གསུམ་པ། འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་ལ་རྒྱ་བོད་ཀྱི་ཤེས་ཡོན་སྲིད་བྱུས་ལ་མ་འདྲ་བའི་ཁྱད་པར་ཅི་ཡོད་སོགས་ཀྱི་ཐད་བཅར་འདྲི་ཞུས་པའི་ཟིན་བྲིས།

    དྲི་བ། རིན་པོ་ཆེ་ལ་དང་པོ་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་ཚིག་གཅིག་བཀའ་འདྲི་ཞུ་ཐུབ་ན་བསམ་གྱི་འདུག འདས་པའི་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་དང༌། རྗེས་སུ་བསྟན་པ་ཕྱི་དར་སོགས་ཀྱི་སྐབས་སུ་ཤེས་ཡོན་སྲིད་བྱུས་ཟེར་ནས་སློབ་སྦྱོང་བྱེད་སྟངས་ཀྱི་ལམ་སྲོལ་ཡིག་ཐོག་ནས་བཟོས་པ་དེ་འདྲ་མེད། འོན་ཀྱང་སྐབས་དེ་དག་ཏུ་བོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་ཧ་ཅང་གི་ཡར་རྒྱས་ཆེན་པོ་ཕྱིན་འདུག རིམ་པས་ཤེས་ཡོན་ལམ་སྲོལ་ཞིག་དར་བ་དང་མཉམ་དུ་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་ཉམས་ཆག་ཏུ་འགྲོ་སོང་བའི་རྣམ་པ་ཞིག་འདུག འདིའི་ཐད་རིན་པོ་ཆེས་དགོངས་པ་གང་འདྲ་བཞེས་ཀྱི་ཡོད།
    ལན། ཁྱེད་ཀྱིས་གསུངས་པ་ལྟར་སྔ་མོ་ཤེས་ཡོན་སློབ་སྦྱོང་བྱེད་སྟངས་ཀྱི་སྲིད་བྱུས་དེ་འདྲ་མེད། ཡིན་ན་ཡང་བོད་ཀྱི་བཙན་པོ་གོང་མ་རྣམས་དང༌། ལྷག་པར་དུ་མངའ་བདག་ཁྲི་རལ་པའི་སྐུ་དུས་སུ་བཀའ་བསྟན་འགྱུར་མང་པོ་ཞིག་བོད་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་ཡོད། རྒྱལ་པོས་རྒྱ་གར་གྱི་བཀའ་བསྟན་འགྱུར་ཡོད་ཚད་བོད་ཀྱི་སྐད་ཡིག་ཐོག་ཏུ་བསྒྱུར་རྒྱུའི་དགོངས་པ་བཞེས་ནས་རྒྱ་གར་གྱི་མཁས་པ་དང༌། བོད་ཀྱི་མཁས་པ། རྒྱ་ནག་གི་མཁས་པ། སོག་པོའི་མཁས་པ། ལི་ཡུལ་གྱི་མཁས་པ་སོགས་མཁས་པ་བརྒྱ་ཕྲག་མང་པོ་ཡོད་པ་དེ་ཚོ་ལ་སྣག་ཚ་དང༌། ཤོག་བུའི་མཐུན་རྐྱེན། གླ་ཕོགས་དང་བཅས་པ་བཙན་པོའི་ཕོ་བྲང་ནས་སྦྱར་བ་དང༌། མཐོངས་ཆེན་དང་གཟེངས་བསྟོད་གནང་བ། བསྒྱུར་པའི་སྐབས་བཀས་བཅད་དང་པོ་གཉིས་པ་སོགས་ཀྱི་རིམ་པ་ཞིག་བྱུང་ཡོད་པ་རེད་ལ། བསྒྱུར་སྟངས་ཀྱང་ཤིན་ཏུ་ཚད་མཐོ་བོ། དཔེར་ན། ལེགས་སྦྱར་གྱི་ཡིག་འབྲུ་གཅིག་ལ་ནང་དོན་མི་འདྲ་བ་བཅུ་ལྷག་ཡོད་པའི་རིགས་ཀྱི་ཐ་སྙད་རྣམས་ཐད་ཀར་བོད་ཀྱི་སྐད་ཡིག་ཏུ་མ་བསྒྱུར་བར་སྒྲ་སོར་བཞག་མཛད་པ་སོགས་ཞིབ་ཕྲའི་གཏན་འབེབས་མང་པོ་གནང་སྟེ་སྒྲ་སྦྱོར་བམ་གཉིས་ལ་སོགས་པ་མཛད། འདིའི་སྐབས་ཀྱི་བོད་ཀྱི་མཁས་པ་དེ་ཚོ་ཤེས་ཡོན་གནས་ཚད་ཤིན་ཏུ་མཐོ་པོ་ཡིན་པ་ཤེས་ཐུབ་ཀྱི་འདུག སངས་རྒྱས་ཀྱི་གསུང་དེང་སང་ཡང་ཀུན་གྱིས་གཏིང་ཟབ་པོ་དང་གོ་དཀའ་མོར་བརྩི་བའི་གསུང་རབ་དེ་འདྲ་ཞིག་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་པ་རེད། དེ་བཞིན་བོད་ཀྱི་སྐད་ཡིག་དེ་ཡང་གཞི་རྩའི་ནུས་པའི་ཆ་ནས་ཧ་ཅང་གི་ཚད་མཐོ་བོ་ཞིག་མིན་ན། སངས་རྒྱས་ཀྱི་གསུང་རབ་དོན་ཟབ་པོ་དེ་དག་བསྒྱུར་ཐུབ་ཐབས་མེད། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལྟ་བུར་མཚོན་ན་དུས་སྐབས་དེ་འདྲ་ཞིག་ནས་གཞི་བརྟན་པོ་ཞིག་ཏུ་ཆགས་པའི་གནས་ཚུལ་གསལ་པོ་ཡོད། བོད་བཙན་པོའི་རྒྱལ་རབས་འཐོར་བའི་རྗེས་སུ་གང་ཟག་སྒེར་བའི་ཐོག་ནས་སངས་རྒྱས་ཀྱི་གསུང་རབ་བོད་སྐད་དུ་བསྒྱུར་པ་ཡོད་ཀྱང༌། རིག་པའི་གཞུང་ལུགས་བྱེ་བྲག་པའི་ཐོག་མཁས་པ་མ་གཏོགས་གཅིག་གྱུར་གྱི་མཁས་པ་འདི་ཡིན་ཟེར་བ་ཤིན་ཏུ་དཀོན་པོར་གྱུར། དག་ཆ་གཏན་འབེབ་གནང་གྲུབ་པའི་རྗེས་སུ་དག་ཆ་ཀུན་ལ་ཐུན་མོང་གཅིག་མཚུངས་ལྟ་བུ་ཡིན་དགོས་ཀྱང༌། གཏན་འཁེལ་མེད་པར་གདམ་ང་ཅན་མང་པོར་གྱུར་ནས་བརྡ་དག་ཚགས་ཚུད་པོ་ཞིག་མེད་པར་གྱུར་འདུག ལོ་བརྒྱད་བརྒྱའི་གོང་དུ་བོད་ཀྱི་སྐད་ཡིག་གི་གནས་ཚད་ཤིན་ཏུ་མཐོ་བོར་སླེབས་པ་ལ་བལྟས་ན་ལོ་བརྒྱད་བརྒྱའི་རྗེས་སུ་བོད་ཀྱི་སྐད་ཡིག་གི་གནས་ཚད་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་ཡིན་དགོས་པ་འདུག་ཀྱང༌། ལོ་དེའི་རིང་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེན་པོ་འགྲོ་ཐུབ་མེད། དཔེར་ན། རྒྱ་ནག་ལ་ལོ་བརྒྱད་ཅུ་དགུ་བཅུའི་གོང་དུ་བརྡ་སྤྲོད་གཞུང་ལུགས་ཚདལྡན་ཞིག་མེད་ཀྱང༌། མཱ་ཀྲོང་ཅཱང་ཟེར་བ་ཞིག་གིས་ཧཕ་རན་སིའི་སྐད་ཡིག་བྱང་ཆུབ་པར་སྦྱངས་ནས་དེའི་སྐད་ཡིག་གི་རིགས་ལམ་གྱི་ཐོག་ནས་རྒྱ་ནག་གི་སྐད་ཡིག་ལ་དེང་དུས་དང་མཐུན་པའི་ཡར་རྒྱས་ཆེན་པོ་བཏང་ཐུབ་ཡོད། མ་གཞི་ང་ཚོ་བོད་ཀྱི་རིག་གཞུང་ལ་ཕུན་སུམ་ཚོགས་པའི་ཁྱད་ཆོས་མང་པོ་ཡོད་པ་བདེན་པ་རེད། ཡིན་ན་ཡང་ང་ཚོས་སོ་སོ་ཧ་ལས་པ་ཞིག་ཡིན་བསམས་ནས་རིག་གཞུང་ཡར་རྒྱས་དང་ཞིབ་ཇེ་ཚགས་སུ་གཏོང་བའི་ཐབས་ཤེས་བྱེད་མཁན་ཤིན་ཏུ་ཉུང་བ་འདི་ང་ཚོའི་ཞན་ཆ་ཆེན་པོ་རེད་བསམ་གྱི་ཡོད།
    སློབ་སྦྱོང་སྤྲོད་སྟངས་ཀྱི་ཐད་ངས་སྔོན་མ་བསམ་འཆར་མང་པོ་བཏང་མྱོང༌། དགེ་རྒན་ཚོས་སློབ་མ་ཚོར་སློབ་སྦྱོང་སྤྲོད་པའི་སྐབས། དཔེར་ན། བཤད་གྲྭ་ཞིག་ལ་མཚོན་ན་གཞུང་རྒྱ་ཆེན་པོ་ཡིན་དུས་དགེ་རྒན་ཚོས་བཤད་པའི་སྤྲོས་པ་དང་ལུང་འདྲེན་མང་པོ་ཞིག་གནང་གི་ཡོད། དགེ་རྒན་རང་ངོས་ནས་ཤིན་ཏུ་རྒྱ་ཆེན་པོ་གསུངས་པ་བཟང་ཡང་ཉན་མཁན་གྱིས་ཤེས་ཐུབ་ཀྱི་ཡོད་མེད་ལ་བསམ་བློ་གཏོང་ཐུབ་ཀྱི་མི་འདུག ཕྱི་རྒྱལ་པ་ཚོ་ཡིན་ན་དགེ་རྒན་གྱིས་སློབ་མར་བསླབ་པའི་སྐབས་གཙོ་བོ་སློབ་མའི་ངོས་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། ང་སྔོན་མ་ཕྱི་རྒྱལ་པའི་རྒྱལ་རབས་སློབ་དཔོན་ཞིག་དང་ཐུག་ནས་སྐད་ཆ་བཤད་པའིསྐབས། ཁོང་གིས་སྔོན་མ་ང་ཚོས་རྒྱལ་རབས་ལྟ་བུ་ལོ་དྲུག་གི་རིང་ལ་སྦྱང་རྒྱུའི་སློབ་ཚན་རྣམས་དེང་སང་ལོ་གཅིག་གི་ནང་ལ་ཡོངས་རྫོགས་བསླབ་ཐུབ་ཀྱི་ཡོད་ཟེར། དེ་ཅི་འདྲ་བྱས་ནས་སྦྱོང་གི་ཡོད་ཟེར་ནས་དྲིས་པར་ཁོས། སྔོན་མ་ཡིན་ན་ཆེན་པོ་ཞིག་མགོ་ནས་མཇུག་བར་དགེ་རྒན་གྱིས་འཁྲིད་ནས་བསླབ་ཀྱི་ཡོད། དེང་སང་དེབ་ཚོའི་ནང་གི་སྙིང་པོའི་གནད་འགག་རྣམས་གཅིག་ཏུ་བསྒྲིལ་ནས་ལོ་གཅིག་ལ་བསླབ་ཀྱི་ཡོད། ཡིག་ཆ་རྒྱས་པ་གཞན་དག་རྣམས་སློབ་མ་རང་རང་གིས་ཟུར་དུ་བལྟ་དགོས་པ་བྱས་ཡོད་ཟེར། ང་ཚོའི་ཆོས་སྡེ་ཁག་མང་ཆེ་བས་ལོ་གཅིག་སྟོང་ལྷག་གོང་གི་རྒྱ་གར་གྱི་གཞུང་ལུགས་ཤིག་གསན་བསམ་གནང་གི་ཡོད། དེ་དག་གི་བརྒྱུད་པའི་སྲོལ་རྒྱུན་མ་ཉམས་པ་ཞིག་དགོས་ཀྱང༌། དེང་དུས་ཀྱི་སློབ་སྟངས་ཀྱི་ཐབས་ཤེས་མ་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་ནས་ལེགས་ཆ་ལེན་དགོས་པ་ཤིན་ཏུ་གལ་ཆེན་པོ་ཡིན་ས་རེད་བསམ་གྱི་ཡོད། ད་ལྟའི་སློབ་སྦྱོང་བྱེད་སྟངས་འདི་ལ་བསྒྱུར་བཅོས་བྱེད་མ་ཐུབ་ན་དགེ་རྒན་དང་སློབ་མ་གཉིས་ཀའི་ལོ་མང་པོའི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བའི་ཉེན་ཁ་ཞིག་མཐོང་གི་འདུག
    ལོ་བཅུ་ཕྲག་གཅིག་གི་གོང་དུ་ཨ་མེ་རི་ཀའི་བུད་མེད་དགེ་རྒན་ཞིག་ལ་ཐུག་པའི་སྐབས། མོས་སློབ་གྲྭའི་ཡིག་རྩད་མ་ལོན་པའི་སློབ་ཕྲུག་ཚོ་ཟུར་དུ་བསྡུས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་འདུག སློབ་ཁྲིད་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་པ་རེད་ཟེར་ན༑ ཡོད་ཚད་དགེ་རྒན་གྱིས་མར་སློབ་ཁྲིད་བྱས་པ་མ་ཡིན་པར་སློབ་མ་ཁོ་རང་ཚོའི་ངོས་ནས་ཀླད་པ་འགུལ་བསྐྱོད་བྱས་ནས་བསམ་བློ་གཏོང་བའི་ཐབས་ཤེས་བྱེད་ཀྱི་ཡོད། གཙོ་བོ་དགེ་རྒན་གྱིས་སློབ་མ་ཚོ་ལ་དྲི་བ་མང་པོ་གཏོང་གི་ཡོད། དགེ་རྒན་གྱིས་དྲི་བ་དྲིས་པའི་ལན་དེ་ཡང་དགེ་རྒན་གྱིས་ཡིན་མིན་ཐག་གཅོད་མ་བྱས་པར་སློབ་མའི་ནང་ཁུལ་ནས་ཕན་ཚུན་སྐད་ཆ་བཤད་ནས་ཤེས་སུ་འཇུག་གི་ཡོད། བྱེད་ཐབས་འདི་འདྲ་ཞིག་གིས་གསོ་སྐྱོང་བྱས་ཡོང་བའི་སྐབས་སློབ་མ་དེ་ཚོས་ཡིག་རྩད་ལོན་པར་མ་ཟད་སྐར་གྲངས་མཐོན་པོ་ཤ་སྟག་ལོན་པ་རེད། དེར་བརྟེན་ཨ་མེ་རི་ཀའི་སློབ་གྲྭ་ཆེན་མོ་ཁག་མང་པོའི་ནང་དུ་ཐབས་ཤེས་འདི་ལག་བསྟར་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད་ཟེར། ཨ་མེ་རི་ཀ་ལྟ་བུ་འཛམ་གླིང་ནང་གི་ཡར་རྒྱས་ཚད་མཐོ་ཤོས་ཤིག་ཏུ་གྱུར་ཡོད་ཀྱང༌། ད་དུང་ཕྱོགས་མང་པོ་ནས་ཡར་རྒྱས་སུ་འགྲོ་བའི་ཐབས་ཤེས་རྩད་གཅོད་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་ཅིག་ཡིན་བསམ་པའི་སྤོབས་པ་དང་ཁེངས་པ་ལྟ་བུ་ཞིག་གི་ཐོག་ནས་བསྡད་ན་རྗེས་ལུས་ཐེབས་འགྲོ་གི་འདུག་བསམ་གྱི་འདུག
    དྲི་བ། གནའ་སྔ་མོ་དང་དུས་ཕྱིས་བསྡུར་བ་ཡིན་ན། གནའ་སྔ་མོ་རང་བཞིན་གྱིས་ཕྱིའི་མཐུན་རྐྱེན་སྐྱོ་བ་དང༌། དུས་ཕྱིས་དེ་ལ་ལྟོས་པའི་ཕྱིའི་མཐུན་རྐྱེན་ཇེ་བཟང་དུ་གྱུར་ཡོད་པ་རེད། མཐུན་རྐྱེན་ལ་བལྟས་ན་ཕྱི་མ་ཚོ་སྔོན་མ་དག་ལས་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་བཟང་པོ་ཡོད་དགོས་པ་ལྟ་བུ་ཞིག་འདུག ཡིན་ན་ཡང་དོན་དངོས་ཀྱི་ཐོག་ནས་ཕྱི་མ་ཚོ་ལས་སྔོན་མའི་སློབ་གཉེར་པ་རྣམས་སློབ་སྦྱོང་གནས་ཚད་དང་བསམ་བློའི་ཡར་རྒྱས་མཐོན་པོར་ཆགས་ཡོད། རིན་པོ་ཆེས་འདི་རྒྱུ་རྐྱེན་གང་འདྲ་ཞིག་ལ་ཐུག་པ་རེད་དགོངས་ཀྱི་ཡོད།
    ལན། དེ་དངོས་གནས་ཡོང་གི་འདུག ས་སྐྱ་པཎ་ཆེན་གྱིས། མཁས་པར་སློབ་པའི་དུས་ན་སྡུག །ཅེས་གསུངས་པ་བཞིན་མཁས་པ་དང་ཉམས་ལེན་པ་ཞིག་བྱེད་འདོད་པ་ཡིན་ན་སྐྱིད་པོ་བྱས་ནས་ཡོང་ཐབས་གཏན་ནས་མི་འདུག ང་ཚོ་འདི་ག་རང་ལ་མཚོན་ན་ཡང༌། ལོ་ཉི་ཤུ་རྩ་གྲངས་ཀྱི་གོང་དུ་སློབ་གྲྭར་ཞུགས་མཁན་ཚོའི་འཚོ་བའི་གནས་སྟངས་ཤིན་ཏུ་སྐྱོ་བོ་རེད། མང་པོ་ཞིག་ལ་འཚོ་བའི་མཐུན་རྐྱེན་རང་གི་ནང་ནས་སྦྱོར་དགོས་ཀྱི་ཡོད། ཁོང་ཚོས་སློབ་སྦྱོང་ཤིན་ཏུ་ཡག་པོ་བྱས་འདུག དུས་སྐབས་དེ་དུས་འགྲིག་ལམ་ཡང་ཤིན་ཏུ་བཟང༌། དེང་སང་མཐུན་རྐྱེན་ཇེ་བཟང་དུ་སོང་བ་དང་སློབ་སྦྱོང་དང་འགྲིག་ལམ་གཉིས་ཀ་ཇེ་ངན་དུ་འགྲོ་གི་ཡོད། མཐུན་རྐྱེན་དེ་ལ་ངེས་པར་དུ་ཚད་འཛིན་ཞིག་དགོས་ཀྱི་འདུག ཕ་མ་མང་པོ་ཞིག་གིས་བུ་ཕྲུག་དངུལ་གྱིས་འཕྲོ་བརླག་བཏང་གི་འདུག བུ་ཕྲུག་ལག་ཏུ་དངུལ་མང་པོ་ཞིག་སྤྲད་ཚེ་བུ་ཕྲུག་གིས་དངུལ་དེ་དགོས་མི་དགོས་ཀུན་ལ་བེད་སྤྱོད་བྱས་ནས་ཆུ་ཚོད་འཕྲོ་བརླག་གཏོང་གི་ཡོད། གཉིས་ནས་སྔ་མོ་བོད་ནས་གདན་ས་ཁག་ཏུ་ཡིན་ན་ཡང་ས་ཐག་རིང་པོ་ནས་ཡོང་མཁན་ཚོ་མཁས་པར་གྱུར་པ་ལས། ཉེ་འཁོར་དུ་ཡོད་མཁན་ཚོས་འཆར་ཅན་ལྟ་བུའི་བསམ་བློ་བཏང་ནས་སློབ་སྦྱོང་ལ་དེ་ཙམ་ཧུར་བརྩོན་བྱེད་ཀྱི་མེད། ས་ཐག་རིང་པོ་ནས་ཡོང་མཁན་ཚོས་ང་ས་འདི་ལ་ཅིའི་ཕྱིར་ཡོང་བ་རེད་བསམ་བློ་བཏང་བའི་སྐབས་སློབ་སྦྱོང་ལ་སྐུལ་མ་ཤུགས་ཆེན་པོ་ཐེབས་ཀྱི་ཡོད། དཔལ་འབྱོར་གྱི་མཐུན་རྐྱེན་གྲ་རྒྱས་པོར་ཆགས་ན་དེའི་སྐྱིད་སྣང་གི་གཡེང་བ་ལ་མགོ་འཁོར་ནས་དཀའ་ལས་བརྒྱག་ཐུབ་ཀྱི་མེད། དཔལ་འབྱོར་གྱི་མཐུན་རྐྱེན་མི་དགོས་པ་མིན་ཡང་དེ་ལ་ཚད་འཛིན་ཞིག་ངེས་པར་དགོས་བསམ་གྱི་ཡོད།
    དྲི་བ། བོད་ཀྱི་ཆོས་བརྒྱུད་ཁག་ལ་མཚོན་ན་རྗེ་ཙོང་ཁ་པ་བར་དུ་རང་རང་གིས་དགོངས་པ་བཞེས་ཏེ་ཐུན་མོང་མ་ཡིན་པའི་མྱོང་བ་རྩལ་དུ་བཏོན་ནས་ཆོས་བརྒྱུད་ཀྱི་གྲུབ་མཐའ་གསར་གཏོད་མཛད་པའི་མཁས་གྲུབ་རིམ་པར་བྱོན་པ་རེད། རྗེ་རིན་པོ་ཆེ་དགོངས་པ་རྫོགས་པའི་རྗེས་སུ་མཁས་གྲུབ་གོང་མ་ཚོས་སྲོལ་གཏོད་པའི་ལམ་ཁ་དེ་རང་ལ་ཕེབས་པ་ཙམ་མ་གཏོགས་ཆོས་བརྒྱུད་ཀྱི་གྲུབ་མཐའ་གསར་གཏོད་མཛད་མཁན་བྱོན་ཐུབ་མེད། རིན་པོ་ཆེས་འདི་གནད་འགག་གང་འདྲ་ཞིག་ལ་ཐུག་ཡོད་པ་རེད་དགོངས་ཀྱི་ཡོད།
    ལན། ཕྱོགས་མང་པོའི་ཐོག་ནས་རྒྱ་ཁྱབ་ཏུ་དར་རྒྱས་སུ་འགྲོ་བ་ལ་ལྷོད་གཡེང་ལྟ་བུ་ཞིག་བྱུང་ཡོད་ཚོད་འདུག དུས་སྐབས་སོསོ་ལ་གནས་ཚུལ་མ་འདྲ་བའི་ཁྱད་པར་ཡོང་གི་ཡོད། སྤྱིར་བཏང་གི་བོད་ཀྱི་ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། ྋགོང་ས་ལྔ་པའི་ཡན་འདབས་དང་མན་འདབས་ལ་ཁྱད་པར་ཞིག་མཐོང་གི་ཡོད། ཕྱོགས་གཞན་ནས་དུས་ཕྱིས་སུ་དུས་ཚོད་སྙིགས་མར་གྱུར་ནས་གནས་སྟངས་མང་པོ་ཞིག་རང་བཞིན་གྱིས་ལག་ལེན་བསྟར་མི་ཐུབ་པར་གྱུར་ཡོད། དཔེར་ན། དབང་ལུང་སོགས་ཀྱི་ཆོ་ག་ཤིན་ཏུ་རྒྱས་པ་ཡོད་ཀྱང་ཡོངས་རྫོགས་ལག་བསྟར་བྱེད་མི་ཐུབ་པ་དང༌། སྔ་མོ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོད་ཀྱང་རིམ་གྱིས་དུས་དང༌། སྲིད་དོན། དཔལ་འབྱོར་སོགས་འགྱུར་བའི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བརྒྱུད་པ་འགའ་ཤས་གཞན་དག་ཅིག་ལ་ཐིམས་སོང་བ་དང༌། བརྒྱུད་པ་འགའ་ཤས་ཆད་སོང་བ་དེ་འདྲ་ཡང་བྱུང་ཡོད།
    དྲི་བ། དེ་སྔའི་བོད་ཀྱི་ལོ་རྒྱུས་ནང་ཆོས་དང་རིག་གཞུང་ཡོངས་རྫོགས་ཀྱི་རྩ་བ་ཐུག་ས་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་ཁག་ཆགས་ཀྱི་ཡོད། ཡིན་ན་ཡང་སྐྱ་བོའི་སྤྱི་ཚོགས་ཀྱི་ནང་དུ་ཡང་མཁས་པ་གང་ལ་གང་འཚམས་ཤིག་ཕེབས་ཐུབ་འདུག དེ་སྔ་དབུས་གཙང་ཁུལ་དུ་དགོན་པ་ཁག་མ་བརྩིས་པའི་སྐྱ་བོ་ཕོ་མོ་ཚོས་གཙོ་བོ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཅི་ཙམ་ཡོད། དེ་ཚོའི་གནས་སྟངས་གང་འདྲ་ཡིན་ནམ།
    ལན། དབུས་གཙང་ཁུལ་དུ་སྤྱིར་སློབ་གྲྭ་ཆེ་ཁག་གཉིས་ཡོད་པ་རེད། ང་ཚོ་འབྲི་གུང་ལ་དཔེ་མཚོན་ན་འབྲི་གུང་རྫོང་ཞོད་ཀྱི་གྲོང་ཚོའི་ནང་དུ་སློབ་གྲྭ་ཅུང་གྲ་རྒྱས་པོ་ཞིག་ཡོད། ཡི་གེའི་རིག་གནས་དང་ལྷ་མོའི་འཁྲབ་གཞུང་གི་ཟློས་གར་སོགས་མང་པོ་ཞིག་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག ལོ་རེའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ངོས་ནས་བལྟ་དགོས་ཀྱི་འདུག ལོ་རྟག་པར་ཡིག་རྒྱུགས་ཀྱི་བཟང་ཤོས་གྲས་འགའ་ཤས་དང༌། བར་མ་འགའ་ཤས། མཐའ་མ་འགའ་ཤས་བཅས་བསྡོམས་པའི་མི་ཉི་ཤུ་རྩ་གྲངས་ཤིག་ང་ཚོའི་རྡོ་གཅལ་སྟེང་ནས་རིམ་པ་བྱས་ཏེ་གྲལ་བསྒྲིགས་ནས་བསྡད་ཀྱི་འདུག སྔ་མོའི་ལུགས་སྲོལ་ཡ་མཚར་པོ་ཞིག་ཡོད། ང་ཚོ་དང་མི་མང་པོ་ཞིག་གིས་བལྟ་བཞིན་པའི་དཀྱིལ་ནས་ཁོ་ཚོའི་ནང་གི་བཟང་ཤོས་དེས་ཨང་གཉིས་པའི་འགྲམ་པའི་སྒང་ལ་སྙུག་ལྕག་ཅིག་གཞུས། གཉིས་པ་དེས་གསུམ་པ་དང༌། གསུམ་པ་དེས་བཞི་པ་ལ་གཞུས་ནས་མཐའ་མས་མར་སྐོག་ཅིག་གི་སྒང་ལ་སྟོང་སྒྲ་དང་བཅས་གཞུས་དགོས་ཀྱི་འདུག དེར་བརྟེན་ཡིག་རྒྱུགས་སྐྱོ་ཤོས་མང་ཚོགས་ཀྱི་དཀྱིལ་དུ་ངོ་ཚ་བོ་བཟོ་གི་ཡོད། རྒྱུགས་འབྲས་ཡག་ཤོས་ཀྱི་གྲས་ལ་འབྲི་གུང་བླ་བྲང་གིས་ཁ་བཏགས་དང་ཇ་མར་སོགས་ཀྱི་གསོལ་རས་གནང་གི་འདུག
    དྲི་བ། སྔ་མོ་བོད་དུ་ཆོས་ལུགས་ཀྱི་རིག་གནས་ཤུགས་ཆེན་པོ་དར་ཡོད། ཆོས་ལུགས་ཀྱི་རིག་གནས་ཤུགས་ཆེར་དར་བ་འདིས་བཟོ་རིག་པས་མཚོན་རིག་གནས་གཞན་དག་གི་དར་རྒྱས་ལ་འགོག་རྐྱེན་བྱས་ཡོད་པ་རེད་དགོངས་ཀྱི་ཨེ་ཡོད།
    ལན། ངས་བལྟས་ན་འགོག་རྐྱེན་གཏན་ནས་ཡོང་གི་མ་རེད་བསམ་གྱི་འདུག ཆོས་ལུགས་ཅི་ཙམ་ཤུགས་ཆེན་པོ་དར་བ་དེའི་ཚོད་ཀྱིས་བཟོ་རིག་པའི་ལག་རྩལ་དར་ཁྱབ་ཆེན་པོ་འགྲོ་གི་རེད། བཟོ་རིག་གི་ལག་རྩལ་ཡོད་མཁན་དེ་ཚོས་བཟོས་པའི་དངོས་རྫས་འགྲོ་སའི་ཁྲོམ་ར་ཞིག་དགོས་ཀྱི་ཡོད། དཔེར་ན། ད་ལྟའི་རྒྱ་གར་ནང་གི་བོད་ཀྱི་དགོན་པ་ཁག་ལ་ཆ་བཞག་ན་དགོན་པ་ཁག་གི་ནང་དུ་དར་དང་གོས་ཆེན་མང་པོ་ཞིག་དགོས་ཀྱི་ཡོད་ཀྱང༌། བོད་པ་རང་ལ་བཟོ་མཁན་མེད་སྟབས་ཡོངས་རྫོགས་ཝ་ར་ཎ་སཱི་ན་རྒྱ་གར་གྱི་ཁ་ཆེ་དེ་ཚོས་བཟོ་གི་ཡོད། ང་ཚོས་ཅི་ཙམ་མང་པོ་ཉོས་པའི་ཚོད་ཀྱིས་ཁོ་ཚོ་ལ་དར་དང་གོས་ཆེན་བཟོ་བའི་རིག་གནས་ལག་རྩལ་དེ་ཤུགས་ཆེན་པོ་དར་འགྲོ་གི་ཡོད། དེ་བཞིན་དགོན་པ་ཁག་གི་མཆོད་ཆས་ས་བལ་ཡུལ་ཚུན་ཆོད་ནས་ཁྲིད་ཡོང་ནས་བཟོ་འཇུག་གི་ཡོད། དེང་སང་ལྷ་བྲིས་པ་ཚོར་ལས་ཀ་མང་དྲགས་ནས་གཏན་ནས་ཐོབ་ཀྱི་མི་འདུག ལྷ་བྲིས་པ་ཡོངས་རྫོགས་ལས་ཀ་མེད་པའི་དཀའ་ངལ་མེད་པར་མ་ཟད། བྲེལ་བ་ཆེན་པོའི་ནང་ཚུད་ཡོད་པ་ཤ་སྟག་རེད། ང་ཚོའི་འདིར་ཡང་ལྷ་བྲིས་པ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད། དགོན་པ་ཁག་སོ་སོའི་ནང་དུ་བཟོ་རིག་ལག་རྩལ་པ་གནའ་སྔ་མོ་ནས་གསོ་སྐྱོང་བྱེད་ཀྱི་ཡོད། ང་ཚོའི་འདིར་མཚོན་ན་སྔ་མོ་ནས་བོད་དུ་ཤིན་ཏུ་དཀོན་པའི་རྡོ་ཚོན་གྱིས་ལྷ་རིས་བྲི་བའི་ལག་རྩལ་ཞིག་ཡོད་པ་དེ་རྒྱུན་འཛིན་དང་དར་སྤེལ་བྱེད་ཐུབ་པའི་སླད་དུ་ལས་ཀ་མང་པོ་བྱེད་ཀྱི་ཡོད། རིག་གནས་གཞན་དག་ཀྱང་ཆོས་ལུགས་དར་བའི་ཤུགས་ཀྱིས་ཡར་རྒྱས་ཆེན་པོ་འགྲོ་ཡོད་པ་མང་པོ་ཡོད།
    དྲི་བ། དེ་སྔ་བཀའ་བརྒྱུད་པ་སྤྱི་དང་ལྷག་པར་དུ་འབྲི་གུང་བཀའ་བརྒྱུད་ལ་གསན་བསམ་སྒོམ་པའི་བཅའ་ཡིག་ཟེར་ན་རེད། སློབ་སྦྱོང་བྱེད་སྟངས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་གང་འདྲ་ཡོད་པ་རེད་དམ།
    ལན། འབྲི་གུང་བཀའ་བརྒྱུད་ཚུགས་ནས་ལོ་བརྒྱད་བརྒྱ་སུམ་ཅུ་སོ་གྲངས་ཤིག་འགྲོ་གི་ཡོད། དབྱར་ཆོས་དང་དགུན་ཆོས་རེ་ཚུགས་པའི་སྲོལ་ཡོད། དབྱར་ཆོས་ཀྱི་སྐབས་སུ་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མ་ས་སྐྱའི་མཁས་པ་ཞིག་གིས་ཕྱག་སྲོལ་གཏོད་པ་ལྟར་གཙོ་བོ་ཐེག་པ་ཆེན་པོའི་ལམ་རིམ་སྤྱི་མཆན་བསྟན་པའི་སྙིང་པོ་དང༌། གཞུང་ལུགས་དང་ལམ་གྱི་ཉམས་ལེན་གཉིས་ཟུང་དུ་འབྲེལ་བའི་དགོངས་པ་གཅིག་པ་གཉིས་ཁྲིད་ཀྱི་ཡོད། དགུན་ཆོས་ཀྱི་སྐབས་སུ་ན་རོ་ཆོས་དྲུག་ལ་སོགས་པའི་འཆད་ཁྲིད་རྩལ་དུ་བཏོན་པའི་སྲོལ་ཞིག་བྱུང་འདུག ལོ་རེར་མང་ཚོགས་ལ་གནང་བའི་ཚོགས་ཆོས་ཟེར་བ་ཞིག་ཟུར་དུ་ཡོང་གི་ཡོད། ངའི་སྐུ་གོང་མའི་སྐབས་ནས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་གཞུང་ཆེན་བཅུ་གསུམ་གྱི་ཐོག་ནས་གསན་བསམ་བྱེད་པའི་སྲོལ་དར་ཡོད།
    དྲི་བ། དེང་སང་བོད་ནང་གི་སློབ་གྲྭ་ཁག་གི་སློབ་སྦྱོང་གི་གནས་སྟངས་ཡོངས་རྫོགས་རྒྱ་ནག་གཞུང་གི་བཏང་འཛིན་འོག་ཏུ་གནས་ཡོད། རྒྱ་གཞུང་གིས་གཞི་རྩ་དང་དམིགས་ཚད་གང་འདྲ་ཞིག་བཟུང་ནས་བོད་ནང་གི་སློབ་གྲྭ་ཁག་གི་གཞོན་སྐྱེས་ཚོར་སློབ་སྦྱོང་གི་ལམ་སྲོལ་གཏན་འབེབས་བྱེད་ཀྱི་ཡོད་པ་རེད།
    ལན། གུང་ཁྲན་གཞུང་གི་ལས་ཀ་ཡོངས་རྫོགས་སྲིད་དོན་གྱི་དམིགས་ཡུལ་གཅིག་གི་འོག་ནས་གཏན་འབེབས་བྱེད་ཀྱི་ཡོད་པ་ཡིན་དུས་གཙོ་བོ་བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་དང༌། བོད་རྒྱ་ནག་དང་ཁ་མ་བྲལ་བ་ཞིག་དགོས་པ་དམིགས་ཡུལ་དང་པོར་བཞག་ཡོད། དེ་ནས་གཉིས་པ་འགྱུར་བ་རིམ་པ་སྣ་ཚོགས་བཏང་ནས་བོད་ཀྱི་སྐད་ཡིག་གི་ནུས་པ་ཤུགས་ཆུང་དུ་འགྲོ་བའི་འཆར་གཞི་བྱེད། བོད་ཀྱི་སྐད་ཡིག་ཉམས་ཆག་དང་རིམ་པས་རྩ་མེད་དུ་གཏོང་ཨེ་ཐུབ་བསམས་ནས་ལས་ཀ་བྱེད་མཁན་གུང་ཁྲན་གྱི་གཞུང་རྐྱང་པ་མ་རེད། སྔ་མོ་གུང་མིན་ཏང་གི་ཅང་ཀེ་ཤའི་སྐབས་སུ་ཁོ་རང་གི་མི་རབས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏན་ནས་མེད་པ་རྒྱའི་རིག་གཞུང་གིས་དེའི་ཚབ་བྱེད་ཐུབ་པ་བཟོ་བའི་འཆར་གཞི་ཡོད། ཕྱི་རྒྱལ་པའི་ལོ་རྒྱུས་མཁས་པ་ཞིག་གིས་འདི་ལྟར་བཤད་ཀྱི་འདུག ཅང་ཀེ་ཤས་རྒྱ་ནག་ནང་ཁུལ་དང༌། ཕྱི་ལོགས་ཀ་ལན་སྦུག་སོགས་སུ་སློབ་གྲྭ་མང་པོ་ཞིག་བཙུགས། བོད་པ་མི་སྣ་གནད་འགག་ཡོད་པ་རྣམས་ཁྲིད་ཡོང་ནས་རྒྱའི་སྐད་ཡིག་དང་རིག་གཞུང་གི་སློབ་སྦྱོང་སྤྲད། ཁོ་ཚོའི་ངན་ཇུས་ཀྱི་གནས་ཚུལ་འདི་ཕྱི་ལ་འཆལ་བ་དང་དེ་སྔ་གུང་མིན་ཏང་གི་འོག་ཏུ་ལས་ཀ་བྱས་ནས་བསྡད་པའི་བོད་པ་ཚོས་ཀྱང་གུང་མིན་ཏང་ལ་ངོ་ལོག དེར་བརྟེན་དེང་སང་ཁོ་ཚོས་ཐབས་ཤེས་གང་འདྲ་ཞིག་བྱས་ཀྱང་ཇུས་ངན་ལམ་དུ་འགྲོ་སྲིད་ཀྱི་མ་རེད་བསམ་གྱི་འདུག དཔེར་ན། ང་རང་གི་མཐོང་སྣང་གི་གནས་ཚུལ་འགའ་ཤས་ལ་བལྟས་ན་ཡང་དེ་ལྟར་མི་ཡོང་བ་ཤིན་ཏུ་གསལ་པོ་རེད། མི་རབས་གཅིག་གི་གོང་རྒྱ་གར་པ་དབྱིན་ཇིའི་འོག་ཏུ་ཡོད་པའི་སྐབས་འཛམ་གླིང་ལ་དབྱིན་ཇིའི་སློབ་སྦྱོང་ཤིན་ཏུ་ཤུགས་ཆེན་པོ་རེད། ཤར་ཕྱོགས་ཀྱི་ནང་དུ་ཡང་དབྱིན་ཇིའི་དབང་བསྒྱུར་ཆེན་པོ་ཞིག་སླེབས་ཡོད། ང་སྔོན་མ་ཁ་ལ་ཧཕོ་ནི་ཡ་ན་ཡོད་པའི་རྒྱ་མི་དེ་འདྲ་ལ་ཐུག་འཕྲད་བྱུང་བའི་སྐབས་ཁོ་ཚོ་མང་པོ་ཞིག་གིས་དབྱིན་ཇིའི་མ་གཏོགས་རྒྱ་སྐད་ཤེས་ཀྱི་མི་འདུག དེར་བརྟེན་ཁོ་ཚོས་ང་ཚོ་ངོ་ཚ་བོ་རེད། ང་ཚོས་རང་གི་སྐད་ཤེས་ཀྱི་མེད། ཡིན་ན་ཡང་ང་ཚོའི་བུ་ཕྲུག་ང་ཚོ་འདྲ་བོ་མིན། ཁོ་ཚོར་སློབ་གྲྭ་ཆུང་བ་དང་འབྲིང་བའི་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་གི་ཐོག་ནས་བཟོས་ཡོད། མ་འོངས་པར་རིམ་པས་སློབ་གྲྭ་ཆེན་མོའི་སློབ་ཚན་ཡང་ང་ཚོས་རྒྱ་ཡིག་གི་ཐོག་ནས་བཟོ་ཐུབ་པའི་འཆར་གཞི་འདིང་གི་ཡོད་ཟེར་ནས་བཤད་བྱུང༌། འདིའི་གནས་ཚུལ་ལ་བལྟས་ན་བོད་ནང་གི་མི་རབས་གཅིག་བོད་ཀྱི་སྐད་ཡིག་གཏན་ནས་མི་ཤེས་མཁན་ཞིག་ཏུ་ཆགས་པའི་དབང་དུ་བྱས་ཀྱང༌། དེའི་མི་རབས་རྗེས་མ་ཚོ་མུ་མཐུད་ནས་རང་གི་སྐད་ཡིག་ཐོག་དོ་སྣང་མི་བྱེད་ནས་བསྡད་མི་སྲིད། མ་གཞི་ང་ཚོས་བཤད་བསྡད་པ་འདི་ཕྱི་ལོགས་ཀྱི་གནས་ཚུལ་ཡིན་པ་ལས་བོད་ནང་དུ་དེ་འདྲའི་གནས་ཚུལ་ཡོང་སྲིད་པ་མ་རེད་བསམ་གྱི་འདུག ལྷག་པར་ཉེ་ཆར་བོད་དུ་གཞུང་གིས་སྲིད་ཇུས་གང་འདྲ་ཞིག་བཟུང་ཡོད་མེད་ལ་མ་ལྟོས་པར་བོད་པ་རང་གི་མིས་ཁ་པར་ལ་སོགས་པ་ཡིན་ན་ཡང་བོད་ཡིག་གི་ཐོག་ནས་བཟོས་ཡོད། དེ་བཞིན་ཡིག་སྣོད་ཀྱི་སྒམ་ཆུང་ p.d.f ཟེར་བ་དང༌། གཞན་ཡང་དྲ་རྒྱ་སོགས་དེང་རབས་ཀྱི་འཕྲུལ་རིག་མང་པོ་ཞིག་བོད་ཡིག་ཐོག་ནས་བཟོས་ཡོད་པ་འདི་ང་ཚོས་དེང་དུས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་མི་རེ་ངོ་རེས་བེད་སྤྱོད་བྱེད་དགོས་ཀྱི་འདུག དེ་ལྟར་བྱེད་ཐུབ་ན་གཞུང་གི་སྲིད་བྱུས་གང་འདྲ་ཞིག་ཡིན་ན་ཡང་ང་ཚོའི་འཚོ་བའི་ནང་དུ་ང་ཚོའི་སྐད་ཡིག་དང་རིག་གཞུང་གནས་ཀྱི་རེད་ལ། གནས་དགོས་པ་ཡང་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག
    དྲི་བ། བོད་ནང་གི་བོད་མི་ཚོའི་སློབ་སྦྱོང་གི་གནས་སྟངས་དང༌། ཕྱི་ལོགས་ན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་སློབ་སྦྱོང་གི་གནས་སྟངས་བསྡུར་བ་ཡིན་ན། འདི་གཉིས་ལ་ཁྱད་པར་གང་འདྲ་ཞིག་ཡོང་གི་འདུག་དགོངས་ཀྱི་ཡོད།
    ལན། དེང་སང་གསལ་པོ་མི་ཤེས་ཀྱང་སྔ་མོ་ང་ཚོ་སློབ་གྲྭ་འགྲིམ་པའི་སྐབས་བོད་ནང་དུ་སློབ་གྲྭའི་འགྲིག་ལམ་ཧ་ཅང་གི་དམ་པོ་ཡོད། འདི་ཕྱོགས་སུ་དེ་ཙམ་གྱི་འགྲིག་དམ་པོ་དང་ཚགས་ཚུགས་པོ་ཡོང་གི་མེད་ཚོད་འདུག ང་ཚོ་བོད་དུ་ཡོད་པའི་སྐབས་དེང་སྐབས་ཀྱི་རྒྱ་མིའི་སྲིད་ཇུས་འདྲ་བོ་མིན། བོད་ཀྱི་སྐད་ཡིག་ཐོག་ནས་སློབ་ཚན་མང་པོ་ཞིག་བསླབ་ཀྱི་ཡོད། སྐྱེ་དངོས་རིག་པ་དང༌། ཚན་རིག ཨང་རྩིས་བཅས་བོད་ཀྱི་སྐད་ཡིག་ཐོག་ནས་བསླབས་ཀྱི་ཡོད། འདི་ཕྱོགས་སུ་འཛིན་གྲྭ་མཐོ་བའི་རིགས་ཨང་རྩིས་ཡོངས་རྫོགས་དབྱིན་ཇིའི་སྐད་ཡིག་ཐོག་ནས་བསླབ་ཀྱི་འདུག་ཀྱང༌། ང་ཚོའི་སྐབས་བོད་ནང་དུ་ཨང་རྩིས་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་ཀྱི་ཡོད། རྒྱ་མིའི་དགེ་རྒན་གྱི་ནང་དུ་ཡང་བོད་ཡིག་ཚད་མཐོ་བོ་ཤེས་མཁན་ཡག་པོ་མང་པོ་ཡོད། ཐེངས་ཤིག་ང་ཚོས་དགོང་མོ་རང་སྦྱོང་བྱས་ནས་ཡོད་པའི་སྐབས་རྒྱ་མིའི་དགེ་རྒན་ཞིག་གིས། སྨད་ཅིང་སྐུལ་བར་བྱས་པ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེས། །མ་སྐུལ་གཞན་གྱིས་མ་སྨྲས་པར། །བརྩོན་པར་བྱས་ན་མཁས་པ་ཡིན། །ཞེས་ས་སྐྱ་ལེགས་བཤད་བློར་སྐྱོར་ནས་ཕར་འགྲོ་ཚུར་འོང་བྱེད་པ་གསལ་པོ་དྲན་གྱི་འདུག རིག་གནས་གསར་བརྗེའི་ཕྱིས་སུ་འགྱུར་བ་མང་པོ་ཕྱིན་ནས་དེའི་རྗེས་སུ་ཇེ་དམ་དུ་གྱུར་པ་རེད།
    བཙན་བྱོལ་ནང་གི་སློབ་གྲྭ་ཁག་ཏུ་མང་པོ་འགྲོ་མ་མྱོང་བས་གནས་ཚུལ་ཞིབ་ཚགས་པོ་གསལ་པོ་ཞིག་ཤེས་ཀྱི་མེད། ཡིན་ན་ཡང༌། ཐེངས་ཤིག་ང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འགྲོ་བའི་སྐབས་ཤིག་ལ་སློབ་གྲྭ་ཞིག་ཏུ་འགྲོ་བ་ཡིན། དེ་དུས་ཆོས་དགེ་ཞིག་གིས་བློ་རིག་རྟགས་རིགས་ཀྱི་སྐོར་ཞིག་ཡིན་ཚོད་འདུག ཁོས་རྒྱ་གར་གྱི་ཞྭ་མོ་ཆོས་ཅན། རྒྱ་གར་གྱི་ཞྭ་མོ་མ་ཡིན་ཏེ། ཨ་མེ་རི་ཀའི་ཞྭ་མོ་ཡིན་པའི་ཕྱིར། ཟེར་ནས་བསླབ་ཀྱི་འདུག ངའི་བསམ་པར་རིགས་ལམ་བྱང་བ་ལ་ཕན་ཐོགས་ཕྲན་བུ་ཞིག་ཨེ་ཡོད་མ་གཏོགས་དངོས་གནས་ཆོས་བསླབ་ཀྱི་ཡིན་ན། དེ་འདྲ་ཞིག་གིས་ཕན་ཐོགས་ཀྱི་མ་རེད་བསམ་བྱུང༌། ང་ཚོའི་འདིར་བུ་ཕྲུག་ཅིག་ཡོད། འཛིན་གྲྭ་དྲུག་པ་བདུན་པ་ཞིག་ཐོན་ཚར་ནས་ཡོང་བ་རེད། ཡིན་ན་ཡང་ཡི་གེ་ཡག་པོ་ཞིག་གཏན་ནས་འབྲི་ཤེས་ཀྱི་མི་འདུག་པར་མ་ཟད། སྐད་ཆའི་བརྗོད་པ་ཡང་ཤིན་ཏུ་སྐྱོ་བོ་གཞན་པས་མི་གོ་བའི་ལོགས་སྐད་ཅིག་བཤད་ཡོང་གི་འདུག འདི་འདྲ་བྱས་ནས་བལྟས་ན་འདི་ཕྱོགས་ཀྱི་སློབ་གྲྭའི་གནས་སྟངས་ཅུང་སྐྱོ་བོ་ཡིན་ཚོད་འདུག སློབ་ཕྲུག་ཚོའི་བོད་སྐད་ཀྱི་བརྗོད་པ་གཙང་མ་དང་དག་པོ་ཡོང་རྒྱུའི་ཆེད་དུ་ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་གཏམ་བརྗོད་ཟློས་གར་སོགས་བོད་སྐད་གཙང་མའི་བརྗོད་པ་ཅན་གྱི་གློག་བརྙན་མང་པོ་སྟོན་དགོས་ཀྱི་འདུག་བསམ་གྱི་ཡོད།
    དྲི་བ། རྒྱ་མི་ཁོ་རང་ཚོའི་གནའ་སྔ་མོའི་ཤེས་ཡོན་སློབ་སྦྱོང་གི་རྩ་དོན་དང༌། དེང་སང་གི་ཤེས་ཡོན་སློབ་སྦྱོང་གི་རྩ་དོན་གྱི་བར་ལ་མ་འདྲ་བའི་ཁྱད་པར་གང་འདྲ་ཞིག་ཕྱིན་ཡོད།
    ལན། རྒྱ་ནག་གིས་རིག་གནས་གསར་བརྗེའི་སྐབས་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་སྤེལ་བ་རེད། དེར་བརྟེན་བར་ལམ་གྱི་མི་རབས་ཚོའི་ནང་དུ་དེང་རབས་ཀྱི་རིག་གནས་གསར་པ་མ་གཏོགས་རྒྱ་མི་ཁོ་རང་ཚོའི་གནའ་སྔ་མོའི་རིག་གཞུང་སློབ་སྦྱོང་བྱེད་མྱོང་མཁན་ཤིན་ཏུ་དཀོན་པོ་རེད། དེང་སང་རྒྱ་ནང་གི་གཞོན་སྐྱེས་མང་པོ་ཞིག་གནའ་སྔ་མོའི་རྒྱ་ནག་རང་གི་རིག་གཞུང་རྙིང་པའི་བསམ་བློ་ལ་སློབ་སྦྱོང་བྱེད་མ་མྱོང་བ་དང༌། གུང་ཁྲན་གྱི་རིག་གཞུང་ལ་ཡིད་ཆེས་བརླགས་ནས་བསམ་བློའི་ནང་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་པའི་དཀའ་ངལ་ཡོང་གི་ཡོད། དཀའ་ངལ་དེའི་དབང་གིས་བར་ལམ་ནས་རྒྱ་ནང་དུ་ཀྲུང་ཡོང་ཀྲི་ཏཱའོ་ལྟ་བ་ཟེར་བའི་ཁུང་ཙིའི་ལྟ་བ་འདྲ་པོ་ཞིག་ཁྱབ་སྤེལ་བྱེད་ཀྱི་འདུག མ་གཞི་ནས་དེང་སང་རྒྱ་མིའི་སློབ་གྲྭ་ཁག་གི་ནང་བསྐྱར་དུ་ཁུང་ཙིའི་ལྟ་བ་དང་ཀུན་སྤྱོད་ལ་སློབ་སྦྱོང་ཕྲན་བུ་བྱེད་པའི་འགོ་འཛུགས་བྱེད་ཀྱི་ཡོད་ཚོད་འདུག
    རྒྱ་མིའི་སློབ་གསོའི་སྲིད་བྱུས་ཀྱི་བཤད་སྟངས་བྱས་ན་གནད་དོན་གཉིས་ཀྱི་ཐོག་ནས་བཤད་ཀྱི་ཡོད། གནས་ཚད་མཐོན་པོ་ཞིག་གི་ཐོག་ནས་བསྐྱེད་བསྲིང་བྱ་ཐབས་ཤིག་དང༌། ཤེས་ཡོན་རྒྱ་ཁྱབ་ཏུ་སྤེལ་བའི་བྱ་ཐབས་གཉིས་ཡོད། ང་ཚོ་བོད་ལ་མཚོན་ན་གནའ་སྔ་མོ་གནས་ཚད་མཐོན་པོ་ཞིག་གི་ཐོག་ནས་བསྐྱེད་བསྲིང་བྱེད་པའི་སློབ་གསོའི་བྱ་ཐབས་ཡོད་ཀྱང༌། ཤེས་ཡོན་རྒྱ་ཁྱབ་ཏུ་སྤེལ་བའི་སློབ་གསོའི་བྱ་ཐབས་མེད། དེར་བརྟེན་སྒང་གི་མཁས་པ་ཚོ་ཁྲ་ལྟེམ་མེར་ཡོད་ཀྱང་འོག་གི་རྩིག་རྨང་རྣམས་ཁྲ་ལེ་ཁྲི་ལེ་ཤ་སྟག་ལས་མེད། དེ་ལ་བལྟས་ན་རྒྱ་གར་ནང་བོད་རིགས་གཞོན་སྐྱེས་ཁྲི་ཚོ་མང་པོ་ཡོད་པའི་ནང་ནས་ཡི་གེ་འབྲི་ཀློག་མི་ཤེས་མཁན་རེ་ཟུང་ལས་མེད་པ་འདི་ང་ཚོའི་སློབ་གྲྭ་ཁག་གི་གྲུབ་འབྲས་ཆེན་པོ་རེད་བསམ་གྱི་འདུག སྔ་མའི་ལམ་སྲོལ་འདིའི་ཐོག་བསམ་འཆར་མང་པོ་བཤད་མྱོང་ཡང་ལུགས་སྲོལ་རྙིང་པ་ལ་བཅོས་བསྒྱུར་བྱེད་ཐུབ་པ་ཤིན་ཏུ་དཀའ་མོ་འདུག ལུགས་སྲོལ་གསར་པ་གཏོད་པ་ལ་དེ་ཙམ་དཀའ་ངལ་མེད།
    དྲི་བ། དེང་སང་སྤྱི་ཚོགས་ཀྱི་གླེང་ཕྱོགས་སུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཅི་ཙམ་མཁས་པར་སྦྱངས་པ་ཡིན་ན་ཡང༌། དེས་མི་ཚེའི་ལྟོ་གོས་འཁྱོལ་བ་མི་འདུག་ཟེར་བ་ཞིག་འདུག འདིའི་ཐོག་རིན་པོ་ཆེར་དགོངས་ཚུལ་གང་འདྲ་ཞིག་ཡོད།
    ལན། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱངས་ན་ལྟོ་གོས་རག་གི་མི་འདུག་ཟེར་བ་དེ་ཚོས་བསམ་བློ་ཤིན་ཏུ་གུ་དོག་མོ་བཏང་བ་རེད། ད་ལྟའི་ཡི་ཤུའི་ཕོབ་ཀྱིས་སྐད་ཡིག་བདུན་བརྒྱད་ཅིག་ཤེས་ཀྱི་ཡོད། སློབ་གྲྭ་ཆེན་མོ་ཞིག་གི་ནང་དུ་སློབ་དཔོན་ཆེན་པོ་བྱེད་དགོས་ན་སྐད་ཡིག་གཉིས་གསུམ་ཞིག་མ་ཤེས་ཐབས་མེད་ཡིན། ང་ཚོ་མི་སྤྱི་བཏང་བ་ཞིག་ཡིན་ན་ཡང་བོད་རང་གི་སྐད་ཡིག་དང་རིག་གཞུང་སྦྱངས་པའི་ཐོག་ཏུ་སྐད་ཡིག་གཉིས་པ་དབྱིན་ཇིའི་སྐད་ཡིག་ལྟ་བུ་སྦྱང་མི་ཐུབ་པའི་དཀའ་ངལ་དེ་ཙམ་མེད། འདི་གཉིས་ཀྱི་ཐོག་ནས་ཆུང་ས་བྱས་ན་ང་ཚོར་མི་ཚེའི་ལྟོ་གོས་རག་ཡོང་གི་རེད། བོད་ནང་གི་ལྷ་ས་ལྟ་བུར་འགྲུལ་སྐྱེལ་ནང་འགྲོ་བའི་སྐབས་བོད་ལྗོངས་སློབ་གྲྭ་ཆེན་མོར་འགྲོ་གི་ཡིན་ཟེར་ན་གོ་བརྡ་འཕྲོད་ཀྱི་མེད། ངེས་པར་དུ་ཞིས་ཙང་ཏཱ་ཞོའུ་ནང་འགྲོ་ཟེར་དགོས་ཀྱི་འདུག་ཟེར། ཡིན་ན་ཡང་མདོ་དབུས་ཁམས་གསུམ་གྱི་བོད་རིགས་གཞོན་སྐྱེས་མང་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་མཁས་པར་སྦྱངས་ནས་བོད་ཡིག་གི་དེབ་སྟོང་ཕྲག་མང་པོ་བཏོན་གྱི་ཡོད། དེ་བཞིན་གོང་དུ་བཤད་པ་ལྟར་བོད་ཡིག་ཐོག་དེང་རབས་ཀྱི་འཕྲུལ་ཆས་མང་པོ་བེད་སྤྱོད་ཡོང་ཐབས་ཀྱི་འབད་བརྩོན་གནང་གི་ཡོད། ཁོང་ཚོས་ཛ་དྲག་དང་དཀའ་ངལ་ཆེན་པོའི་གནས་སྟངས་དེའི་འོག་དེ་འདྲའི་རླབས་ཆེན་གྱི་ལས་ཀ་མང་པོ་བྱེད་ཀྱི་ཡོད། ང་ཚོས་རང་དབང་ལུང་པའི་ནང་དུ་དེ་ལས་རླབས་ཆེ་བའི་ལས་ཀ་ཞིག་བྱེད་མ་ཐུབ་ཀྱང་དེ་འདྲའི་བསམ་བློ་ཐབས་རྡུགས་དང་སྐད་ཆ་སྐྱོ་བོ་བཤད་མི་རུང་བ་རེད།
     དྲི་བ། ང་ཚོས་འཛམ་གླིང་སྤྱི་ལ་བསམ་བློ་གཏོང་མ་ཐུབ་པ་ཡིན་ན་ཡང༌། བོད་རང་དབང་གི་འཐབ་རྩོད་རྒྱུན་འཁྱོངས་ཡོང་བའི་ཆེད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྦྱང་དགོས་པ་དངོས་ཡོད་གནས་ཚུལ་རེད་ལ། དེང་སང་གི་སྤྱི་ཚོགས་ཀྱི་འགྱུར་བ་དང་ཁོར་ཡུག་གི་གནས་སྟངས་ཀྱི་ཐོག་ནས་གཞན་པའི་སྐད་ཡིག་དང་དེང་རབས་ཤེས་ལ་ཡང་ངེས་པར་སློབ་སྦྱོང་བྱེད་དགོས་པ་ཆགས་ཀྱི་ཡོད། མི་གཅིག་ལ་དེ་གཉིས་འཛོམས་ན་རབ་རེད། གལ་སྲིད་མི་གཅིག་གིས་དེ་གཉིས་ལས་གཅིག་གདམ་དགོས་ན་གང་གཙོ་བོ་བྱས་ནས་གདམ་དགོས་པ་རེད་དགོངས་ཀྱི་ཡོད།
    ལན། ཕྱི་རྒྱལ་གྱི་ལུང་པ་ཞིག་ཏུ་སླེབས་པའི་རྗེས་སུ་དེ་གཉིས་ཀ་ཤེས་དགོས་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་སྐད་ཡིག་གཉིས་མི་ཤེས་ཐབས་མེད་ཡིན། མ་མཐའ་ཡང་རྒྱ་གར་ནང་དུ་སྡོད་མཁན་ཞིག་ཡིན་ན་བོད་ཀྱི་སྐད་ཡིག་ཐོག་རྒྱ་གར་སྐད་ཤེས་དགོས་ཀྱི་ཡོད། དེའི་ཐོག་ནས་ལྟོ་གོས་མི་འཁྱོལ་བའི་དཀའ་ངལ་ཡོང་གི་མ་རེད། གལ་སྲིད་བོད་ཀྱི་སྐད་ཡིག་མ་ཤེས་པ་ཡིན་ན་མི་དེའི་ཐོག་ནས་བོད་པའི་ཁྱད་ཆོས་དང་རྣམ་པ་ཡོངས་རྫོགས་བརླགས་ཚར་བ་རེད།

མདུན་ཤོག

Menu