ཕུལ་བྱུང་རྩོམ་ཡིག་འདེམས་སྒྲུག་གི་ལས་རིམ་ལམ་སྟོན།

༡། དམིགས་ཡུལ།

གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་ཁྲིད་སྦྱོང་ལ་སྐུལ་འདེད་དང་མཇུག་གནོན་བྱ་སླད། ཕྱི་ལོ་ ༡༩༩༦ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ནས་ལོ་རེར་འཛིན་རིམ་དྲུག་པ་ཡན་ལ་རྒྱལ་ཡོངས་རྩོམ་ཡིག་འབྲི་རྩལ་གྱི་ལས་རིམ་སྤེལ་མུས་ལྟར། རྩོམ་ཡིག་འདེམས་སྒྲུག་དེ་བཞིན་སློབ་གྲྭ་དང་སློབ་ཕྲུག་བྱེ་བྲག་པའི་གྲུབ་འབྲས་གཟེངས་བསྟོད་གནང་རྒྱུ་ཙམ་མ་ཡིན་པར། གཏན་ཉིན་སློབ་གྲྭ་ཁག་གི་བོད་ཡིག་གནས་ཚད་ལ་གདེང་འཇོག་དང་དཔྱད་ཞིབ་ཀྱི་གཞི་རྩར་འགྱུར་ཆེད་དང༌། འབྲེལ་ཡོད་དགེ་རྒན་རྣམས་ལ་སློབ་མའི་རྩོམ་འབྲིའི་གནས་ཚད་དང་ཁ་ཕྱོགས། རྩོམ་ཡིག་སློབ་ཁྲིད་དང་རྩོམ་འབྲིའི་བྱ་བར་ལམ་སྟོན་དང་དཔྱད་ཞིབ་ཀྱི་རིན་ཐང་མཁོ་སྤྲོད། སློབ་མ་ཚོའི་རྩོམ་འབྲིའི་འདུན་པ་དང་ནུས་རྩལ་གོང་མཐོར་གཏོང་ཐབས་བཅས་ཀྱི་ དམིགས་ཡུལ་བཟུང་ཡོད།

ཤེས་རིག་བཀའ་བློན་གྱིས་བཀའ་ཕེབས་པ་ལྟར། ཕྱི་ལོ་ ༢༠༢༢ ནས་བཟུང་གཞི་རིམ་འོག་མའི་འཛིན་རིམ་གསུམ་པ་ནས་ལྔ་པའི་སློབ་ཕྲུག་ཀྱང་ལས་རིམ་འདིའི་ནང་མཉམ་ཞུགས་ཐུབ་པའི་གོ་སྐབས་གསར་སྐྲུན་གནང་།

༢། བརྒྱུད་རིམ།

རྩོམ་ཡིག་འབྲི་རྩལ་གྱི་ལས་རིམ་སྤེལ་སྟངས་ནི།

ཀ     ཐོག་མར་སློབ་གྲྭའི་ངོས་ནས་འཛིན་རིམ་སོ་སོའི་ནང་སྔོན་འགྲོའི་ལས་རིམ་སྤེལ་ཏེ་སློབ་ཕྲུག་རྩེ་ཕུད་གསུམ་རེ་འདེམས་དགོས།

ཁ།     ཤེས་ལས་ནས་འདེམས་སྒྲུག་གི་དུས་ཚེས་དང༌། རྩོམ་ཡིག་གི་ཁ་བྱང་བཅས་སློབ་ཁོངས་སོ་སོར་གཏོང་རྒྱུ།

ག     གཏན་འབེབས་དུས་ཚེས་ཉིན། སློབ་ཁག་སོ་སོས་འབྲེལ་ཡོད་བོད་དགེ་དང་ས་གནས་འགོ་འཛིན་ལས་ཁང་གི་འཐུས་མི། དགེ་རྒན་ཕ་མའི་འཐུས་ཚོགས་ཀྱི་འཐུས་མི་གཉིས་བཅས་ཀྱི་གཟིགས་རྟོག་འོག་ལས་རིམ་སྤེལ་རྒྱུ།

ང་།    ལས་རིམ་དངོས་གཞི་མ་སྤེལ་གོང་གི་དུས་ཡུན་སྐར་མ་ ༡༥ ཡི་སྔོན་དུ་ཤེས་ལས་ནས་བཏང་བའི་རྩོམ་ཡིག་གི་བརྗོད་གཞིའི་ཡིག་སྐོགས་ཁ་ཕྱེ་དགོས།

ཅ།     ལས་རིམ་མཇུག་བསྒྲིལ་མ་ཐག་ཏུ་སློབ་མ་རེ་རེའི་རྩོམ་ཡིག་ཐོག་གཟིགས་རྟོག་ཚོགས་ཆུང་གི་རྟགས་ཐམ་བཀོད་དེ།  ཉིན་དེ་རང་ལ་ཤེས་ལས་སུ་དེབ་འགོད་(Register)སྦྲག་གཏོང་བྱེད་དགོས།

༣། གདེང་ཞིབ་བྱེད་ཐབས།

ས་གནས་དང་སློབ་ཁག་ནས་དུས་ཚེས་རྒྱས་བཅད་ནང་ཚུད་འབྱོར་བའི་ཕུལ་བྱུང་རྩོམ་ཡིག་རྣམས་ལ་གདེང་ཞིབ་བྱ་སླད།    ཤེས་ལས་ནས་རྩོམ་རིག་མཁས་པས་གྲུབ་པའི་རྩོམ་ཡིག་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་བ་བརྒྱུད། འཛིན་རིམ་སོ་སོའི་རྩོམ་ཡིག་ཕུལ་བྱུང་གསུམ་རེ་འདེམས་སྒྲུག་གནང་རྒྱུ།

༤། བྱ་དགའ་གནང་སྟངས།

ཀ     རྩོམ་ཡིག་ཞིབ་འཇུག་ཚོགས་ཆུང་ནས་འདེམས་སྒྲུག་གནང་བའི་འཛིན་རིམ་སོ་སོའི་སློབ་མ་ཕུལ་བྱུང་གསུམ་ལ། ཤེས་ལས་ནས་ལག་འཁྱེར་དང་བྱ་དགའ་ཧིན་སྒོར་ ༣༠༠༠ བཅས་གནང་རྒྱུ།

ཁ།     སློབ་ཁག་སོ་སོ་ནས་ཕུལ་འབྱོར་བྱུང་བའི་རྩོམ་ཡིག་རྣམས་ལས་ཕུལ་བྱུང་རྩོམ་ཡིག་ཁོངས་མ་ཚུད་པའི་འཛིན་རིམ་སོ་སོའི་སློབ་ཕྲུག་རྩེ་ཕུད་རེར་ཤེས་ལས་ནས་ལེགས་གསོལ་ལག་འཁྱེར་གནང་རྒྱུ།

ག     བྱ་དགའ་ཐོབ་པའི་ཕུལ་བྱུང་རྩོམ་ཡིག་ཁག་དཔྱད་མཆན་གནད་བསྡུས་རེ་དང་བཅས། ཤེས་རིག་ལས་ཁུངས་ནས་ཕྱོགས་བསྒྲིགས་ཀྱིས་སྨྱུག་གསར་དུས་དེབ་པར་སྐྲུན་གནང་རྒྱུ།

ང་།     པར་སྐྲུན་གྲུབ་པའི་སྨྱུག་གསར་དཔེ་དེབ་གཏན་ཉིན་སློབ་གྲྭ་ཡོངས་ལ་རིན་མེད་འགྲེམས་སྤེལ་གནང་རྒྱུ་བཅས། ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པས། ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༩ ཉིན།

Menu