བློ་རིག་གློག་ལྟར་མྱུར་བའི་ན་ཆུང་སྨྱུག་ཐོགས་པ་རྣམས་དང་རྒྱ་ཆེའི་ཀློག་པ་པོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་བཅས་ཏེ་གསལ་བཤད་ཀྱི་ཚིག་འགའ་ཞུ་བ་ལ།

  1. འདིར་བཀོད་རྩོམ་ཡིག་རྣམས་འཛིན་རིམ་གཞིར་བཟུང་གིས་བདམས་བཀོད་བྱས་ཡོད།
  2. མ་རྩོམ་དུ་བྱུང་བའི་ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ་རེ་ཟུང་དགོས་དབང་གིས་བཟོ་བཅོས་མི་རྒྱག་ཀ་མེད་རིགས་ཕུད། མ་རྩོམ་རང་སོར་འཇོག་ཐབས་བྱས་ཡོད།
  3. རྩོམ་ཡིག་སོ་སོའི་མཇུག་ཏུ་རྩོམ་ཡིག་དཔྱད་མཆན་རེ་བྲིས་ཡོད། དཔྱད་མཆན་འབྲི་བའི་དམིགས་ཡུལ་ནི་སློབ་མ་ཚོར་རྩོམ་ཡིག་གི་ལེགས་ཉེས་གསལ་སྟོན་བྱ་རྒྱུ་ཁོ་ནའི་ཆེད་དུ་ཡིན།
  4. ཁྱོན་ཡོངས་ནས་བཤད་ན། གཞི་རིམ་སློབ་མའི་རྩོམ་འབྲིའི་ནུས་ཚད་ཡར་རྒྱས་སླད། སྔར་ལྷག་ཤུགས་སྣོན་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
  5. ཐེངས་འདིའི་བྱེད་སྒོའི་ཁྲོད་བྱ་དགའ་ཐོབ་པ་དེ་རྩོམ་འབྲིའི་གནས་ཚད་མཐའ་འཁྱོལ་བྱུང་བའི་དོན་མ་ཡིན་པས། གཙོ་བོ་རང་ཉིད་ཀྱི་རྩོམ་འབྲིའི་ཤེས་ཚད་དང་ཉམས་མྱོང་གོང་མཐོར་གཏོང་བ་ལ་འབད་བརྩོན་གལ་ཆེ། དེ་ལྟར་བྱེད་པར་རྩོམ་་ཡིག་གང་མང་ལྟ་ཀློག་དང་དབྱེ་ཞིབ་ཀྱི་སྦྱོང་བརྡར་བྱེད་རྒྱུ་ཧ་ཅང་གལ། རྒྱུ་མཚན་དེས་སློབ་ཕྲུག་གཞན་པར་ངན་ཤན་མི་ཐེབས་པའི་ཆེད་དུ་འདིར་བཀོད་རྩོམ་ཡིག་ལ་བཟོ་བཅོས་ཕྲན་ཙམ་བརྒྱབ་སྟེ་དེབ་གཟུགས་སུ་བགྱིས་པ་འདིས་ན་ཆུང་སློབ་མ་ཚོའི་རྩོམ་འབྲིའི་བྱ་བར་སྐུལ་འདེད་དང། མ་འོངས་པར་རྩོམ་ཡིག་འབྲི་སྦྱོང་ལ་ལམ་སྟོན་དང་དཔྱད་གཞིའི་རིན་ཐང་ལྡན་པར་ཡིད་ཆེས་བྱེད་བཞིན་ཡོད།
  6. གཞན་ཡང་དེབ་ཆུང་འདིས་གཞི་རིམ་སློབ་མ་ཚོའི་རྩོམ་ཡིག་གི་གནས་ཚད་ལ་རྒྱུས་ལོན་དང། ཕན་ཚུན་དཔྱད་གཤིབ། ལེགས་ཆ་སྡུད་ལེན། མ་འོངས་པའི་ཁ་ཕྱོགས་དང་དམིགས་འབེན་གསར་འཛུགས་བཅས་ཀྱི་རྒྱུར་འགྱུར་བའི་རེ་བའང་ཡོད།

མཇུག་མཐར་གཞི་རིམ་སློབ་མའི་ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་བྱེད་སྒོའི་ནང་ཆ་ཤས་ལེན་མཁན་རྟོག་ཞིབ་པ་དང་ཞིབ་འཇུག་པ།  འབྲེལ་མཐུད་པ་སོགས་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། རྒྱ་ཆེའི་ཀློག་པ་པོ་རྣམས་གྱིས་དགེ་འདོན་སྐྱོན་བསལ་གྱི་རྩ་ཆེའི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་འདུན་བཅས།  རྩོམ་སྒྲིག་པས  །ཕྱི་ལོ་༢༠༡༡ ཟླ ༡༢ ཚེས ༡༠ ལ་ཕུལ།

མདུན་ཤོག

Menu