཀོད་དེ། འཕགས་ཡུལ་གྱི་ཐལ་རང་མཁས་པའི་བཞེད་སྲོལ་མི་འདྲ་ལུགས་ཞིབ་ཏུ་གསུངས་སོ། །ཡང་ལེགས་བཤད་གསེར་ཕྲེང་དུ། སྔ་རབས་པའི་ལྟ་བའི་ཤན་ཞུགས་གསུངས་པ་ནི། དཔེར་ན། གསེར་ཕྲེང་སྐབས་དང་པོ།(༣༠༥) ལས། ལྔ་པ་སྟོང་པ་ཉིད་ཀྱི་དོན་ཏེ། དབུ་མའི་རྩ་བ་ལས། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་པ་ལྟར་མེད་དགག་ཙམ་ལྟ་བས་བྱས་པའི་འཛིན་པའི་གཉེན་པོར་མི་རུང་བས་གང་ལ་དམིགས་ན། དེ་དག་དྲུངས་འབྱིན་པའི་ཟབ་མོ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དེ། སྟོང་པ་ཉིད་ཀྱི་དོན་ནི། སྟོང་པ་ཉིད་ཅེས་བྱ་ཞེ་ན། ཀུན་ནས་ཉོན་མོངས་པ་མི་རྒྱུ་བའི་ཕྱིར་རོ། །ཞེས་པ་ལྟར་ཡིན་པས་སོ། །ཞེས་དང། ཡང་(༤༡༢) ལས། འཕགས་གྲོལ་དང་སློབ་དཔོན་གཉིས་ཀྱིས་ཆོས་ཉིད་ཙམ་མཉམ་གཞག་གི་ཡུལ་ཡིན་པ་དང། མཉམ་གཞག་གཟུང་འཛིན་གྱི་རྣམ་པ་ཅན་དང། ཡུལ་དང་བྲལ་བ་གཉིས་ཀའི་ལུགས་དམིགས་པ་དང་ཡེ་ཤེས་ཀྱི་ཚོགས་སྐབས་སུ་བཀག་ནས། བདེན་དངོས་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་མ་ཡིན་དགག་མཉམ་གཞག་གི་དམིགས་པར་བཤད་ཅིང། དེ་ཡང་ཡུལ་ཡུལ་ཅན་ཐ་དད་པར་སྣང་བ་མིན་གྱི། མཉམ་གཞག་རང་རིག་གི་ཚུལ་གྱིས་ཉམས་སུ་མྱོང་བའི་སྣང་བ་རང་བཞིན་གྱིས་སྟོང་པ་ཡིན་ནོ། །ཞེས་དང། ཡང་(༤༡༣)ལས། མདོར་ན། གཤིས་ལུགས་དང་། ཆོས་ཉིད་དང། རང་བཞིན་སྤྲོས་བྲལ་དོན་དམ་པའི་བདེན་པ་རྣམས་རྟོགས་ཞེས་པའི་དོན། ཡེ་ཤེས་ལ་འཛིན་པ་མཐའ་དག་ཉེ་བར་ཞི་བས་དེ་རྣམས་ལ་དམིགས་པའི་ཤེས་པ་མི་སྐྱེ་བ་ལ་བྱེད་ཀྱི། དངོས་སུ་འགའ་ཞིག་གིས་དམིགས་བྱ་དམིགས་བྱེད་དུ་བྱས་པ་མིན་ཏེ། དཔེར་ན། ཤེས་པ་ཡུལ་ཇི་འདྲ་བ་དེའི་རྣམ་པར་སྐྱེས་པ་ན་རང་དུས་ལ་ཡུལ་དེ་མེད་ཀྱང་། དེ་རྟོགས་པར་འཇོག་པ་དང་འདྲ་བར་མཉམ་བཞག་གིས་ཆོས་ཉིད་མཐའ་གང་དུ་ཡང་མི་གནས་པ་དང་རྗེས་སུ་མཐུན་པར་མཐའ་གངདུ་ཡང་མི་འཛིན་པ་ན་དེ་ཡང་དེ་རྟོགས་པར་ཐ་སྙད་བྱས་པ་སྟེ། ཞེས་དང་། སྐབས་ལྔ་པའི་བར་ཆད་མེད་པའི་རྩེ་སྦྱོར་གྱི་སྐབས་སུ། སྨད་ཆ། ཤོག་ངོས་(༣༨༩)ལས། བདེན་དངོས་མེད་པའི་མ་ཡིན་དགག་རྟེན་འབྲེལ་སྒྱུ་མ་ལྟ་བུ་དེ་རྣ
མ་མཁྱེན་འདིའི་དམིགས་པའི་རྐྱེན་ཏེ། དེ་དམིགས་པས་འདི་སྐྱེས་སོ། །ཞེས་དང། ཡང། (༣༩༠)ལས། འདི་ནི་ཆོས་ཀྱི་རྒྱལ་པོ་རྔོག་གི་ཡང་བཞེད་པར་འགྱུར་རོ། །ཞེས་དང། འདིའི་རང་བཞིན་དངོས་པོ་ཡོད་མེད་སོགས་གང་དུ་ཡང་བརྗོད་པར་མི་ནུས་པས་འཕགས་པའི་རང་རིག་གི་སྤྱོད་ཡུལ་ལོ། །ཞེས་བསྒྲགས་པའོ། །འདི་ལ་དམིགས་པས་མི་རྟོག་ཡེ་ཤེས་སྐྱེ་བས་དམིགས་རྐྱེན་དུ་བཞག་གོ། །ཞེས་གསུངས་པ་ལྟ་བུ་ཡིན་ཤས་ཆེ་ལ། བསྟན་བཅོས་འདིར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདི་སྙམ་དུ་སེམས་སྐྱེས་ཏེ། སྐྱེས་བུ་མཁས་པ་རྣམས་ནི། དཔེའི་སྒོ་ནས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་པར་འགྱུར་བས། བདག་གིས་དཔེ་དུ་མའི་སྒོ་ནས་དོན་དེ་བསྙད་པར་བྱའོ། །སྙམ་ནས། ཐོག་མར་སྨིག་རྒྱུའི་དཔེས་དེ་བཞིན་གཤེགས་པ་དེ་དག་བྱོན་པ་དང། བཞུད་པ་མེད་པར་བསྟན་བཞེད་ནས། ཤིན་ཏུ་གསལ་བའི་བཞིན་འཛུམ་མུལ་ཏེ། འདི་སྐད་ཅེས་སྨྲས་སོ། །ཉལ་འགྲོའི་རྒྱུན་རྣམས་སྒྲོག་གི་རྒྱ་ལས་གྲོལ། །ཞེས་སོགས་དང་། ཡང། རྟོགས་པར་དཀའ་བའི་དོན་ཟབ་མོ་དེ་ཉིད་སྒྱུ་མའི་དཔེས་ཀྱང་སྟོན་པར་བཞེད་ནས། བདག་ཉིད་ཆེན་པོ་དེས་སྐད་ཀྱི་གདངས་གསལ་བར་འདི་སྐད་ཅེས་སྨྲས་སོ། །གང་ཡང་འདི་ན་སྒྱུ་མ་མཁས་པ་འགས། །ཞེས་སོགས་དང། སྒྲ་འདི་གང་ལའང་མི་གནས་ངོ་བོས་སྟོང་། །འདི་ཡི་རྒྱུ་ཡང་དེ་ལྟར་བཙལ་བ་ན། །དེ་ཡང་མིང་ཙམ་བརྡ་ཙམ་བཏགས་པ་ཙམ། །ཞེས་སོགས་གསུངས་པ་ནི་ཐལ་རང་གང་གི་ལུགས་སུའང་བཀྲལ་ཆོག་པ་ལྟར་སྣང་བ་དང་། མཁས་པ་དུ་མས། གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ། །དངོས་པོར་ཁས་ལེན་བྲལ་བ་དེ་དག་ལ། །རྟག་དང་ཆད་པའི་ཆོས་རྣམས་རྒྱང་རིང་སྟེ། །ཇི་ལྟར་མོ་གཤམ་བུ་ནི་མི་དམིགས་ན། །དེ་ཡི་སྐྱེ་འཆི་དམིགས་པར་མི་འགྱུར་བཞིན། །ཞེས་པ་ནི། གཞན་ངོར་རྟེན་འབྲེལ་ཁས་ལེན་དང། དངོས་པོར་ཁས་ལེན་བྲལ་བའི་ཐ་སྙད་ནི་སྔ་རབས་པའི་ལྟ་བའི་ཐ་སྙད་ཀྱི་ཤན་ཞུགས་པ་ཡིན་ཞེས་གསུང་གིན་འདུག་མོད། རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་ཡི་གེར་སྤེལ་བ་ལམ་གཙོ་རྣམ་གསུམ་གྱི་ནང་དུ། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་འབྲེལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། ། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་འདུག་པར་བརྟེན། དེས་སྔ་རབས་པའི་ལྟ་བ་དང་། ཐ་སྙད་ཀྱི་ཤན་ཞུགས་པར་བསྒྲུབ་ནུས་སམ་མི་ནུས་དཔྱད་དགོས་སོ། །དེ་ལྟར་ན། ཉན་རང་དགྲ་བཅོམ་པས་སྟོང་ཉིད་མ་རྟོགས་པར་གསུངས་པ་ནི། རང་རྒྱུད་པའི་ལུགས་དང། སྨིག་རྒྱུ་དང་སྒྱུ་མའི་དཔེ་སོགས་ཀྱིས་སྟོང་ཉིད་འཆད་ཚུལ་ནི། ཐལ་རང་གང་གི་ལུགས་སུའང་བཀྲལ་དུ་རུང་བ་གང་ལྟར་ཡང་སྔ་རབས་པའི་ལྟ་བའི་ཤན་ཞུགས་ཟེར་བ་ལ་རྒྱུ་མཚན་ཡོད་མེད་བཙལ་དགོས་སོ། །
    གཞན་ཡང། སྤྱིར་བོད་སྔ་རབས་པ་ཁ་ཅིག རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཐམས་ཅད་རང་ངོར་ཁས་ལེན་མེད། ཕྱོགས་མེད། དམ་བཅའ་མེད། གཞན་ངོར་ཁས་ལེན་པ་ཙམ་ཡིན་ཞེས་རྒྱ་གར་མཁས་པའི་དབུ་མའི་གཞུང་ཁུངས་སུ་དྲངས་ནས་དམ་བཅའ་ལ་སྒྲུབ་པར་བྱེད་པ་ལ། རྗེ་རིན་པོ་ཆེས། འདོད་ཚུལ་དེ་དག་ཞིབ་ཏུ་བཀོད་ནས་འགོག་བྱེད་ཀྱི་རིགས་པ་རྒྱས་པར་འཆད་དེ།
    ལམ་རིམ་ལྷག་མཐོང་ཆེན་མོ་ལས།(༢༢) ད་ལྟ་དབུ་མ་ཐལ་འགྱུར་བར་འདོད་པ་དག་ནི། དོན་དམ་པ་དང་ཐ་སྙད་པ་གང་ལ་བརྩམས་པའི་ཁས་ལེན་ནི།  ཐ་སྙད་དུ་ཡང་རང་ལུགས་ལ་མེད་དེ།  གལ་ཏེ་དེ་འདྲ་བའི་དམ་བཅའ་ཡོད་ན།  དེ་སྒྲུབ་བྱེད་ཀྱི་དཔེ་དང་རྟགས་ཀྱང་འདོད་དགོས་ལ་དེ་ལྟར་ན་རང་རྒྱུད་པར་འགྱུར་རོ།  །དེས་ན་ཐལ་འགྱུར་བ་ལ་རང་ལུགས་གང་ཡང་མེད་དེ།  རྩོད་ཟློག་ལས།  གལ་ཏེ་ངས་དམ་བཅའ་འགའ་ཡོད།  དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པས།  །དོན་གྱི་འགའ་ཞིག་དམིགས་ན་དེ། ། བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། ཅེས་དང་། རིགས་པ་དྲུག་ཅུ་བ་ལས་ཀྱང་། ཆེ་བའི་བདག་ཉིད་ཅན་དེ་དག །རྣམས་ལ་ཕྱོགས་མེད་རྩོད་པ་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་། བཞི་བརྒྱ་བ་ལས་ཀྱང་། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དབུ་མ་ལ་ཕྱོགས་དང་དམ་བཅའ་མེད་པར་གསུངས་པའི་ཕྱིར་རོ། །ཚིག་གསལ་ལས།  དབུ་མ་བ་ཡིན་ན་ནི།  རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བར་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་བོ་ཉིད་འབྲེལ་བ་ཡིན་གྱི།  ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ།།ཞེས་དང་།  འཇུག་པ་ལས་ཀྱང།  སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་འབྱིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན།  །ཞེས་རང་ལ་ཕྱོགས་མེད་པས་སྐྱོན་མི་འཇུག་པར་གསུངས་པའི་ཕྱིར་རོ། །དེས་ན་རྣམ་གཞག་དེ་དག་ཐམས་ཅད་ནི་དབུ་མ་བས་གཞན་གྱི་ངོར་བྱས་པའི་རྣམ་གཞག་ཙམ་སྟེ། འཇུག་པ་ལས།  ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། ། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལ། རྩོད་ཟློག་ལས་ཀྱང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་གཞན་ཕྱོགས་བཀག་པ་ཡང་མེད་པར་གསུངས་པའི་ཕྱིར། ཞེས་སྨྲ་བར་བྱེད་དོ། །སྔོན་གྱི་དབུ་མ་བ་སློབ་དཔོན་ཟླ་བའི་རྗེས་སུ་འབྲངས་པའི་བོད་ཀྱི་མཁས་པ་ཁ་ཅིག་ནི་དེ་ལྟར་དབུ་མ་བ་ལ་རང་ལུགས་ཀྱི་ཕྱོགས་དང་།  དེ་དག་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་འདོད་པའི་ལུགས་རྣམས་ལེགས་པར་སུན་ཕྱུང་ནས།  རང་ལུགས་ནི།  རིགས་པས་རྣམ་པར་དཔྱད་པའི་རང་གི་མཚན་ཉིད་ཀྱིས་གཞལ་བྱ་དང་། ཚད་མའི་རྣམ་གཞག་ཁས་ལེན་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་མངོན་རྗེས་གཉིས་ཀ་བཀག་ནས།  ཐ་སྙད་དུ་མ་དཔྱད་པའི་འཇིག་རྟེན་གྲགས་པའི་ཚད་མ་དང་གཞལ་བྱ་ཁས་བླངས་ནས་དབུ་མ་བ་རང་གིས་ཕྱི་རྒོལ་ལ་སྒྲུབ་པའི་ངག་བཀོད་པའི་སྒོ་ནས་གཏན་ཚིག་ཡང་དག་གིས་བདེན་པར་མེད་པའི་དོན་སྒྲུབ་པར་བྱེད་དོ།  །དེ་ལྟ་ན་ཡང་རང་རྒྱུད་པར་མི་འགྱུར་བ་ནི་མ་དཔྱད་པའི་འཇིག་རྟེན་གྲགས་པའི་ཚད་མའི་སྒོ་ནས་འཇོག་པའི་ཕྱིར་རོ་ཞེས་འཆད་དོ། ། གཉིས་པ་དེ་དགག་པ་ལ་བཞི་ལས།  ཞེས་སོགས་ལུགས་བཞི་རིམ་པར་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་ཤིང་།  ལུགས་གསུམ་པ་འགོག་པའི་སྐབས་སུ། དེ་ཉིད་(༦༨༥)ལས།  འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས།། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད།  །ཅེས་པའི་དོན་ཡང་། རྣམ་གཞག་ཐམས་ཅད་གཞན་ངོར་བྱ
ེད་པའི་ཁུངས་སུ་མི་རུང་སྟེ།  ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ནི།  རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པའི་ཤེས་ངོར་འཇོག་གི  ཐ་སྙད་པའི་ཤེས་པ་རང་དགའ་པའི་ངོར་མི་འཇོག་པའི་ཕྱིར་ཏེ།  དེས་རང་བཞིན་མེད་པ་འགྲུབ་ན་རིགས་ཤེས་དོན་མེད་དུ་ཐལ་བར་འགྱུར་པའི་ཕྱིར་དང་།  གཞུང་ཉིད་ལས་ཀྱང་།  ཡོད་དོ་ཞེས། ། འཇིག་རྟེན་ངོར་བྱས་ཞེས་གསུངས་པའི།  གཟུགས་ལ་སོགས་པ་རྣམས་ཡོད་པར་འཇོག་པ་འཇིག་རྟེན་པའི་ངོར་འཇོག་པར་གསུངས་པའི་ཕྱིར་རོ།  །ཀུན་རྫོབ་ཁས་མ་བླངས་ཞེས་གསུངས་པ་ནི།  སེམས་ཙམ་པས་གཞན་དབང་ཁས་བླངས་པ་ལྟར་མ་བླངས་ཞེས་པའི་དོན་ཡིན་གྱི། །ཀུན་རྫོབ་དེ་རང་ལུགས་ལ་ཁས་མི་ལེན་ཞེས་པ་མིན་ཏེ།  ཇི་ལྟར་ཁྱེད་ཀྱིས་གཞན་དབང་དངོས་འདོད་ལྟར།  །ཞེས་གསུངས་པའི་ཕྱིར་རོ།  །གཞུང་དེའི་མཚམས་སྦྱོར་དུ་ཡང་།  ཁྱོད་ཀྱིས་འཐད་པའམ་རིགས་པས་གཞན་དབང་སེལ་ན།  ཁྱེད་རང་གི་རིགས་པ་རྣམས་ཀྱིས་ངེས་ཀྱང་ཁྱེད་ཀྱིས་ཀུན་རྫོབ་སེལ་ལོ་ཞེས་བརྩད་པའི་ལན་ཡིན་པས།  གཞན་དབང་རིགས་པས་དཔྱད་བཟོད་ཀྱི་དངོས་པོར་ཁྱེད་འདོད་པ་ལྟར་ཀུན་རྫོབ་རྣམས་དེ་ལྟར་ངེད་མི་འདོད་པའི་རིགས་པས་འགོག་ནུས་མི་ནུས་མཚུངས་སོ།  །ཞེས་པའི་དོན་ཡིན་པའི་ཕྱིར་རོ།  །འཇིག་རྟེན་ངོར་བྱས་ཞེས་པ་ནི།  རང་ལུགས་མིན་པའི་གཞན་ངོ་ལ་ཟེར་བ་མ་ཡིན་གྱི།  ཐ་སྙད་པའི་ཤེས་པ་གནོད་མེད་རྣམས་ལ་བྱེད་པ་ཡིན་ཏེ།  ཀུན་རྫོབ་པའི་དོན་རྣམས་ཡོད་པར་འཇོག་པ་ཐམས་ཅད་ནི།  དེའི་ངོར་གཞག་དགོས་པའི་ཕྱིར་དང་།  དབུ་མ་བ་རང་གི་རྒྱུད་ལ་ཡང་ཐ་སྙད་འཇོག་པའི་ཚད་མ་དེ་རྣམས་ཡོད་པའི་ཕྱིར་རོ།  །དེས་ན། མེད་ཀྱང་ཞེས་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་ལ་བྱའོ།  །རང་གི་མཚན་ཉིད་ཀྱིས་མེད་ཀྱང་དེར་ཡོད་དོ་ཞེས་བྱ་བ་དང་།  མེད་ཀྱང་ཡོད་དོ་ཞེས་ནི་བྱར་མི་རུང་སྟེ།  འདི་ནི་རང་གི་ཐ་སྙད་པའི་དོན་རྣམས་ཀྱི་འཇོག་ཚུལ་ཡིན་ལ།  རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་མེད་པའི་ཕྱིར་དང་།  འདིའི་འགྲེལ་བར།  དེའི་ཤེས་བྱེད་དུ་འཇིག་རྟེན་ན་ཡོད་པ་དང་མེད་པར་འདོད་པ་ནི།  ང་ཡང་དེ་ལྟར་འདོད་ཅེས་དྲངས་པས་ན་མེད་པར་མི་རུང་བའི་ཕྱིར་རོ།  །དེས་ན།  དོན་དམ་དུ་མེད་ཀྱང་ཐ་སྙད་དུ་ཡོད་དོ་ཞེས་མང་དུ་འབྱུང་བ་ལྟར་ཡིན་པས།  མེད་ཀྱང་ཡོད་དོ་ཞེས་པ་དོན་ཐ་དད་དུ་སོང་བ་ལ་སྐྱོན་ཅི་ཡང་མེད་དོ།  །ཞེས་སོགས་རྒྱས་པར་གསུངས་ཏེ། དོན་གཉེར་ཅན་རྣམས་ཀྱིས་དེ་ལ་བལྟ་བར་བྱའོ།  །
གཞན་ཡང་། དབུ་མ་དགོངས་པ་རབ་གསལ་(༣༥༩)ལས།(༢༣) འདིར་ཀུན་རྫོབ་པའི་ཕུང་སོགས་འཇིག་རྟེན་ཐ་སྙད་ཀྱི་ངོར་འཇོག་པ་ལ་ཚུལ་གཉིས་ཏེ། དབུ་མ་པ་རང་གིས་ཀུན་རྫོབ་ཏུ་འཇོག་པ་ནི་ཐ་སྙད་པའི་ཚད་མའི་ངོར་ཁས་ལེན་གྱི་རིགས་ངོར་མི་འཇོག་གོ །སྐབས་འགར་དགོས་པའི་དབང་གིས་ཕུང་སོགས་རང་བཞིན་གྱིས་ཡོད་པར་འཇོག་པ་ནི། རང་ལུགས་ལ་མི་འདོད་ཀྱི་གཞན་ངོ་ཁོ་ནར་ཁས་ལེན་པས་དེ་ཉིད་འགོག་པ་མི་མཚུངས་སོ། །གཞན་ངོར་དེ་ལྟར་ཁས་ལེན་པ་ནི་འབྲས་བུ་སྟེ་དགོས་པའི་ཕྱིར་ཡིན་ལ། དེ་ཡང་གདུལ་བྱ་དེ་གྲུབ་མཐའ་ངན་པ་གཞན་ལས་ལྡོག་པ་དང། རིམ་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །དེས་ན་གཞུང་དེས་རྣམ་གཞག་ཐམས་ཅད་གཞན་ངོར་བཤད་ཀྱི། རང་ལུགས་ལ་མི་བྱེད་པའི་དོན་གཏན་མིན་པ་ནི་འདིའི་ཤེས་བྱེད་ཀྱི་ལུང་དྲངས་པ་ཉིད་ཀྱིས་ཤེས་སོ། །ལུང་ནི་སྡོམ་པ་གསུམ་བསྟན་པ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པའོ། །འདི་ནི་སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱིས་ཡང་དག་དབང་གིས་མིན། །ཞེས་ཡོད་མེད་ལ་སོགས་པར་འཇོག་པ་ཐམས་ཅད་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཐ་སྙད་ཀྱི་དབང་གིས་འཇོག་པར་གསུངས་པའི་དོན་ནོ། །ཞེས་སོགས་གསུངས་ཏེ་གཞན་ངོར་ཞེས་པའི་ཐ་སྙད་ཡོད་ཚད་སྔ་རབས་པའི་ཐ་སྙད་ཀྱི་ཤན་ཞུགས་པ་མིན་ལ། གཞན་ངོའི་ཁས་ལེན་ཚུལ་ཡང་གོང་དུ་གསུངས་པ་དེ་དག་གིས་ཤེས་སོ། །

ཕ༽  མཆན་འགྲེལ།

    སློབ་དཔོན་སེངྒེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་རྒྱན་སྣང་། བསྟན་འགྱུར། <ཆ> (༡༠༠) སུམ་ཅུ་པ་རྟག་ངུའི་ལེའུ། ཤོག་ངོས་(༡༦༨༥-༡༦༩༩)བར་གསལ་བ་ལྟར། གཞིར་བཟུང་སྟེ། མིང་ཚིག་ཁ་ཤས་ལ་མཆན་འགྲེལ་ཞུ་ན།
བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ནི། བྱང་ཆུབ་ཀྱི་སེམས་ཡང་དག་པར་བླངས་པ་དང་སྦྱིན་པ་ལ་སོགས་པའི་དགེ་བ་བསགས་པ་དང་ལྡན་པ་ཡིན་ཏེ། སྒྲའི་རྗེས་སུ་འགྲོ་བ་ཉིད་ཡིན་པའི་ཕྱིར་དང། དམིགས་པ་སྤོང་བ་དོན་དུ་གཉེར་བ་ཡིན་པའི་ཕྱིར་དེའི་ཚེ་ཚོགས་ཀྱི་ས་ལ་གནས་པ་ཡིན་པས། དེ་གོང་ནས་གོང་དུ་སྤེལ་ནས་གོང་དུ་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་གདམས་ངག་ཚོལ་བ་ལ་བརྩོན་པ་ཡིན་པར་མངོན་ལ། ད་ལྟ་ནི་ས་བཅུ་པའི་དབང་ཕྱུག་ཡིན་ནོ། །
ལུས་ལ་མི་ལྟ་བ་ནི། རུས་པ་དང་རྐང་ལ་སོགས་པ་སྦྱིན་པར་སེམས་པ་དང། སྲོག་ལ་མི་ལྟ་བ་ནི། སྙིང་སྦྱིན་པར་སྤྲོ་བ་དང། རྙེད་པ་ནི། ནོར་ཕུན་སུམ་ཚོགས་པ་དང། བཀུར་བསྟི་ནི། མང་དུ་གཅེས་པར་བྱེད་པ་དང། ཚིགས་སུ་བཅད་པ་ནི། གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པའོ། །
    གདམས་ངག་དང་རྗེས་སུ་བསྟན་པའི་ཁྱད་པར་ནི། ཉི་ཁྲི་རྣམ་འགྲེལ་ལས། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྦྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་ངག་ཡིན་ལ། དེའི་འོག་ཏུ་མ་ཐོབ་པ་ཐོབ་པར་བྱེད་པས་ན། རྗེས་སུ་བསྟན་པ་ཡིན་ནོ། །ཞེས་དང། འགྲེལ་བ་དོན་གསལ་ལྟར་ན། གོ་རིམ་བཟློག་སྟེ་འཇོག་དགོས་སོ། །
    བར་སྣང་ལས། སྒྲ་འདི་ལྟ་བུ་ཞིག་ཐོས་ཞེས་པས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པས་བར་སྣང་ལས་སྒྲ་ཐོས་པ་ཡིན་ལ། ཏིང་ངེ་འཛིན་འདི་ཚོགས་ལམ་ཆེན་པོ་ནས་ཐོབ་དགོས་པས། དེ་དུས་ཚོགས་ལམ་ཆེན་པོ་མ་ཐོབ་པར་གསལ་ལོ། །
ཏིང་ངེ་འཛིན་གྱི་གེགས་སུ་བྱེད་པ་ལུས་ཀྱི་ངལ་དུབ་ལ་སོགས་བསྐྱེད་པ་འགོག་པ་འདི་ཡིན་པས། ཏིང་ངེ་འཛིན་ཐམས་ཅད་ལ་ལེ་ལོ་དང། དམིགས་པ་བརྗེད་པ་དང། ཞུམ་པ་དང་རྒོད་པ་དང། དེ་བཞིན་དུ། མི་རྩོལ་བ་དང། ཡང་རྩོལ་བ་ཞེས་བྱ་བ་ཉེས་པ་དྲུག་པོ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་ཅིང་སོང་ཞིག དེ་ལྟར་ན་ཐོས་པར་འགྱུར་རོ། །ཞེས་གདམས་ངག་བྱིན་པ་ཡིན། དེ་ཡང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནི། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་པ་ལྟར། གསེར་ཕྲེང་ལས། མཚན་ཉིད་ནི། གང་ལ་མཉམ་པར་བཞག་ན། རྒྱལ་བ་རྣམས་ལས་གསུང་རབ་ཀྱི་ཚིག་དོན་གྲངས་ལས་འདས་པ་འཛིན་པར་ནུས་པའི་དྲན་པ་དང་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །ཞེས་དང། རྣམ་བཤད་ལས། ལམ་འོག་མ་རྣམས་ཀྱི་སངས་རྒྱས་དངོས་སུ་མཐོང་བ་དང། དེ་ལ་ཆོས་ཐོས་པའི་སྒྲིབ་བྱེད་རགས་པ་ཕལ་ཆེར་སྦྱངས་ནས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་པའི་ནུས་པ་ཁྱད་པར་ཅན་སྐྱེས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནི། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅེས་གསུངས།
ཀྱེ་མ་བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ་ཞེས་པ་ནི་ཚོགས་ཀྱི་ས་ལ། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་སྒྲུབ་པའི་སྒོ་ནས་ནི། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཀུན་ཏུ་འགྲོ །འདིས་ནི་སངས་རྒྱས་དཔག་མེད་ལ། །  བསྐལ་པ་དཔག་མེད་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ཞེས་བཤད་པས་མངོན་པར་ཤེས་པ་ཡོད་དུ་ཟིན་ན་ཡང༌། འཕགས་པ་ཆོས་འཕགས་ཀྱི་རྣམ་པར་ཐར་པ་མཐོང་བའི་ནུས་པ་དང་བྲལ་བའི་ཕྱིར་དང། དེ་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ལ་མཁས་པ་ཕུལ་དུ་ཕྱིན་པ་ལ། འཕགས་པ་ཆོས་འཕགས་ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེའི་རྣམ་པར་ཐར་པ་ལས་བྱུང་བའི་སྤོས་དང་ལྡན་པའི་གྲོང་ཁྱེར་མ་མཐོང་བས་བདག་གིས་སྒྲ་དེ་ལ་ཇི་སྲིད་དུ་འགྲོ་བར་བྱ་བ་མ་དྲིས་སོ། །ཞེས་བྱ་བའི་ཐ་ཚིག་གོ །

    སྒྱུ་མའི་ན་ཆུང་ལུས་ལ་རོལ་པ་ལྟར། །
    ཐབས་ལ་མཁས་པའི་འདོད་ཡོན་བསྟེན་པ་ཡི། །
    དགེ་བའི་བཤེས་སོགས་ནི།
    སྐྱེ་བ་ཀུན་ཏུ་རྟག་པར་ཡང༌། །
    འཁོར་ལོའི་བསྒྱུར་བར་གྱུར་ནས་ནི། །
    སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །
    ཐབས་ཆེན་པོ་དང་ལྡན་པ་ལ། །
    འཁོར་བ་ཞི་བའི་བདག་ཉིད་དང༌། །
    ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །

      དེའི་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་བཤད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་འདུལ་ཐབས་སུ་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པར་སྟོན་པ་ལ་ཉེས་པ་མེད་ཅིང། སྡོམ་པ་བཟུང་བ་ཉིད་ཀྱིས་འདོད་པ་ལ་ལོངས་སྤྱོད་པ་ནི། ཉམས་པར་འགྱུར་བ་ཡིན་ནོ། །
    རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཞེས་བྱ་བ་ནི། རྙེད་དཀའ་ཞིང་དོན་ཆེ་བ་ཉིད་ཀྱིས་འདི་ལ་གུས་པ་བསྐྱེད་པར་བྱ་བའི་དོན་དུ་སྐུ་རེགས་བདུན་གྱིས་ཤིན་ཏུ་དམ་པར་བཅིངས་ནས། མདུད་པའི་གནས་བདུན་ལ་རང་གི་མིང་གི་རྒྱ་བདུན་གྱིས་རྒྱས་བཏབ་ནས་བཞག་པ་ཡིན་ནོ། །ཞེས་ཁ་ཅིག་གིས་འདོད་དོ། ། འོན་ཀྱང། རྒྱ་རིམ་པ་བདུན་ནི། ཚེག་གི་རྒྱ། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ། བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ། སྤྱན་ཁྱེར་གྱི་རྒྱ་དང་བདུན་ནོ། ། ཞེས་དུང་དཀར་རིན་པོ་ཆེས་གསུངས། གང་ཞིག་སྲིད་ལས་བརྒལ་བ་ཡི། །སློབ་མ་དག་ནི་བསེ་རུས་ཀྱང། །མྱོང་བར་མ་གྱུར་གནས་དེ་ནི། །བདག་གི་སྤྱོད་ཡུལ་མ་ཡིན་ནོ། །(༢༤) ཞེས་རང་བཞིན་གྱི་ཤེར་ཕྱིན་ཉན་རང་གི་སྤྱོད་ཡུལ་དུ་མ་གྱུར་པར་གསུངས་པ་དང༌། ཡང༌། འོག་ཏུ། མངོན་པར་ཞེན་རྣམས་སྐྲག་པ་སྤང་བྱའི་ཕྱིར། ། གཞན་ངོར་རྟེན་འབྲེལ་ཙམ་ཞིག་ཁས་ལེན་ལ། །དངོས་པོར་ཁས་ལེན་བྲལ་བ་དེ་དག་ལ། །རྟག་དང་ཆད་པའི་ཆོས་རྣམས་རྒྱང་རིང་སྟེ། །(༢༥) ཞེས་པ་འདི་ཚོ་བཤད་རྒྱུན་ལ། རྗེ་རིན་པོ་ཆེས། རྟག་ངུའི་རྟོགས་བརྗོད་རྩོམ་སྐབས། །ད་དུང་སྟོང་ཉིད་ཀྱི་ལྟ་བའི་དཔྱད་པ་མ་རྫོགས་པའི་ཚུལ་གནང་བར་གསུངས་པ་འདི་འདྲའི་ཚིག་ལ་བསམ་ནས་བཤད་པ་མིན་ན། བཤད་རྒྱུན་དེར་ཁུངས་ཡོད་མེད་བཙལ་དཀའ་འོ། །དེ་ལྟར་ན།
ལམ་རིམ་ཆེན་མོ་(༣༥)ལས། དགེ་བཤེས་སྟོན་པའི་ཞལ་ནས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན། འབྱམས་ཀླས་པར་གོ་བ་སྐྱེད་ལ། ལག་ཏུ་ལེན་པ་ན། བསྟན་པའི་ཐ་མ་ལ་གང་ཕན་དང། ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང་ངོ་། །ཞེས་ལུང་དྲངས་ཏེ། འཆད་ཐབས་བསྟན་པ་དེ་བཞིན་འབྱམས་ཀླས་པར་འཆད་དེ། དོན་ཚན་རེ་རེ་བསྟན་པའི་ཐ་མར་ཐད་ཀར་དོན་དུ་འགྱུར་ངེས་ཀྱི་སྡོམ་ཚིག་རྒྱག་དགོས་བསམས་ཏེ། ༡) སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་འདིས་བཞག་པའི་བག་ཆགས་ལས་རི་བོ་དགེ་ལུགས་པའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་དངོས་གྲུབ་ཀུན་གྱི་རྩ་བར་ལྟ་ཚུལ་དང། ༢) ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ། དགོངས་འགྲེལ་དང་བཅས་པའི་དབུ་ཕར་གྱི་གཞུང་ལ་ཐོས་པ་རྒྱ་ཆེར་བཙལ་ཏེ་དཀའ་བ་སྤྱོད་ཚུལ། ༣) དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་གཙིགས་འཛིན་བྱེད་ཚུལ། ༤) སྙན་དངགས་འདི་ལ་རྒྱ་གཞུང་སྐྱེས་རབས་སོ་བཞི་པའི་ཤན་ཐེབས་པའི་བག་ཆགས། ༥) སྙན་དངགས་ཀྱི་བསྟན་བཅོས་འདིའི་ཚིག་འགྲོས་སྡེབ་སྦྱོར་རྗེས་འཇུག་མཁས་པ་སུའི་རྩོམ་རིག་ལ་བག་ཆགས་ཐེབས་ཡོད་མེད་ལྟ་བ་སོགས་སྤྲོ་ན་འདོད་ཀྱང། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་(༡༤༧)ལས། དེ་དག་ཧ་ཅང་སྤྲོས་པ་ལ་དགའ་བས་འབྱམས་ཀླས་པའི་བཤད་པར་སྣང་བས། བདག་གིས་ནི་ངལ་བ་མ་བྱས་ཏེ། བསྟན་བཅོས་གཅིག་ཏུ་བསྟན་བཅོས་འདུག་ཚད་ཐམས་ཅད་ཀྱི་འབྲེལ་བཙལ་ནས་འཆད་ན། ཤླཽཀ་གཅིག་ཀྱང་ཇི་སྲིད་འཚོའི་བར་དུ་ཡང་བཤད་པར་མི་ནུས་པའི་ཕྱིར་རོ། །ཞེས་འཆད་རྩོད་རྩོམ་གསུམ་གང་ལ་ཡང་དེ་ལྟར་ལག་ཏུ་ལེན་དགོས་པར་དྲན་པས་རེ་ཞིག་རྩོམ་ཡིག་འདི་མཇུག་བསྡུས་པ་ལགས།

དཔྱད་ཞིབ་ཡིག་ཆ་ཁག

    རྟག་ངུའི་རྟོགས་བརྗོད་འདིར་འཆད་ཉན་དང་ཉམས་ཞིབ་བྱེད་མཁན་ཚོས་ངེས་ཅན་དུ་ཟུར་བལྟ་བྱེད་དགོས་རིགས་གང་ཡོད་ཅེ་ན། བཀའ་འགྱུར། ཉི་ཁྲི་<ཨ> ཤོག་ངོས་༣༥༣ ན་༧ ནས་༣༧༨ ན་༡ བར་གྱི་ཤོག་ལྡེབས་༢༤ སྡེ་དགེ་དཔར་མ། ཁྲི་བརྒྱད་སྟོང་པ། <ག> ཤོག་ངོས། ༡༨༡ ན་༧ ནས་༢༠༥ བ་༢ བར་ཤོག་ལྡེབས་༢༥ སྡེ་དགེ་དཔར་མ། བརྒྱད་སྟོང་པ། <ག> ཤོག་ངོས། ༢༦༡ ན་༣ ནས་༢༨༤ ན་༡ བར་གྱི་ཤོག་ལྡེབས་ཕྱེད་དང་ཉེར་བཞི། སྡེ་དགེ་དཔར་མ། བསྟན་འགྱུར་དེབ་གཟུགས་དཔར་མ། ཤེས་ཕྱིན<ཆ>(༡༠༠)པར་སློབ་དཔོན་སེང་གེ་བཟང་པོས་མཛད་པ། བརྒྱད་སྟོང་འགྲེལ་ཆེན་རྒྱན་སྣང་། ཤོག་ངོས་(༡༦༨༥–༡༦༩༩)བར་དང། ཤེས་ཕྱིན། <ཇ>(༡༠༡) སློབ་དཔོན་སེང་གེ་བཟང་པོས་མཛད་པ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ལས་རྟག་ངུའི་ལེའུ་སྟེ་སུམ་ཅུ་པའི་བཤད་པ། ཤོག་ངོས་(༡༧༠–༡༧༧)བར་དང་། ཤེས་ཕྱིན། <ཐ> (༡༠༤)རྒྱལ་པོའི་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག ཤོག་ངོས། (༡༢༥༣–༡༢༦༢) བར་དང་། ཤེས་ཕྱིན། <ད> (༡༠༥) པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད། ཤོག་ངོས་(༥༢༥–༥༣༩)བར་དང་། ཤེས་ཕྱིན། <བ> (༡༠༩) དཔལ་ལྡན་རྒྱལ་པོ་ཛ་ག་ཏྟ་ཏཱ་ལར་གནས་པས་མཛད་པ། སུམ་ཅུ་པ་རྟག་ངུའི་ལེའུ། ཤོག་ངོས་(༧༠༠–༧༢༥)བར་གཟིགས་ན། མིང་ཚིག་གི་མཆན་དང། སྤྱི་ཁོག་དང་། ཡན་ལག་གི་དོན་ཚན་རེ་རེ་བློ་ཡུལ་དུ་ངེས་པ་ལ། ཕན་ཐོགས་ཡོད་པས་གཟིགས་གནང་དགོས་པ་གལ་ཆེ།

  1. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧  ལོའི་དཔར་མ། ཤོག་ངོས་༡༢/༨༥/༨༦ /༨༨ བཅས་ན་གསལ། 
  2. རྣམ་ཐར་དད་པའི་འཇུག་ངོགས། སེར་བྱེས་དཔར་མ། ཤོག་ངོས་༣༥ ན་གསལ།
  3. རྗེའི་གསུང་འབུམ་པོད་ཀ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༧  ལོའི་དཔར་མ་ཤོག་ངོས་ ༡༡༨ བཅས་ན་གསལ། 
  4. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༧ ལོའི་དཔར་མ། ཤོག་ངོས་ ༤༢༡ བཅས་ན་གསལ།
  5. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༣༨༡ བཅས་ན་གསལ། 
  6. རྣམ་ཐར་དད་པའི་འཇུག་ངོགས། སེར་བྱེས་དཔར་མ། ཤོག་ངོས་ ༤༦ ན་གསལ།
  7. བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་བརྗོད་བྱའི་རྟེན་ཁུངས་དང་སྙན་ངག་གི་རང་བཞིན་སོགས་རགས་ཙམ་གླེང་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས། བོད་ཀྱི་རིག་གནས་དང་སློབ་གསོ་ཞིབ་འཇུག། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་༡༤༠ –༡༤༡ ན་གསལ།
  8. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༡༩༨༧ ལོའི་དཔར་མ། ཤོག་ངོས་ ༢༥༩ བཅས་ན་གསལ། 
  9. བྱང་སེམས་རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་བརྗོད་བྱའི་རྟེན་ཁུངས་དང་སྙན་ངག་གི་རང་བཞིན་སོགས་རགས་ཙམ་གླེང་བ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས། བོད་ཀྱི་རིག་གནས་དང་སློབ་གསོ་ཞིབ་འཇུག། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་ ༡༤༢ ན་གསལ།
  10. རྗེ་ཙོང་ཁ་པའི་རྣམ་ཐར། དར་ཧན་མཁན་སྤྲུལ་བློ་བཟང་འཕྲིན་རྣམ་རྒྱལ་གྱིས་བརྩམས་པ། ཝཱར་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་སྐབས་ཉེར་དགུ་པས་དཔར་མ་ཤོག་ངོས་ ༡༠ ན་གསལ།
  11. རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཚོད་ལྟའི་དཔྱད་ཞིབ། རབ་གསལ་གྱིས་བརྩམས་པ། ཕྱི་ལོ་༡༩༩༧ ལོའི་ནོར་མཛོད་དེབ་དང་པོར་གསལ།
  12. རྟག་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་ཚོད་ལྟའི་དཔྱད་ཞིབ། རབ་གསལ་གྱིས་བརྩམས་པ། ཕྱི་ལོ་༡༩༩༧ ལོའི་ནོར་མཛོད་དེབ་དང་པོར་གསལ།
  13. མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། <ཁ> མི་རིགས་དཔེ་སྐྲུན་དཔར་མ་ཤོག་ངོས་ ༢༢༡ ན་གསལ།
  14. ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ། ཤོག་ངོས་༢༥ ན་གསལ།
  15. ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཀླགས་པའི་མྱོང་ཚོར། གྲོགས་པོ་སངས་རྒྱས་ལ་བསམ་འཆར་བརྗེ་རེས་ཚུལ་དུ་ཕུལ་བ། ཕྱི་ལོ་༡༨༨༢ ལོའི་སྦྲང་ཆར་དེབ་གཉིས་པར་གསལ།
  16. ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གནའ་རབས་སྙན་ངག་སྐོར་རགས་ཙམ་གླེང་བ། ཕྱི་ལོ་༡༩༨༧ ལོའི་སྦྲང་ཆར་དེབ་དང་པོར་གསལ།
  17. ར་བིན་དྲ་ནཱ་ཐ་ཋེ་ཀོར་གྱིས་མཛད་པའི་གླུ་ཐལ་སྦྱར་མ། དངོས་གྲུབ་ཀྱིས་བོད་སྐད་དུ་བསྒྱུར་བ། ༡༩༨༤ ལོའི་ཤོག་ངོས་༨ པ་ན་གསལ། ལྡི་ལིའི་བོད་ཀྱི་ཁང་པ།
  18. དཔལ་དོན་གྲུབ་རྒྱལ་གྱིས་ཕྱི་ལོ་༡༩༨༤ ལོའི་ཟླ་བ་༡ ཚེས་༢༦ ལ་བྲིས་པ། ལོ་དེའི་སྦྲང་ཆར་དེབ་གཉིས་པར་    གསལ།
  19. མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང༌། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་དཔར་མ། རྩོམ་རིག་སྒྱུ་རྩལ་དེབ་ཕྲེང་བཞི་པ། ཤོག་ངོས་ ༢༡ ན་གསལ།
  20. རྟོགས་བརྗོད་དཔག་བསམ་འཁྲི་ཤིང༌། ༡༩༩༢ ལོའི་ཤེས་རིག་པར་ཁང་གི་དཔར་མ། ཤོག་ངོས་༣༥༧ ན་གསལ།
  21. ཀ་བཤད་རྩོམ་རིག་སྐོར་ཅུང་ཟད་གླེང་བ། ཕྱི་ལོ་༡༩༨༣ ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེབ་དང་པོར་གསལ།
  22. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ། ཤོག་ངོས་༦༧༦ ལ་གསལ།
  23. འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་གིས་ཕྱི་ལོ་༢༠༠༥ ལོའི་དཔར་མ།
  24. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༡༩༣ ན་གསལ། 
  25. རྗེའི་གསུང་འབུམ་པོད་ཁ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧ ལོའི་དཔར་མ། ཤོག་ངོས་༢༡༨ ན་གསལ།

མདུན་ཤོག

Menu