༄༅། །ཕྱི་ལོ་ ༢༠༠༧ ལོའི་ལོ་འགོར་བདག་ཅག་གི་འདྲེན་པ་ཆེན་པོ་ྋསྐྱབས་རྗེ་ཀིརྟི་རིན་པོ་མཆོག་ལ་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་འཆར་འོག་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཆེད་རྩོམ་ཞིག་ལས་ཞོར་དུ་འབྲི་འདུན་ཡོད་ལུགས་སྙན་སེང་ཞུས་པར། ཁོང་རིན་པོ་ཆེས། དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་འདིའི་ཐོག་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་ཡོང་གི་འདུག་པས། གང་ནུས་ཀྱིས་ཉམས་ཞིབ་བྱས་ཏེ་དགེ་སྐྱོན་གྱི་གནས་ཚུལ་རྣམས་དྲང་མོར་བཤད་ནུས་ན། ཕན་ཐོགས་ཕྲན་བུ་འབྱུང་སྲིད་པས་ཡག་པོ་ཞིག་འབྲི་ཐུབ་ཐབས་ལ་འབད་བརྩོན་བྱོས་ཞེས་བཀའི་གནང་བ་བསྩལ་པར་མ་ཟད། སྔ་ཕྱིར་ལམ་སྟོན་བཀའ་སློབ་དང་བཀའ་འདྲིའི་གོ་སྐབས་གནང་བ་དང༌།
    བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་མཆོག་དང་ཤེས་རིག་བཀའ་བློན་མི་རྗེ་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་རྣམ་པ་གཉིས་ཀྱིས་བཅར་འདྲིའི་གོ་སྐབས་གནང་བ་དང༌། དེབ་ཀྱི་དབུར་ཆེད་བརྗོད་གསོལ་བསྩལ་བཀའ་དྲིན་ཆེ་བ། དཔལ་ལྡན་རང་གཞུང་ཤེས་རིག་ལྷན་ཁང་གི་དྲུང་འཕར་བཀྲ་ཤིས་དོན་འགྲུབ་མཆོག་གིས་གཙོས་འབྲེལ་ཡོད་སྲི་ཞུ་པ་རྣམས་དང༌། ལྷག་པར་དངོས་སུ་རྩོམ་འབྲིའི་ལས་དོན་ལ་ཞུགས་པའི་བརྒྱུད་རིམ་ནང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པ་སྐུ་ཞབས་ཆུང་ཚེ་རིང་ལགས་དང༌། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་ཚེ་རིང་བསམ་འགྲུབ་ལགས། ཤེས་རིག་སློབ་ཡོན་སྡེ་ཚན་གྱི་འགན་འཛིན་ལྕམ་བཀྲ་ཤིས་སྒྲོལ་མ་ལགས། ལས་བྱེད་དགེ་ལེགས་ལགས་དང་ཆོས་འཕེལ་ལགས། ཤེས་རིག་བཀའ་བློན་གྱི་སྒེར་དྲུང་ངག་དབང་ལགས་སོགས་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་སྲི་ཞུ་པ་རྣམ་པས་ལྷག་བསམ་རྣམ་དག་གིས་མཐུན་འགྱུར་རོགས་སྐྱོབ་གང་དགོས་གནང་བ།
    ཐོག་མའི་འཆར་རྩིས་ལྟར་བྱས་ན་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༨ ནས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༨ བར་ལོ་གཉིས་ཀྱི་ནང་ཉམས་ཞིབ་ཀྱི་ལས་གཞི་ཡོངས་སུ་གྲུབ་པ་དགོས་ཀྱང༌། ཕྲན་གྱི་ཉིན་ཧྲིལ་པོ་དང་དུས་ཚོད་འཕར་མ་བཅས་སློབ་ཁྲིད་དང་རྒྱུན་ལྡན་རྩོམ་སྒྲིག་གི་ལས་དོན་ཐོག་གཏོང་དགོས་ཀྱི་ཡོད་སྟབས། ཉམས་ཞིབ་དང་འབྲེལ་བའི་ཆེད་རྩོམ་འབྲི་བའི་ཁོམ་ལོང་དུས་ཚོད་སིལ་མ་ཉུང་ཤས་ལས་མེད་སྟབས་ཐོག་མའི་དུས་བཀག་ནང་མ་གྲུབ་པ་ལ་ཤེས་རིག་ལས་ཁུངས་ནས་དགོངས་བཞེས་ཀྱིས་ལོ་གཅིག་ཕྱིར་འགྱངས་ཆོག་པའི་བཀའ་འཁྲོལ་ཐོབ་པ།
    འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོགས་འདུ་ལས་སྣེ་རྣམ་པས་སྐབས་སོ་སོར་དགོངས་པ་ཞུ་འཁྲོལ་གྱིས་མཚོན་གྲྭ་ཚང་གཞུང་ངོས་ནས་མཐུན་འགྱུར་གང་དགོས་ཀ་ཀོར་མེད་པར་གནང་བ།
    བོད་མི་མང་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང༌། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་འགན་འཛིན་ཨཙརྱ་ཀརྨ་སྨོན་ལམ་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པ་ཆུང་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག་ལགས། ཀིརྟིའི་མཐོ་སློབ་ཀྱི་སློབ་དཔོན་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས། ཀིརྟིའི་མཐོ་སློབ་ཁང་གི་སློབ་སྤྱི་གདོང་རི་ཤེས་རབ་ལགས་སོགས་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་མཉམ་འཛོམས་ཐོག ཁོ་བོའི་ཆེད་རྩོམ་གྱི་རགས་ཟིན་དང་པོའི་ཐོག་ཉིན་ཧྲིལ་པོའི་རིང་བགྲོ་གླེང་དང་འབྲེལ་ཟླ་བ་གཅིག་ལྷག་གི་དུས་ཡུན་ནང་དཔྱད་ཞིབ་གནང་བའི་དགོངས་ཚུལ་རྣམས་ཞལ་གསང་པོས་གསུངས་པ།
    མཐའ་མའི་པར་རྩའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པ་སྐུ་ཞབས་ཆུང་ཚེ་རིང་ལགས་དང༌། འདི་གའི་མཐོ་སློབ་ཀྱི་དགེ་རྒན་འབྲིང་བ་འཇིགས་མེད་གཉིས་ཀྱིས་ཞིབ་གཟིགས་ཀྱིས་ཚིག་དོན་གཉིས་ཆའི་ཐོག་ཕན་ཐོགས་ཅན་གྱི་དགོངས་ཚུལ་མང་པོ་གསུངས་པ།
    འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ཚབ་ཨ་ལགས་ཐཱ་ལ་མཆོག་དང༌། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས། རྩོམ་པ་པོ་སྐུ་ཞབས་ཤེས་རབ་དར་རྒྱས་ལགས་བཅས་ཀྱིས་དཔྱད་གཞིའི་ཡིག་ཆ་མཁོ་སྤྲོད་གནང་བ། ཁོ་བོའི་དགེ་ཕྲུག་བློ་བཟང་བཀྲ་ཤིས་ཀྱིས་རང་འགུལ་དང་ལེན་གྱིས་ཕྲན་གྱི་ཟིན་བྲིས་ཐོར་བུ་རྣམས་གློག་ཀླད་དུ་འཇུག་པ་དང༌། སློབ་གྲྭ་ཁག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་བསམ་ཤོག་བསྡུ་བ་སོགས་ཕྲན་གྱི་དུས་ཚོད་བསྲི་ཚགས་ལ་ཕན་ཐོགས་ཡོད་པའི་ལས་ཀ་མང་པོ་ཞིག་ཤ་ཚ་རྣམ་དག་གིས་སྒྲུབ་པ། ཕྲན་གྱི་ལས་དོན་ཐོག་ཤ་ཚ་ཆེ་བའི་གྲོགས་གཟའ་རུ་དར་རྒྱས་ཀྱིས་དེབ་གཟུགས་ཇུས་འགོད་ཀྱི་འགན་གཙང་བཞེས་གནང་བ། མདོར་ན། མི་སྣ་མང་པོ་ཞིག་གིས་བཅར་འདྲི་དང་ལེན་གྱིས་མཚོན། ཕྲན་གྱི་ཉམས་ཞིབ་ཆེད་རྩོམ་འདི་དེབ་ཅིག་གི་གཟུགས་གཞིར་ལངས་ཐུབ་པར་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་གནང་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཞེས་རྩོམ་པ་པོ་རེ་མདོ་སེངྒེས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རང་ཤག་ནས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༢ ཚེས་ ༣ ཉིན་བྲིས་པ་དགེ།

ཟུར་ལྟའི་དཔེ་དེབ་འགའ་ཤས་ཀྱི་མཚན་བྱང༌།

  1. གྲོས་ཚོགས་གསར་ཤོག་ལས་ཤེས་ཡོན་སྲིད་བྱུས་སྐོར་གྱི་ཡིག་ཆ་ཁག
  2. མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་གསུང་རྩོམ་ཁག
  3. ས་པཎ་མཁས་འཇུག
  4. འཇུ་མི་ཕམ་གྱི་མཁས་འཇུག
  5. ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད།
  6. རྗེའི་ལམ་རིམ་ཆེན་མོ།
  7. ཚལ་པའི་དེབ་དམར།
  8. ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད།
  9. ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་གཉིས་སོགས་ཀྱི་རྣམ་ཐར།
  10. ཀིརྟི་སྐུ་ཕྲེང་བརྒྱད་པའི་རྣམ་ཐར་ཆེན་མོ།
  11. ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར།
  12. ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར།
  13. གུང་ཐུང་བསྟན་པའི་སྒྲོན་མེའི་རྣམ་ཐར།
  14. རྗེ་ལམ་རིམ་པའི་རང་རྣམ།
  15. གྷན་རྡིའི་རང་རྣམ།
  16. རྒྱ་གར་གྱི་རང་དབང༌།
  17. སློབ་གསོའི་རྣམ་བཤད་སོགས་བོད་ཡིག་ཐོག་ཡོད་པའི་དེང་རབས་ཤེས་ཡོན་སློབ་གསོའི་སྐོར་གྱི་དཔེ་དེབ་དང་རྩོམ་ཡིག་སྣ་ཚོགས།
  18. བོད་མཁས་སྙན་ངག
  19. རྒྱལ་བའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌།
  20. སྲིད་དོན་རྒྱལ་རབས།
  21. བུ་སྟོན་ཆོས་འབྱུང༌།
  22. བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ།
  23. མདོ་སྨད་ཆོས་འབྱུང༌།
  24. ཤེས་རིག་ཚོགས་ཆེན་ཐེངས་སྔ་ཕྱིའི་འབྲེལ་ཡོད་ཡིག་ཆ་ཁག
  25. ཤེས་རིག་ལྷན་ཁང་གི་ཡིག་ཚགས་ཁྲོད་ཉར་ཚགས་གནང་བའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཁག
  26.  བོད་རིག་པ་སྤྱི་བཤད།
  27. བོད་ཕྱི་ནང་གི་སློབ་གསོ་དང་འབྲེལ་བའི་དྲ་རྒྱ་ཁག

མདུན་ཤོག

Menu