དེང་དུས་བོད་ཀྱི་གཞོན་ནུའི་ལས་འགན།

སྒྲོལ་མ་སྐྱབས། གོ་པལ་པུར་བོད་ཁྱིམ་སློབ་གྲྭ

        ང་ཚོ་ཤི་ན་བོད་མི་རིགས། །ང་ཚོ་གསོན་ན་བོད་མི་རིགས། །
        ང་ཚོ་རྟག་ཏུ་བོད་མི་རིགས། །ང་ཚོ་ང་ཚོའི་བདག་པོ། །

གླེང་གཞི།

     ངའི་མིག་ཀོང་ན་བཞད་པའི་མེ་ཏོག་ལྟ་བུའི་ཁྱེད་ཚོ། ངའི་སེམས་གཏིང་ན་གནས་པའི་ཉེ་རིང་གི་སྤུན་གྲོགས། རྒྱང་རིང་ས་མཐའ་ན་སེམས་ནད་ཀྱི་སྐྱོ་བ་སེལ་བའི་གངས་ཅན་པའི་མི་རབས་གསར་པ། ངས་སེམས་བསམ་པའི་རེ་བ་ཞུ་ས་ཁྱེད་ཚོ་ཡིན་ལ། ངག་འཇམ་པོས་གླེང་མོལ་བྱེད་ས་ཡང་ཁྱེད་ཚོ་ཡིན། ཁྱེད་ཚོར་གཞན་ལས་ལྷག་པའི་ཚོར་སྣང་ཞིག་མཆིས་པས། ང་ལ་རང་བཞིན་གྱིས་སྤོབས་པ་ཞིག་སླེབས་ཀྱིན་འདུག། གང་ལྟར། བོད་རྒྱལ་ཁབ་དང་མི་རིགས། སྲིད་འབྱོར་རིག་གསུམ་གོང་སྤེལ་ལམ་ཡུན་རིང་གནས་ཕྱིར་མི་བུ་སོ་སོའི་རང་འགན་རང་གིས་ཁུར་ཏེ། འབད་བརྩོན་བྱ་རྒྱུ་གཞིས་ལུས་བོད་མིའི་རེ་བ་རེད་ལ། བཙན་བྱོལ་བོད་ཀྱི་གཞོན་ནུའི་དམིགས་འདུན་ཡང་རེད།

དབྱངས་གསལ་གྱི་དགེ་མཚན་དང་མི་རིགས་ཀྱི་ཚེ་སྲོག་གླེང་བ།

     མི་རིགས་མེད་ན་རྒྱལ་ཁབ་མེད་ལ། སྐད་ཡིག་མེད་ན་མི་རིགས་ལ་དོན་སྙིང་མེད་པའི་བདེན་དཔང་ལྟར། སྐད་ཡིག་ཉམས་ན་མི་རིགས་ག་འདྲ་ཞིག་ཡིན་ཡང་ནུས་ཤུགས་མེད། དཔེར་ན། དུས་རབས་ཉི་ཤུའི་མགོ་སྟོད་ལ་མན་ཇུ་གོང་མའི་སྙན་གྲགས་འབྲུག་ལྟར་ལྡིར་ཡང་དེ་རིང་ཕལ་ཆེར་མན་ཇུའི་རིག་གཞུང་དང་སྐད་ཡིག་འདི་རེད་ཅེས་མཛུབ་མོ་བཙུགས་ས་མི་འདུག། དེ་བཞིན་ཨིན་ཇིས་རྒྱ་གར་སོགས་བཙན་བཟུང་བྱེད་སྐབས་ཐོག་མར་རང་གི་སྐད་ཡིག་ས་གནས་སོ་སོའི་སློབ་གྲྭའི་ནང་དར་སྤེལ་བཏང་བ་རེད། དེའི་རྒྱུ་མཚན་གཙོ་བོ་སྐད་ཡིག་མེད་པར་བཟོ་ཐུབ་ན་མི་རིགས་དེ་རྩ་མེད་དུ་གཏོང་ཐུབ་པས་རེད།
     བོད་ནང་དུ་ ༡༩༩༠ ནང་ལྷ་སར་རྒྱ་གཞུང་གིས་བོད་ཀྱི་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་འགོ་བརྩམས་རྗེས་ ༢༠༡༡ བར་བོད་ཡིག་ལ་མཐོང་ཆུང་བྱས་པ་ལས་མཐོང་ཆེན་ཞིག་བྱས་མེད། དེང་སང། བོད་དགེ་ཚོས་བོད་ཡིག་སློབ་ཁྲིད་བྱེད་པ་ནི་ཆབ་སྲིད་ཀྱི་ནག་ཉེས་ཤིག་ལ་ངོས་འཛིན་བྱེད་པ་མ་ཟད། སློབ་ཕྲུག་ཚོར་རྒྱ་ཡིག་ཚད་གཞི་ལེགས་པོ་མེད་ན་མཐོ་སློབ་ཏུ་ཡིག་རྒྱུགས་གཏོང་མི་ཆོག་པ་དང། གཞན་ཡང་བོད་ཡིག་གི་ལམ་ནས་ལས་ཀ་སོགས་མ་རེག་པའི་དཀའ་ངལ་མང་པོ་འཕྲད་བཞིན་འདུག།
     བསམ་བློ་ཞིག་ཐོངས་དང། དེ་རིང་གླིང་ཕྲན་ཨེ་ཤ་ཡའི་དཀྱིལ་ན་བོད་རྒྱལ་ཁབ་ཅེས་མཛེས་སྡུག་ལྡན་པ་ཞིག་དང། ཆོལ་གསུམ་བོད་རིགས་ཞེས་སྒོ་གསུམ་གྱི་ཀུན་སྤྱོད་ལེགས་པོ་མངའ་བ་ནི་བོད་ཡིག་གི་བཀའ་དྲིན་རེད། རྒྱུ་མཚན་ནི་ཆོལ་ཁ་གསུམ་ལ་ཕྱིའི་ཆ་ལུགས་དང་བསམ་བློ། སྐད་གདངས་དང་འགྲོ་ལུགས། ལུགས་སྲོལ་དང་གཤིས་ཀ་སོགས་ཀྱི་ཐད་ནས་ཁྱད་པར་ཕྲན་བུ་ཡོད་ཀྱང། ད་ལྟའི་བར་ཚང་མ་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་གནས་ཐུབ་པ་སྐད་ཡིག་ལས་བྱུང་བ་རེད། དེར་བརྟེན། ང་ཚོའི་གཞོན་སྐྱེས་ཚོས་རང་བསྐྱུར་གཞན་གཅེས་ཀྱི་ལམ་ཁ་ཞིག་ལ་མི་ཞུགས་པར་སོ་སོའི་སྐད་ཡིག་རང་མགོ་ཐོན་པ་ཞིག་བྱེད་རྒྱུ་མི་རབས་འདིས་རྒྱལ་ཁབ་དང་མི་རིགས་འདིའི་བདེ་སྡུག་སླད་བསྒྲུབ་འོས་པའི་འགན་འཁྲི་ཞིག་རེད།
ཆབ་སྲིད་དང་ཤེས་ཡོན་གྱི་དགེ་ཕན་རྟོགས་ཏེ་རྒྱལ་སྤྱིའི་ནང་མདུན་སྐྱོད་བྱེད་རྒྱུ།
     རང་བཙན་མེད་པའི་རྒྱལ་ཁབ་ཅིག་གི་ངོས་ནས་གླེང་ན། ཆབ་སྲིད་ཀྱི་གོ་རྟོགས་དང་ཤེས་ཡོན་གྱི་ཚད་གཞི་ནི་རང་བཙན་རྩོད་ལེན་བྱེད་པའི་ལག་ཆ་ཡག་ཤོས་དེ་རེད། ༡༩༥༩ ལོའི་སྔོན་ལ། བོད་རྒྱལ་ཁབ་ལ་མི་དང་དཔལ་འབྱོར། སེམས་ཤུགས་དང་ཤ་ཞེན་སོགས་མེད་པ་མ་རེད། ང་ཚོའི་རང་བཙན་ཤོར་དགོས་པའི་རྒྱུ་རྐྱེན་གཙོ་བོ་སྐབས་དེའི་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་རྒྱལ་སྤྱིའི་ཤེས་ཡོན་གྱི་གནས་ཚད་ཞན་པ་ཡོངས་གྲགས་རེད། དེར་བརྟེན། ང་ཚོའི་གཞོན་སྐྱེས་ཚོས་འདས་པའི་ལོ་རྒྱུས་གཞིར་བཞག་ཐོག་དམིགས་བསལ་གྱིས་འདས་མ་ད་གསུམ་གྱི་བརྒྱུད་རིམ་ལ་ཞིབ་བཤེར་དང་བརྟག་དཔྱད་བྱས་ཏེ་གནས་ལུགས་དང་རྒྱུ་མཚན་འཚོལ་ཐུབ་ན། དེ་ནི་དེ་རིང་ང་ཚོའི་རྒྱལ་ཁབ་འདི་ལ་ཆེས་དགོས་མཁོ་ཆེ་བའི་བྱ་གཞག་ཅིག་རེད། གལ་སྲིད་དེ་རིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་ཤིག་སྤྲད་ན། ང་ཚོར་གདེང་ཚོད་དང་སྤོབས་པས་འགྲོ་ཆོག་ཆོག་གི་མི་ག་ཚོད་ཡོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་རེད། ང་ཚོའི་འཐབ་རྩོད་ནི་ཆབ་སྲིད་ཀྱི་ཐོག་ནས་རྩོད་དགོས་པ་ལས་ཆོས་ལུགས་ཀྱི་ཐོག་རྩོད་རྒྱུ་ཁག་པོ་རེད། དེར་བརྟེན། ཆབ་སྲིད་ཀྱི་སློབ་སྦྱོང་ནི་ང་ཚོའི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་རེད། དྲང་མོར་བཤད་ན། གཞོན་སྐྱེས་མང་པོ་ཞིག་ལ་དེང་དུས་ཀྱི་སློབ་སྦྱོང་ལེགས་ཀྱང་བོད་རང་གི་ལོ་རྒྱུས་དང་འབྲེལ་བའི་ཤེས་ཚད་ཞན་པས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འབུར་ཐོན་ཡོང་ཐུབ་ཀྱི་མེད། ངས་བལྟས་ན། ང་ཚོའི་གཞོན་སྐྱེས་བརྒྱ་ཆ་དགུ་བཅུ་ལྷག་ལ་སེམས་ཤུགས་དང་ཤ་ཞེན་འདུག། ཡིན་ནའང། ཤེས་ཡོན་གྱི་ཚད་གཞི། ལྷག་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་དམན་པས་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཐུབ་ཀྱི་མི་འདུག། ཁོང་ཚོར་སོ་སོའི་བསམ་ཚུལ་སོ་སོས་བཅོས་ཏེ་མདུན་སྐྱོད་བྱེད་རྒྱུའི་ནུས་ཤུགས་མི་འདུག། དེའི་ཐད་ལ་གཞུང་མང་གཉིས་དང་ལྷག་པར་དུ་གཞོན་སྐྱེས་ཚོས་འགན་ཁུར་རྒྱུ་ཤིན་ཏུ་གལ་ཆེན་རེད། ༸གོང་ས་མཆོག་གིས་མ་འོངས་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་སྤེལ་གཏོང་ཕྱིར་ཧིན་སྒོར་འབུམ་༥༠༠ ཟུར་ཉར་བྱས་ཡོད་ཅེས་གསུངས་ཡོད་ལ། ད་དུང་ཁོང་གིས་དམིགས་བསལ་གྱི་བོད་པའི་སྤྱི་ཚོགས་ནང་གནའ་དེང་ཟུང་འབྲེལ་གྱི་ཆབ་སྲིད་དང་ཤེས་ཡོན་གལ་ཆེན་རེད། ཅེས་རྟག་ཏུ་གསུངས། དེ་བཞིན་ང་ཚོས་ཆབ་སྲིད་ཐད་དོ་སྣང་བྱས་ཏེ་སོ་སོའི་ས་ཁུལ་གྱི་མི་མང་རྒན་གཞོན་འབྲིང་གསུམ་ལ་འགྲེལ་བརྗོད་རེ་བྱེད་ཐུབ་ན། དེ་ནི་བོད་མི་མང་གི་རྩ་དོན་ལ་ཕན་པའི་ཐབས་ལམ་ཞིག་ཡིན། གང་ལྟར། ང་ཚོའི་གཞོན་སྐྱེས་ཚོས་རྒྱལ་སྤྱིའི་འགྱུར་འགྲོས་དང་བོད་རྒྱའི་གནས་སྟངས་ལ་ཞིབ་ལྟ་བྱས་ཏེ། ཤེས་ཡོན་གྱི་རྣམ་དཔྱོད་སྤྱད་དེ་མི་མང་གི་རེ་བ་འགྲུབ་པར་འབད་པ་བྱེད་རྒྱུ་གཞོན་སྐྱེས་ཚོའི་འགན་འཁྲི་ལྕི་མོ་ཞིག་རེད།
     དེ་རིང་ང་ཚོ་ནི་ཉམ་ཐག་གི་མི་རིགས་ཤིག་སྟེ། གཞན་གྱིས་མཐུན་རྐྱེན་སྦྱོར་ལ་རེ་བའི་སློང་མོ་བ་ཁྱུ་གཅིག་ཡིན་པས་དམིགས་བསལ་གྱི་འགན་འཁྲི་ཞིག་ཡོད། ང་ཚོ་ལས་རྒྱུ་འབྲས་ཁས་ལེན་བྱེད་མཁན་ཞིག་ཡིན་ན། ང་ཚོས་ཟ་བཞིན་པ་ཚང་མ་དཀོར་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ནུབ་ཕྱོགས་པའི་རྒན་རྒོན་མགོ་དཀར་འགའི་རྔུལ་དང་ཁྲག་གི་རིན་ཐང་ཡིན་པས་སྙིང་རྗེ་ཡི་མི་འདུག་གམ། གྲོགས་པོ་ཚོ། ང་ཚོས་ནམ་ཡང་རྐང་ལག་འགུལ་སྐྱོད་མི་དགོས་པའི་འཚོ་ཐབས་ཤིག་ལ་བསམ་བློ་གཏོང་མི་ཉན་ཡ། བོད་རྒྱལ་ཁབ་འདིའི་བདེན་མཐའ་སེལ་ཏེ་གཞིས་བྱེས་ལྷན་འཛོམས་ཡོང་ཐབས་ཀྱི་འགན་དབང་ཆ་ཚང་མི་རབས་གསར་པའི་གཞོན་སྐྱེས་ཚོའི་ཕྲག་པར་ཡོད་པ་རེད། འདི་ནི་ནམ་ཡང་གཡོལ་ཐབས་མེད་པའི་འོས་འགན་ཞིག་རེད།

གོ་ལ་ཧྲིལ་པོའི་གཞོན་སྐྱེས་རྣམས། །ཤེས་རིག་ཉི་མའི་འོད་སྣང་ལས། །
རྨོངས་པའི་མུན་པ་ཡོངས་སངས་ཏེ། །འཕྲལ་ཕུགས་འདོད་དོན་འགྲུབ་པར་ཤོག། །

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདིའི་འགོར་རྩོམ་པ་པོས་བོད་ཀྱི་གཞོན་ནུ་ཚོར་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པའི་སྒོ་ནས་གླེང་བསླངས་པ། རྗོད་བྱེད་ཀྱི་ཚིག་དང་ནང་དོན་གཉིས་ཆ་ནས་མི་སེམས་སྒུལ་ནུས་པའི་དགེ་མཚན་གྱིས་ཡོངས་སུ་ཕྱུག་འདུག
     དབྱངས་གསལ་གྱི་དགེ་མཚན་དང་མི་རིགས་ཀྱི་ཚེ་སྲོག་གླེང་བ་ཞེས་པའི་ས་བཅད་དེའི་ནང། འདས་ཟིན་པའི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་བྱུང་བ་འགའ་དཔེ་རུ་དྲངས་ཏེ། གཙོ་བོར་སྐད་ཡིག་གི་གལ་ཆེའི་རང་བཞིན་གསལ་བཤད་དམ་ངོ་སྤྲོད་བྱས་པ་བརྒྱུད་ནས། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་དེང་དུས་ཀྱི་ན་གཞོན་ཚང་མའི་འགན་འཁྲི་གཙོ་བོར་བརྩིས་ཡོད།
     ཆབ་སྲིད་དང་ཤེས་ཡོན་གྱི་དགེ་ཕན་རྟོགས་ཏེ་རྒྱལ་སྤྱིའི་ནང་མདུན་སྐྱོད་བྱེད་རྒྱུ་ཞེས་པའི་ས་བཅད་དུ། དུས་རབས་ཀྱི་འགྲོས་དང་མཐུན་པའི་དེང་རབས་རིག་གནས་དང། ལྷག་པར་ཆབ་སྲིད་ཀྱི་ཕྱོགས་ནས་ང་ཚོས་ཡར་རྒྱས་གཏོང་དགོས་པའི་གལ་ཆེའི་རང་བཞིན། འདས་པའི་ལོ་རྒྱུས་སྟེང་རང་རེའི་མི་རིགས་འདིར་བྱུང་བའི་ཉམས་མྱོང་གཞིར་བཞག་སྟེ་བརྗོད་ཅིང། ད་ལྟའི་གནས་བབ་ལ་གཞིགས་ན་དེ་བས་ཀྱང་གལ་ཆེ་ཚུལ་བརྗོད་པའི་གནས་ལུགས་ཅུང་ལེགས།
     སྤྱིར་རྩོམ་ཡིག་འདི་དགག་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་བྱས་པའི་རྩོམ་ཡིག་གྱི་གྲས་སུ་གཏོགས་པས། བསྒྲུབ་བྱ་ནི་དེང་གི་དུས་ཀྱི་བོད་པའི་ན་གཞོན་རྣམས་ཀྱི་འགན་འཁྲི་ཡི་ཕྱོགས་དེ་ཡིན་པས། སྒྲུབ་བྱེད་ཀྱི་རིག་པ་དང་ལུང་ཡང་འདིའི་ཕྱོགས་སུ་བཀོལ་བ་མང་ན་ཧ་ཅང་མཛེས་པ་ཡིན།  འོན་ཀྱང། རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་ཚིག་མང་པོ་ཞིག་སྒྲུབ་བྱེད་ཀྱི་ལུང་རིག་གཉིས་ཀྱི་གང་དུའང་མི་གཏོགས། འདི་ནི་རྩོམ་ཡིག་འདིའི་ཞན་ཆའི་ཕྱོགས་དེ་མིན་ནམ་སྙམ།

དེང་དུས་བོད་ཀྱི་གཞོན་ནུའི་ལས་འགན།

ཁོན་ཐར་བཀྲ་ཤིས། མ་སུ་རི་བོད་ཁྱིམ་སློབ་གྲྭ

སཱ་ལའི་སྨན་ལྗོངས་བསིལ་ལྡན་ཁ་བའི་ལྗོངས། །རབ་དཀར་གོས་ཀྱིས་བཀླུབས་པ་ཀུན་ལས་མཛེས། །
སྨུག་པོ་ཚང་གི་བུ་རབས་ཚ་རྒྱུད་ཚོ། །ཁྱེད་ལ་དུངས་པའི་སེང་ཕྲུག་ངོ་མ་ཡིན། །

     རེད་ཡ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ལ་ཆབ་སྲིད་དབང་གིས་དུས་རབས་ཀྱི་གར་སྟེགས་ཁྲོད་ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་བཤམས་པའི་བོད་རྒྱལ་ཁབ་འདི་ནི། སྔར་ནས་ད་བར་བརྗིད་ཉམས་ལྡན་པའི་སེང་དར་མཁའ་རུ་བསྒྲེངས་ནས་ནང་དོན་ཟབ་པའི་སྲིད་ཞིའི་ཕན་བདེ་ངག་ཏུ་གྱེར་ནས། རང་དབང་གི་གར་སྟེགས་ཁྲོད་རང་མགོ་རང་ཐོན་དང། རང་སྲིད་རང་སྐྱོང་གིས་ཞི་བདེ་བག་ཕེབས་དང་དགའ་སྤྲོ་གཉིས་ལྡན་ངང་གནས་པའི་རྒྱལ་ཁབ་ཅིག་ཡིན་པ་བཤད་ག་ལ་དགོས། འོན་ཀྱང། གངས་ཅན་པའི་མགོ་ལ་ཉི་མ་དམར་པོ་ཤར་འགོ་ཚུགས་པ་སྟེ། བཙན་ཤེད་ཀྱིས་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱིས་སྤྲོ་སྐྱིད་ལྡན་པའི་བོད་རྒྱལ་ཁབ་ལ་སྔར་མེད་ཀྱི་དྭ་ཕྲུག་མང་པོ་ཞིག་བསྐྲུན་སོང། ཁྲག་དམར་གྱིས་ཡུར་བ་གང་ཞིང། བེམ་པོ་ཡིས་རི་རབ་བརྩིགས། དེ་ནས་བཟུང་བགྲང་བྱ་ལྔ་བཅུ་རིང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཀྱི་ཐུགས་རྗེའི་བྱིན་རླབས་འོག་བོད་མི་ཚོས་མི་ལོ་ལྔ་བཅུ་གཞན་དབང་སྟབས་བསྟུན་འོག་བསྐྱལ་བ་དང། ད་ལྟ་རྒྱལ་ཁབ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་གཙོ་བོ་མི་རབས་གོང་མ་རྣམས་ཀྱིས་བོད་ལ་བཅངས་པའི་བརྩེ་དུང་དང་ལ་རྒྱ། ལྷག་བསམ་མི་ཉམས་རྒྱུན་འཛིན་ལས་བྱུང་བ་སྨོས་ཅི་དགོས། འོ་ན་ད་ལྟ་ང་ཚོ་གཞོན་ནུ་ཚོས་ངོས་ནས་གང་བསྒྲུབ་དགོས་སམ།

དང་པོ།

ང་ཚོས་ཡབ་མེས་ནས་བརྒྱུད་ཡོང་བའི་མི་རིགས་ཀྱི་སྲོལ་རྒྱུན་དང་རིག་གཞུང་སོགས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས། རྒྱུ་མཚན་ནི། འཛམ་གླིང་སྟེང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང། དེར་སྔ་མོ་ནས་རང་གི་མེས་པོ་ཚོས་རྔུལ་ཁྲག་གི་འགྲོ་སོང་བཏང་ནས་གསར་གཏོད་མཛད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང། སྐད་ཡིག་ཅིག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ཡོང་བ་ཞིག་ཡོད། ལྷག་པར་དུ་དེ་དག་ལའང་ནང་དོན་ཟབ་མོ་དང་ཕན་ནུས་དང་ཞབས་འདེགས་ཀྱི་ནུས་པར་ཁྱད་པར་ཤིན་ཏུ་ཆེ་མོད། གཙོ་བོ་དེ་དག་གིས་རང་ཉིད་གཞན་ལས་ལོགས་སུ་དགར་བ་སྟེ། རང་ཉིད་ཀྱི་ངོ་བོ་སྲ་བརྟན་དང་དུས་ཇི་སྲིད་བར་རང་ཡུལ་རང་གི་ཡིན་པ་བརྗོད་ཐུབ། གལ་སྲིད་སྐད་ཡིག་དང་རིག་གཞུང་སོགས་རྩ་བརླག་ཏུ་སོང་ན་རང་ཉིད་ཀྱང་འཛམ་གླིང་སྟེང་མེད་པར་ཆགས་སྲིད། དཔེར་ན། རྒྱ་ནག་མི་རིགས་ཀྱིས་དབང་བསྒྱུར་བའི་མན་ཇུ་བ་དེང་སང་རྩ་བརླག་ཏུ་གྱུར་ཡོད་པ་ལྟ་བུ་རེད།
     དེར་བརྟེན་ང་ཚོས་རང་ལ་ཡོད་པ་སྟེ་འཛམ་གླིང་སྟེང་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་ཅིང། ཕྱི་གླིང་བས་འགྲམ་ཆུ་ལྡང་སའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རིན་ཐང་མཁྱེན་པ་གནང་དགོས་ལ། དེའི་བག་ཆགས་རང་རྒྱུད་ལ་སྐྱེད་ཐོག  གཞན་ལ་ངོ་སྤྲོད་དང་ཁྱབ་སྤེལ་གཏོང་རྒྱུ་ད་ལྟ་ང་ཚོ་སེར་སྐྱ་ཕོ་མོ་ཡོངས་ཀྱི་འོས་འགན་ཆེ་ཤོས་ཤིག་ཏུ་སྣང། འོ་ན་ང་ཚོས་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱེད་དགོས་ཟེར་ན། ངའི་བསམ་པར་དེ་ནི་རང་ཉིད་ཀྱི་བྱ་སྤྱོད་ངན་པ་དང་ལེ་ལོའི་རང་གཤིས་ལ་རང་གིས་སྟངས་འཛིན་བྱས་ཏེ་རང་སེམས་རང་གིས་བཅོས་རྒྱུ་གལ་ཆེ་ཤོས་རེད། སློབ་གླིང་གི་མཐུན་རྐྱེན་དང་དགེ་རྒན་གྱི་རོགས་རམ་འོག་དོན་དང་ལྡན་པ་ཞིག་སྦྱོང་རྒྱུ་དེའོ། །

གཉིས་པ།

      རྒྱལ་ཁབ་ཕྱི་ནང་གང་སར་བོད་མིའི་རང་གཤིས་དྲང་ལ་མདའ་འདྲ་བ། གཤིས་རྒྱུད་བལ་ལྟར་འཇམ་པ། གཞན་ལ་བྱམས་པ་དང་སྙིང་རྗེ་ལྡན་པ་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་རང་བཞིན་བཟང་པོར་ཡི་རངས་བསྔགས་བརྗོད་བྱས་དང་བྱེད་བཞིན་པ་རེད་ལ། ད་ལྟའི་ཕྱིའི་མཐུན་རྐྱེན་བཟང་པོའང་འདི་དག་ལ་བརྟེན་ནས་འབྱོར་བ་ཤ་སྟག་ཅིག་རེད། ཡིན་ཡང། བོད་མི་རང་བཞིན་བཟང་པོ་ཆོས་ཀྱི་དྲི་མ་ཏོག་ཙམ་ཡོད་པ་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་བརྩི་སྲུང་བྱས་པའི་འབྲས་བུ་ཞིག་ཡིན་པ་གསལ་པོ་རེད། དེར་བརྟེན་ང་ཚོས་རང་གི་བཟང་པོའི་གཤིས་ལུགས་དེ་དག་གིས་ཕྱི་གླིང་ཙམ་མ་ཟད་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཕན་པའི་ཞབས་འདེགས་བསྒྲུབ་རྒྱུ་གལ་ཆེ། མ་ཟད་སྡུག་བསྔལ་གང་ལས་བྱུང་བའི་རྒྱུ་སྤང་དགོས་པ་དང། བདེ་བ་གང་ལས་འབྱུང་བའི་གཞི་འཚོལ་བ་དང་དེ་ཡང་གཙོ་བོ་ཆོས་ཡིན་པ་སོགས་ངོ་སྤྲོད་གནང་དགོས།

གསུམ་པ།

     སྐྱེས་སྦྱངས་ཡོན་ཏན་གྱིས་དབུལ་བའི་ཐ་ཤལ་ངས་ཞུ་རྒྱུ་གཙོ་བོ་ནི་དོན་ཚན་འདི་ཡིན་ལ། འདིའི་ནང་ངས་བོད་མིའི་རང་གཤིས་ལས་འགལ་བའི་དངོས་ཡོད་གནས་ཚུལ་གང་ཡིན་པ་འབྲི་བར་འདོད།
     ༸གོང་ས་མཆོག་གིས་དེ་རིང་གི་ཆེད་དུ་བོད་མི་རྣམས་ལ་བཀའ་བསྩལ་སོང། རྒྱུ་མཚན་ནི་ང་ཚོ་ད་དུང་རང་ཉིད་ཀྱི་བྱ་བར་རང་ཉིད་ཡིད་ཚིམ་བཞིན་པས་རེད། སོམས་དང། བོད་མི་ཚོ། ཚན་རིག་གསར་པའི་མྱུ་གུ་མ་འབུས་པའི་ང་ཚོ་ཚ་རླབས་ཆེ་བའི་དཔལ་འབྱོར་འགྲན་རྩོད་ཀྱི་ལམ་སྲོལ་འདིའི་འོག  ང་རྒྱལ་ཁེངས་དྲེགས་ཀྱིས་སྨྱོ་བཞིན་པ་ངོ་མ་ཡ་རེ་ང། སྐྱི་གཡའ་བའི་ལོ་ཟླ་དེ་དག་ལ། ཕྱིར་འདང་རེ་བརྒྱབ་ན། ང་ཚོ་ལ་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་སྦྱིན་ངེས། ཚོར་བ་དེས་ང་ཚོའི་མ་ནེ་སྒང་ལ་སྨ་ར་སྐྱེས་ཡོད་པ་སྟོན་གྱི་ཡོད་ལ། སྨ་ར་དེས་ང་ཚོ་ལ་སྐུལ་ལྕག་གཏོང་གི་ཡོད། དེའང་ད་ལྟ་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་ཚོ་ནི་མ་འོངས་པའི་བོད་ཀྱི་ཁ་ལོ་བ་ལགས་ན། ང་ཚོ་ལ་གཞན་ལས་ལྷག་པ་དང་གཞན་ལས་ལྕི་བའི་འོས་འགན་ཞིག་ཡོད།
     ཁོར་ཡུག་འགྱུར་བའི་འོག་ཕྱིའི་མཐུན་རྐྱེན་ཡར་རྒྱས་ཕུན་སུམ་ཚོགས་པར་གྱུར་ཡོད། འོན་ཀྱང་ཕྱིའི་མཐུན་རྐྱེན་ཡར་རྒྱས་ཕྱིན་འགྲོ་དུས་མི་རྣམས་ལེ་ལོ་དང་མིའི་བསམ་བློའི་ཆུ་ཚད་ཏོག་ཙམ་སྐྱོ་རུ་འགྲོ་བཞིན་པ་གསལ་པོ་རེད། ལྷག་པར་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་སྐྱོ་རུ་འགྲོ་བ་སྤྱི་ཡོངས་རེད། འོན་ཀྱང། ཕྱིའི་དངོས་པོ་ཡར་ཐོན་འོག་བོད་མི་གཞོན་སྐྱེས་མང་པོ་ཞིག་ཕྱིའི་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ནས་རང་གི་བཟང་པོའི་གོམས་གཤིས་བརླག་འགྲོ་བ་དང་རང་བཞིན་གྱིས་གཞན་ལ་མིག་དཔེ་ངན་པ་སྟོན་གྱིན་ཡོད་པ་རེད། ཆང་རག་དང་ཐ་མག དུག་རྫས། མཚན་ཚོགས་སོགས་ལས་འཛིན་གྲྭའི་སློབ་ཁྲིད་དང་རང་གི་དམིགས་ཡུལ། ཕ་མ་སྤུན་མཆེད་གཏིང་བརྗེད་དུ་གྱུར་ཡོད་པ་རེད། ཐབས་སྐྱོ་བོ་རེད། ངས་གོང་དུ་བཤད་པ་བཞིན་ང་ཚོ་སྨུག་པོ་ཚང་གི་གདུང་རྒྱུད་དང་གངས་ལྗོངས་ནས་མཆེད་པའི་སེང་ཕྲུག་ལགས་ན་གཙོ་བོ་སློབ་སྦྱོང་བྱེད་རྒྱུ་དེ་རེད། ཉེ་ཆར་༸གོང་ས་མཆོག་གིས་མི་ལོ་ལྔ་བཅུ་དྲུག་ཅུའི་འཆར་གཞིའམ་དགོངས་གཞི་ལྟར། སྐུ་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་བདམས་པའི་བཀའ་བློན་ཁྲི་པར་གནང་བ་རེད། དེ་ཡང་རྒྱ་ནག་གཞུང་ལ་བསྟན་པའི་བརྡ་དང་རྒྱ་ནག་གི་རེ་སྒུག་བྱེད་བཞིན་པའི་ཉིན་མོ་དེ་འབྲས་མེད་དུ་བསྒྱུར་བ་རེད། འདི་དག་ང་ཚོ་གཞོན་སྐྱེས་ཚོར་འཁྲི་བའི་འོས་འགན་ལགས་ན་གཙོ་བོ་སློབ་སྦྱོང་རེད། བཀའ་བློན་ཁྲི་པས་དབུ་ཁྲིད་འོག་ང་ཚོས་སློབ་སྦྱོང་སྟེ། དེང་དུས་རིག་གནས་མཐར་ཕྱིན་པ་བྱེད་རྒྱུ་དེ་ང་ཚོས་འོས་འགན་ཆེ་ཤོས་དེའོ།།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་དགག་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་བྱས་པའི་བགྲོ་གླེང་རྩོམ་ཡིག་གི་གྲས་སུ་བཞག་ཆོག
     རྩོམ་ཡིག་འདིའི་འགོ་ནི་དུངས་སེམས་ཀྱིས་ཡོངས་སུ་ཕྱུག་པའི་ཚིགས་སུ་བཅད་པ་གཅིག་གིས་དྲངས་ཤིང། དུམ་ཚན་དང་པོའི་ནང་འདས་པའི་ལོ་རྒྱུས་ཀྱི་ཆག་འཇིག་དྲན་པའི་སྒོ་ནས་ད་ནི་ཅི་ཞིག་སྒྲུབ་ན་ལེགས་ཚུལ་དྲི་བ་དང་བཅས་ཏེ་རྩོམ་འགོ་བཙུགས་འདུག
     དེའི་འཕྲོར་རིམ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གནས་དང། ཡུལ་སྲོལ་གོམས་གཤིས་སོགས་ནི་གང་ནས་བལྟས་ཀྱང། གལ་ཆེ་བ་ལོ་རྒྱུས་དང་གནས་བབ་སོགས་ཕྱོགས་གང་མང་ནས་རང་བློས་ལྕོགས་ཚོད་ཀྱིས་གླེང་སྟེ། བོད་ཀྱི་གཞོན་ནུ་རྣམས་ཀྱི་ལས་འགན་ནི་དེ་དག་ཉམས་པ་སླར་གསོ་དང། གནས་པ་གོང་འཕེལ་སོགས་བྱེད་རྒྱུ་དེ་ཡིན་པ་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་པར་གནས་ལུགས་གང་འཚམ་ལྡན།
     མཇུག་ཏུ་ལྡོག་ཕྱོགས་ཀྱི་ཞན་ཆ་འགའ་དྲངས་ཏེ་དེ་དག་སྤང་བྱར་ངོ་ཤེས་པའི་ཐོག  སྒོ་གསུམ་གྱི་བགྱི་བ་མཐའ་དག་རང་རེའི་མི་རིགས་འདིའི་ཆེད་དུ་ཡིན་དགོས་པའི་བསམ་ཚུལ། རྗོད་བྱེད་ཚིག་གི་དངོས་ཤུགས་གང་རུང་ནས་སྟོན་ཅི་ཐུབ་བྱས་འདུག་པ་དེའང་བསམ་བློའི་ཆ་ནས་ཡི་རངས་བྱ་བའི་གནས་ཤིག་ཅི་ལ་མིན་ཨང།
     དེ་ལྟ་ནའང་སྒྲིག་གཞི་དངོས་ཀྱི་སྐབས་སུ་བརྗོད་བྱ་བཀོད་སྒྲིག་ཐད་གོ་རིམ་འཆོལ་བའམ། གཅིིག་སྡུད་ཀྱི་རང་བཞིན་མེད་པའི་ཉེས་སྐྱོན་ཅུང་ཤོར་འདུག་སྙམ།

དེང་དུས་བོད་ཀྱི་གཞོན་ནུའི་ལས་འགན།

ཚེ་རིང་སྒྲོན་དཀར། བལ་ཡུལ་རྣམ་རྒྱལ་མཐོ་སློབ།

གངས་རིས་བསྐོར་བའི་གངས་ལྗོངས་ཞིང་ཁམས་ཀྱི། །བསླུ་མེད་སྐྱབས་གནས་༸གོང་ས་སྐྱབས་མགོན་མཆོག། །
ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །སྒོ་གསུམ་གུས་པའི་ཕྱག་འཚལ་སྐྱབས་སུ་མཆི། །

     ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། རང་རེའི་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་དུ་གནས་པའི་རྒྱ་བལ་འབྲུག་གསུམ་གྱི་སློབ་ཕྲུག་རྣམས་ལ། རང་གི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ཆེད་སྤེལ་གནང་བའི་རྩོམ་ཡིག་འདེམས་སྒྲུག་གི་གོ་སྐབས་བཟང་པོ་འདི་བརྒྱུད་ནས་དེང་དུས་བོད་ཀྱི་གཞོན་ནུའི་ལས་འགན་གྱི་སྐོར་སྟབས་བདེ་དང་གོ་སླ་པོའི་ཐོག་ཅུང་ཟད་ཞུ་རྒྱུ་ཡིན་ནོ།།
     དེ་ཡང་ང་ཚོས་རྙེད་དཀའ་བའི་མི་ལུས་རིན་ཆེན་འདི་ཐོབ་ཚར་རྗེས་ལས་ཆེ་ཆུང་གང་ཞིག་ཡིན་ནའང། གང་ལྟར་ལས་བཟང་པོ་ཞིག་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང། རང་འགན་རང་གིས་འཁུར་དགོས་པ་ནི་དེ་བས་ཀྱང་གལ་ཆེན་པོ་ཡིན།  སྐད་ཆ་འདི་རྣ་བར་སྙན་དང་མི་སྙན་ལ་རག་མི་ལས་པར་གང་ཡོང་ཅི་ཡོང་གིས་བསྒྲུབ་ན་ལེགས།
     ང་ཚོ་ལོ་ངོ་ལྔ་བཅུ་ཙམ་གྱི་སྔོན་ནས་ད་བར་གཞན་གྱི་ཡུལ་དུ་སྐྱབས་བཅོལ་ཞུས་ནས་གནས་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། འཛམ་གླིང་འདིའི་སྟེང་གི་མི་ཕལ་མོ་ཆེ་རང་ལ་བདག་པའི་ཡུལ་དུ་གནས་པར་འདོད་པ་ལས། མི་ཚེའི་ནང་དུས་རྟག་ཏུ་གཞན་གྱི་ལག་འོག་ཏུ་གནས་པར་གཏན་ནས་འདོད་པ་མི་བྱེད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་ཞེས་བཤད་ནའང་ཧ་ལམ་མི་འགྲིག་པ་མེད། དེའི་སྟེང་ལུང་པ་གང་འདྲ་ཞིག་ཡིན་ནའང། དེའི་སོན་རྩ་ཞེས་ལུང་པ་རང་ཉིད་ཀྱི་གཞོན་སྐྱེས་ཚོར་ངོས་འཛིན་བྱེད་ཀྱི་ཡོད་པ་བཞིན། རྒྱ་དམར་གྱི་ལག་འོག་ཏུ་ཡོད་པའི་ལྷ་ཡུལ་ལས་ལྟར་མཛེས་སྡུག་ལྡན་པའི་འུ་ཅག་གི་ལུང་པ། བོད་འདིའི་སོན་རྩ་ང་ཚོའང་དེང་དུས་ཀྱི་བོད་ཀྱི་གཞོན་ནུ་ཚོ་ཡིན་པ་ཚང་མས་ངེས་པར་གྱིས།
ཡང་ལས་འགན་ཞེས་པའི་ཚིག་གི་དོན་ནི་ལས་ཀ་ཞིག་གི་འགན་འཁུར་བ་ལ་ངོས་བཟུང་ན་ཆོག ལས་འགན་ཞེས་པ་དེ་མི་དང་གྲིབ་མ་ལྟར་གཡོལ་ཐབས་མེད་པ་ཞིག་ཡིན་ཚེ། ང་ཚོ་དང་ལས་འགན་གཉིས་ཀྱི་དབར་ལའང་འབྲེལ་བ་ཟབ་མོ་ཞིག་ཡོད་ལ། ང་ཚོ་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོའི་དཔུང་པར་ངེས་པར་འཁུར་དགོས་པའི་ལས་འགན་ཞིག་ཡོད།
     དེང་དུས་བོད་ཀྱི་གཞོན་ནུའི་ལས་འགན་སྐོར་གླེང་མོལ་བྱེད་ཚེ། ལས་འགན་མང་པོ་ཞིག་རང་སྟེང་ན་ཡོད་པའི་ཚོར་སྣང་ཞིག་སླེབས་ཀྱང་ཤིན་ཏུ་ཆེ་བའི་ལས་འགན་འགའ་གླེང་རྒྱུ་ཡིན།

༡། སློབ་སྦྱོང་ཐོག་འབད་བརྩོན་ལྷོད་མེད་བྱ་རྒྱུ།

     སློབ་སྦྱོང་ཞེས་པ་དེ་ངེས་པར་དགོས་པ་ཞིག་རེད། ལུང་པ་ཞིག་ཡར་རྒྱས་གཏོང་དགོས་ཚེ། སློབ་སྦྱོང་མེད་ན་བྱེའུ་འཕུར་འདོད་ཡོད་ཀྱང་གཤོག་པ་མེད་པ་ལྟར་གྱུར་འགྲོ མིའི་མི་ཚེ་ཡག་པོའི་ངང་བསྐྱལ་རྒྱུ་དང་མདུན་ལམ་བཟང་པོ་ཡོང་བའི་ཐབས་ཤེས་ནི། སློབ་སྦྱོང་ལ་དོ་སྣང་དང་ཧུར་བརྩོན་གནང་རྒྱུ་ལས་གཞན་ན་མེད།
     ད་ལྟའི་དུས་སུ་ང་ཚོ་གཞན་ཡུལ་དུ་གནས་ཀྱང། ༸གོང་ས་༸སྐྱབས་མགོན་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་པས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་གཏོང་མི་ཉན། ང་ཚོས་རང་གི་ཡུལ་དང་རང་གི་མི་རིགས་ཀྱི་ཆེད་དོན་ཆེན་སྒྲུབ་མ་ཐུབ་ཀྱང་གང་ལྟར་རང་མོས་ངང་སློབ་སྦྱོང་བྱས་ཚེ་༸གོང་ས་མཆོག་གི་བཀའ་དྲིན་དང་རང་གི་མི་རིགས་ཀྱི་སྡུག་བསྔལ་སོགས་ལ་ཐུགས་འཁུར་བྱས་པ་དང་ཁྱད་མེད་པས། རྣམ་ཀུན་སློབ་ལ་བརྩོན་རྒྱུ་ནི་ལས་འགན་གཙོ་བོ་ཞིག་རེད་འདོད།

༢། རང་གི་སྐད་ཡིག་དང་རིག་གཞུང་སྲུང་རྒྱུ།

     སྐད་ཡིག་དང་རིག་གཞུང་རྣམས་ནི་མི་རིགས་སོ་སོའི་སྲོག་རྩ་ཡིན། གལ་ཏེ་སྐད་ཡིག་དང་རིག་གཞུང་སོགས་ཉམས་པར་གྱུར་ན་མི་རིགས་དེ་སྟོང་པར་འགྱུར་ངེས། བོད་མི་ང་ཚོ་བཙན་བྱོལ་དུ་གནས་ཤིང་རང་གི་ཡུལ་དེའང་གཞན་གྱི་ལག་འོག་ཏུ་གནས་ཡོད། གལ་ཏེ་རང་ངོས་ནས་སྐད་ཡིག་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་མ་བྱས་ན། བོད་མི་རིགས་དེ་འཛམ་གླིང་འདིའི་ནང་གོ་རྒྱུ་ཚོར་རྒྱུ་མེད་པར་འགྱུར་སྲིད། སྐད་ཆ་འདི་ཡིད་ལ་བཅངས་ཏེ། རང་ཙམ་མ་ཟད་བོད་མི་ཡོངས་ལ་རང་གི་སྐད་ཡིག་དང་རིག་གཞུང་མི་རིགས་སོ་སོའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་པ་དེ་བསླབ་དགོས་པ་མ་ཟད། ལག་ལེན་དུ་བསྟར་ཐུབ་ན་རང་ཉིད་བོད་ཀྱི་གཞོན་ནུ་ཡིན་པའི་ལས་འགན་ཞིག་བསྒྲུབས་ཡོད་པ་ཡིན།

༣། རང་ཉིད་བོད་མི་ཞིག་ཡིན་པར་དུས་རྟག་ཏུ་དྲན་སྐུལ་བྱ་རྒྱུ།

     ང་ཚོ་གཞོན་སྐྱེས་ཚོས་ནམ་ཡང་རང་ཉིད་བོད་མི་ཞིག་ཡིན་པ་བརྗེད་མི་རུང། དེ་ཅིའི་ཕྱིར་ཞེ་ན་སོ་སོ་བོད་མི་ཞིག་ཡིན་པ་དང་། བཙན་བྱོལ་དུ་གནས་ཡོད་པ་དེ་མ་དྲན་ཚེ། རང་གི་ཐོག་ཏུ་ཡོད་པའི་ལས་འགན་དག་སེམས་ཀྱིས་ཚོར་མི་ཐུབ་པ་དང། རང་དང་མཚུངས་པའི་མི་རིགས་གཅིག་པའི་སྤུན་ཟླ་དང་ལྷན་དུ་བརྩེ་བ་དང་འཆམ་མཐུན་ཡོང་བར་ཤིན་ཏུ་དཀའ། དེ་འདྲ་བྱུང་ན་རང་གི་ཁྲག་རྩར་རྒྱུ་བཞིན་པའི་ཁྲག་དེ་བོད་རིགས་ཤིག་གི་ཡིན་པར་ཤེས་ནའང། དོན་དངོས་ཐོག་རང་ཉིད་བོད་པ་ཞིག་ཡིན་པའི་དོན་དེ་ཆུད་ཟོས་སུ་སོང་བ་རེད། དེ་འདྲ་ཡིན་སྟབས་བོད་ཀྱི་གཞོན་ནུ་དག་གིས་རང་ཉིད་བོད་པ་ཞིག་ཡིན་པ་རྟག་ཏུ་དྲན་པ་དང། རང་ལ་ཡོད་པའི་ལས་འགན་གང་འདྲ་ཞིག་ཡོད་པ་ཚང་མ་སྒྲུབ་པའི་ཐབས་ཤིག་རང་ཉིད་ནས་བྱ་དགོས་སོ།

༤།  བོད་ཡིན་པའི་སྤོབས་པ་ཡོད་རྒྱུ།

     སྤྱིར་སྐད་ཆ་འདི་ཐོས་ཚེ། ལས་འགན་ལྟ་བུ་ཞིག་ཨེ་ཡིན་ན་ཞེས་ཡིད་ལ་དོགས་པ་སྐྱེ་སྲིད། ཡིན་ནའང་རང་ཉིད་བོད་པ་ཞིག་ཡིན་ཞེས་པ་དེའང་ལས་འགན་ཞིག་ཆགས་ཀྱི་ཡོད། འཛམ་གླིང་འདིའི་སྟེང་ལུང་པ་འདྲ་མིན་སྣ་ཚོགས་ཡོད་པ་དང། དེ་དག་གི་ནང་ལ་མི་རིགས་ཀྱང་འདྲ་མིན་ཡོད། དཔེར་ན་མི་ཚོས་ང་རྒྱ་མི་ཡིན། ང་བལ་པོ་ཡིན། ང་ཨིན་ཇི་ཡིན་ལྟ་བུའི་སྐད་ཆ་སྤོབས་པའི་ངང་བཤད་ཀྱི་ཡོད། དེ་གང་ཡིན་ཟེར་ན། ཁོ་རང་ཚོར་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཡོད་པས་ཡིན། ཁོ་ཚོ་ཙམ་མིན་པར་ང་ཚོ་བོད་མི་རྣམས་ལའང་རང་གི་སྐད་དང་རིག་གཞུང་ཡོད་པས་ལུང་པ་མེད་ནའང་རང་ཉིད་བོད་པ་ཡིན་པའི་སྤོབས་པ་ནམ་ཡང་ཉམས་དམས་སུ་གཏོང་མི་ཉན།

༥། འཛམ་གླིང་ཀུན་དང་མཐུན་པའི་ལྟ་བ་ཡོད་རྒྱུ།

     སའི་གོ་ལ་འདིའི་སྟེང་དུ་གནས་པའི་མི་ཚང་མར་རང་སོ་སོའི་ལྟ་བ་མི་འདྲ་བ་ཡོད་ནའང། འཛམ་གླིང་སྤྱི་དང་མཐུན་པའི་ལྟ་བ་ཞིག་ཡོད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། དེ་གང་འདྲ་ཡིན་ཞེ་ན། རང་ཉིད་ཟུར་དུ་ལྟ་བ་ལོག་པའམ། ཡང་ན། ལྟ་བ་གཞན་ཞིག་འཁྱེར་ནས་གཞན་དང་མི་མཐུན་པ་སོགས་བྱས་ན་མིའི་ནང་དུ་སྡོད་པར་ཤིན་ཏུ་ནས་དཀའ་བ་མ་ཟད། བོད་མི་སྤྱིའི་སྐྱབས་མགོན། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་མཆོག་གིས་བསྩལ་གནང་བའི་བཀའ་སློབ་སོགས་ཀྱི་ནང་དུའང་འཛམ་གླིང་སྤྱི་དང་མཐུན་དགོས་པའི་རྒྱུ་མཚན་བཅས་ཀྱི་སྐོར་གསུངས་ཡོད། དེ་འདྲ་ཡིན་པས་འཛམ་གླིང་སྤྱི་དང་མཐུན་པར་བྱ་རྒྱུ་ནི། ང་ཚོའི་ལས་འགན་གཞན་ཞིག་ཆགས་ཡོད།

༦། བོད་དོན་འཐབ་རྩོད་བྱ་རྒྱུ།

     དེང་གི་དུས་སུ་རྒྱ་དམར་གཞུང་གིས་བོད་དུ་དྲག་གནོན་འདྲ་མིན་བྱེད་བཞིན་ཡོད་པ་དང། དེའི་རྐྱེན་གྱིས་ང་ཚོའི་ཤ་ཁྲག་གཅིག་གི་སྤུན་ཟླ་ཚོ་དཀའ་ངལ་ཚད་མེད་ཀྱི་ནང་ལྷུང་ཡོད་པས། ཁོང་ཚོའི་རྒྱབ་ཏུ་ལང་རྒྱུ་གལ་ཆེན་པོ་ཡིན། དེ་འདྲ་བའི་བོད་དོན་ཐོག་འཐབ་རྩོད་བྱ་རྒྱུ་ནི་རང་གི་ལས་འགན་ཞིག་ཆགས་ཡོད། འཐབ་རྩོད་བྱེད་དགོས་བརྗོད་ཚེ་ཞི་བའི་ངང་ནས་བྱེད་དགོས་པ་བཤད་ཀྱི་ཡོད། ང་ཚོ་བོད་མི་ཞིག་ཡིན་དུས་རང་གི་མི་རིགས་ཚོར་མ་ཉེས་ཁ་གཡོག་བྱེད་པའི་དུས་སུ་སྐུ་འདྲ་ལྟར་མ་བསྡད་པར་རང་ངོས་ནས་གང་ཡོང་ཅི་ཡོང་བྱེད་རྒྱུ་ནི་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད།

༧།  ༸གོང་ས་མཆོག་གི་བཀའ་སློབ་ཡིད་ལ་འཛིན་རྒྱུ།

     ང་རང་ཚོ་ཚང་མ་བོད་པ་ཡིན་པས། རང་གི་ཆོས་ཀྱི་དབུ་ཁྲིད་ཡིན་པའི་མི་སྣའི་བཀའ་སློབ་རྣམས་ཡིད་ལ་ངེས་པར་དུ་བཞག་དགོས་པ་ཡིན། དེའི་སྟེང་༸གོང་ས་མཆོག་ལ་བོད་ཚང་མས་རང་གི་དབུ་ཁྲིད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཚེ། ཁོང་གི་ལམ་སྲོལ་དང་བཀའ་སློབ་གང་གནང་བ་འཚེ་མེད་ཞི་བ་ཡིན་པས་དུས་རྟག་ཏུ་ཁོང་གི་བསྩལ་པའི་བཀའ་སློབ་ཉན་རྒྱུ་དང་། ལག་ལེན་དུ་བསྟར་རྒྱུ་ཤིན་ཏུ་ནས་གལ་ཆེ་བའོ། །
གོང་དུ་བྲིས་པའི་ལས་འགན་དག་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན་པ་དང་། དེ་ལས་གཞན་པའི་ལས་འགན་མེད་པ་མ་ཡིན། རང་ཉིད་བོད་ཀྱི་གཞོན་ནུ་ཞིག་ཡིན་པ་དེ་ནམ་ཡང་མི་བརྗེད་པར་སོན་རྩ་ཡིན་པའི་གོ་དོན་དེ་རྟོགས་ནས་རང་གིས་བསྒྲུབ་དགོས་པའི་བྱ་བ་ཚང་མ་བསྒྲུབ་པར་འབད་པ་བྱེད་དགོས།
     མཐར། བོད་མི་ཡོངས་ཀྱི་སྐྱབས་གནས༸གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང། བོད་ཀྱི་གཞོན་ནུ་ཚོས་རང་གི་ལས་འགན་སྒྲུབ་པར་བྱས་ནས། བོད་རང་དབང་རང་བཙན་མྱུར་དུ་འཐོབ་པའི་རེ་བ་དང། གཞིས་བྱེས་བོད་མི་ཡོངས་ཕོ་བྲང་པོ་ཏ་ལའི་མདུན་དུ་མཉམ་འཛོམས་ཡོང་བའི་རེ་སྨོན་བཟང་པོ་དང་བཅས།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདིའི་མགོ་ནི་ཚིགས་སུ་བཅད་པས་དྲངས་ཏེ་གླེང་སློང་བའི་གཏམ་གྱི་རྗེས་ནས། ས་བཅད་མ་འདྲ་བ་བདུན་དུ་བགོས་ཏེ་བརྗོད་པར་བྱ་བ་རིམ་པར་བཀོད་འདུག   བརྒྱུད་རིམ་དེ་ལས་ཁོས་ཚིག་དོན་གྱི་ཆ་རེ་འགར་འགྲེལ་བཤད་དང། གནད་དོན་གཞན་དག་ལ་བགྲོ་གླེང་བྱས་པ་ཅུང་ལེགས།
     རྩོམ་ཡིག་འདི་ལས་མཐོང་ཐུབ་པ་ནི་ལོ་ཆུང་སྨྱུག་ཐོགས་པ་འདིའི་སྔོན་ཐོན་གྱི་བསམ་བློའི་ཆ་དེ་ཡིན། ཁོས་སྤྱི་དང་བྱེ་བྲག་གི་ཤེས་བྱ་གང་ཞིག་ཡིན་ཡང་སོ་སོར་གལ་ཆེའི་རང་བཞིན་ཡོད་པ་རྟོགས་ཡོད་པས་བསམ་བློའི་ཆ་དེར་བསྟོད་པར་འོས། རྗོད་བྱེད་ཚིག་གི་ཆ་ལ་ཡང་གོ་སླ་བའི་ཁྱད་ཆོས་གཙོ་བོར་བཟུང་ནས་བྲིས་འདུག
     རྩོམ་ཡིག་འདིའི་ས་བཅད་བགོ་སྟངས་ཀྱི་ཆ་དང། བརྗོད་བྱ་མཚོན་སྟངས་ཀྱི་ཐད། དེ་བཞིན་གཙོ་ཕལ་གྱི་དབྱེ་བ་འབྱེད་སྟངས་སོགས་ལ་གཅིག་སྡུད་དང། གོ་རིམ་ལྡན་པ། དཔེ་མཚོན་རང་བཞིན་སོགས་ཀྱི་ཁྱད་ཆོས་ཀྱི་ཕྱོགས་ནས་ཞན་ཆ་ཤོར་ཡོད་པའི་སྣང་བ་སྟེར། དེ་ནི་རྩོམ་ཡིག་གི་རྒྱུ་ཆ་འདེམས་གསེས་དང་སྒྲིག་གཞི་བཀོད་སྒྲིག་བྱས་པ་ལེགས་འགྲུབ་མ་བྱུང་བས་ཡིན་པ་འདྲ། དེའི་རྒྱུ་རྐྱེན་ཡང་བརྗོད་པར་བྱ་བ་གང་དང་གང་ཡིན་པ་དེ་དང་དེ་ལ་གཙོ་ཕལ་གྱི་དབྱེ་བ་ཕྱེས་པའི་ཕྱོགས་ནས་ཞན་ཆ་ཤོར་བ་དང། ཕྱོགས་གཞན་ནས་མཚོན་སྟངས་ཀྱི་ཆ་ལའང་དོ་སྣང་གིས་མ་འདང་བ་མིན་ནམ་སྙམ།

མདུན་ཤོག

Menu