བོད་ཀྱི་རིག་གཞུང་གི་ཕན་ནུས།

ཀུན་དགའ་ཚེ་རིང། གོ་པལ་པུར་བོད་ཁྱིམ་སློབ་གྲྭ

སྔོན་བརྗོད།

     སྔོན་བྱོན་མེས་པོ་རྣམས་ཀྱི་རྔུལ་ཁྲག་གིས་བཞེངས་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དར་རྒྱས་དང། ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་ད་ལྟའི་ང་ཚོའི་གཅེས་ནོར་གཅིག་པུ་ནི་བོད་ཀྱི་རིག་གཞུང་སྟེ། ངོམ་དུ་རུང་བའི་འུ་ཅག་ཐུན་མོང་གི་བགོ་སྐལ་འདི་ནི། དུས་རབས་ཉེར་གཅིག་པའི་གློག་འཕྲུལ་རྫས་ཆས་ཀྱིིས་ཀྱང་བཏུལ་དུ་མེད་པར་རང་སྐྱིད་གཞན་སྨོན་གྱི་རྒྱུ་འབའ་ཞིག་གོ  །
     གངས་ཅན་ཁ་བའི་ཡུལ་ནས་ལོ་ངོ་སྟོང་ཕྲག་དུ་མའི་འཕྲང་ལམ་ནས་བཞུད་དེ། དེང་སང་གི་དུས་སྐབས་ལ་ཡང་ཕན་ཆེ་ཞིང་ནུས་པ་ཐོན་པ་ནི་ངེད་ཅག་ཡིན་པའི་ཆ་ནས་འགན་ལ་འཁྲི་བ་ནི། རིག་གཞུང་ཕྱུག་པོ་འཛིན་སྐྱོང་སྤེལ་གསུམ་གྱིས་ལྷོ་འཛམ་བུ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཕན་འདོགས་ཐུབ་ན། དེ་ལས་དགའ་འོས་པ་དང་སྤོབས་པས་ཁེངས་པའི་བྱ་གཞག་ཅིག་གང་ན་མཆིས་སམ། ལྷག་པར་དུ་མི་རབས་གསར་པའི་ན་གཞོན་ཞིག་གི་འོས་འགན་ཡང་འདི་ལས་ཁྱད་དུ་འཕགས་པ་ཞིག་ཨེ་ཡོད་སྙམ་སྟེ། རིན་ཐང་གིས་ཕྱུག་པའི་བོད་ཀྱི་རིག་གཞུང་གི་ཕན་ནུས་སྐོར་མདོར་ཙམ་གླེང་བར་བྱའོ། །
དམ་པའི་ཆོས་ཀྱིས་འཇིག་རྟེན་ཀུན་ལ་ཕན་པ།
     བོད་ཀྱི་རིག་གཞུང་གི་སྲོག་ཤིང་དུ་གྱུར་བའི་དམ་པའི་ཆོས་སམ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནི། སྙིགས་མ་ལྔ་བདོའི་དུས་སྐབས་འདིར་ཤར་ལྷོ་ནུབ་བྱང་ཕྱོགས་རིས་མེད་པར་ནུས་པ་ཤུགས་ཆེན་ཞིག་འདོན་གྱིན་པ་ནི་ང་ཚོའི་དུས་རབས་ཏེ། བརྡ་འཕྲིན་དུས་རབས་འདིའི་བླ་སྲོག་ཚན་རིག་ལས་ཀྱང་མངོན་གསལ་དོད་པོ་ཡིན། དེའང་ཚན་རིག་གིས་བསྐྲུན་པའི་འཇིག་རྟེན་ཆུང་ཆུང་འདིར་གནས་བཅའ་བའི་མི་བུ་ཡོད་དོ་ཅོག་གིས་རང་ཉིད་ཀྱི་འཚོ་བ་དང། མི་ཚེའི་བདེ་སྐྱིད་འཚོལ་སྙེག་དང་རེ་སྨོན་གྱི་ལམ་ལ་ཆས་པ་རེད་མོད། ཕྱིའི་དངོས་པོའི་ཡར་རྒྱས་དང། འབྱོར་བའི་ལོངས་སྤྱོད་ཇི་ཙམ་གྱིས་ཕྱུག་པ་དང་འབེལ་པོར་ཉམས་སུ་རོལ་ཐུབ་ནའང། ཁོང་ཚོས་འཚོལ་སྙེག་བྱེད་ཀྱིན་པའི་བདེ་སྐྱིད་ནི་འཐོབ་རྒྱུ་མེད་པར། སྡུག་བསྔལ་གྱི་རུ་སྐོར་ནང་སླར་ཡང་མགོ་བོ་སྒུར་ཏེ་སྨྲེ་སྔགས་དང་། ངུ་སྐད་རིང་མོ་གོ་ལ་ཧྲིལ་པོར་འཐེན་གྱིན་གདའ།
     གཞན་ལ་ཕན་མི་ཐོགས་ནའང་གནོད་མི་སྐྱེལ་བའི་འཚེ་མེད་ཞི་བའི་བྱ་སྤྱོད་དང་། ཆོས་ཐམས་ཅད་གཅིག་ལ་གཅིག་བརྟེན་ཡིན་པར་ལྟ་བའི་རྟེན་འབྱུང་གི་ལྟ་གྲུབ་འོག  འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱི་ནང་སེམས་ལ་གཡོ་འགུལ་ཞིག་གིས་སྐྱོམས་ཏེ། ནང་སེམས་ཀྱི་བདེ་སྐྱིད་ནི་བདེ་སྐྱིད་མཐར་ཐུག་ཡིན་པའི་གོ་བ་ལོན་ནས་ངེས་ཤེས་རྙེད། ནང་པའི་ཆོས་ལ་སློབ་སྦྱོང་གནང་ཞིང་། ཉམས་ལེན་བྱེད་པའི་ནུབ་ཕྱོགས་པ་དང་ཤར་ཕྱོགས་པ་ཁྱད་མེད་ཀྱིས་དེའི་དགེ་མཚན་མཐོང་གི་ཡོད་ལ། ང་ཚོའི་དམ་ཆོས་ལས་ཀུན་ཁྱབ་སེམས་འཁུར་གྱི་དཀྱེལ་ཡངས་དགོངས་གཞི་གླིང་ཆེན་བདུན་དུ་ཁྱབ་སྟེ། ཞབས་འདེགས་བླ་ན་མེད་པ་བསྒྲུབས་ཐུབ་ཡོད།
ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངའ་བརྙེས་ཕྱིར་ཡིན་ལ། དེའི་སླད་དུ་བྱང་ཆུབ་ཀྱི་སེམས་སྦྱང་ཞིང་བསྒོམ་དགོས། དེའང་གཞི་རྩའི་འཇིག་རྟེན་པའི་འཚོ་གནས་ནས་བཤད་ན་གཞན་ཕན་གྱི་སེམས་བཟང་པོ་བྱ་རྒྱུ་དེ་ཡིན། རང་ཉིད་མ་ཡིན་པའི་སྐྱེ་འགྲོ་མཐའ་དག་ལ་ཕན་པར་བྱེད་པའི་སེམས་འདི་ནི་མཐར་གཏུགས་ན་འཛམ་གླིང་ཞི་བདེ་དང་། འཆམ་མཐུན། བདེ་སྐྱིད་ཀྱི་ས་བོན་ཆགས་པར་བརྟེན་ད་ལྟ་དང་འབྱུང་འགྱུར་གྱི་དུས་རབས་ནས་དུས་རབས་སུའང་མི་བུ་སྒེར་གཅིག་གི་འཚོ་བའི་བདེ་སྐྱིད་དང་མི་ཚེའི་སྙིང་པོ། རྒྱལ་ཁབ་གཅིག་གམ་འཛམ་གླིང་ཧྲིལ་པོའི་འཆམ་མཐུན་དང་བརྟན་གནས། བདེ་འཇགས་སོགས་གང་ཅིའི་ཐད་ནས་ཀྱང་ཕན་ནུས་ལྡན་པ་ནི་ངོ་མཚར་ཆེ་བའི་རྒྱུ་ཉག་གཅིག་གོ །

བོད་པའི་མི་ཆོས་ཀུན་སྤྱོད་ཀྱིས་ཕན་བཏགས་པ།

     གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ཞིང་ཁམས་འདི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་མི་ཆོས་ཀུན་སྤྱོད་ཀྱི་ཆ་ནས་བཤད་ན། ནང་ཆོས་ཀྱི་ཤུགས་རྐྱེན་དང་ཕྱིའི་རིག་གཞུང་གི་བཙན་འཛུལ་མེད་པའི་རྒྱུ་རྐྱེན་གྱིས་ང་ཚོ་ལ་ཐུན་མིན་གྱི་མི་གཤིས་དང་། ཀུན་སྤྱོད་ཅིག་གིས་དམ་དུ་སྦྲེལ་ཡོད་ལ། དུས་ད་ལྟར་ང་ཚོའི་མི་ཆོས་ཀུན་སྤྱོད་ཀྱི་རིན་ཐང་ནི་འཛམ་གླིང་གང་སར་འགྲམ་ཆུ་ལྡང་བའི་གཞི་རུ་གྱུར་ཏེ། བོད་པའི་བཟང་སྤྱོད་ལ་ཆེས་མཐོའི་ཚད་ཅིག་འཇོག་གིན་པ་རེད། རྒྱལ་ཁབ་མང་པོར་བོད་མི་འདུས་སྡོད་ཀྱི་ས་གནས་འཛུགས་སྐྲུན་གྱིས་ང་ཚོར་ལྷན་སྐྱེས་ཀྱིས་ཡོད་པའི་ཀུན་སྤྱོད་དག་ཁོང་ཚོའི་རྒྱུད་ལ་འཇགས་ཐབས་སུ་འབད་གྱིན་པ་རེད།
     བོད་པའི་སྤྱོད་ལམ་དུ་ཡོད་པའི་བརྩི་བཀུར་དང་སྙིང་རྗེ། བརྩོན་སེམས་ལྡན་པ། ཡ་རབས། ཁྲེལ་ཡོད། རྒྱུ་འབྲས་བརྩི་བ། ཕན་སེམས་ཆེ་བ་བཅས་ཀྱིས་མཚོན་ཀུན་སྤྱོད་བཟང་པོ་ཇི་སྙེད་ཅིག་གིས་ད་ལྟའི་གཏོར་བཅོམ་གསོད་སྲེག་གི་སྤྱི་ཚོགས་ལ་དངངས་སྐྲག་དང། འཇིགས་སྣང་སེལ་བའི་སྨན་མཆོག་ཏུ་གྱུར་ལ། གཞི་རྩའི་རིན་ཐང་འདི་དག་གོང་མཐོར་སྤེལ་བ་དང་ཁྱབ་རྒྱ་ཆེ་རུ་འཕེལ་ན་ནི། རང་སྐྱིད་གཞན་སྨོན་གྱི་དཔལ་ལ་ལོངས་སྤྱོད་ཐུབ་པ་དང། ཕན་ཚུན་བརྩི་བཀུར་དང་གཞན་ཕན་སྙིང་རྗེ་ཡིས། དམར་གསོད་དང་རྐུ་འཕྲོག་ལ་སོགས་པའི་རུལ་སུངས་དང་། གཏོར་བཅོམ་དེའང་བག་ཕེབས་དང་ཞི་འཇམ་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཐུབ་པར་ཐེ་ཚོམ་མེད་དོ། །

མཇུག་གཏམ།

     མི་རིགས་འདིར་གོད་ཆག་ཅི་འདྲ་བྱུང་ནའང་སྐད་དང་རིག་གཞུང་གི་མངའ་ཐང་རྒྱས་པས་ན། ད་གཟོད་འུ་ཅག་ལ་རེ་བའི་རྨུ་ཐག་ཅིག་གི་སྐུད་སྣེ་རྙེད་ཅིང་གསོན་པའི་ཚེ་སྲོག་གི་དབུགས་རྔ་ཐོབ། ཐ་ན་འུ་ཚོའི་འཚོ་གནས་དང་འཐབ་རྩོད་འདིའང་ཕུན་སུམ་ཚོགས་པའི་ཐུན་མིན་རིག་གཞུང་འདིའི་ཕྱིར་དུ་ཡིན་དགོས་ལ། དེའང་གོ་ལ་ཀུན་ཁྱབ་ཀྱིས་རེ་སྙེག་བྱེད་ཀྱིན་པའི་ཞི་བདེ་ཡི་བདུད་རྩི་འཇོ་བའི་དུས་ཀྱི་བསྐལ་བཟང་དེའི་སླད་དུའང་ཡིན། འདི་ལྟར་བསམ་ན། ང་ཚོའི་བོད་ཀྱི་རིག་གཞུང་གི་དར་རྒུད་ནི། འཇིག་རྟེན་རིལ་མོའི་སྟེང་འཚོ་བའི་འགྲོ་དྲུག་ཡོད་ཚད་ཀྱི་བདེ་སྡུག་དང་སྦྲེལ་ནས་ཡོད་པས། ཟུར་བལྟས་ལེབ་མཐོང་གིས་རིག་གཞུང་འདིར་གལ་ཆེན་རང་བཞིན་གྱི་རིན་ཐང་ཞིག་ཡོད་པ་རྟོགས་ཐུབ།
     རིན་ཐང་གི་ཆ་ནས་ཀྱང་ང་ཚོས་ངེས་ཤེས་འདྲོངས་ཐུབ་པ་ནི། རིག་གཞུང་གང་དེའི་དགོས་གལ་དང་ཕན་ནུས་མངོན་པར་གསལ་སྟོན་བྱ་བཞིན་པ་དང་། དེའི་རྐྱེན་གྱིས་ང་ཚོའི་རིག་གཞུང་གང་དེའི་ཕན་རླབས་བརྗོད་ཀྱིས་མི་ལང་བའང་ཞོར་གྱིས་ཤེས་འོངས། དེའི་སྟབས་ཀྱིས་ང་ཚོ་སྟེ། མ་འོངས་པའི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་གོམ་ཁའང་རིག་གཞུང་གང་དེ་ཉར་ཚགས་དང་། རྒྱུན་འཛིན་གྱིས་མི་རབས་ནས་མི་རབས་བར་གྱི་ལག་ལེན་ལ་ཐུག་ཡོད་པས། རང་ཅག་བོད་མི་ཡོད་དོ་ཅོག་གིས་རང་གི་རིག་གཞུང་ལ་བརྩི་བཀུར་དང་། དེའི་ཕན་ནུས་ངོ་ཤེས་པའི་ཐོག་ནས་གཅེས་སྐྱོང་དང་དར་སྤེལ་གཏོང་རྒྱུའང་གལ་འགངས་ཆེ་ཞིང་གནད་འགག་ཅིག་ཏུ་འཁུམས་སོ། །

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་དགག་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་བྱས་པའི་དཔྱད་རྩོམ་གྱི་རིགས་སུ་བཞག་ཆོག་པར་སེམས། ལོ་ཆུང་སྨྱུག་ཐོགས་པས་རྩོམ་གྱི་ཁ་བྱང་ལ་གཞིགས་ཏེ། བོད་ཀྱི་རིག་གཞུང་གི་ཕན་ཐོགས་ཕྱོགས་གཉིས་ནས་བརྗོད་ཡོད། དེ་ནི་རྩོམ་ཡིག་འདི་བརྗོད་དོན་གྱི་ཆ་ནས་དུམ་ཚན་ཆེན་པོ་གཉིས་སུ་དབྱེ་ཆོག་པའི་ཆ་དེ་ཡང་ཡིན། དུམ་ཚན་ཆེན་པོ་གཉིས་པོ་ནི་སྔོན་བརྗོད་དང་དམ་པའི་ཆོས་ཀྱིས་འཇིག་རྟེན་ཀུན་ལ་ཕན་པ་ཞེས་པ་གཉིས་གཅིག་ཏུ་བརྩིས་པའི་ནང་དམ་པའི་ཆོས་ཀྱིས་འཇིག་རྟེན་གྱི་ཁམས་ཆེན་པོར་ཕན་ཐོགས་ག་འདྲ་བྱུང་ཡོད་པ་དངོས་བྱུང་གི་དོན་དག་མང་པོས་བསྒྲུབས་ཡོད།
      དུམ་ཚན་ཆེན་པོ་གཞན་ཞིག་ནི་བོད་མིའི་ཀུན་སྤྱོད་ཀྱིས་ཕན་བཏགས་པ་ཞེས་པ་དེ་དང་རྩོམ་གྱི་མཇུག་བར་ཏེ། དུམ་ཚན་ཆེན་པོ་འདིའི་ནང་བོད་པའི་ཀུན་སྤྱོད་བཟང་པོས་རང་གཞན་ཀུན་ལ་ཕན་ཐོགས་ཚུལ་དང། དེ་ཡང་ནང་བསྟན་རིག་གཞུང་ལ་བརྟེན་པ་རང་གི་ཇི་ཙམ་ངེས་པ་གསལ་པོར་མཚོན་ཐབས་བྱས་ཡོད།
     ཚིག་སྦྱོར་དང་དག་ཆ། དུམ་མཚམས་དབྱེ་སྟངས། རྩོམ་གྱི་མགོ་འཛུགས་སྟངས་སོགས་སྒྲིག་གཞིའི་བཀོད་སྒྲིག་གང་གི་ཆ་ལའང་ལེགས་ཆ་མི་དམན་པ་ལྡན། དེ་མིན་ཀློག་བདེ་ལ་གོ་སླ་བའི་ཁྱད་ཆོས་ཀྱང་འདུག
     རྩོམ་ཡིག་འདིའི་ཞན་ཆ་ཞིག་ནི། སྔོན་གླེང་དང་མཇུག་གཏམ་གཉིས་ལྟོས་བཅས་ཀྱིས་ལེགས་འགྲུབ་བྱུང་མི་འདུག་པའི་ཁར། བོད་པའི་མི་ཆོས་ཀུན་སྤྱོད་ཀྱིས་ཕན་བཏགས་པ་ཞེས་པའི་ཁ་བྱང་དེར་ཨུ་ཚུགས་ཀྱི་ཉམས་ཤིག་འདུག་པ་དེ་ཡིན། རྒྱུ་མཚན་ནི། རྩོམ་གྱི་ཁ་བྱང་ལ་གཞིགས་ན། འགན་འཁྲི་དང་བོད་མིའི་ཀུན་སྤྱོད་ཀྱིས་ཕན་བཏགས་པ་ནི་ཕལ་བའི་གནས་སུ་འཇོག་དགོས་པའི་ཕྱིར་ཡིན། ཡིན་ནའང། བསམ་བློའི་ཆ་ལ་བསྟོད་འོས། བསྟོད་འོས་པའི་ཆ་དེ་སྦྱོར་བྱེད་ཚིག་གི་ལམ་ནས་གསོན་ཉམས་ལྡན་པ་དང། གོ་རིམ་ངེས་པ། གཅིག་སྡུད་རང་བཞིན་གྱིས་ཇི་ལྟར་མཚོན་པའི་ཕྱོགས་ལ་བསམ་གཞིགས་སྔར་ལས་གཏིང་ཟབ་གཏོང་ཐུབ་ན། རྩོམ་ཡིག་ཇེ་ལེགས་ཇེ་བཟང་དུ་འགྲོ་བར་ཐེ་ཚོམ་མི་འདུག་གོ །

བོད་ཀྱི་རིག་གཞུང་གི་ཕན་ནུས།

ནོར་ཚེ། སུ་ཇ་བོད་ཁྱིམ་སློབ་གྲྭ

ཐོག་མའི་གཏམ།

     ང་ཚོས་བློ་གྲོས་ཀྱི་མིག་ཟུང་ཡངས་པོར་ཕྱེས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དུ་འཚོ་བའི་ནང་བཅུད་ཀྱི་སེམས་ཅན་ཀུན་གྱི་ཆགས་གནས་འཇིག་གསུམ་གྱི་ལོ་རྒྱུས་ལ་གཞིགས་ཚེ། མི་རྣམས་ལ་ཐུན་མོང་མ་ཡིན་པའི་ངོ་གདོང་རེ་མཆིས་པ་ནང་བཞིན་མི་རིགས་རེ་ལ་མཚར་སྡུག་འོད་སྟོང་འབར་བའི་རིག་གཞུང་གི་བང་མཛོད་རེ་ཡོད། མི་རིགས་ཅི་འདྲ་ཞིག་ཡིན་རུང་དེའི་འདས་མ་ད་གསུམ་གྱི་མདུན་ལམ་དང་འཕེལ་རྒྱས། ཉམས་རྒུད་ཅི་འདྲ་འབྱུང་མིན་ནི་རིག་གཞུང་ལ་དམ་དུ་འབྲེལ་བས། མི་རིགས་དང་རིག་གཞུང་གཉིས་འཇིག་ན་མཉམ་དུ་འཇིག་ཅིང་། དར་ན་མཉམ་དུ་དར་བ་ལོ་རྒྱུས་ཀྱིས་ར་སྤྲད་པས། རིག་གཞུང་ནི་མི་རིགས་ཀུན་གྱི་བླ་སྲོག་ཡིན་པར་སུས་ཀྱང་བསྙོན་དུ་མེད། འཛམ་གླིང་ཡང་རྩེ། རི་མཐོ་ས་གཙང། དགེ་བའི་ལས་ལ་བྲེལ་ཞིང་སྡིག་ལ་འཛེམ་པ། བྱམས་དང་སྙིང་རྗེ་ལྡན་པ། ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་པའི་རང་ཅག་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། རིག་གནས་བཅས་ཀྱི་འབྱུང་ཁུངས་ནི་ཆུ་མགོ་གངས་དང་། ཆོས་མགོ་སངས་རྒྱས་ལ་ཐུག་པ་ནང་བཞིན་ནང་བསྟན་རིག་གནས་ལ་ཐུག་འདུག། འཇིག་རྟེན་དུ་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡ་ལ་རྩེ་མོ་ཡོད་པ་དང་ཆེས་བཞུར་རྒྱུན་རིང་བའི་ཡར་ཀླུང་གཙང་པོ་ལ་འབྱུང་ཁུངས་མཆིས་པ་ལྟར། རང་རེའི་ནང་བསྟན་རིག་གཞུང་ལ་ཡང་སྙན་གྲགས་འོད་སྟོང་འབར་བའི་ངོ་མཚར་བའི་ལོ་རྒྱུས་ལྡན།
     དུས་རབས་བདུན་པའི་དུས་དཀྱིལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྲིད་སྐྱོང་བ་ལ་ཡི་གེ་མཁོ་བར་དགོངས་ནས་ཡིད་དྲང་ཞིང་བློ་རྣོ་བ། དཀའ་བ་མ་ལུས་ཁྱད་དུ་གསོད་ནུས་པའི་ཐོན་མི་སམ་བྷོ་ཊ་འཕགས་ཡུལ་མངགས། བྲམ་ཟེ་ལྷ་རིག་པའི་སེང་གེ་དང་ལི་བྱིན་ཀ་ར་སོགས་བསྟེན་ཏེ་བོད་ཡིག་གསར་དུ་བཟོས། རྗེས་སུ་སྐ་ཅོག་ཞང་གསུམ་སོགས་མཁས་པ་སྟོང་ཕྲག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱོན་ནས་རིག་གནས་ཁྱད་འཕགས་རྣམས་འཕགས་ཡུལ་ནས་བསྒྱུར་ཏེ་ནང་འདྲེན་བྱས་པས། བཀའ་བསྟན་གྱི་གླེགས་བམ་རི་བོའི་གཏོས་དང་རྒྱ་མཚོའི་དཔལ་ལ་འགྲན།  འགྲོ་ཀུན་འགྲམ་ཆུ་ལྡང་ཡུལ་རང་རེའི་གངས་ཅན་པའི་ནང་བསྟན་རིག་གནས་ཡིན་པ་ལོ་རྒྱུས་ཀྱི་མེ་ལོང་དུ་གསལ་བར་འཆར་ཡོད་པ་མངོན་སུམ་ཚད་མས་གྲུབ།
བོད་ཀྱི་ནང་བསྟན་རིག་གནས་ཀྱི་ཕན་ནུས།
     གནས་ལུགས་ཀྱི་ཀློང་ནས་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཚེ། འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བའི་ཡར་ཐོན་རྒྱལ་ཁབ་དག  ཕྱི་དངོས་པོའི་དཔལ་ཡོན་ཇི་ལྟར་རྒྱས་ནའང་ནང་བསམ་པའི་དཔལ་ཡོན་བྲལ་བའི་རྐྱེན་གྱིས། གཡུལ་འགྱེད་རྒྱུན་ཆད་མེད་པས་འཇིག་རྟེན་དུ་ན་ཚ། མུ་གེ། གཉའ་གནོན། གདུག་རྩུབ། དྲག་སྤྱོད། མི་གསོད་ཁྲག་སྦྱོར་གྱི་བྱུང་བ་མཁའ་དབུགས་ལྟར་ཕྱོགས་བཅུར་ཁྱབ་ཡོད་ལ། མེ་རི་འཕྱོ་བ། ས་ཡོམ་འབྱུང་བ། གནམ་ས་གཡོ་བ་ལྟ་བུའི་རྐྱེན་ངན་ནགས་ཚལ་ལ་མེ་ཤོར་བ་བཞིན་སྐྱེ་དགུའི་བདེ་བ་འཇོམས་པའི་གཤེད་མ་རུ་གྱུར་ཡོད་པ་རང་གཞན་ཀུན་གྱི་རྣ་བས་ཐོས་ཤིང་མིག་གི་མཐོང་ཆོས་སུ་གྲུབ་ཡོད། འོན་ཀྱང། རང་རེའི་ཡུལ་དུ་ནང་བསྟན་དར་བས། ཞི་བདེ་དང་དྲང་བདེན། ཡ་རབས་དགེ་སྦྱོར། རང་ལས་གཞན་གཅེས། འགྲོ་དྲུག་མ་རུ་བརྩི་ཞིང་གཉེན་དུ་འཛིན་པའི་དག་ཞིང་གྱུར།

༡། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ།
༢། རྐྱེན་ངན་ལན་བརྒྱར་བྱུང་ཡང་ཞུམ་པ་བྲལ།
༣། སྡིག་འཛེམས་དགེ་སྦྱོར། འགྲོ་དྲུག་མ་རུ་ལྟ
༤། རྒྱལ་ཞེན་གྱི་འདུན་པ་དགུང་ལ་འཕྱོ།
༥། རང་སྐྱིད་གཞན་སྨོན་གྱི་དཔལ་ལ་རྟག་ཏུ་རོལ།
༦། རླབས་ཆེ་བའི་མི་རིགས་ཤིག་གི་ཁྱད་ཆོས་ཀྱིས་ཕྱུག་པའི་རྩ་བ་ཡང་མཐར་གཏུགས་ན་ཕུན་སུམ་ཚོགས་པའི་རིག་གཞུང་འདིའི་དྲིན་ཁོ་ན་ཡིན་པ་སྨོས་ཅི་དགོས།

     ཡང་སྒོས། འཛམ་གླིང་སྤྱི་ཡོངས་ནས་གླེང་ན་ཡང་རང་རེའི་ནང་བསྟན་རིག་གནས་ཀྱི་ཕན་ནུས་ཁོ་ན་འགྲོ་བ་མིའི་བདེ་སྐྱིད་ཀྱི་འབྱུང་གནས་སུ་གྱུར་ཡོད། དཔེར་ན། སྤྱི་ནོར༸རྒྱལ་བ་ཡིད་བཞིན་ནོར་བུས་ཐུགས་ཁུར་མཐའ་མེད་དང་། སྙིང་རྗེ་ཚད་མེད་ཀྱིས་སྒོ་ནས་ལོ་ངོ་དུ་མར་གཡུལ་འགྱེད་བསླངས་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་རྙོག་ཟིང་སེལ་ཐབས། ཆོས་ལུགས་རིས་མེད་ཀྱི་ལྟ་བའི་སྒོ་འཕར་ཡངས་པོར་ཕྱེས་པ། མི་རིགས་དང་ཕོ་མོ་འདྲ་མཉམ། རང་དབང་འོད་ཟེར་སྟོང་ལྡན་གྱི་བཞུད་ལམ་ཞིག་འགྲོ་བའི་དོན་དུ་གསར་དུ་གཏོད་ལ། འདས་པོར་བསྔོ་བ་སྨོན་ལམ་དང། ཤུལ་ལུས་ཀྱི་མི་མང་ཀུན་ལ་སེམས་གསོའི་དབུགས་དབྱུང་མཛད་པའང་ནང་བསྟན་རིག་གནས་ཀྱི་ཀུན་ཁྱབ་སེམས་འཁུར་དང་བྱང་ཆུབ་སེམས་ལས་འཁྲུངས་པ་ཉག་གཅིག་ཏུ་གྲུབ།
     ད་དུང་ནང་བསྟན་རིག་གནས་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་གཞག་དང་། སེམས་ཀྱི་ཚན་རིག་གི་ལྟ་གྲུབ་ནི་འཛམ་གླིང་གི་གྲགས་ཅན་ཚན་རིག་པ་རྣམས་ཀྱིས་རྟོག་དཔྱོད་ཞིབ་འཇུག་བྱ་ཡུལ་དང་འགྲམ་ཆུ་ལྡང་སའི་ཡུལ་དུ་གྱུར་ཡོད་ལ། ཚན་རིག་པ་གྲགས་ཅན་ནམ་ཚན་རིག་གི་རྒྱལ་པོ་ཨན་ཡན་སི་ཐན་གྱིས་ཀྱང་། གལ་སྲིད་འཇིག་རྟེན་འདིའི་ཐོག་ཏུ་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཏུ་སྐྱོད་ཐུབ་མཁན་ཞིག་ཡོད་ཚེ། དེ་ནི་ནང་པ་སངས་རྒྱས་པའི་ཆོས་རེད། ཅེས་བརྗོད་པའང་རང་རེའི་རྒྱལ་བསྟན་གྱི་ཕན་ནུས་སམ་དགེ་མཚན་ཡིན་པར་གླེང་ཆོག

བོད་ཀྱི་ནང་བསྟན་རིག་གནས་ཀྱི་རིན་ཐང།

     རང་རེའི་རིན་ཐང་གཞལ་དུ་མེད་པའི་ནང་བསྟན་རིག་གཞུང་ནི། སྡིག་པ་ཅི་ཡང་མི་བྱ་ཞིང། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ་བའི་ངོ་མཚར་རྨད་བྱུང་གི་རིག་གནས་ཤིག་ཡིན་པས། བསླུ་མེད་དྲང་བདེན་གྱི་ལམ་དུ་བསྐྱོད་པ་ལས་ཉེས་བྱས་ཕྲ་མོ་ཙམ་ཡང་མི་བསྒྲུབ་པར་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ལེགས་པར་རྟོགས་པའི་སྒོ་ནས་འཛམ་གླིང་ཞི་བདེ་དང་འགྲོ་དྲུག་ཐར་པར་འདྲེན་པའི་ཕུགས་བསམ་གྱི་ཕྱོགས་སུ་བསྐྱོད་ཅིང་རྩོལ་བ་ཕངས་མེད་སྦྱིན་པར་བྱེད།
     འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་བོད་མི་རིགས་ནི་ཡ་རབས་གཤིས་བཟང། ཚེ་སྲོག་ཀུན་ལ་འཚེ་བ་མི་བྱེད་པར་གཅེས་སྐྱོང་དང་གུས་བཀུར་བྱེད་པའི་དཔེ་བཟང་ཅན། ད་དུང་རིག་གནས་འདིའི་ཕན་ཡོན་གྱི་གྲུབ་འབྲས་གཞན་ཞིག་ནི། ཡོད་ཚད་རྨོངས་པ་དང་ཡིད་ཆེས་ཁོ་ནས་མི་བསྒྲུབ་པར་བརྟག་དཔྱད་ཞིབ་འཇུག་གི་ལམ་ནས་བདེན་ལུགས་འཚོལ་ཞིང། བདེན་བཟང་མཛེས་གསུམ་གྱི་ལེགས་ཆ་མ་ལུས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། མཐོང་ན་ཉམས་དགའ་བ། ཐོས་ན་རྣ་བར་འཇེབས་པ། ཞི་བདེ་བརྟན་བརླིང་གི་འགྲོ་བ་མིའི་བདེ་སྐྱིད་ལ་ལེགས་སྐྱེས་སུ་ཕུལ་བ་ཁོ་ན་ལས་མ་འདས།
     བོད་ཡུལ་དུ་ཆགས་པའི་བསྐལ་པའི་མཚོ་མོ་དང། སྲིད་པའི་གངས་རི། ནགས་ཚལ། མཐའ་ཡས་སྤང་ལྗོངས། ཞི་བདེ་བག་ཕེབས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་སོགས་ཕྱི་སྣོད་ཀྱི་བཀོད་པ་དང། ནང་བཅུད་ཀྱི་སེམས་ཅན་གྱི་ཁྱད་ཆོས་ལས་རིག་གཞུང་གི་དགེ་མཚན་མངོན་ཡོང། དེ་བས་ནང་བསྟན་རིག་གནས་ནི་མི་རིགས་དང་ཁྱབ་ཁོངས་ལ་དབྱེ་བ་མེད་པ། ཕོ་མོ་དང་རིགས་རུས། བཟང་ངན་དང་ཡག་བཙོག་ལ་ཁྱད་པར་མེད་པར་ཕན་བདེ་ཁོ་ན་བསྒྲུབ་པའི་ཕྱིར་བདེ་བའི་འབྱུང་ཁུངས། ཞི་བདེའི་རྩ་བ། ཡ་རབས་ཀྱི་མིག་དཔེ། རིན་བྲལ་གྱི་ཚེ་སྲོག་ལྟར་འོ་མའི་མཚོ་ཡིས་འགྲོ་བའི་ལུས་སྟོབས་ཆེ་ཆེར་བསྐྱེད་པའི་མ་མ་དང་།  རྨོངས་མུན་སེལ་བའི་ཟླ་བྲལ་འོད་སྣང་དངོས་ཡིན།
      སྐྱེ་འགྲོ་ལ་མཐོ་དམན་བཟང་ངན་མེད་པར་བདེ་བའི་ཕྱོགས་སུ་བསྙེགས་པའི་བདེ་བའི་འབྱུང་ཁུངས་བོད་བརྒྱུད་ནང་བསྟན་ཡིན་པས། དེའི་རིན་ཐང་འཇིག་རྟེན་གྱི་དངོས་པོ་ཀུན་གྱིས་ཀྱང་གཞལ་བར་མི་ནུས་སོ། །བོད་བརྒྱུད་ནང་བསྟན་གྱི་རིན་ཐང་ཨ་སྔོན་དབྱིངས་སུ་མི་ཤོངས་ལ། ས་ཡི་གོ་ལས་མི་ཐེག་གོ །

མཇུག་བསྡོམས་ཐོར་བུ།

     གོང་གསལ་གྱི་སྒྲུབ་བྱེད་འདི་དག་ལ་བརྟེན་ནས་བོད་ཀྱི་རིག་གནས་ནི་རྩ་བ་ས་གཞིའི་བྲང་ལ་ཟུག་ཅིང་། རྩེ་མོ་ནམ་མཁའི་མཐོངས་སུ་བསྙེགས་པའི་གནམ་སའི་ཀ་བ་ལྟར་རིག་གནས་ཀུན་གྱི་ཡང་རྩེའོ། །ཤེས་བྱའི་མཁའ་དབྱིངས་སུ་འོད་སྣང་བྱེ་བ་འཕྲོ་བའི་ཉིན་གཞོན་ལྟར་རྨོངས་མུན་གྱི་ནག་ཚོགས་མཐའ་རུ་སྤྱུགས་ཤིང་།འོད་ཟེར་གྱི་མདུན་ལམ་གསལ་བར་འབྱེད་པའི་ཕན་བདེའི་ལམ་སྟོན་ཁོ་ནའོ། །སྐྱེ་འགྲོའི་གདུང་བ་ཐལ་བར་བརླག་ཅིང། བདེ་བའི་སྣང་བ་མཚོ་ལྟར་བསྐྱིལ་བའི་རྣམ་དཀར་དགེ་བའི་མཚོ་མོའོ། །ཞི་བདེ་མཁའ་དབུགས་ཕྱོགས་བཅུར་སྤེལ་ཞིང་བདེ་སྐྱིད་ལོ་ལེགས་འབྱུང་བའི་གཞི་མ་དབྱར་གསུམ་གྲུ་ཆར་དངོས་མའོ། །
     མདོར་ན་བདེ་སྐྱིད་ཀྱི་འབྱུང་ཁུངས། མཐུན་སྒྲིལ་གྱི་རྩ་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས། དྲང་བདེན་གྱི་བླ་སྲོག འཆམ་མཐུན་གྱི་འབྱུང་གནས། ཞི་བདེ་བརྟན་བརླིང་གི་ས་བོན་ལྟར་ལེགས་ཚོགས་མེ་ཏོག་རྒྱས་པར་བྱེད་པའི་རྒྱུ་དང། རང་དབང་དྲི་བསུང་ཕྱོགས་བཅུར་སྤེལ་བའི་རླུང་བུ། དགའ་བདེ་སྟོང་གི་འབྲས་བུ་སྩོལ་བའི་བླ་མེད་ཁྱད་འཕགས་ཀྱི་དགེ་མཚན་རབ་ཏུ་འཕྲོ་བའི་རིག་གནས་ནི་བོད་བརྒྱུད་ནང་བསྟན་ཏེ། དཔེར་ན། མཐའ་མེད་འབྱམས་ཀླས་དབྱིངས་སུ་འཕྲོ་བའི་སྟོང་ལྡན་འོད་སྣང་ལྟར་ཕན་ནུས་བརྗོད་ཀྱིས་མི་ལང་ཞིང་དགེ་མཚན་བསམ་གྱིས་མི་ཁྱབ་པ་འགྲོ་བའི་ལོ་རྒྱུས་ཀྱི་མེ་ལོང་ངམ། དྭངས་གསལ་མཚོ་ལ་རབ་མཛེས་གཟུགས་བརྙན་འཆར་བ་ཇི་བཞིན་ཤིན་ཏུ་གསལ་ལོ། །

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་ཚིག་སྦྱོར་སྤེལ་སྟངས་ཀྱི་ཆ་ནས་དུངས་སེམས་སྟོན་པ་ཤུགས་ཆེ་ཞིང། ས་བཅད་བགོ་སྟངས་ཀྱི་ཆ་དང་བརྗོད་བྱ་མཚོན་སྟངས་ཀྱི་ཕྱོགས་ནས་སྒྲུབ་པ་གཙོ་བོར་བྱས་པའི་འབོལ་རྩོམ་གྱི་རིགས་ཤིག་ཏུ་བརྩིས་ཆོག
     བོད་ཀྱི་རིག་གཞུང་གི་ཕན་ནུས་ཅི་འདྲ་ཡིན་པ་གཙོ་བོ་དོན་དངོས་མི་འདྲ་བ་གཉིས་ཞིབ་སྡུར་གྱི་རྣམ་པས་བཀོད་དེ་བསྒྲུབས་ཡོད་པ་སྟེ། ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་ཅི་ཙམ་ཕྱིན་ནའང་ཕྱི་ནང་གཉིས་ཆ་ནས་སྡིག་སྡུག་རབས་དང་རིམ་པ་བྱུང་དང་འབྱུང་བ་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ལྟ་བུ་དང། དེར་བལྟས་ན་རང་རེའི་བོད་ཡུལ་ནི་ནང་སེམས་ཀྱི་ཆ་ནས་ཡར་རྒྱས་ཕྱིན་པས་ཕྱོགས་གང་ཐད་ནས་ཞི་བདེ་ཡིན་པ་དུམ་ཚན་གཉིས་པའི་ནང་སྙིང་བསྡུས་ཀྱིས་བཀོད་ཡོད། དེའི་རྟིང་གནོན་དུ་༸གོང་ས་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱངས་པའི་མཛད་འཕྲིན་གྱི་ཆ་ཙམ་བཀོད་དེ་ཐམས་ཅད་ནང་ཆོས་ཀྱི་ཕན་ནུས་ཡིན་པར་བརྗོད་པ་ལྟོས་བཅས་ཀྱིས་འོས་ཤིང་འཚམས།
     དུམ་ཚན་གསུམ་པར་ནང་བསྟན་རིག་གཞུང་གི་རིན་ཐང་དེ་གཞུང་ལུགས་ཀྱི་ངོས་དང། བོད་མིའི་འཚོ་སྟངས་སོགས་ལ་སྦྱར་ཏེ་སྙིང་བསྡུས་ཀྱིས་བསྒྲུབས་པའང་ཅུང་ལེགས།
     གཞན་ཡང་རྩོམ་གྱི་འགོར་སྤྱི་ནས་བྱེ་བྲག་ལ་ཕྱོགས་པའི་རྩོམ་ཐབས་སྤྱད་དེ་ལོ་རྒྱུས་ཀྱི་ངོས་ཐད་ནས་གླེང་བ་དེ་དང་མཇུག་གཏམ་གཉིས་ལ་དུངས་སེམས་སྟོན་པ་ཤུགས་ཆེ་བས། ས་བཅད་སྒྲིག་སྟངས་ལ་ལེགས་ཆ་ཡོད་ཀྱང་བརྗོད་བྱ་གཙོ་བོ་མཚོན་པ་ལ་ཞན་ཆ་ཤོར་འདུག་པ་འདྲ།  རྗེས་ཕྱོགས་ཅི་ཞིག་བྲིས་ཀྱང་རུང་། གཙོ་ཕལ་གྱི་དབྱེ་བ་ལེགས་པར་ཕྱེས་ཏེ་མཚོན་ཐབས་ལ་ཐུགས་སྣང་ཞུ།

བོད་ཀྱི་རིག་གཞུང་གི་ཕན་ནུས།

སེང་གདོང་སྐྱབས། སུ་ཇ་བོད་ཁྱིམ་སློབ་གྲྭ

        བདག་གཞན་མཉམ་བརྗེ་ལས་ལ་བྱང་བ་གཅིག། །འཚེ་མེད་ཞི་བ་སྙིང་ལ་འཐད་པ་གཉིས། །
        འདོད་ཆུང་ཆོག་ཤེས་ལུགས་ལ་གོམས་པ་གསུམ། །སྒང་པ་བོད་ཀྱི་རིག་གཞུང་ཁྱད་ཆོས་ཡིན། །

     མཚམས་འདིར་རྣམ་དཔྱོད་རིག་པའི་རྩལ་དགུ་མ་ལུས་སྒྲིམ་ཞིང། ལུང་རིག་མཛོད་ཀྱི་སྒོ་མོ་ཆེས་ཆེར་ཕྱེས་ཏེ། བསམ་གཞིགས་ཀྱི་གཏིང་རིམ་ལ་འགྲིམས་དུས། བདེན་པའི་ཆོས་ཉིད་ཀྱི་དྭངས་མ་དེ་སྤྲིན་ལས་གྲོལ་བའི་འོད་ཟེར་འབུམ་གྱི་ཉི་གཞོན་ལྟར་གྲོལ་ཡོང་བ་ནི། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྒང་པ་བོད་པ་ཚང་གི་སླད་མེད་དྭངས་གཙང་གི་རིག་པའི་གཞུང་ལུགས་འདི་རེད།
      དེ་ཡང། སྔོན་བྱོན་གྱི་སྐྱེས་ཆེན་གསེར་གྱི་རི་རབ་ལྟ་བུའི་སྐུ་དུས་ནས་བཟུང། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་རིག་གཞུང་གི་རྨང་གཞི་ཐོག་མར་བཏིངས་ཤིང། ཐུབ་པ་ཆེན་པོའི་དགོངས་དོན་མ་ལུས་ནང་འདྲེན་བྱས་པས། རྟེན་འབྱུང་གི་ལྟ་བ་རྩ་བར་བཟུང་ཞིང། འཚེ་མེད་ཀྱི་སྤྱོད་པ་སྦྱོར་བར་ཞུགས་པའི་ཐོག་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཁ་ཕྱོགས་ཏེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། གཞན་དོན་གཙིགས་སུ་བཟུང་ནས་ཐུན་མོང་མ་ཡིན་པའི་རིག་གཞུང་རང་རྐྱ་འཕེར་བ་ཞིག་གི་མངའ་ཐང་བརྙེས་པ་རེད།
     འདི་ལྟར། དུས་ཀྱི་བརྒྱུད་རིམ་ཁྲོད་ནས་འོད་སྟོང་མ་ལུས་མཁའ་རུ་མཆེད་ནས། མིའི་རིགས་ལ་བསམ་བློ་ཡར་སྐུལ་གྱི་གཞོགས་འདེགས་ཆེས་ཆེར་བསྐྲུན་པའི་སྔོན་ཐོན་གྱི་རིག་གཞུང་རྨ་མེད་པ་ཞིག་ཏུ་གྱུར་ཚུལ་ནི། མཁས་བརྒྱས་གཅིག་གྱུར་གྱིས་ཞལ་བཞེས་གནང་བའི་བདེན་པ་ཉག་གཅིག་ཡིན། ཅི་སྟེ་ནང་ཆོས་ནི་མིའི་རིགས་ཀྱི་བསམ་བློ་ཀུན་སྤྱོད་ལ་མཛེས་རྒྱན་སྤྲས་བྱེད་ཀྱི་བསམ་པའི་དཔལ་ཡོན་གྱི་ཚད་ཤིང་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་ནི་སུས་ཀྱང་བསྙོན་ཐབས་མེད་པའི་གནས་ལུགས་འབའ་ཞིག་གོ །
     དེ་ཡང་ཚད་མཐོ་བའི་ལྟ་གྲུབ་ནས་བརྗོད་ན། རང་བྱུང་ཁམས་ཀྱི་སྣོད་བཅུད་མ་ལུས་ལྟོས་གྲུབ་ཀྱིས་གནས་ཤིང། ཞིང་འདིར་གནས་པའི་སྐྱེ་འགྲོ་ཐམས་ཅད་ནི་རང་ཉིད་ལ་ཚེ་རབས་སྔ་མ་དག་ནས་ཤིན་ཏུ་འབྲེལ་ཞིང་འདྲིས་པར་རློམ་པས། ཐ་ན། འབུ་སྲིན་ཕྲ་མོ་གྲོག་མ་ཚུན་ཆད་ཀྱང་རང་གི་མར་ཤེས་པའི་འདུ་ཤེས་མངའ་བའི་དབང་གིས། གཞན་དོན་ལྷུར་ལེན་གྱི་ལས་ལ་ཅི་ནས་ཀྱང་ངལ་མེད་དུ་བརྩོན་ཞིང། རང་གཅེས་འཛིན་གྱི་བློ་མཐའ་དག་ཉེས་དམིགས་སུ་ལྟ་བའི་ཐོག་ནས་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་ལ་གོམས་པའི་སྤྱི་དོན་རང་ལུགས་ཀྱི་རིག་གནས་རྨད་དུ་བྱུང་བ་ཞིག་གི་ངོ་བོར་གནས་ཡོད། དེ་ལས་ཀྱང། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་བཞག་ལ་སྲོག་བཞིན་བརྩི་བས། གཞན་དོན་ལ་གཞོལ་རྒྱུ་ནི་བོད་མི་ཞིག་ཡིན་ཚོད་ཀྱིས་རྩ་བའི་དམིགས་འདུན་ཞིག་ཡིན་པར་སུས་ཀྱང་སོམ་ཉི་བྱེད་པའི་བློ་མེད། གང་ལྟར། བོད་ཀྱི་རིག་གཞུང་གི་ཁ་ཕྱོགས་ས་ནི་འཕྲལ་སེལ་གྱི་   ཁེ་ཕན་ཙམ་ལ་དམིགས་པ་ཞིག་མིན་པར། སྤྱི་དོན་ལ་འབད་པའི་ཕུགས་རྒྱང་ རིང་པོའི་སྒོ་ནས་སྣོད་བཅུད་གཉིས་ཀྱི་བདེ་དོན་ཞིག་ཡིན་པ་སྨྲ་མི་དགོས།   
     དེ་བས་ན།  ད་ནི་སྙིགས་མ་ལྔ་བདོའི་རང་གཟུགས་མ་ལུས་ས་སྒང་རིལ་མོ་འདིའི་ཡུལ་གྲུ་གང་སར་མངོན་ཞིང། ཐ་ན། འུ་ཅག་ཐུན་མོང་གི་ཁྱིམ་གཞི་ལྟ་བུའི་རང་བྱུང་ཁམས་ཆེན་པོ་འདིར་ཡང་འཕྲལ་གྱི་ཁེ་ཕན་ཆུང་ཆུང་ཞིག་གི་ཆེད་དུ་འཕྲོ་བརླག་ཏུ་བཏང་དང་གཏོང་གིན་པ་ནི་སྨྲ་བསམ་བརྗོད་འདས་ཀྱི་ཡུལ་དུ་གྱུར།  མི་ཚང་མ་དངོས་གཙོ་རིང་ལུགས་ཀྱི་རྗེས་སུ་འབྲངས་ཤིང། འགྲན་རྩོད་དང་ཕྲག་དོག  རྒྱལ་ཕམ་སོགས་ཀྱི་ཁྱབ་ཚད་ཧ་ཅང་ཆེ་བས། མི་གསོད་ཁྲག་སྦྱོར། རྐུ་འཕྲོག་བཅོམ་གསུམ། ད་དུང། རང་སྲོག་ཀྱང་རང་གིས་གཅོད་པའི་དུས་རབས་འདིར། སྒང་བ་བོད་པ་ཚང་གི་རིག་གཞུང་འདི་ནི་མུན་པ་སེལ་བྱེད་ཀྱི་ཉི་གཞོན་ལྟར་ཧ་ཅང་དགོས་གལ་ཆེ།
     མདོར་ན། ཇི་སྲིད་འཛམ་གླིང་འདི་ཞི་བདེ་བག་ཕེབས་དང་དུས་བདེ་གནས་འཇམ་དུ་གནས་དགོས་ན། དེ་སྲིད་བོད་མིའི་རིག་གཞུང་གི་ངོ་བོ་སྲ་བརྟན་དང། ཁྱབ་སྤེལ་གཏོང་རྒྱུ་ནི་མིའི་རིགས་ལ་འཁྲི་བའི་འགན་འཁྲི་བླ་མེད་དེ་ཡིན། འདི་ནི། མིའི་རིགས་ལ་རང་དབང་དང་འདྲ་མཉམ། ཆེ་མཐོང་དང་འཆམ་མཐུན་སོགས་ཀྱི་མཚོན་པའི་བདེ་སྐྱིད་ཀྱི་ཉི་གཞོན་འཆར་རྒྱུའི་རྫོགས་ལྡན་གསར་པའི་དུས་འགོ་དེ་ཡིན་པས་ན། ཅི་ནས་ཀྱང་ཐུན་མོང་གི་ལས་ལ་འཇུག་པར་རེ་བ་དང། ཆོལ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། འཛམ་གླིང་གི་སྐྱེ་འགྲོ་ཡོད་དོ་ཅོག་ལ་དྲང་བདེན་གྱི་མདུན་ལྗོངས་གསར་པ་ཞིག་བསུ་བར་འཚལ།

ཇི་སྲིད་གླིང་འདིའི་སྣོད་བཅུད་མ་ལུས་མ་སྟོང་བར། །དེ་སྲིད་རིགས་འདིའི་གཞུང་ལུགས་མཐའ་དག་མ་ཉམས་པར། །
སྐྱེ་འགྲོ་རིས་མེད་དགའ་བདེའི་དཔལ་ལ་རོལ་བ་ཡི། །སྨོན་པའི་ཕྱག་རྒྱ་དཔྲལ་བའི་དཀྱིལ་དུ་ཡང་ཡང་སྦྱོར། །

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདིའི་འགོ་མཇུག་གཉིས་ཀ་ཚིགས་སུ་བཅད་པས་བརྒྱན་ཡོད་ཅིང།  བར་དུ་ལོ་རྒྱུས་དང། རིག་གཞུང། རང་གི་དུངས་སེམས་བརྗོད་པ་སོགས་གང་ཡིན་ཀྱང་གླེང་རིན་ཡོད་པ་ཞིག་རེད། འདིའི་ཐད་ནས་བལྟས་ན་ལོ་ཆུང་རྩོམ་པ་པོའི་བསམ་བློའི་ཆ་ལ་བཟང་ཆ་མི་དམན་པ་ཞིག་འདུག 
     ཚིག་སྦྱོར་དང་དག་ཆ། སྡེབ་སྦྱོར་སོགས་གང་ལེགས་འདུག་པས། ཀློག་སྤྲོ་ལ་གོ་བདེ་བ་ཞིག་རེད། དེ་ལྟ་ནའང། བོད་ཀྱི་རིག་གཞུང་དང་དེའི་ཕན་ནུས་ཐད་ནས་མཚོན་སྟོབས་ཞན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་འོང། འདིར་བརྗོད་པའི་བོད་ཀྱི་རིག་གཞུང་ནི་རྩ་བའམ་ཡང་ན་རྒྱུ་ལྟ་བུ་ཞིག་ལ་ཆ་བཞག་ན། དེའི་ཕན་ནུས་ཞེས་པ་ནི་འབྲས་བུའི་ཚུལ་དུ་གླེང་དགོས། འདི་ནི་བརྗོད་བྱ་གཙོ་བོའང་ཡིན། དེ་བས། གཞན་དག་ཕལ་བའི་གནས་སུ་བསྐྱལ་དགོས་མོད། འདིར་དེ་ལྟར་མིན་པ་ནི་ཞན་ཆའི་ཕྱོགས་སུ་བརྩི་དགོས་པ་འདྲ།

མདུན་ཤོག

Menu