མཛེས་སྡུག་ལྡན་པའི་སློབ་གྲྭ།

ནོར་བུ་ཚེ་རིང། སུ་ཇ་བོད་ཁྱིམ་སློབ་གྲྭ

    ཁྲི་གདུགས་ཉི་མ་ཤར་རིའི་རྩེ་ནས་ལམ་ལམ་དུ་འཆར་ཞིང། གསེར་མདོག་གི་འོད་ཀྱི་ཟེགས་མ་ནུབ་རིའི་རྩེ་ནས་དལ་གྱིས་བཞུད་དུས། ཆེས་རྒྱང་རིང་ནས་བཞུད་པའི་ཆུ་ཀློང་དང། མཚེའུ་ཡི་ཁ་ན་འོད་ཟེར་ལམ་ལམ་དུ་འཕྱོ་ལ། ཤིན་ཏུ་སྡུག་པའི་རྐང་འཐུང་ཚོགས་ཀྱིས་མཁའ་དབུགས་གསར་པ་ཞིག་རྔུབ་པར་བྲེལ་བཞིན་མགོ་བོ་ལྡེམ་ལྡེམ་དུ་གཡུག་པའི་ངང་ཚུལ་ཅི་འདྲའི་ཡིད་དུ་འོང་བ་ལ་ཨང། དེའི་ཁྲོད་དུ་འཚོ་བའི་བྱ་བྱེའུ་ཡི་དབྱངས་སྙན་ཇེ་མཐོ་ཇེ་སྙན་རེད། ད་དུང་གནས་ངེས་མེད་དུ་ལྡང་བའི་བསིལ་རླུང་འཇམ་པོ་དེས་ཀུན་གྱི་ངོ་གདོང་ལ་བྱི་དོར་བྱེད་ཀྱིན་པ་དང་ཀུན་ནས་མཚུངས།
     དེ་ལས་ཀྱང་གཟི་དཔལ་རྒྱས་ཤིང་རྔམ་བརྗིད་ཆེ་བ་ནི། ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་འདྲ་བའི་རྒྱབ་རི་སྟེ། གངས་དཀར་གྱི་གཙུག་ཏོར་སྤྱི་བོར་མཛེས་ཤིང། སྐུ་ལུས་ལ་ལྗང་མདོག་གི་ན་བཟའ་ལེགས་པར་བཀླུབས་ལ། འདབ་མའི་མཐའ་རྒྱན་གྱི་ཚུལ་དུ། ཐར་ཐོར་དུ་གནས་པའི་དུད་ཁྱིམ་མང་པོ་ཞིག་གིས་ཕྲ་བཏབ་པའི་བརྗིད་ཆགས་ཀྱི་ལྷུན་པོ་དེ་རེད། གང་གིས་ཉིན་མཚན་དུས་དྲུག་ཏུ། གཡོ་བ་མེད་པར་སྲུང་བ་དང། སྐྱོབ་པ། སྦེད་པར་བྱ་བའི་ཡུལ་ནི། མཛེས་སྡུག་ཀུན་གྱི་ཁྱུ་མཆོག་ངེད་ཚང་གི་སློབ་གྲྭ་སྟེ། སུ་ཇ་བོད་ཁྱིམ་སློབ་གྲྭ་ལས་གཞན་ཅི་ཞིག་ལགས། སློབ་གྲྭའི་མཐའ་སྐོར་ན་ལྗང་མདོག་གི་རྩི་ཤིང་དང་བསྟར་འགྲིག་པའི་ཞིང་ཁ། འབར་འབུར་དུ་སྣང་བའི་རི་ཚོགས་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་ཀྱིས། རྒྱལ་པོ་བློན་ཚོགས་ཀྱིས་བསྐོར་བ་དང། མེ་ཏོག་བུང་བས་བསྐོར་བ་དང་གཉིས་སུ་མ་མཆིས།
     གནས་དེ་ན། རང་ཉིད་ཀྱི་ཕ་མ་ལྟ་བུའི་བྱམས་བརྩེའི་ཉི་འོད་དྲོ་ཞིང་འཇམ་ལ། འཛད་མེད་ཀྱི་གདམས་ངག་ཟབ་མོའི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་བར་བྱེད་ཀྱིན། ལྷག་བསམ་ཟོལ་མེད་ཀྱི་ཐུགས་སེམས་དཀར་པོས་ཀུན་ནས་བླངས་ཏེ་གཞན་ཕན་གྱི་བྱ་གཞག་ལ་དུས་དང་རྣམ་པ་ཀུན་ཏུ་གཞོལ་གྱིན་པའི་དགེ་རྒན་དག་ཡོད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་གཏན་དུ་བཀུར་འོས་པའི་བླུན་རྨོངས་ལ་རྒོལ་མཁན་གྱི་དཔའ་རྟུལ་ལམ་དམག་སྤྱི་ཆེན་མོ་སྟེ། སློབ་དཔོན་དག་ཡོད།
 གནས་དེ་ན། གཡོ་དང་སྒྱུ། ཕྲ་མ་སོགས་ཀྱི་དྲི་མ་ཙམ་ཡང་མ་གོས་པའི་མ་འོངས་པའི་སོན་རྩ་དང་མེས་རྒྱལ་གྱི་མེ་ཏོག་སྟེ། སློབ་ཕྲུག་ཚོ་ཡོད། གནས་དེ་ན་ངའི་འཛིན་གྲོགས་དང་ཤག་རོགས་ཚོའི་དགོད་སྒྲ་མོད་ཅིང། ངའི་བརྩེ་བའི་གྲོགས་པོ་རྣམས་ཀྱི་འཛུམ་མདངས་ཡོད། གནས་དེ་ན། དགེ་རྒན་རྣམ་པའི་གདམས་ངག་ཡོད། དྲིན་ཆེན་གྱི་མ་ཚབ་ཚོའི་བྱམས་བརྩེའི་དྲོད་ཁོལ་ཡང་ལྡན།
     གནས་དེ་ན་དགའ་བའི་གླུ་གར་ཡོད་ཅིང་སྐྱིད་པའི་ཞབས་བྲོ་ཡོད། གང་ལྟར་ཡང། གང་དུ་བདེ་སྐྱིད་ལྡན་ན་དེ་རུ་ཡོད་ཚད་འཛོམས་པས། གནས་དེ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་བྱ་ངེས། ངས་ཀྱང་མཛེས་སྡུག་ལྡན་པའི་རང་ཉིད་ཀྱི་སློབ་གྲྭ་ལ་དུས་དང་རྣམ་པ་ཀུན་ཏུ་སྙན་པའི་ངག་གིས་བསྟོད་དོ། །
     ཕ་མའི་བྱམས་བརྩེའི་རུམ་མལ་དང་རྒྱང་ཐག་རིང་བའི་ས་མཐའི་བུས་པ་ང་རང་ཉིད་ལ་མཚོན་ན། ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་ས་མཐའ་འདི་རུ། སློབ་གྲོགས་ཚོ་དགུན་གནང་ལ་ཕྱོགས་ནས་ཟས་གང་ཞིམ་དང་གོས་གང་ཡག་གྱོན་སྐབས། ཁ་གདངས། མིག་བགྲད་དེ་ལུས་རྒྱུའི་ལས་དབང་སྐྱུར་མོའི་ཁྲོད་ནས། ཅི་ཡང་མེད་པའི་དབུལ་པོ་ཆུང་ཆུང་ང་ལ་ཡང་མང་པོ་ཞིག་རེག་འདུག་ཅིང། དེ་གང་ལས་རེག་ཚུལ་དང། ཇི་ལྟར་ཐོབ་ཚུལ་བརྗོད་དགོས་ན། རང་ཉིད་ཀྱི་མ་ཡུམ་སློབ་གྲྭའི་བཀའ་དྲིན་ལས་མ་འདས་པས། ཁྱིམ་ཚང་ལྟ་བུའི་སློབ་གྲྭ་འདི་ནི་ངའི་སེམས་ཁོང་དུ་ནམ་ཡང་ཆེས་མཛེས་སྡུག་ལྡན་པ་ཞིག་རེད།

རྩོམ་ཡིག་དཔྱད་མཆན།
     རྩོམ་ཡིག་འདི་ནི་དུངས་སེམས་མཚོན་པའི་ལྷུག་རྩོམ་ཞིག་ཡིན། ལོ་ཆུང་རྩོམ་པ་པོས་རྩོམ་གྱི་འགོ་མཇུག་བར་གསུམ་དུ་མ་ཡུམ་སློབ་གྲྭ་ལ་བཅངས་པའི་དུངས་སེམས་ཀྱིས་ཡོངས་སུ་ཕྱུག་འདུག
     བརྗོད་དོན་གྱི་ཆ་ནས་རྩོམ་ཡིག་འདི་དོན་ཚན་ཆེན་པོ་གཉིས་སུ་དབྱེ་ཆོག་སྟེ། རང་བྱུང་ཚན་པ་དང་པོ་དང་གཉིས་པ་གཉིས་དོན་ཚན་གཅིག་ཏུ་བྱས་པའི་ནང་ཕྱིའི་སྣོད་ཀྱི་བཀོད་པ་སྟེ་རང་བྱུང་ཁོར་ཡུག་ཞིབ་འབྲི་བྱས་ཡོད་པ་དང། རང་བྱུང་ཚན་པ་གསུམ་པ་ནས་རྩོམ་གྱི་མཇུག་བར་དོན་ཚན་ཆེན་པོ་གཅིག་སྟེ། འདིའི་ནང་ནང་བཅུད་ཀྱི་སེམས་ཅན་ཏེ་གཙོ་བོ་མི་སྣ་བཀོད་འབྲི་བྱས་ཡོད།
     རྩོམ་ཐབས་ཀྱི་ཆ་ནས་གཙོ་བོ་དཔེ་གཟུགས་ཀྱི་རྒྱན་གང་མང་སྦྱར་བ་ཧ་ཅང་འབྱོར་མོ་ཞིག་ཡིན་པར་མ་ཟད། རང་གི་དུངས་སེམས་མཚོན་པའི་ཐབས་སུ་བསྒྱུར་བ་ཡིད་དུ་འོང་བ་ཞིག་རེད། ཁྱད་ཆོས་ཀྱི་མིང་དང་ཉམས་མཚོན་པའི་སྒྲ་སོགས་བརྡ་སྤྲོད་པའི་གཞུང་དང་ཀུན་ནས་མཐུན། འདི་ལས་སྨྱུག་ཐོགས་པ་རང་ཉིད་བརྡ་སྤྲོད་གཞུང་ལ་ངེས་ཆ་མི་དམན་པ་ཡོད་པ་དཔོག་ཐུབ།
     གཞན་ཡང་རྩོམ་གྱི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས། བར་གྱི་བརྗོད་པ་སྟེ་སྒྲིག་གཞི་སོགས་གང་ཡིན་ཡང་བརྗོད་བྱ་གཙོ་བོ་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཐོན་འདུག་པས་མཚོན་ཐབས་ལ་སྔར་ལས་ལྷག་པའི་བྲོ་བ་ཞིག་བྱིན་ཡོད།

བྱམས་བརྩེ་ལྡན་པའི་དགེ་རྒན།

ཉི་འོད། སེ་ལ་ཀུ་བོད་ཁྱིམ།

བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་རྒྱས། །ངུར་སྨྲིག་ཆོས་གོས་མནབས་པའི་ཞི་དུལ་སྐུ།  །
གསུང་གི་བདུད་རྩི་འགྲོ་ལ་སྟོབ་མཛད་པ །མ་ལུས་འགྲོ་བའི་འདྲེན་པ་སློབ་དཔོན་ཉིད། །

     ཅེས་རང་ཉིད་ཀྱིས་བཀུར་འོས་སློབ་དཔོན་ལ་བསྟོད་པའི་ཚིག་གི་མེ་ཏོག་གི་ཕྲེང་བ་འདིས་སྔོན་བསུས་ཏེ་མཁྱེན་རབ་ཀྱི་འོ་མཚོ་འཕྱུར་ཞིང་ལྷག་བསམ་གྱི་རྡོ་རིང་བརྟན་པའི་བཤེས་གཉེན་དམ་པ་ཁོང་གི་རྒྱ་མཚོ་ལས་ཟབ་པའི་ཐུགས་དགོངས་ཀྱི་ཡོན་ཏན་དང་ནམ་མཁའ་ལས་རྒྱ་ཆེ་བའི་རླབས་ཆེན་གྱི་མཛད་འཕྲིན་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པར་ཤིན་ཏུ་སྤྲོ།
     སྤྱིར་ཁོང་ནི་སྐུ་དབང་རི་རབ་ལས་བཙན་པའི་སྐུ་དྲག་གི་གདུང་རྒྱུད་ཅིག་དང་མངའ་ཐང་རྒྱལ་པོ་ལས་ཆེ་བའི་འབྱོར་ལྡན་གྱི་ཁྱིམ་རྒྱུད་ཅིག་ནས་འཁྲུངས་པ་མ་ཡིན་པར་དབུས་གཙང་གི་ཁྱིམ་ཚང་ཕལ་བ་ཞིག་ལས་སྐྱེས། རང་ཡུལ་གྱི་དགོན་པ་ཞིག་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང། གཞུང་ཆེན་ལྔ་ལ་སྦྱངས་པ་མི་དམན་པ་བྱས། སྐབས་དེ་དུས་ནས་ཁོང་གིས་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་དང། སྐད་ཡིག་ལ་བཅངས་པའི་དུངས་ཞེན་ནི་ངོ་མ་གཞན་དང་ཀུན་ནས་མི་མཚུངས་ལ་སུས་ཀྱང་དོ་ཟླ་མི་ཐུབ། ཆུང་དུས་དགུང་ན་ཕྲ་ཞིང་སྐད་ཡིག་གི་སྦྱངས་སྟོབས་ཞན་ཡང། ཁོང་གིས་ཉིན་རེ་ནས་ཉིན་རེར་ཉིན་ཐོ་དང་རྩོམ་གྱི་རིགས་འབྲི་ཀློག་རྒྱུན་འཁྱོངས་གནང། བར་སྐབས་ཤིག་ལ་ཁོང་གི་ཕ་ཡུལ་དུ་རྒྱ་དམར་གྱིས་དྲག་གནོན་ཤུགས་ཆེན་བྱས་སྐབས། ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་སུས་ཀྱང་འཇོམས་མ་ནུས་པར་ལག་རོགས་གཞན་འགའ་འཁྲིད་དེ་རྒྱལ་ས་ལྷ་སའི་ཕྱོགས་གང་སར་བོད་རང་བཙན་ཡིན་ཚུལ་དང། དྲག་གནོན་མཚམས་འཇོག་དགོས་ཚུལ་སོགས་ཀྱི་ཡིག་ཆ་བཀྲམ་པ་དང་སྐད་འབོད་གནང་ནས་རང་སྲོག་རྒྱ་དམར་གྱི་འབེན་དུ་བཙུགས། དེའི་རྐྱེན་གྱིས་ཁོང་ཉིད་འཇིག་རྟེན་སྟེང་གི་དམྱལ་ཁམས་ངོ་མ་སྟེ་གྲ་བཞི་བཙོན་ཁང་དུ་མི་ལོ་ཧྲིལ་པོ་བདུན་ཙམ་ལ་མནར་གཅོད་ཚད་ལས་འདས་པ་མྱོང་བཞིན་བཞུགས་དགོས་བྱུང། བཙོན་ཁང་དུའང་ཁ་འདོན་དང་རྩོམ་ཡིག་འབྲི་རྒྱུ་སོགས་རྒྱུན་མ་བཅད། མ་ཟད་སྐབས་དེ་དུས་རང་ཉིད་ཀྱིས་མྱངས་པའི་སྡུག་བསྔལ་ངོ་མ་ཡི་གེའི་ལམ་ནས་འབྲི་བར་དགའ་ལ་ཚུལ་དེ་རྒྱས་པར་སྤྲས་ན་ཀློག་པ་པོའི་སེམས་སྐྱོ་བྱེད་ཀྱི་རྒྱུ་རུ་འགྱུར་ངེས་པས་བརྗོད་པར་མི་ཕོད།
     མི་ལོ་བདུན་རིང་མནར་གཅོད་མྱངས་རྗེས་ཁོང་ཉིད་དམིགས་ཡུལ་ངེས་ཅན་ཞིག་གི་ཆེད་དུ་དཀའ་སྡུག་གི་རི་ལུང་བརྒལ་ཏེ་བཙན་བྱོལ་དུ་ཕེབས་ནས་ས་རཱ་མཐོ་སློབ་ཏུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྐད་ཡིག་ལ་སྦྱངས་བརྩོན་མཐར་ཕྱིན་པ་གནང་སྟེ་ཐོབ་དང་གོ་ས་ལ་མི་རྔམ་པར་མི་རིགས་ཀྱི་ཞབས་ཞུ་ཁོ་ནར་དམིགས་ཏེ་རྡ་སྟེང་བོད་ཁྱིམ་དུ་བོད་དགེའི་ཕྱག་ལས་གནང་ནས་སྐོམ་པ་ཆུ་འདོད་ལྟར་བོད་རིགས་གཞོན་སྐྱེས་སྟོང་ཕྲག་མང་པོར་ཡིག་རྨོངས་སེལ་བའི་ཤེས་རིག་གི་སྣང་བ་སྒྲོན་ཞིང་བརྩེ་སེམས་ཀྱི་མངར་ཁ་ཕངས་མེད་དུ་བྱིན།
     བར་སྐབས་དེར་ཁོ་བོ་ཡང་བཤེས་གཉེན་དམ་པ་འདི་ཉིད་ཀྱི་སྐལ་ལྡན་གདུལ་བྱ་ཞིག་ཏུ་གྱུར་སོང། སྐབས་དེར། རང་ཉིད་བོད་ཀྱི་ཡི་གེ་འདོན་ཀློག་ཙམ་ཤེས་ཀྱང། ཕྲད་རྣམ་དབྱེ་དང་བརྡ་དག  དེ་བཞིན་རྩོམ་རིགས་སོགས་ལ་ཧ་ཅང་རྨོངས་ཤིང་དེ་སྦྱོང་འདོད་ཀྱི་འདུན་པ་ཡང་མེད་མོད། འོན་ཀྱང། ང་ལ་ཁོང་ལྟ་བུའི་སློབ་དཔོན་ཞིག་ཕེབས་པ་ནས་བཟུང་ངའི་སྒོ་གསུམ་ལ་ཁ་ཕྱོགས་གསར་པ་ཞིག་དང། རེ་བ་གསར་པ་ཞིག་གི་ལེགས་སྐྱེས་སྦྱིན་བྱུང་ལ། ངའི་ཡ་ཆུང་གི་གངས་དཀར་སེམས་སུ་སྔར་མེད་ཀྱི་རྣམ་ཤེས་གསར་བ་ཞིག་ཞུགས་འགོ་བརྩམས་སོང། དེ་ནི་ངས་རང་ཉིད་ཀྱི་སྐད་ཡིག་གི་རིན་ཐང་རྟོགས་ཤིང། དེ་ཉིད་སྦྱོང་འདོད་པའི་སེམས་ཤུགས་ཤིག་དང་སྙིང་སྟོབས་ཤིག་སྐྱེས་པ་དེ་ཡིན། སེམས་ཤུགས་དང་སྙིང་སྟོབས་དེ་དག་གི་རྒྱུན་མཐུད་ནས་ངས་ཉིན་རེའི་བྱ་བཞག་ཁྲོད་རང་མི་རིགས་ཀྱི་སྐད་ཡིག་བཀོལ་ནས་ཉིན་ཐོ་དང་རྩོམ་བྲིས་པ་ཡིན། དེ་ལྟར་བྱས་པས་སློབ་དཔོན་གྱིས་ང་ལ་བསྟོད་བསྔགས་དང་ལམ་སྟོན་སྣ་ཚོགས་གནང་ནས་ངའི་སེམས་ཤུགས་ཀྱི་མེ་ལྕེ་ལ་ས་སྣུམ་ཡང་ཡང་བླུགས།
     ངས་ཁོང་ཉིད་སློབ་དཔོན་དུ་བསྟེན་ཞིང་ཁོང་གི་ཐུགས་རྒྱུད་ལས་ཤེས་བྱ་མི་ཉུང་བ་ཞིག་བླངས། འོན་ཀྱང། འཛིན་རིམ་ལྔ་པ་རྫོགས་རྗེས་ང་ཁོང་དང་གྱེས་དགོས་བྱུང་སོང། གྱེས་ཁར་ང་རང་ཤག་ཏུ་བོས་ཏེ་”ཉི་འོད། ཁྱོད་ལ་རེ་བ་ཆེན་པོ་བྱས་ཡོད། འཐུས་ཤོར་མ་གཏོང་” ཟེར་བཞིན་ངའི་སྐེ་རུ་ཁ་བཏགས་ཤིག་བསྒྲོན་ཞིང་<<བོད་ཀྱི་གཏམ་དཔེ>>་དང་<<ཆུ་སྐྱེས་སྒྲོལ་མའི་སྙན་རྩོམ་ཕྱོགས་བསྒྲིགས།>> <<བརྡ་དག་ཀུན་གསལ་མེ་ལོང།>>སོགས་རིན་ཐང་ཆེ་བའི་དཔེ་དེབ་མང་པོ་ཞིག་ང་ལ་གནང་བའི་ཉིན་དེ་ངས་སློབ་དཔོན་དམ་པ་ཁོང་དང་གྱེས་པའི་ཉིན་མོ་ཡིན་པ་མ་ཤེས།  ཡིད་སྐྱོ་བ་ཞིག་ལ་ང་སློབ་གྲྭ་འདིར་སླེབས་ནས་ལོ་གཅིག་མ་ཟིན་པར་སློབ་དཔོན་ཁོང་ཉིད་ང་ཚོ་དང་ཤིན་ཏུ་རྒྱང་ཐག་རིང་བའི་རྒྱལ་ཁབ་ཅིག་ཏུ་བསྐྱོད་ཟིན་འདུག།
     ཁོང་གིས་ཕྱི་རྒྱལ་གྱི་ཡུལ་གྲུ་ཞིག་ཏུ་སྒེར་དོན་སྤངས་ནས་ད་དུང་མུ་མཐུད་མི་རིགས་དང་སྐད་ཡིག་གི་ཆེད་དུ་མཛད་པ་སྐྱོང་བཞིན་ཡོད་པར་ང་ལ་ཡིད་ཆེས་གཙང་མ་ཡོད། འོན་ཀྱང། ཁོང་ལྟ་བུའི་སློབ་དཔོན་ཞིག་ང་ཚོའི་བོད་ཕྲུག་ཚོའི་མགོན་དུ་མ་བཞུགས་པ་ནི་བོད་ཕྲུག་ཚོའི་བསོད་ནམས་ཟད་པས་རྒྱུ་མཚན་རེད་ཅེས་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད་པར་སྙམ།

རྩོམ་ཡིག་དཔྱད་མཆན།

     སྤྱིར་ན་རྩོམ་ཡིག་འདིར་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཚང་བའི་ཆ་རྐྱེན་དག་བགྲང་དུ་ཡོད་ཀྱང། གཙོ་བོར་རང་ཉིད་ཀྱིས་བཞེངས་སྐྲུན་བྱེད་འདོད་པའི་མི་སྣ་གཙོ་བོ་དེ་མི་སྣ་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་གཞིར་བཟུང་ནས་ངོ་སྤྲོད་བྱས་འདུག
     རྩོམ་ཡིག་གི་འགོ་ནི་སྲོལ་རྒྱུན་གྱི་རྩོམ་སྟངས་ལ་དཔེ་བལྟས་ནས་ཚིགས་སུ་བཅད་པ་གཅིག་གིས་དྲངས་ཏེ་རིམ་གྱིས་སྐབས་བབ་ཀྱི་བརྗོད་གཞའིའི་སྟེང་བབས་ཤིང། བརྗོད་བྱའི་མི་སྣ་གཙོ་བོའི་མི་རྒྱུད་དང་སློབ་གཉེར་གྱི་བརྒྱུད་རིམ། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་ཚུལ་སོགས་རང་གིས་གང་རྟོགས་པ་གསལ་པོར་བརྗོད་ཅིང་། ལྷག་པར་སློབ་མ་སྐྱོང་སྟངས་དང། སྒོས་སུ་ལོ་ཆུང་རྩོམ་པ་པོ་རང་ཉིད་ལ་བཀའ་དྲིན་ཆེ་ཚུལ་བརྗོད་དེ་ཁོང་ལ་བཅངས་པའི་སླད་མེད་ཀྱི་དད་ཞེན་མཚོན་པར་བྱས་ཡོད། མཇུག་ཏུ་ད་དུང་རང་ཉིད་ཀྱི་དགེ་རྒན་དེས་ཕྱིའི་ཡུལ་གྲུ་ག་གེ་མོ་ཞིག་ནའང་བོད་ཀྱི་རིག་གཞུང་སྤེལ་བཞིན་ཡོད་པར་ཡིད་ཆེས་དང་། ཁོང་དང་བྲལ་བ་ལ་ཕངས་སེམས་ཚད་མེད་ཡོད་ཚུལ་བརྗོད་པ་དེས་དགེ་རྒན་དེར་བཅངས་པའི་སེམས་ཁམས་མཚོན་ཡོད་པ་མ་ཟད། ཞོར་དུ་དགེ་རྒན་དེ་ཉིད་རླབས་ཆེན་ཞིག་ཡིན་པའང་རྟོགས་ཐུབ།
     རྩོམ་ཡིག་འདིའི་ཚིག་སྦྱོར་སྤེལ་སྟངས་དང་འགོ་མཇུག་བར་གསུམ་གྱི་བཀོད་སྒྲིག་སོགས་འོས་ཤིང་འཚམས་པས། ཀློག་བདེ་ལ་གོ་སླ་ཞིང་གསོན་ཉམས་ཀྱིས་ཁེངས་འདུག  འོན་ཀྱང་རྩོམ་གྱི་ཁ་བྱང་ལ་བལྟས་ན། དགེ་རྒན་དེའི་ཁྱད་ཆོས་གཙོ་བོ་བྱམས་བརྩེ་ཞེས་པ་དེས་བཟུང་འདུག་པས། བྱམས་བརྩེ་ཡོད་ཚུལ་གསོན་ཉམས་ལྡན་པའི་ངང་མཚོན་མེད་པ་ནི་རྩོམ་ཡིག་འདིའི་ཞན་ཆར་སྣང།

མཛེས་སྡུག་ལྡན་པའི་སློབ་གྲྭ

བཀྲ་ཤིས་དོན་གྲུབ། སུ་ཇ་བོད་ཁྱིམ་སློབ་གྲྭ

ཐོག་མའི་གླེང་གཞི།

     རང་གཞན་ཐམས་ཅད་ལ་ཚད་མཐོའི་སྐྱེ་འགྲོ་མིའི་ལུས་རྟེན་ཐོབ་སྟེ་ཆེས་ཐོག་མའི་གོམ་ཁ་འཇིག་རྟེན་འདིར་སྤོས་པ་ནས་བཟུང། ལེགས་ཉེས་བླང་དོར་གྱི་ཤན་ཇི་ལྟ་བ་བཞིན་འབྱེད་པའི་ཤེས་རབ་ཀྱི་བློ་མིག་གིས་ལྡོངས་པའི་རྒྱུ་མཚན་གྱིས། འུ་ཅག་གིས་ཕ་མ་བཀའ་དྲིན་ཅན་གྱི་དྲུང་ནས་ཟ་ཉལ་འགྲོ་འདུག་སོགས་ཀྱི་སྤྱོད་ལམ་ལ་སྦྱངས་མྱོང་ཡོད་པ་རེད་ལ། རིམ་བཞིན་ནར་སོན་པ་དང་རང་སྟོབས་ཀྱི་སྒོ་ནས་བྱ་བ་ཆེ་ཕྲ་ཆུང་གསུམ་གང་ཞིག་ཡིན་རུང། རང་གིས་འདོད་འདོད་ལྟར་བསྒྲུབ་རྒྱུར་ཧ་ཅང་དཀའ། མིའི་རྣམ་དཔྱོད་གསེར་ལྟ་བུ་དེ་རིན་ཐང་ལྡན་པ་ཞིག་ཡོང་ཕྱིར་སློབ་གྲྭའི་གནས་སུ་སྐྱེལ་བཞིན་པ་འདི་རེད།
     དེས་ན། དོན་ངོ་མར། སློབ་གྲྭ་ནི་མིའི་རིགས་སྤྱི་དང་སྒོས་སུ་བྱིས་པ་རྣམས་ཀྱི་མི་གཞིའམ་ཀུན་སྤྱོད་དང། བསམ་བློའི་འདུ་ཤེས། ཤེས་འཇོན་ནུས་གསུམ་གོང་འཕེལ་དུ་གཏོང་སའི་བསྟི་གནས་བླ་མེད་ཅིག་རེད་ལ། སློབ་གྲྭའི་སྒྲིག་འཛུགས་དང་ཤེས་ཡོན་གྱི་ཁ་ཕྱོགས། དེ་བཞིན་སློབ་གྲྭའི་བྱེད་སྒོ་ཁོ་ནས་མི་རིགས་ཀྱི་སོན་རྩ་རུ་གྱུར་པའི་ན་གཞོན་རྣམས་ཀྱི་མི་ཚེའི་ཁ་ཕྱོགས་ལ་འཕོ་འགྱུར་གཏོང་བཞིན་ཡོད་པ་ནི་མཐོང་ཆོས་མྱོང་འགྱུར་དུ་གདའ། དེས་ན། ཚད་དང་ལྡན་པའི་སློབ་གྲྭ་གསར་སྒྲུབ་དང། ཡོད་པ་དག་ནི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་འཁུམས།

དོན་དངོས་ཀྱི་མཛེས་སྡུག

     སྤྱིར་འུ་ཚོའི་སྤྱི་ཚོགས་སུ་ནམ་རྒྱུན་དུ། མི་ཡི་རི་མོ་ནང་ལ་ཡོད། ། སྟག་གི་རི་མོ་ཕྱི་ལ་ཡོད། །ཅེས་གྲགས་པ་བཞིན་མི་ཞིག་ལ་མཚོན་ན་མཛེས་སྡུག་ལྡན་མིན་ནི་མི་དེའི་གདོང་པའི་བཟོ་དབྱིབས་དང་གཟུགས་པོའི་སྒྲོམ་གཞི་ལ་ལྟ་བ་མིན་པར། དེ་ལས་ལྡོག་སྟེ་མི་དེའི་ནང་བསམ་པའི་འཁྱེར་སོ་དང་ཤེས་ཡོན་གྱི་གནས་ཚད་ལ་བལྟས་ཏེ་གླེང་དགོས་པ་བཞིན། སྐབས་འདིར་ཡང་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གྲྭ་དེའི་ཕྱིའི་ཁོར་ཡུག་གི་ཆགས་སྟངས་དང། ཁང་པའི་འཛུགས་སྐྲུན་གྱིས་སློབ་གྲྭ་དེ་མཛེས་སྡུག་ལྡན་པ་ཞིག་ཡིན་མིན་གྱི་ཁ་ཚོན་གཅོད་མི་ནུས་པར། དེ་ལས་ལྡོག་སྟེ། སློབ་གྲྭ་དེའི་ཤེས་ཡོན་འཛིན་སྐྱོང་སྤེལ་གསུམ་གྱི་བཟང་ངན་དང། དགེ་རྒན་གྱི་སློབ་ཁྲིད་བཟང་ངན། སློབ་གྲྭ་དེ་ནས་སྐྱེད་སྲིང་བྱས་ཟིན་པ་དང་བྱེད་ཀྱིན་པའི་སློབ་མ་ཚོའི་ཤེས་ཡོན་གྱི་ཆུ་ཚད་འབའ་ཞིག་གིས་ཐག་གཅོད་བྱེད་དགོས་པས། སློབ་གྲྭ་གང་ཞིག་ལ་དོན་ངོ་མའི་མཛེས་སྡུག་ལྡན་མིན་ནི་གོང་སྨྲས་ཀྱི་ཆ་རྐྱེན་ལ་གཞིགས་ཏེ་གླེང་དགོས་པར་སེམས། དེ་བས། སློབ་གྲྭ་ཆེ་ཆུང་གང་ཞིག་ཡིན་ཀྱང་རུང། བྱ་བའི་གཙོ་ཕལ་གྱི་དབྱེ་བ་ལེགས་པར་ཕྱེས་ཏེ་རང་ཉིད་ཀྱི་སློབ་གྲྭ་མཛེས་སྡུག་ལྡན་པ་ཞིག་ཏུ་བཟོ་བར་འབད་རིགས་སོ། །

མཛེས་སྡུག་ལྡན་པའི་སློབ་གྲྭ།

     དོན་དངོས་ཀྱི་མཛེས་སྡུག་ལྡན་པའི་སློབ་གྲྭ་གང་ཞིག་ཡིན་རུང། དེ་ནི་མི་བུ་བློ་གྲོས་ཅན་དང། ཤེས་རབ་ཅན། རྣམ་དཔྱོད་ཅན། གསར་གཏོད་ཀྱི་ནུས་པ་ཅན། དེ་བཞིན་ཆབ་སྲིད་མཁས་དབང་སོགས། མདོར་ན། ལེགས་ཉེས་ཀྱི་ཤན་ཇི་ལྟ་བ་བཞིན་འབྱེད་ནུས་པའི་མི་བུ་དམ་པ་ཐམས་ཅད་སྐྱེད་སྲིང་བྱེད་ས་རྣལ་མ་དེ་ཡིན་པ་དང། མི་བུ་དེ་དག་གི་རྨད་དུ་བྱུང་བའི་བསམ་བློའི་ཉིང་བཅུད་དང། ཁྱད་དུ་འཕགས་པའི་འཇིག་རྟེན་ལྟ་ཚུལ། ངོ་མཚར་ཆེ་བའི་གསར་གཏོད་ཀྱི་ནུས་པར་བརྟེན་ནས་ད་གཟོད་འཇིག་རྟེན་ཆེན་པོ་འདིར་འཁོད་པའི་མི་རྣམས་མུན་པ་ནས་རབ་རིབ་དང། རབ་རིབ་ནས་གཟི་བརྗིད་འོད་སྟོང་འཕྲོ་བའི་ཤེས་བྱའི་ཐང་ཆེན་དུ་འདྲེན་བཞིན་པའི་རྣམ་པ་འདི་བྱུང་ཡོད།
      ཤེས་བྱའི་ཐང་ཆེན་དུ་འདྲེན་ཀྱིན་པའི་མི་རྣམས་གཅིག་ལས་གཅིག་མགྱོགས་ངང་ཤེས་རིག་གི་མདུན་སྐྱོད་ལ་བྲེལ་བཞིན་རང་བྱུང་འཇིག་རྟེན་གྱི་ཆོས་ཉིད་དང་མི་རྣམས་ཀྱིས་གཙོས་ལུས་ཅན་ཀུན་གྱི་མཐར་ཐུག་གི་མངོན་འདོད་སྒྲུབ་ཚུལ་སོགས། གང་ཟག་ཕལ་མོ་ཆེའི་བློ་ཡུལ་ལས་འདས་པའི་ཤེས་བྱའི་རིག་ཚན་གྲངས་ལས་འདས་པ་དར་བཞིན་པ་མཐའ་དག་མཐར་གཏུགས་ཏེ་གླེང་ན་མཛེས་སྡུག་ལྡན་པའི་སློབ་གྲྭ་ཞིག་གི་སློབ་གསོས་སྣེ་དྲངས་ནས་འབྱུང་བཞིན་ཡོད།
      མནོ་བསམ་ནན་མོ་ཞིག་དང་བསམ་གཞིགས་རྣལ་མ་ཞིག་བྱས་ཚེ་མཛེས་སྡུག་ལྡན་པའི་སློབ་གྲྭ་དང་། དེའི་ཤེས་ཡོན་གྱི་ཁ་ཕྱོགས། དེ་བཞིན་སློབ་གྲྭ་གང་དེའི་དགེ་རྒན་གྱི་སློབ་ཁྲིད་རྣམས་ནི་རྒྱ་ཆེ་ས་ནས་གླེང་ན་འཇིག་རྟེན་ཁམས་ཆེན་པོའི་འཕེལ་རྒྱས་དང། མི་རིགས་ཤིག་གི་འཆི་གསོན། རྒྱལ་ཁབ་ཅིག་གི་འཕོ་འགྱུར། རྒྱ་ཆུང་ས་ནས་གླེང་ན་མི་བུ་ཞིག་གི་མི་ཚེ་དང་ཁྱིམ་ཚང་གཅིག་གི་འཚོ་བའི་བདེ་སྡུག་དང་དམ་དུ་འབྲེལ་ཡོད་པས། མཛེས་སྡུག་ལྡན་པའི་སློབ་གྲྭ་ནི་འཇིག་རྟེན་ཁ་ལོ་སྒྱུར་བ་པོ་འཚར་སའི་བསྟི་གནས་མ་ནོར་བ་དེ་རེད་ཅེས་བརྗོད་ན་རན་པར་སེམས།

མཇུག་གི་གཏམ།

     དངོས་བྱུང་གི་འདས་པའི་ལོ་རྒྱུས་དང། མཐོང་ཆོས་མྱོང་འགྱུར་དུ་གྲུབ་པའི་ད་ལྟའི་གནས་སྟངས། འབྱུང་འགྱུར་མ་འོངས་པའི་འཆར་གཞི་གང་ལ་གཞིགས་ནའང་འཇིག་རྟེན་འདིའི་བསྟི་གནས་ཀུན་ལས་ཁྱད་དུ་འཕགས་པའི་བསྟི་གནས་ནི་སློབ་གྲྭ་འབའ་ཞིག་ཡིན་པར་འཁུམས་ལ། སློབ་གྲྭའི་ཚོགས་ཀུན་ལས་ཀྱང། སློབ་པ་བཟང་བའི་སློབ་གྲྭ་ཁོ་ན་ཡིན་པར་སེམས། དེ་བས་ན། ཁོ་བོས་དོན་དངོས་ཀྱི་མཛེས་སྡུག་ལྡན་པའི་སློབ་གྲྭའི་དབུས་སུ་མི་རྣམས་སྤྲོ་སེམས་འཁོལ་བའི་ཤེས་རིག་གི་དཔལ་ཡོན་ཅི་དགར་ལོངས་སུ་སྤྱོད་བཞིན་རང་བྱུང་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་འཚོ་བའི་སྐྱེ་འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་རྣམ་ཀུན་རོལ་ཐུབ་པའི་སྨོན་འདུན་ཞུ། 

རྩོམ་ཡིག་དཔྱད་མཆན།

     རྩོམ་ཡིག་འདི་ནི་དགག་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་བྱས་པའི་དཔྱད་རྩོམ་ཐུང་ངུ་ཞིག་སྟེ། རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས། ས་བཅད་ལེན་སྟངས་སོགས་རྩོམ་གྱི་སྒྲིག་གཞི་བཀོད་སྒྲིག་གི་ཐད་ནས་ཅུང་ལེགས་འགྲུབ་བྱུང་འདུག
     ལོ་ཆུང་རྩོམ་པ་པོས་བསྒྲུབ་བྱ་གཙོ་བོ་མཛེས་སྡུག་ལྡན་པའི་སློབ་གྲྭ་ཞེས་པར་ཐོག་མར་མཛེས་སྡུག་ལ་ངོས་འཛིན་དང། དེ་ནས་ཆོས་དེ་དང་ལྡན་པའི་སློབ་གྲྭ་ངོས་བཟུང་བའི་བརྒྱུད་རིམ་ཁྲོད་ཀྱི་སྒྲུབ་བྱེད་དུ་བཀོད་པའི་རྒྱུ་མཚན་གནས་ལུགས་ཅུང་ཟད་བཟང། རྩོམ་གྱི་ཚིག་སྦྱོར་སྤེལ་སྟངས་ཡང་མི་ཆོག་རྒྱུ་མི་འདུག
     ངས་བསམ་ན། བརྩམས་ཆོས་ཀྱི་ཁ་བྱང་གི་བླང་བྱ་གཙོ་བོ་དང་སློབ་མའི་ཤེས་ཚད་ལ་གཞིགས་ན། དཔྱད་རྩོམ་ཡིན་ན་འོས་པ་ཞིག་མིན་པ་འདྲ། འོན་ཀྱང། དཔྱད་རྩོམ་བྲིས་མི་ཆོག་པ་དེ་འདྲ་མིན། གང་ལྟར། ཁོས་རང་གི་བསམ་གཞིགས་ཀྱི་ནུས་པ་དང་ཤེས་ཚད་ལ་དཔགས་པའི་དཔྱད་རྩོམ་རན་པོ་ཞིག་བྲིས་འདུག
     སྤྱིར་རྩོམ་ཡིག་ཅིག་འབྲི་ན། རྩོམ་གྱི་ཁ་བྱང་གི་བླང་བྱ་ལ་ཡིད་འཇོག་བྱེད་དགོས། དེ་ནས་རང་ཉིད་ལ་གསལ་ཆ་དང་རྒྱུས་ཡོད་པའི་ཕྱོགས་ནས་རྒྱུ་ཆ་ལེགས་སྒྲིག་བྱེད་དགོས། དེའི་འཕྲོར་ཤེས་ཚད་ལ་གཞིགས་ནས་སྒྲིག་གཞི་བཀོད་སྒྲིག་སོགས་བརྗོད་བྱ་གསལ་པོར་མཚོན་པའི་ཐབས་རྩལ་གྱི་ཕྱོགས་ལ་འབད་པ་བྱེད་དགོས། འདིའི་ཕྱོགས་ནས་བལྟས་ན། ལོ་ཆུང་སྨྱུག་ཐོགས་པས་རྒྱ་ཆེ་སར་སྙོབ་རྒྱུ་མང་དྲགས་པ་འདྲ་སྟེ། ཁོས་རང་ཉིད་ལ་རྒྱུས་ཡོད་པའི་སློབ་གྲྭའི་ཁོར་ཡུག་དང་དགེ་སློབ་ཚོ། དེ་བཞིན་སློབ་གྲྭའི་བྱེད་སྒོ་སོགས་མི་འབྲི་བར། མཛེས་དཔྱོད་ཀྱི་ཆ་དང། ཤེས་རིག་གི་ཁ་ཕྱོགས་སོགས་བྱིས་བློ་ཞིག་གིས་ལྕོགས་དཀའ་བའི་དོན་ཆེན་གྱི་རིགས་ལ་བསམ་གཞིགས་བྱས་ཏེ་དཔྱད་རྩོམ་ཞིག་བྲིས་འདུག་པ་ནི་སྙིང་སྟོབས་ཤིག་སྟེ། ལེགས་པར་འཁྱོངས་ན་རྒྱན་དུ་འགྱུར་མོད། འོན་ཀྱང་། ཞན་ཆ་ཤོར་ན་ཉེས་སྐྱོན་དུ་འགྱུར་སྲིད་པས་ནམ་ཡིན་ཡང་རྩོམ་ཡིག་གི་ཁ་བྱང་གིས་བླང་བྱ་ཅི་ཞིག་བཏོན་ཡོད་མེད་ལ་བསམ་གཞིགས་ལེགས་པོ་བྱས་ན། བརྗོད་བྱ་རྒྱ་ཆེ་མིན་ལ་མ་ལྟོས་པར་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པར་རེ་བ་དེ་བས་ཆེ་བ་ཡིན།

མདུན་ཤོག

Menu