བཞི་པ། ཤེས་རིག་བཀའ་བློན་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནད་དོན་འགའ་ཤས་ཐོག་བཅར་འདྲི་ཞུས་པའི་ཟིན་བྲིས།

    དྲི་བ། བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་གི་ངོས་ནས་དེ་སྔ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་དང༌། ཤེས་ཡོན་སྲིད་བྱུས་གསར་པ་འདི་གཉིས་ཀྱི་བར་མ་འདྲ་བའི་ཁྱད་པར་གཙོ་བོ་གང་དང་གང་ཡོད་པར་ངོས་འཛིན་གནང་གི་ཡོད།
    ལན། དེ་སྔ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་དེ་དང༌། བཀའ་ཤག་གིས་གསར་དུ་བཟོས་པའི་ཤེས་ཡོན་སྲིད་བྱུས་གཉིས་ཀྱི་མ་འདྲ་བའི་ཁྱད་པར་གཙོ་བོ་ནི། དེ་སྔ་ལག་བསྟར་བྱེད་བཞིན་པ་དེ་སྔོ་མ་དབྱིན་ཇིའི་གཞུང་གིས་ཁོ་རང་ཚོའི་དགོས་མཁོ་དང་བསྟུན་རྒྱ་གར་ཐོག་དབྱིན་ཇིའི་སྐད་ཡིག་དང་རིག་གཞུང་གང་འདྲ་བྱས་ནས་བསླབ་དགོས་ཀྱི་ཡོད་མེད་ལ་བསམ་བློ་བཏང་ནས་ཆེད་དུ་བཟོས་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་མ་གཏོགས། ང་ཚོའི་གཞོན་སྐྱེས་ཚོའི་ཆེད་དུ་དམིགས་པའི་ཤེས་ཡོན་སྲིད་བྱུས་ཤིག་མ་རེད། བཀའ་ཤག་གིས་གསར་དུ་བཟོས་པའི་ཤེས་ཡོན་སྲིད་བྱུས་འདི་ནི་གཙོ་བོ་བོད་མི་གཞོན་སྐྱེས་ཚོའི་ཆེད་དུ་དམིགས་ནས་ང་ཚོའི་དགོས་མཁོ་དང་མཐུན་པ་ཞིག་དང༌། ཁོང་ཚོ་མ་འོངས་པར་བོད་མི་ཚད་ལྡན་ཞིག བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་ཐུབ་ངེས་ཤིག་ཏུ་འཚར་ལོངས་ཡོང་བའི་ཆེད་དུ་བཟོས་པ་ཞིག་ཡིན། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་བའི་སྐབས་ནས་དབྱིན་ཇིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དེ་ང་ཚོའི་སློབ་གྲྭ་ཁག་གི་ནང་དུ་ལག་ལེན་བསྟར་བ་རེད། སྐབས་དེར་ཤེས་ཡོན་སྲིད་བྱུས་དེ་འདྲ་ཞིག་ལག་ལེན་བསྟར་བ་འགྲིག་བསྡད་ཡོད། གང་ཡིན་ཟེར་ན། ཕྱོགས་གཅིག་ནས་སྐབས་དེར་ང་ཚོས་ཟ་སྐད་འཐུང་སྐད་ཚུན་ཆོད་ཤེས་དགོས་པ་ཁ་ཚ་དགོས་གཏུགས་སུ་ཆགས་པ་རེད། ཕྱོགས་གཞན་ཞིག་ནས་སྐབས་དེ་དུས་ང་ཚོར་བོད་མི་རང་གི་གཞི་རྩའི་དགོས་མཁོ་དང་བསྟུན་པའི་ཤེས་ཡོན་སྲིད་བྱུས་བཟོ་ཐུབ་པའི་ཆ་རྐྱེན་ཡང་ཡོད་མ་རེད། དེར་བརྟེན་ཤེས་ཡོན་སྲིད་བྱུས་དེ་འདྲ་ཞིག་ལག་བསྟར་མ་བྱས་ཐབས་མེད་དུ་གྱུར་པ་རེད། ཡིན་ན་ཡང་རིམ་པས་ང་ཚོའི་སློབ་གྲྭ་འདི་དག་སྲ་བརྟན་དུ་གྱུར་པའི་རྗེས་སུ་ང་ཚོས་གཞན་གྱི་ལུང་པར་སློབ་གྲྭ་འདི་དག་གསར་འཛུགས་དགོས་པའི་རྒྱུ་མཚན་དང༌། བོད་མི་རིགས་ཀྱི་དངོས་ཡོད་དགོས་མཁོ། ལྷག་པར་དུ་ྋགོང་ས་མཆོག་གི་རང་རྣམ་ནང་དུ་བོད་རིགས་གཞོན་སྐྱེས་འདི་ཚོ་མ་འོངས་པར་ཆོས་སྤྱོད་ཞི་བའི་ས་བོན་ཞིག་ཡོང་རྒྱུ་ཡིན་སྐོར་གསལ་པོ་གསུངས་ཡོད་པ་སོགས་ལ་བསམ་བློ་བཏང་ནས། བོད་ཀྱི་སློབ་གྲྭ་ཁག་གི་ཤེས་ཡོན་ལམ་སྲོལ་ཡང་དམིགས་ཡུལ་དེ་དང་མཐུན་པ་ཞིག་ཡོང་ཐབས་བྱ་དགོས་པ་རེད་ལ། བོད་པའི་སློབ་གྲྭ་ཐོག་མར་འཛུགས་པའི་སྐབས་སུ་ཡང་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུས་རང་གིས་ཤེས་རིག་བཀའ་བློན་མཆོག་ལ། བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་པ་མ་གཏོགས་རྒྱ་གར་སློབ་གྲྭ་ཁག་གི་ནང་དུ་བོད་པའི་གཞོན་སྐྱེས་ཚོར་དགོས་ངེས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཡོད་མ་རེད་ཟེར་ནས་གསུངས་ཡོད། ཁོང་གིས་རྒྱ་གར་སློབ་གྲྭ་ཁག་གི་ནང་དུ་བོད་པའི་གཞོན་སྐྱེས་ཚོར་དགོས་མཁོ་ཡོད་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཡོད་མ་རེད་གསུངས་པ་ནི། རྒྱ་གར་གྱི་ཤེས་ཡོན་ལམ་སྲོལ་དེའི་ཐོག་ནས་བོད་པའི་གཞོན་སྐྱེས་ཚོར་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་སྨོས་མ་དགོས་ཀྱང༌། བོད་པ་རང་གི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་གི་སློབ་སྦྱོང་སྤྲོད་རྒྱུ་མེད་པ་ལ་དགོངས་པ་བཞེས་པ་རེད། མདོར་ན། སྔ་མའི་ཤེས་ཡོན་ལམ་སྲོལ་དང༌། གསར་དུ་གཏན་འབེབས་བྱས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་བསམ་བློའི་དམིགས་ཡུལ་འཛིན་སྟངས་དང༌། དགོས་མཁོ་བཅས་ལ་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།   
    དྲི་བ། ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན་ལྟར་འདས་པའི་ལོ་སུམ་ཅུ་ཡས་མས་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཀའི་ཐད་ནས་ཉམས་ཆག་ཆེན་པོ་སོང་ཡོད་པ་རེད། དེ་ལྟར་ཉམས་ཆག་འགྲོ་དགོས་པའི་རྐྱེན་རྩ་གང་འདྲ་ཞིག་ལ་ཐུག་པར་ངོས་འཛིན་གནང་གི་ཡོད། ད་བར་གཞུང་སྒེར་གཉིས་ཀས་ཉམས་ཆག་འགྲོ་གི་འདུག་ཟེར་ནས་བཤད་བསྡད་པ་ཙམ་མ་གཏོགས། ཉམས་ཆག་གི་རྐྱེན་དེ་ལ་དགོས་ངེས་ཀྱི་འགྱུར་བ་གཏོང་ཐབས་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
    ལན། ལོ་སུམ་ཅུའི་རིང་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་དང་ཀུན་སྤྱོད་ཉམས་ཆག་ཏུ་འགྲོ་བའི་རྐྱེན་རྩ་གཙོ་བོ་གོང་དུ་དྲི་བ་དང་པོའི་ནང་དུ་བཀའ་མོལ་བྱུང་བ་བཞིན། ཤེས་ཡོན་ལམ་སྲོལ་དང༌། ཤེས་ཡོན་སྤྲོད་སྟངས། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་འཛིན་སྟངས་བཅས་མ་འགྲིག་པའི་དབང་གིས་བྱུང་བ་རེད། དཔེར་ན། སློབ་གྲྭ་ཞིག་འཛུགས་ཀྱི་ཡོད་ན་སློབ་གྲྭ་འཛུགས་མཁན་གྱི་དམིགས་ཡུལ་ལ་ཁྱད་པར་ཆེན་པོ་ཡོད། སྒེར་པ་ཞིག་ཡིན་ན་བསམ་བློའི་དམིགས་ཡུལ་འདྲ་མིན་གྱི་ཐོག་ནས་སློབ་གྲྭ་འཛུགས་ཀྱི་ཡོད། གཞུང་གིས་སློབ་གྲྭ་ཞིག་འཛུགས་རྒྱུ་ཡིན་པའི་དབང་དུ་བཏང་ན། མ་འོངས་པའི་བོད་ཀྱི་ཆོས་སྲིད་དང༌། བོད་རྒྱལ་ཁབ་འཛིན་སྐྱོང་བྱེད་ཐུབ་མཁན་གྱི་བོད་མིའི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱེད་པའི་དམིགས་ཡུལ་བཟུང་ནས་དེ་དང་མཐུན་པའི་ཤེས་ཡོན་ལམ་སྲོལ་ཞིག་གཏན་འབེབས་བྱ་དགོས་པ་རེད། ཡིན་ན་ཡང་གོང་དུ་བཤད་པ་བཞིན་ཐོག་མའི་སྐབས་ང་ཚོར་རང་གི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་ལམ་སྲོལ་ཞིག་གཏན་འབེབས་བྱེད་པའི་ཆ་རྐྱེན་ཡོད་མ་རེད་ལ། ཕྱིས་སུ་གནས་སྟངས་ལ་འགྱུར་བ་ཕྱིན་པའི་རྗེས་སུ་ཡང་བོད་མིའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་ལམ་སྲོལ་གསར་པ་ཞིག་བཟོ་མ་ཐུབ་པ་འདི་རྐྱེན་རྩ་གཙོ་བོ་ཞིག་རེད་བསམ་གྱི་ཡོད།
    གཉིས་པ་དེ། བར་ལམ་ནས་བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་མཁོ་སྒྲུག་བྱེད་པའི་བསམ་བློ་ཤུགས་ཆེན་པོར་གྱུར་པ་དེས་རྒྱལ་ཁབ་དང༌། མི་རིགས་ཀྱི་བསམ་བློ་ཤུགས་ཆུང་དུ་ཕྱིན། གནས་སྟངས་འདིའི་འོག་ནས་ཤེས་ཡོན་གྱི་ངོ་བོ་ལ་འགྱུར་བ་ཕྱིན་ནས། ཤེས་ཡོན་ནི་དཔལ་འབྱོར་བཟོ་བ་དང༌། འཕྲལ་སྒང་གི་མི་ཚེ་སྐྱེལ་ཐབས་ཙམ་ཡིན་པ་མ་གཏོགས། ཕུགས་རྒྱང་རིང་པོའི་བསམ་བློའི་ཐོག་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་འཛིན་པའི་བསམ་བློ་མེད་པ་ཞིག་ཏུ་གྱུར་སོང་བ་རེད། བསམ་བློ་ངན་པ་འདི་བོད་པའི་སློབ་གྲྭ་ཁག་གིས་མཚོན་པའི་བོད་ཀྱི་སྤྱི་ཚོགས་མཐོ་དམའ་ཡོངས་རྫོགས་ལ་ཁྱབ། སྤྱི་ཚོགས་དང་བསམ་བློའི་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་ཤེས་ཡོན་སློབ་སྦྱོང་བྱས་ཡོང་བའི་སྐབས་སློབ་གྲྭ་དེ་ནས་ཐོན་མཁན་གྱི་མི་ཡོངས་རྫོགས་འཕྲལ་སྒང་གི་འཚོ་གོས་མ་གཏོགས་བསམ་བློ་ཤུགས་ཆེན་པོ་མེད་མཁན་ཞིག་ཏུ་གྱུར་སོང་བ་རེད། དུས་སྐབས་དེར་ཤིན་ཏུ་དགོས་མཁོ་ཆེ་བའི་ཤེས་ཡོན་སྲིད་བྱུས་ཀྱང་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བཟོ་མ་ཐུབ་པར་ལྷག་པ་རེད་བསམ་གྱི་ཡོད།
    དེ་ལས་ཀྱང་གནད་འགག་ཆེ་བའི་རྒྱུ་མཚན་གཞན་ཞིག་ནི། གོང་དུ་ཞུས་པ་བཞིན་བར་ལམ་ནས་ཕ་མ་དང༌། དགེ་རྒན། སྤྱི་ཚོགས་ཡོངས་རྫོགས་དཔལ་འབྱོར་གྱི་གཞན་དབང་དུ་ཤོར་བའི་དབང་གིས་སྤྱི་ཡོངས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་ཡང་ཤིན་ཏུ་འགྱུར་བ་ཆེན་པོ་ཕྱིན་ཡོད། སྔ་མའི་ཤེས་ཡོན་ལམ་སྲོལ་དེ་ང་ཚོའི་དགོས་མཁོ་དང་མཐུན་པའི་ཤེས་ཡོན་ལམ་སྲོལ་དེ་འདྲ་ཞིག་མ་ཡིན་ཡང༌། སྐབས་དེའི་དགེ་རྒན་དང༌། སློབ་གྲྭའི་འཛིན་སྐྱོང་ལས་བྱེད་ཕལ་མོ་ཆེ་དགོན་པ་ཁག་གིས་མཚོན་སྔ་མོའི་ཤེས་ཡོན་ལམ་སྲོལ་ཞིག་གི་ཐོག་ནས་སློབ་སློབ་སྦྱོང་བྱས་ནས་ཐོན་བསྡད་མཁན་ཤ་སྟག་ཡིན་པར་བརྟེན། ཤེས་ཡོན་སློབ་སྦྱོང་སྤྲོད་པ་དང་མཉམ་དུ་ཡ་རབས་བྱེད་དགོས་ཀྱི་ཡོད་པ་དང༌། སྤྱི་སེམས་འཛིན་དགོས་པ། འཆམ་པོ་བྱེད་དགོས་པ། རྒན་གཞོན་གོ་རིམ་དགོས་པ། མི་བཟང་པོ་བྱེད་དགོས་པ། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་པ་སྒྲུབ་དགོས་པ། བོད་གཞུང་དང་མི་མང་གི་ཞབས་ཞུ་ཞུ་དགོས་པ་སོགས་ལྷག་བསམ་རྣམ་དག་གིས་བསླབ་བྱ་གནང་གི་ཡོད་ལ། ཐོག་མའི་སྐབས་སྤྱི་ཚོགས་ཀྱི་ནང་དུ་ཡང་དེ་དང་མཐུན་པར་ཕ་མ་ཚོས་རང་གི་བུ་ཕྲུག་ལ། སློབ་གྲྭའི་ནང་དུ་དགེ་རྒན་གྱི་ཞལ་ལ་ཉན་དགོས་པ་དང༌། སློབ་གྲོགས་ནང་ཕན་ཚུན་འཆམ་མཐུན། སློབ་སྦྱོང་ལ་འབད་བརྩོན། ཉམ་ཆུང་ཚུལ་མཐུན་བྱ་དགོས་པ་སོགས་ཀྱི་སློབ་གསོ་ཉིན་རེའི་སློབ་ཚན་བཞིན་གནང་གི་ཡོད། དེར་བརྟེན་ཤེས་ཡོན་ལམ་སྲོལ་དེ་ང་ཚོའི་དགོས་མཁོ་དང་འཚམས་པོ་ཞིག་མེད་པ་ཡིན་ན་ཡང༌། དགེ་རྒན་དང་སྤྱི་ཚོགས་ཀྱི་སློབ་གསོ་བཟང་པོའི་དབང་གིས་གང་ལ་གང་འཚམས་ཤིག་ཡག་པོ་བྱུང་ཐུབ་ཡོད། ཕྱི་ལོ་བདུན་ཅུ་དོན་གྲངས་ནས་སྤྱི་ཚོགས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་ནས་ཉམ་ཆུང་བྱས་ན་གྱོང་རག་རྒྱུ་ཡིན་པས་ཉམ་ཆུང་བྱ་མི་རུང་བ། གང་དུ་ཡང་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་འཐབ་རྩོད་བྱ་དགོས་པ་སོགས་ཀྱི་སློབ་གསོ་རིམ་པས་ཤུགས་ཆེ་རུ་སོང་ནས་དེང་སང་མངོན་གསལ་དོད་པོས་སློབ་གསོ་འདི་ལྟར་རྒྱག་མཁན་ཤ་སྟག་ཆགས་ཀྱི་ཡོད། གནས་སྟངས་འདི་དག་གིས་རྐྱེན་པས་ང་ཚོའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་དང་ཀུན་སྤྱོད་ལ་ཉམས་ཆག་ཕྱིན་པ་རེད།
    ལམ་སྲོལ་དེས་འགྲིག་གི་མེད་པའི་གནས་སྟངས་འདི་ལ་ད་བར་དུ་འགྱུར་བ་གཏོང་ཐུབ་མེད་པ་བདེན་པ་རེད། སྐབས་དེ་དག་ཏུ་མི་གང་འཚམས་ཤིག་གི་བསམ་བློའི་ནང་ཤེས་ཡོན་ལམ་སྲོལ་འདིས་འགྲིག་གི་མེད་པ་ཞིག་འཁོར་གྱི་ཡོད་རེད། ཡིན་ན་ཡང་མ་འགྲིག་པའི་ལམ་སྲོལ་དེ་ལ་འགྱུར་བ་གཏོང་རྒྱུའི་སྤོབས་པ་གཏན་ནས་སླེབས་ཐུབ་མེད། ད་ལྟ་རྐང་པ་འཛུགས་ས་ཡོད་པ་དེ་ལས་རྐང་པ་རྐྱང་སྐུམ་བྱས་ནས་འགྱུར་བ་འདྲ་བཏང་བ་ཡིན་ན་ཉེན་ཁ་གང་འདྲ་ཡོང་གི་ཡོད་མེད་དང༌། སྤྱི་ཚོགས་ནང་དུ་བཤད་ཚུལ་གང་འདྲ་ཞིག་ཡོང་མིན་སོགས་ལ་འཇིགས་ནས་ད་བར་ཟོལ་པོ་བྱས་ནས་བསྡད་པ་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་ངོས་ནས་ཤེས་ཡོན་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་པར་དེ་ཙམ་རྒྱབ་སྐྱོར་དང་སྐུལ་འདེད་ཀྱང་བྱེད་ཐུབ་མེད།
    དྲི་བ། ད་ལྟའི་ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་ཟིན་བྲིས་བཟོ་བའི་སྐབས་དང༌། བར་དུ་གཏན་འབེབས་བྱེད་པའི་སྐབས། མཐའ་མ་དངོས་སུ་ལག་བསྟར་བྱེད་པའི་སྐབས་སོགས་སུ་སྤྱི་ཚོགས་ནང་དུ་འདིའི་ཐོག་གླེང་སློང་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་འདི་ཁོ་རང་གི་ངོ་བོའི་ཐོག་ནས་ཡག་པོ་འདུག་སྟེ། ཡིན་ན་ཡང་དེང་སང་གི་བོད་པའི་གནས་སྟངས་དང་འཚམས་པོ་མི་འདུག་ཟེར་ནས་བཤད་ཀྱི་ཡོད། ཤེས་རིག་ལྷན་ཁང་གི་ངོས་ནས་ཤེས་ཡོན་སྲིད་བྱུས་འདི་དེང་སང་གི་བོད་པ་སྐྱབས་བཅོལ་བའི་གནས་སྟངས་དང་ཏག་ཏག་འཚམས་པོ་ཞིག་ཏུ་གཟིགས་ཀྱི་ཡོད་པ་རེད་དམ།
    ལན། དེ་ག་རང་རེད། ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་ཟིན་བྲིས་བཟོ་བའི་སྐབས་ནས་ང་ཚོའི་སྤྱི་ཚོགས་ནང་སྐྱོན་བརྗོད་ཀྱི་བསམ་ཚུལ་མང་པོ་བྱུང་བ་རེད། ངའི་རྒྱུན་ལྡན་གྱི་མཐོང་ཚུལ་ལ། སྐྱོན་བརྗོད་འདི་དག་རིམ་པ་གསུམ་གྱི་ཐོག་ནས་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རིགས་གཅིག ཤེས་ཡོན་སྲིད་བྱུས་ཙམ་མ་རེད། ལས་དོན་གང་འདྲ་ཞིག་སྤེལ་བ་ཡིན་ན་ཡང༌། ལས་དོན་དེ་སྤེལ་མཁན་གྱི་གང་ཟག་སུ་ཡིན་ལ་གཙོ་བོ་བལྟས་ནས་སྐྱོན་བརྗོད་ཡོང་གི་ཡོད། འདི་རིགས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱིས་མཚོན་པའི་ལས་དོན་གྱི་ངོ་བོ་ལ་གཏན་ནས་བརྟག་དཔྱད་བྱེད་ཀྱི་མེད། གང་ཟག་དེ་དང་དེས་སྤེལ་བའི་ལས་འགུལ་རེད་ཟེར་ནས་དེ་མ་ཐག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད། རིགས་གཅིག་གིས་གང་ཟག་གི་ཁྱད་པར་ལ་ཡང་བལྟས་པ་མིན་ལ། ལས་དོན་གྱི་ངོ་བོ་ལ་ཡང་བལྟས་པ་མིན་པར་གཞན་ཟེར་རྗེས་འབྲངས་རྐྱང་པ་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད། རིགས་གཅིག་གིས་གང་ཟག་གི་ཁྱད་པར་ཙམ་མ་ཡིན་པར། ལས་དོན་གྱི་ངོ་བོ་ལ་བལྟས་ནས་རང་གི་འདོད་པ་དང་མཐུན་གྱི་མེད་པ་རྒྱུ་མཚན་དུ་བྱས་ནས་སྐྱོན་བརྗོད་བྱེད་ཀྱི་འདུག རང་གི་བསམ་ཚུལ་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ནས་སྐྱོན་བརྗོད་བྱེད་པ་འགྲིག་པ་རེད། བསམ་ཚུལ་ཡོངས་རྫོགས་མཐུན་དགོས་པའི་རྒྱུ་མཚན་མེད་ལ་མཐུན་ཐབས་ཀྱང་མེད། ཡིན་ན་ཡང་མང་ཆེ་བ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ལ་ཞིབ་ཚགས་པོས་སློབ་སྦྱོང་མ་བྱས་པར་རང་གི་བསམ་ཚོད་དང་གོ་ཚོད་རྐྱང་པའི་ཐོག་ནས་སྐྱོན་བརྗོད་བྱེད་མཁན་ཆགས་ཀྱི་འདུག
    གོང་དུ་ཞུས་པ་བཞིན་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་མ་འོངས་པའི་ཕུགས་རྒྱང་རིང་པོའི་གནས་སྟངས་ཤིག་ལ་བསམ་བློ་བཏང་ནས་བཟོས་བཞག་པ་ཞིག་ཆགས་ཀྱི་ཡོད། རིགས་གཅིག་གིས་ད་ལྟའི་ཁོར་ཡུག་དང་འཚམས་པོ་མི་འདུག་ཟེར་བའི་རྒྱུ་མཚན་ནི། འདིའི་རིགས་ཀྱི་བསམ་བློའི་ནང་ཡོད་པའི་བསྒྲུབ་བྱ་གཙོ་བོ་ཉིན་རེའི་ལྟོ་གོས་དང་འབྲེལ་བའི་གནས་སྟངས་ཤིག་མ་གཏོགས། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སླེབས་ཐུབ་ཀྱི་མེད། དེར་བརྟེན་ཤེས་ཡོན་སྲིད་བྱུས་འདི་གཞི་བཟུང་བྱས་པ་ཡིན་ན་ཨིན་ཇིའི་སྐད་ཡིག་བསླབ་ཀྱི་མི་འདུག རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་གང་ཡང་རུང་བ་ཞིག་ཏུ་འགྲོ་ཐུབ་ཀྱི་མ་རེད། དེ་ལྟར་གྱུར་པ་ཡིན་ན་ལས་ཀ་རག་གི་མ་རེད་ཟེར་བ་ནི་སྐྱོན་བརྗོད་བྱེད་པའི་རྩ་བ་ལྟ་བུར་ཆགས་ཀྱི་ཡོད། འདིའི་རིགས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དཔྱིས་ཕྱིན་པ་གཏན་ནས་ཤེས་ཀྱི་ཡོད་མ་རེད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་ཨིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་མི་སློབ་ཟེར་ནས་དགག་ཆ་གཏན་ནས་བྱས་མེད། ཨིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་ལ་སློབ་སྦྱོང་བྱེད་པའི་རིམ་པ་འཐུས་སྒོ་ཚང་བ་ཡོད།
    དེ་ནས་ཁོར་ཡུག་དང་འཚམས་པོ་མི་འདུག་ཟེར་བ་འདི་བཤད་ཚུལ་ཡ་མཚན་ཞིག་རེད། ཁོར་ཡུག་མིས་བསྐྲུན་དགོས་པ་རེད། ཁོར་ཡུག་མིས་མ་བསྐྲུན་པར་མི་ཁོར་ཡུག་གི་རྗེས་སུ་རྒྱུག་དགོས་ན་རྗེས་ཟིན་ཐབས་མེད། སྔར་མེད་པའི་ཁོར་ཡུག་གསར་པ་ཞིག་མིས་བསྐྲུན་ནས་ཡོད་པར་ཆགས་ཀྱི་ཡོད། དཔེར་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལུགས་ཀྱི་ཐོག་ནས་འཛམ་གླིང་འདིའི་སྒང་སྔོན་མེད་པའི་འཚེ་མེད་ཞི་བ་དང༌། ཞི་བདེ་མཉམ་གནས་ཀྱི་ཁོར་ཡུག་གསར་པ་ཞིག་བསྐྲུན་ཡོད།
    དྲི་བ། དཔེ་སྟོན་སློབ་གྲྭས་མཚོན་པའི་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་ནས་ལོ་བཞི་ཡས་མས་ཤིག་འགྲོ་གི་ཡོད། ལོ་འདི་དག་རིང་གི་ཉམས་མྱོང་དང་ད་ལྟའི་གྲུབ་འབྲས་ཀྱི་ཐོག་ནས་གཟིགས་པ་ཡིན་ན། གཞུང་ལུགས་དངོས་སུ་ལག་བསྟར་བྱས་ཡོང་བའི་སྐབས་དཀའ་ངལ་གཙོ་བོ་གང་ནས་འཕྲད་ཀྱི་ཡོད་མེད་དང༌། གཞུང་ལུགས་ཀྱི་བཤད་པ་དང་དངོས་ཡོད་ལག་ལེན་བར་དུ་འགལ་བ་ཡོང་གི་ཡོད་པའི་གཟིགས་ཚུལ་འདྲ་བྱུང་ངམ།
    ལན། དཔེ་སྟོན་སློབ་གྲྭ་སོགས་ཀྱི་ནང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ནས་ལོ་བཞི་ཡས་མས་ཤིག་སོང་བའི་རིང་གི་གྲུབ་འབྲས་ལ་འགྲེལ་བཤད་བརྒྱག་དགོས་གསུང་བའི་སྐབས་ངའི་ངོས་ནས་འགྲེལ་བཤད་བརྒྱབ་ན་ལན་པོ་མེད། ཨ་ཕའི་ཕོར་བར་གཙང་ཞེན་ཟེར་བའི་དཔེ་ལྟར་ཆགས་ཉེན་འདུག དུས་བབ་གསར་ཤོག་སོགས་ཕྱི་ལོགས་ཀྱི་རྩོམ་ཡིག་ཁག་གི་ནང་དུ་བྲིས་པའི་དངོས་ཡོད་གནས་ཚུལ་དེ་དག་གི་ཐོག་ནས་གསལ་པོ་རེད་བསམ་གྱི་འདུག ང་ཚོ་ལས་ཀ་བྱེད་མཁན་གྱི་ངོས་ནས་སེམས་ཤུགས་འཕར་དགོས་པའི་གྲུབ་འབྲས་བྱུང་ཡོད་རེད་བསམ་གྱི་ཡོད། སྤྱི་ཚོགས་ཀྱིས་ཕྱོགས་མང་པོ་ཞིག་ནས་དཔེ་སྟོན་སློབ་གྲྭའི་བུ་ཕྲུག་གི་གནས་སྟངས་བཤད་ཡོང་བའི་སྐབས་གྲུབ་འབྲས་ཡག་པོ་ཐོན་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག ལྷག་པར་དུ་སློབ་གྲྭའི་ནང་སློབ་སྦྱོང་སྤྲོད་སྟངས་ཀྱིས་རྐྱེན་པས་བུ་ཕྲུག་དཔའ་ཞུམ་བསྡད་པ་ཞིག་མིན་པ་དང༌། གྲུང་ཤ་དོད་པོ་ཞིག སུ་ལ་སྐད་ཆ་བཤད་དགོས་བྱུང་ན་ཐེ་ཚོམ་མེད་ངེས་ཤིག་དང༌། དྲི་བ་གང་འདྲ་ཞིག་དྲིས་ཀྱང་རང་གི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་ལན་འདེབས་ཐུབ་མཁན་ཞིག་ཏུ་འཚར་ལོངས་ཡོང་གི་ཡོད། གྲུབ་འབྲས་འདིའི་ཐོག་ནས་མ་འོངས་པར་མུ་མཐུད་ལག་བསྟར་ཐུབ་ཐབས་བྱེད་པའི་སྤོབས་པ་ད་ལྟའི་བཀའ་ཤག་དང་ཤེས་རིག་ལྷན་ཁང་ལ་ཡོད།
    དྲི་བ། ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་གིས་དཔེ་སྟོན་སློབ་གྲྭ་ལ་ལོ་ཤས་རིང་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཡོད་པ་ངོས་འཛིན་བྱེད་ཀྱི་འདུག ཡིན་ན་ཡང་གྲུབ་འབྲས་དེ་ཤེས་ཡོན་ལམ་སྲོལ་འགྱུར་བ་བཏང་བ་ལ་བརྟེན་ནས་བྱུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། དཔེ་སྟོན་སློབ་གྲྭ་བཀའ་བློན་ཁྲི་པ་དང༌། ཤེས་རིག་བཀའ་བློན་སོགས་ཀྱིས་དམིགས་བསལ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དང༌། མཐུན་རྐྱེན་དམིགས་བསལ་བ་ཞིག་གི་འོག་ནས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་གྲུབ་འབྲས་མ་འདྲ་བ་ཞིག་ཐོན་པ་རེད་ཟེར། དངོས་ཡོད་གནས་ཚུལ་དེ་ལྟར་རེད་དམ།
    ལན། དམིགས་བསལ་ལྟ་སྐྱོང་བྱས་པ་གང་ཡང་མེད། བཀའ་བློན་ཁྲི་པ་མཚམས་རེར་ཕེབས་ཀྱི་ཡོད་པ་བདེན་པ་རེད། ང་ཡང་མཚམས་རེར་སློབ་གྲྭར་འགྲོ་གི་ཡོད། ང་ཚོ་སློབ་གྲྭར་སོང་ནས་སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་གི་ལམ་སྲོལ་དེ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་འགྲོ་ཐུབ་ཀྱི་ཡོད་མེད་དང༌། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་འགྲོ་ཐུབ་ཐབས་སུ་སྐུལ་འདེད་དང་འབད་བརྩོན་བྱེད་ཀྱི་ཡོད། སྐུ་ངོ་ཁྲི་པ་དང་ཤེས་རིག་བཀའ་བློན་དཔེ་སྟོན་སློབ་གྲྭར་སོང་ནས་འཛིན་གྲྭ་ལེན་གྱི་ཡོད་པ་མ་རེད། ཁོ་ཚོ་ལ་སམ་བྷོཊའི་སློབ་གྲྭ་གཞན་དག་དང་སྤྱི་མཚུངས་མ་གཏོགས་མཐུན་རྐྱེན་དམིགས་བསལ་བ་གང་ཡང་མེད། མཐུན་རྐྱེན་དམིགས་བསལ་ཟེར་ན་རུང་གནས་སྟངས་མ་འདྲ་བ་ཞིག་ག་རེ་ཡོད་རེད་ཟེར་ན། དགེ་རྒན་ཡོངས་རྫོགས་ལ་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་དང་མཐུན་པའི་དགེ་རྒན་འོས་སྦྱོང་ཞིག་ཕུལ་ཡོད། དམིགས་བསལ་བ་འདི་ཡང་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་དང་འབྲེལ་བསྡད་པ་ཞིག་མ་གཏོགས་སྐུ་ངོ་ཁྲི་པ་དང་ཤེས་རིག་བཀའ་བློན་གྱིས་བཟོས་བཞག་པ་དེ་འདྲ་མ་རེད།
    དྲི་བ། དེང་སྐབས་ཀྱི་གནས་སྟངས་བྱས་པ་ཡིན་ན་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་འཛིན་གྲྭ་དྲུག་པ་ཡན་ཆོད་ལ་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཀྱི་ཡོད་པ་མ་རེད། སྐུ་ངོ་རང་གི་གཟིགས་ཚུལ་བྱས་པ་ཡིན་ན་སློབ་གྲྭ་དེ་དག་ཏུ་མུ་མཐུད་འཛིན་གྲྭ་དྲུག་པ་ཡན་ཆོད་ལ་ཡང་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་དགོས་དགོངས་ཀྱི་ཨེ་ཡོད། གལ་སྲིད་དེ་ལྟར་ཡོད་ན། དགེ་རྒན་དང༌། སློབ་ཚན་སོགས་གྲ་སྒྲིག་གི་ཐད་ནས་གནས་སྟངས་གང་འདྲ་ཞིག་ཏུ་ཆགས་ཀྱི་ཡོད།
    ལན། ང་ཚོའི་བསམ་བློའི་ནང་དུ་འཛིན་གྲྭ་བཅུ་གཉིས་པའི་བར་དུ་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ནས་ཁྲིད་ཐུབ་ཐབས་ཀྱི་རེ་བ་བརྒྱག་གི་ཡོད། ད་སྐབས་ཕལ་ཆེར་འཛིན་གྲྭ་བདུན་པ་བར་དུ་སློབ་ཚན་བོད་ཡིག་ཐོག་བསྒྱུར་ཟིན། དེར་བརྟེན་སློབ་ཚན་གྱི་ཐོག་ནས་དེ་ཙམ་དཀའ་ངལ་འཕྲད་ཀྱི་མེད་ཀྱང་སློབ་མཁན་དགེ་རྒན་གྱི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད། དམའ་རིམ་ལ་དེ་ཙམ་དཀའ་ངལ་མེད། གཞི་རིམ་བར་མ་དང་གོང་མ་ལ་སློབ་མཁན་ཚོས་བོད་ཡིག་ཤེས་པ་ཙམ་གྱིས་འགྲིག་གི་མེད། ཚན་རིག་དང་ཨང་རྩིས་སོགས་ཀྱང་ཤེས་དགོས་པ་ཡིན་དུས་ཕྱོགས་གཉིས་ཀ་ཤེས་མཁན་མ་རག་པའི་དཀའ་ངལ་འཕྲད་ཀྱི་འདུག དེར་བརྟེན་ལོ་སྔོན་མ་ནས་བཟུང་ང་ཚོས་དགེ་རྒན་འོས་སྦྱོང་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད། གནས་སྟངས་འདིའི་འོག་ནས་རིམ་པས་འཛིན་གྲྭ་བཅུ་གཉིས་པའི་བར་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་འགྲོ་ཐུབ་པར་རེ་བ་བརྒྱག་གི་ཡོད། འདི་ལྟར་འགྲོ་མ་ཐུབ་ན་མཇུག་མ་འཁྱོངས་པ་ལྟ་བུ་ཞིག་ཆགས་ཀྱི་འདུག འདི་ལ་ཁ་ཚ་དགོས་གཏུགས་སུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་ཀྱི་ཡོད། ཕུགས་རྒྱང་རིང་པོའི་ཐོག་ནས་འདིའི་ཆེད་དུ་དམིགས་པའི་ཤེས་ཡོན་སྲིད་བྱུས་འདི་དང་འབྲེལ་བའི་འོས་སྦྱོང་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད། ཡིན་ན་ཡང་གང་དུ་འགྲོ་ཐུབ་ཀྱི་ཡོད་སྤྱི་ཚོགས་སོགས་ཕྱོགས་མང་པོ་དང་ལག་པ་སྦྲེལ་ནས་འགྲོ་དགོས་པ་ཡིན་དུས་ཁ་ཚོན་ཆོད་པོས་བཤད་ཐུབ་ཀྱི་མི་འདུག
    དྲི་བ། རང་གཞུང་ཤེས་རིག་ལྷན་ཁང་ལ་དེང་རབས་ཤེས་ཡོན་དང་འབྲེལ་བའི་འཛིན་གྲྭའི་སློབ་དེབ་ཆུང་ངུ་དེ་ཚོ་ཙམ་མ་ཡིན་པར་དེའི་རྒྱབ་ལྗོངས་ཀྱི་དེང་རབས་ཤེས་ཡོན་ཨང་རྩིས་དང༌། ཚན་རིག རྫས་འགྱུར་སོགས་དང༌། དེ་བཞིན་ལྟ་གྲུབ་ཀྱིས་མཚོན་པའི་དེང་སང་གི་མཁས་པའི་བརྩམས་ཆོས་གྲགས་ཅན་རྒྱས་པ་དེ་ཚོ་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ཐོག་བསྒྱུར་ཐབས་བྱ་རྒྱུའི་འཆར་གཞི་འདྲ་ཡོད་མེད།
    ལན། ད་དུང་ཤེས་རིག་ལྷན་ཁང་གི་ངོས་ནས་ལོ་ཙཱ་བའི་སྡེ་ཁག་ཅིག་འཛུགས་རྒྱུའི་འཆར་གཞི་སྒྲིག་ཐུབ་མེད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་ཆེས་མཐོའི་ཤེས་ཡོན་ལྷན་ཚོགས་ཤིག་འཛུགས་དགོས་ཀྱི་ཡོད། ལྷན་ཚོགས་དེའི་ཐོག་ནས་ཤེས་ཡོན་སློབ་ཚན་དང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་སྒྲུབ་དགོས་ཀྱི་ཡོད། དེར་བརྟེན་ལྷན་ཚོགས་འདི་འཛུགས་མ་ཐུབ་བར་དུ་ང་ཚོའི་ལས་ཀ་མང་པོ་ཞིག་བྱེད་མ་ཐུབ་པ་ལྟ་བུར་ཆགས་ཀྱི་ཡོད། དེ་ཡིན་དུས་ཚོགས་ཆུང་མགྱོགས་མྱུར་འཛུགས་ཐབས་བྱ་དགོས་ཀྱི་འདུག་ཟེར་ནས་ལྷན་ཚོགས་འདིའི་སྒྲིག་གཞིའི་ཟིན་བྲིས་བཟོ་མཁན་གྱི་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ནས་ལས་ཀའི་འགོ་བཙུགས་ཡོད།
    དྲི་བ། རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་དགེ་རྒན་ཇི་སྙེད་ཅིག་གིས། ཁོང་ཚོས་ད་སྐབས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང༌། བཀའ་ཤག་གིས་གསར་དུ་བཟོས་པའི་ཤེས་ཡོན་སྲིད་བྱུས་གཉིས་ལ་འཛིན་གྲྭ་གསུམ་པ་མན་ཆོད་དུ་དབྱིན་ཇིའི་སྐད་ཡིག་སྦྱོང་མི་སྦྱོང་གི་ཁྱད་པར་ཙམ་མ་གཏོགས། གཞན་མ་འདྲ་བའི་ཁྱད་པར་གང་ཡང་མེད། ང་ཚོའི་ད་ལྟའི་ཤེས་ཡོན་ལམ་སྲོལ་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་མེད་ཟེར། དེ་འདྲ་ཡིན་པ་ངོས་འཛིན་གནང་གི་ཨེ་ཡོད།
    ལན། འཛིན་གྲྭ་གསུམ་པ་བར་དུ་ཨིན་ཇིའི་སྐད་ཡིག་བསླབ་ན་མི་འགྲིག་ཟེར་བ་སྐད་ཡིག་བསླབ་མ་བསླབ་ཀྱི་གནད་དོན་རྐྱང་པ་ཞིག་གཏན་ནས་མ་རེད། འདི་གཞི་རིམ་གྱི་ཁྱད་པར་གཙོ་བོ་ཞིག་རེད་བསམ་གྱི་ཡོད། གཞི་རིམ་ནས་བོད་པ་བཟོས་མ་བཟོས་ཟེར་བའི་ཁྱད་པར་རེད། ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་བྱས་པ་ཡིན་ན། བུ་ཕྲུག་ཐོག་མའི་སྐབས་ནས་སྐད་ཆ་བཤད་སྟངས་བོད་པ། བསམ་བློ་གཏོང་སྟངས་བོད་པ། ཀུན་སྤྱོད་སྐྱོང་སྟངས་ཡོངས་རྫོགས་བོད་པ་བྱས་ནས་བསྐྱེད་བསྲིང་བྱེད་ཀྱི་ཡོད། མི་ཚེའི་ཐོག་མའི་འགོ་འཛུགས་སྐབས་བོད་ཀྱི་སྐད་ཡིག་རྐྱང་པ་མ་ཡིན་པར་སྐད་ཡིག་གཞན་དག་ཅིག་ཀྱང་མཉམ་པོར་བསྲེས་ཡོང་བའི་སྐབས་བུ་ཕྲུག་བོད་པ་གཙང་མ་ཞིག་ཏུ་གཏན་ནས་ཆགས་ཐུབ་ཀྱི་མེད། འཛིན་གྲྭ་བཞི་པ་ལྔ་པ་བར་སློབ་ཚན་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་ཀྱང་དེས་དེ་ཙམ་ཁྱད་པར་ཐོན་ཐུབ་ཀྱི་ཡོད་མ་རེད། དེ་སྔ་འཛིན་གྲྭ་ལྔ་པ་ནས་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ནས་བསླབས་ནས་ཐོན་པའི་བུ་ཕྲུག་དེ་ཚོ་བོད་པ་ངོ་མ་ཞིག་དང༌། བོད་པའི་སྐད་ཆ་ངོ་མ་བཤད་མཁན། བོད་པའི་བསམ་བློ་གཏོང་མཁན་ཞིག་ཏུ་འཚར་ལོངས་བྱུང་ཐུབ་ཡོད་མ་རེད། གཞི་རིམ་འོག་མའི་སྐབས་འདི་བུ་ཕྲུག་གི་མི་ཚེའི་ནང་ཤིན་ཏུ་གནད་འགག་ཆེན་པོ་ཡིན་དུས་བོད་པའི་བུ་ཕྲུག་བོད་པའི་བསམ་བློ་གཏོང་མཁན་ཞིག་དང་བོད་པའི་སྐད་ཆ་བཤད་མཁན་ཞིག་གི་གཞི་རྩའི་ཐོག་ནས་འཚར་ལོངས་ཡོང་ཐུབ་པ་དགོས་ཀྱི་འདུག་ཟེར་ནས་བཤད་ཀྱི་ཡོད།
    ཉེ་ལམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཚུགས་པ་རེད། ཟབ་སྦྱོང་དེའི་ཐོག་ནས་བོད་ཁྱིམ་མ་ལག་དང་བཅས་པ་དང༌། མ་སུ་རིའི་བོད་ཁྱིམ་མ་ལག་གཉིས་བཅས་ཀྱི་དགེ་རྒན་ཡོད། ཟབ་སྦྱོང་གྲུབ་པའི་རྗེས་སུ་ང་ཚོ་ཚོགས་འདུ་ཞིག་འཚོགས་པའི་སྐབས་བོད་ཁྱིམ་དུ་དགེ་རྒན་གནང་བཞིན་པ་ཞིག་གིས། དེ་སྔ་བོད་ཁྱིམ་སོགས་སུ་ལག་བསྟར་བྱེད་བཞིན་པ་དང་ད་ལྟའི་ཤེས་ཡོན་སྲིད་བྱུས་གསར་པ་གཉིས་ལ་ཁྱད་པར་གཏན་ནས་ཡོད་པ་མ་རེད་ཟེར་ནས་བཤད་ཀྱི་འདུག ཡིན་ན་ཡང་ད་རེས་ཤེས་ཡོན་སྲིད་བྱུས་འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དངོས་སུ་མཐོང་བྱུང༌། རིམ་པས་ང་ཚོས་སྲིད་བྱུས་འདི་ལག་བསྟར་ཐུབ་ཐབས་བྱེད་ཀྱི་ཡིན་ཟེར་ནས་བཤད་བྱུང༌། སྐད་ཆ་འདི་བོད་ཁྱིམ་གྱི་དགེ་རྒན་ཞིག་གིས་བཤད་པའི་སྐད་ཆ་རཻད།
    དྲི་བ། དྲི་བ་འདི་ལ་ལན་གནང་བདེ་བོ་མེད་ན་མ་གནང་ཡང་ཁྱད་པར་མེད། རྗེ་བཙུན་པདྨས་བཙན་བྱོལ་དུ་ཡོད་པའི་གནས་སྐབས་རིང་ཤེས་ཡོན་སྲིད་བྱུས་འདི་གཏན་ནས་ལག་བསྟར་བྱེད་ཐུབ་ཀྱི་མ་རེད། ང་བརྒྱ་ཆ་བརྒྱ་འདི་ལ་མོས་མཐུན་མེད་ཟེར་ནས་ཐག་བཅད་དེ་གསུང་གི་ཡོད། བོད་ཁྱིམ་གྱི་དབུ་འཛིན་ཚེ་དབང་ཡེ་ཤེས་སོགས་ཀྱིས་སྲིད་བྱུས་འདི་ལག་བསྟར་བྱ་རྒྱུ་ཡིན་ན་ཡང༌། ད་ལྟ་ང་ཚོ་ལ་མཐུན་རྐྱེན་འཛོམས་པོ་མི་འདུག་ཟེར་ནས་གསུང་གི་ཡོད། ཤེས་རིག་ལྷན་ཁང་གི་ངོས་ནས་བཤད་ཚུལ་མི་མཐུན་པ་འདི་ལ་ནང་དོན་གྱི་ཐོག་ནས་གོ་བ་ག་འདྲ་ལེན་གྱི་ཡོད།
    ལན། ཐོག་མའི་སྐབས་བོད་ཁྱིམ་དང་ང་ཚོ་ལྷན་དུ་ཚོགས་འདུ་ཚོགས་པའི་སྐབས་ངས་ཚོགས་ཐོག་གསལ་པོ་བྱས་ནས་བཤད་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་རང་སྐྱོང་སྡེ་ཚན་ཚོས་ཤེས་རིག་གིས་ངོས་འཛིན་དགོས་ཀྱི་ཡོད་ན་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱ་དགོས་པ་དང༌། ཤེས་རིག་ལྷན་ཁང་གིས་ངོས་འཛིན་དགོས་ཀྱི་མེད་ན་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱ་དགོས་པའི་ངེས་པ་ཡོད་མ་རེད་ཟེར་ནས་འཁོད་ཡོད། བོད་ཁྱིམ་གྱིས་ཤེས་ཡོན་སྲིད་བྱུས་འདི་ལག་ལེན་བསྟར་གྱི་ཡིན་མིན་གསལ་པོ་བྱེད་དགོས་ཀྱི་འདུག བོད་ཁྱིམ་རང་སྐྱོང་སྡེ་ཚན་ཞིག་ཡིན་པ་ཡིན་དུས་ཤེས་རིག་ལྷན་ཁང་གི་ངོས་ནས་ཁྱོད་ཚོས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་དགོས་པ་རེད་ཟེར་ནས་བཙན་ཤེད་བྱེད་ཐུབ་ཀྱི་ཡོད་མ་རེད། གང་ལྟར་ཡང་ང་ཚོ་ཕྱོགས་གཉིས་ཀ་ལ་བྱེད་བདེ་ལས་བདེའི་དོན་དུ་ཁྱེད་རང་ཚོས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་ཀྱི་རེད་དང་མ་རེད་གསལ་པོ་བྱེད་དགོས་ཀྱི་འདུག་ཟེར་ནས་བཤད་པ་ཡིན། སྐབས་དེ་དུས་ཚེ་དབང་ཡེ་ཤེས་ལགས་ཀྱིས་ང་ཚོས་ལག་བསྟར་བྱེད་ཀྱི་ཡོད། འཛིན་གྲྭ་གསུམ་པ་བར་དུ་ཨིན་ཇིའི་སྐད་ཡིག་སློབ་མི་སློབ་མ་གཏོགས་གཞན་གཅིག་པ་ཡིན་ཟེར་ནས་གསུང་གི་འདུག དེས་ན་སྲས་མོ་སྐུ་ཞབས་ཀྱིས་ལག་བསྟར་བྱེད་ཀྱི་མིན་ཟེར་ནས་གསུངས་ཀྱི་ཡོད་པ་རེད། ཁྱེད་ཚོས་ལག་བསྟར་བྱེད་ཀྱི་ཡོད་ཟེར་ནས་གསུང་གི་ཡོད། ཁྱེད་ཚོའི་བར་གྱི་སྐད་ཆ་འདི་གསལ་པོ་བཟོ་རོགས་བྱོས་ཟེར་ནས་བཤད་ཡོད།
    སྐད་ཆ་གོ་བ་ཞིག་ལ། ཁ་ཤས་ཀྱིས་སྐུ་མདུན་གྱིས་ཤེས་ཡོན་སྲིད་བྱུས་འདི་ལ་ཐུགས་མོས་གནང་གི་ཡོད་མ་རེད་ཟེར་བའི་སྐད་ཆ་ཞིག་བཤད་པ་གོ་སྡོད་ཀྱི་འདུག ཉེ་ཆར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གི་ཐོག་ངས་གསལ་པོ་བྱས་ནས་བཤད་ཡོད། སྐུ་མདུན་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་དེབ་འདིའི་ཐོག་ལ་དམིགས་སུ་བཀར་ནས་བཀའ་སློབ་དེ་འདྲ་གནང་ཡོད་པ་མ་རེད། བཀའ་སློབ་མ་གནང་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐུ་མདུན་ཤེས་ཡོན་སྲིད་བྱུས་འདི་ལ་ཐུགས་མོས་ཡོད་མ་རེད་ཟེར་ནས་དགོངས་པ་བཀྲལ་བ་ཡིན་ན། དགོངས་པ་འགྲེལ་སྟངས་དེ་འགྲིགས་ཀྱི་ཡོད་མེད་ཐེ་ཚོམ་རེད། སྐུ་མདུན་གྱིས་ལོ་མང་པོའི་གོང་ནས་གཞི་རིམ་སློབ་གྲྭའི་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཐོག་བསྒྱུར་དགོས་པའི་སྐོར་བཀའ་སློབ་རིམ་པ་གནང་ཡོད། ངས་སྐུ་མདུན་གྱི་བཀའ་སློབ་འགའ་ཤས་ལུང་དྲངས་ནས་ཤེས་ཡོན་སྲིད་བྱུས་བཀའ་སློབ་འདི་དག་དང་ཚིག་ཟུར་གཅིག་གི་འགལ་བ་འགྲོ་གི་ཡོད་ན། ཁྱེད་རང་ཚོ་དེ་རིང་ནས་ཡར་ལངས་ཏེ་འགྲོ་སོང་བ་ཡིན་ན་ཡང༌། ང་དང་ཤེས་རིག་ལྷན་ཁང་ལ་བསམ་འཆར་གང་ཡང་མེད་ཟེར་ནས་བཤད་པ་ཡིན། བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་གིས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་བའི་ལས་ཀ་བྱེད་ཐུབ་ཀྱི་མ་རེད་ལ། དེ་ལྟར་བྱ་བ་རྨི་ལམ་ཙམ་དུ་ཡང་འཁོར་ཐུབ་ཀྱི་མ་རེད། ངས་ཟབ་སྦྱོང་གི་ཉིན་དང་པོར་རྣམ་པ་ཚོར་འདི་ལྟར་བཤད་དགོས་པའི་རྒྱུ་མཚན་ཁྱེད་ཚོར་བྱ་བདེ་ལས་བདེ་ཡོང་བའི་ཆེད་དུ་ཡིན། ཤེས་ཡོན་སློབ་སྦྱོང་སྐོར་སྐུ་མདུན་གྱི་ལམ་སྟོན་བཀའ་སློབ་ཤིན་ཏུ་མང་པོ་ཡོད་པ་ལས། ངས་འདིར་དུམ་བུ་འགའ་ཤས་དྲངས་པ་འདི་དག་གི་དགོངས་དོན་དང་མ་མཐུན་པ་ཞིག་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་བྲིས་ཡོད་ན། ཉི་མ་དེ་རིང་ནས་ཤེས་རིག་ལྷན་ཁང་གིས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་མཚམས་འཇོག་བྱེད་ཀྱི་ཡིན་ཟེར་ནས་བཤད་པ་ཡིན།
    ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ཐོག་ནས་གཙོ་བོ་སློབ་དགོས་ཀྱི་འདུག་ཟེར་ནས་བཤད་ཡོད། སྐུ་མདུན་གྱིས་སྔ་མོ་དྲུག་ཅུ་རེ་གྲངས་ནས་དེ་ལྟར་གསུངས་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་བུ་ཕྲུག་ཚོ་ལ་ཉེས་རྡུང་མི་བྱེད་པར་རང་དབང་ཞི་འཇམ་གྱི་སྒོ་ནས་འཚར་ལོངས་ཡོང་ཐབས་བྱ་དགོས་སྐོར་གཙོ་བོ་བཤད་ཡོད། སྐུ་མདུན་གྱིས་ཕ་མ་མེད་པའི་དྭ་ཕྲུག་ཚོ་དཔེ་མཚོན་ཚུན་ཆད་དུ་བགྲངས་ནས་ཉེས་རྡུང་གཏོང་མི་རུང་བའི་སྐོར་ཤིན་ཏུ་གསལ་པོ་གསུངས་ཡོད། དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་བོད་རང་གི་ཤེས་ཡོན་དང་ལྷན་དུ་དེང་རབས་ཤེས་ཡོན་ཚད་འཕེར་བ་སློབ་དགོས་ཀྱི་འདུག་ཟེར་ནས་བཤད་ཡོད། སྐུ་མདུན་གྱིས་ཐོག་མར་སློབ་གྲྭ་འཛུགས་པའི་སྐབས་ནས་བོད་རང་གི་ཤེས་ཡོན་གྱི་གཞི་རྩ་མ་བརླག་པའི་ཐོག་ནས་དེང་རབས་ཤེས་ཡོན་ལྡན་པ་བྱས་ཏེ་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་བྱ་དགོས་སྐོར་གསུངས་ཡོད། དེ་ཙམ་མ་ཟད་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་ཤེས་ཡོན་སྲིད་བྱུས་ཀྱི་དེབ་འདིའི་ནང་ཐོག་མཐའ་བར་དུ་སྐུ་མདུན་ལ་དགོངས་སྐོར་བཀའ་སློབ་ཞུས་པའི་སྐོར་གསལ་པོ་འཁོད་ཡོད། དངོས་ཡོད་གནས་ཚུལ་འདི་ལྟར་ཡིན་བཞིན་ད་དུང་རང་གི་འདོད་པ་ཕྲན་བུ་ཞིག་བསྒྲུབ་པའི་ཆེད་དུ་ཤེས་ཡོན་སྲིད་བྱུས་འདི་ལ་སྐུ་མདུན་ཐུགས་མོས་ཡོད་མ་རེད་ཟེར་ནས་བཤད་པ་ཡིན་ན། སྐུ་མདུན་གྱི་མཚན་ཤས་སུ་འགྲོ་གི་རེད། མ་གཞི་ནས་ཤེས་ཡོན་སྲིད་བྱུས་འདི་སྐུ་མདུན་གྱི་དགོངས་པ་དང་མི་མཐུན་པ་ཞིག་དང༌། ཤེས་ཡོན་སྲིད་བྱུས་འདི་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་མེད་པ་ཞིག་ཡིན་ན་སྐུ་མདུན་གྱིས་གསལ་པོ་བྱས་ནས་བཀའ་གནང་གི་རེད་མ་གཏོགས། སྐུ་མདུན་ཟོལ་པོ་གནང་ནས་བཞུགས་མཁན་དེ་འདྲ་གཏན་ནས་མ་རེད། འགྲིག་གི་མེད་ན་འགྲིག་གི་མི་འདུག་ཟེར་ནས་བཀའ་གནང་གི་རེད། འགྲིག་གི་ཡོད་ན་ཡང་བསྐྱར་འགྲིག་གི་འདུག་ཟེར་ནས་བཀའ་གནང་དགོས་པའི་རྒྱུ་མཚན་གང་ཡང་ཕལ་ཆེར་ཡོད་མ་རེད།
    དྲི་བ། རྡ་སྟེང་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་འཆར་ཡོད་ཀྱང༌། ད་ལྟ་ང་ཚོ་ལ་མཐུན་རྐྱེན་འཛོམ་པོ་མི་འདུག་ཟེར་ནས་གསུང་མཁན་མང་པོ་ཞིག་ཡོང་གི་འདུག སྐུ་ངོའི་གཟིགས་ཚུལ་བྱས་པ་ཡིན་ན། དཔེ་སྟོན་སློབ་གྲྭ་སོགས་ལ་ཡོད་བསྡད་པའི་མཐུན་རྐྱེན་ཞིག་བོད་ཁྱིམ་གཉིས་ལ་མ་འཛོམས་པ་ག་རེ་ཡོད་པ་རེད་དགོངས་ཀྱི་ཡོད། འདི་ལྟར་མུ་མཐུད་དེ་སྒུག་རྒྱུ་ཡིན་ན་ཅི་ཙམ་སྒུག་དགོས་པ་རེད་དགོངས་ཀྱི་ཡོད།
    ལན། སྙིང་སྟོབས་ཡོད་མེད་དང་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་པའི་འདུན་པ་ཡོད་མེད་ལ་རག་ལུས་པ་མ་གཏོགས། སམ་བྷོཊའི་སློབ་གྲྭའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལ་བོད་ཁྱིམ་གཉིས་ལ་མེད་པའི་མཐུན་རྐྱེན་ལྷག་མ་གང་ཡང་མེད། སམ་བྷོཊའི་སློབ་གྲྭ་ཁག་བོད་ཁྱིམ་གཉིས་དང་འདྲ་བར་ཐོག་མ་སྔོན་འགྲོ་ནས་བཟུང་སྟེ་ཨིན་ཇིའི་སྐད་ཡིག་བསླབས་ནས་ཡོང་གི་ཡོད་པ་གཅིག་པ་ཡིན། ཡིན་ན་ཡང་ཤེས་རིག་གིས་སྙིང་སྟོབས་དང་ཡིད་ཆེས་གཞི་ལ་བཞག་པའི་ཐོག་ནས་དེ་སྔའི་ཤེས་ཡོན་ལམ་སྲོལ་ལ་གསར་བརྗེ་བྱས་པའི་སྐབས་ལ་གྲུབ་འབྲས་གང་འཚམས་ཤིག་ཐོན་སྡོད་ཀྱི་ཡོད། དཔེར་ན། དེ་སྔ་བོད་ཁྱིམ་གྱིས་འཛིན་གྲྭ་ལྔ་པ་མན་ལ་སློབ་ཚན་བོད་སྐད་ཀྱི་ཐོག་ནས་སློབ་ཀྱི་ཡིན་ཟེར་ནས་ཐག་བཅད་ནས་ལག་བསྟར་བྱས་པར་བརྟེན་ད་བར་ཡག་པོ་ཡོང་ཐུབ་ཡོད། སྐབས་དེ་དུས་མཐུན་རྐྱེན་འཛོམས་ཀྱི་མི་འདུག་ཟེར་ནས་སྒུག་བསྡད་པ་ཡིན་ན་ད་དུང་ཡང་འགྱུར་བ་གཏོང་ཐུབ་ཡོད་མ་རེད། མཐུན་རྐྱེན་མིས་བཟོས་ནས་ཚང་བར་བྱ་དགོས་པ་མ་གཏོགས་འདི་ལྟར་བསྡད་ན་མཐུན་རྐྱེན་ཚང་ཡོང་བའི་སྐབས་ཤིག་གཏན་ནས་མེད། ཁ་གསལ་པོ་བྱས་ནས་བཤད་ན་ལག་བསྟར་བྱེད་པའི་འདོད་པ་མེད་པ་རང་རེད། རྡ་སྟེང་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ། སྒེར་པའི་སློབ་གྲྭ་ཁག་བཅས་ཀྱི་འགན་འཛིན་ནས་བཟུང་དམའ་རིམ་བར་གྱི་དགེ་རྒན་མང་ཆེ་བ་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྤྲད་ཟིན་པ་རེད། འདི་དག་བེད་སྤྱོད་བཏང་ནས་ལག་བསྟར་བྱས་པ་ཡིན་ན་དཀའ་ངལ་འཕྲད་རིམ་བཞིན་ཉམས་མྱོང་བསགས་ནས་རིམ་པས་མཐུན་རྐྱེན་ཡོངས་རྫོགས་ཚང་མཁན་ཞིག་ཏུ་ཡོང་ངེས་པ་མ་གཏོགས། ལག་བསྟར་མི་བྱེད་པར་མཐུན་རྐྱེན་ཚང་གི་མི་འདུག་ཟེར་ནས་བསྡད་པ་ཡིན་ན་མཐུན་རྐྱེན་ཚང་བའི་སྐབས་ཤིག་གཏན་ནས་ཡོང་མི་སྲིད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་བའི་སྐབས་ང་ཚོར་མཐུན་རྐྱེན་ག་རེ་ཡོད་རེད། ཡིན་ན་ཡང་ྋགོང་ས་མཆོག་གིས་ཐུགས་སྤོབས་ལ་བརྟེན་ནས་ང་ཚོར་སློབ་གྲྭ་ཟུར་དུ་དགོས་ཀྱི་འདུག་གསུངས་ནས་སློབ་གྲྭ་ཟུར་དུ་གསར་འཛུགས་གནང་བ་རེད་ལ། ཕྱི་ལོ་བདུན་ཅུ་དང་བརྒྱད་ཅུའི་ཡས་མས་བར་གྲུབ་འབྲས་ཤིན་ཏུ་ཡག་པོ་ཐོན་ཐུབ་ཡོད།
    དྲི་བ། བོད་པའི་སྤྱི་ཚོགས་ནང་དུ་བསམ་བློ་གཏོང་མཁན་མང་པོ་ཞིག་གིས་ང་ཚོར་གཞི་རིམ་ཙམ་མ་གཏོགས་མཐོ་རིམ་ཤེས་ཡོན་སྲིད་བྱུས་ཡོད་མ་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་འདིའི་རྨང་གཞིའི་ཐོག་ནས་མུ་མཐུད་དེ་འགྲོ་སའི་མཐོ་རིམ་ཤེས་ཡོན་སྲིད་བྱུས་ཤིག་དགོས་ཀྱི་འདུག་ཟེར་ནས་བསམ་ཚུལ་བཤད་མཁན་ཡོང་གི་ཡོད། འདིའི་ཐད་ཤེས་རིག་ལྷན་ཁང་གི་ངོས་ནས་འཆར་གཞི་དང་དགོངས་པ་གང་འདྲ་ཞིག་བཞེས་ཀྱི་ཡོད་དམ།
    ལན། ད་ལྟའི་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་རྨང་གཞིའི་ཐོག་མུ་མཐུད་དེ་འགྲོ་སའི་མཐོ་རིམ་སློབ་གྲྭ་ཞིག་འཛུགས་ཐུབ་པར་དཀའ་ངལ་ཅུང་ཙམ་ཡོད་རེད་བསམ་གྱི་འདུག ང་ཚོས་མཐོ་རིམ་སློབ་གྲྭ་ཞིག་བརྒྱག་རྒྱུའི་དབང་དུ་བཏང་ན་སློབ་གྲྭ་དེ་ང་ཚོའི་ནང་ཁུལ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོད་པ་ཞིག་དགོས་ཀྱི་ཡོད། དེ་ཡོང་བ་ལ་ཆ་རྐྱེན་མང་པོ་ཞིག་ཚང་དགོས་ཀྱི་ཡོད། ད་ལྟའི་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་ཆ་རྐྱེན་དེ་དག་ཅུང་ཚང་ཁག་པོར་ཆགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན་ད་ལྟ་ཤེས་རིག་ལྷན་ཁང་གི་འཆར་གཞིའི་ནང་ལ་མཐོ་རིམ་སློབ་གྲྭ་གསར་འཛུགས་བྱ་རྒྱུའི་ལས་གཞི་དེ་འདྲ་མེད། འོན་ཀྱང་མཐོ་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ཤིག་ངེས་པར་དགོས་ཀྱི་རེད་བསམ་གྱི་ཡོད། རིམ་པས་ང་ཚོར་སྲིད་བྱུས་འདི་ལག་བསྟར་བྱེད་སའི་སློབ་གྲྭ་ཞིག་ཀྱང་དགོས་པ་རེད། དེ་མེད་ན་གོང་དུ་ཞུས་པ་བཞིན་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་མ་ལག་མ་ཚང་བ་ཞིག་ཏུ་ཆགས་ཀྱི་ཡོད།
    དྲི་བ། ཤེས་རིག་ལྷན་ཁང་གི་ངོས་ནས་དགེ་རྒན་གང་འཚམས་ཤིག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དང་འོས་སྦྱོང་གནང་དང་གནང་བཞིན་པ་རེད། ཟབ་སྦྱོང་དང་འོས་སྦྱོང་གནང་བཞིན་པའི་དགེ་རྒན་འགའ་ཤས་དང་ཁ་ཐུག་ནས་རྒྱུས་ལོན་བྱས་པ་ཡིན། སམ་བྷོཊའི་ཁྱབ་ཁོངས་ཀྱི་དགེ་རྒན་གང་འཚམས་ཤིག་ལ་ཐུག་ནས་སྐད་ཆ་བྱས་པ་ཡིན། མང་པོ་ཞིག་ཤེས་ཡོན་སྲིད་བྱུས་ལ་གོ་རྟོགས་ཤིན་ཏུ་ཞན་པོ་ཡིན་པའི་མཐོང་ཚུལ་བྱུང་ལ། སེམས་ཀྱི་གཏིང་རིམ་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་བར་མོས་མཐུན་མི་འདུག གཏན་ནས་གོ་བརྡ་མ་འཕྲོད་ས་ཡང་མང་པོ་ཡོད་པའི་མཐོང་ཚུལ་བྱུང༌། འདི་རིགས་ལ་ཤེས་རིག་ལྷན་ཁང་གི་ངོས་ནས་སློབ་སྦྱོང་གི་མཐུན་རྐྱེན་འཕར་མ་ཞིག་སྤྲོད་རྒྱུའི་འཆར་གཞི་ཡོད་དམ།
    ལན། ཤེས་རིག་ལྷན་ཁང་གི་ངོས་ནས་དེ་སྔ་ཟབ་སྦྱོང་སོགས་མང་པོ་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གོ་བརྡ་འཕྲོད་ཐབས་འབད་བརྩོན་གང་ལ་གང་འཚམས་བྱས་ཡོད། དངོས་གནས་བྱས་ན་གོ་བརྡ་ཅུང་འཕྲོད་དགོས་པའི་བཟོ་འདྲ་བོ་ཡོད། རིགས་གཅིག་ལ་གཏན་ནས་གོ་བརྡ་འཕྲོད་འདོད་མི་འདུག འདི་རིགས་ལ་ཅི་ཙམ་གོ་བརྡ་སྤྲད་ཀྱང་འགྱུར་བ་འགྲོ་གི་མི་འདུག གཞུང་གིས་ཟབ་སྦྱོང་སྤྲད་པ་རྣམས་སློབ་གྲྭའི་ནང་དངོས་སུ་ལག་བསྟར་བྱས་ཡོང་བའི་སྐབས་ཤེས་ཡོན་དང་ལག་ལེན་གཉིས་ཐོག་ནས་ཡར་རྒྱས་ཆེན་པོ་འགྲོ་དགོས་པ་ལྟ་བུ་ཡོད། ངས་ནམ་རྒྱུན་གཞུང་གི་ལས་འགན་ནི་མི་རིགས་དེའི་ཕུགས་རྒྱང་རིང་པོའི་གནས་སྟངས་ལ་བསམ་བློ་བཏང་ནས་འཆར་གཞི་བསྒྲིགས་ཏེ་ལས་ཀ་བྱ་དགོས་པ་མ་གཏོགས། གང་ཟག་སྒེར་པ་རེ་ཟུང་གི་འཚོ་གོས་ཙམ་ལ་བསམ་བློ་གཏོང་དགོས་པ་དེ་མ་རེད་ཟེར་ནས་བཤད་ཀྱི་ཡོད། དེར་བརྟེན་གཞུང་གིས་གང་སྒྲུབ་དགོས་པའི་ལས་ཀ་རྣམས་བྱས་ཟིན་པའི་རྗེས་སུ་ད་དུང་ཡང་ཕར་ཕྱོགས་ནས་འགྱུར་བ་རྩ་བ་ནས་འགྲོ་གི་མི་འདུག་ན། གཞུང་གི་ངོས་ནས་བྱ་དགོས་པ་ཡོངས་རྫོགས་བྱས་ཡོད། ང་ཚོ་ལ་གནོངས་མེད་བསམས་ནས་བསྡད་པ་ལས་ཐབས་ཤེས་གཞན་གང་ཡང་མི་འདུག
    ང་ཚོའི་ངོས་ནས་མི་མང་ལ་ཐད་ཀར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་དེ་ཙམ་སྤྲད་ཐུབ་ཡོད་པ་མ་རེད། ཡིན་ན་ཡང་སློབ་གྲྭ་ཁག་གི་འགན་འཛིན་དང་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་པའི་སྐབས། ཁྱེད་ཚོ་ང་ཚོའི་སྐུ་ཚབ་རེད། ང་ཚོ་མི་རེ་ཟུང་ཞིག་གིས་མང་ཚོགས་ཡོངས་རྫོགས་ལ་ཟབ་སྦྱོང་སྤྲོད་ཐུབ་ཐབས་མེད། ཁྱེད་ཚོས་ང་ཚོའི་སྐུ་ཚབ་གནང་ནས་སོ་སོ་དང་ཐད་ཀའི་འབྲེལ་ཡོད་མང་ཚོགས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ངོ་སྤྲོད་གནང་དགོས་ཟེར་ནས་བཤད་ཀྱི་ཡོད། ས་གནས་འགའ་ཤས་ལ་དངོས་སུ་སོང་ནས་མང་ཚོགས་ལ་ཐད་ཀར་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ངོ་སྤྲོད་བྱས་པ་ཡིན་ལ། རྗེས་མར་ཡང་གང་ཐུབ་ཀྱིས་སོང་ནས་མང་ཚོགས་ལ་ཐད་ཀར་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ངོ་སྤྲོད་བྱ་འཆར་ཡོད།
    དྲི་བ། ཕྱི་ལོ་ ༢༠༠༥ ལོ་ཡས་མས་ཤིག་ལ་ཤེས་རིག་ལྷན་ཁང་གི་མགྲིན་ཚབ་པས་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་འབྱུང་འགྱུར་གྱི་ལོ་གསུམ་བཞིའི་ནང་དུ་རྒྱ་བལ་འབྲུག་གསུམ་གྱི་ཁུལ་དུ་ཡོད་པའི་གཞི་རིམ་སློབ་གྲྭའི་དགེ་རྒན་སྤྱིའི་བརྒྱ་ཆ་བདུན་ཅུ་དོན་གྲངས་ཤིག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་འོས་སྦྱོང་སྤྲད་ཐུབ་པ་བྱེད་ཀྱི་ཡིན་གསུངས་འདུག དངོས་ཡོད་གནས་ཚུལ་ལ་དེ་ལྟར་གནང་ཐུབ་ཡོད་དམ།
    ལན། ཐོག་མར་ཁོང་ཚོས་བཤད་པ་ལྟར་བྱུང་ཐུབ་མེད། ང་ཚོས་བོད་ཁྱིམ་དང༌། མ་སུ་རི་བོད་ཁྱིམ། རྒྱ་གར་དབུས་བོད་སློབ་འཛིན་ཚོགས། སམ་བྷོཊ་བཅས་ཀྱི་དགེ་རྒན་ ༤༡༢ དང༌། སློབ་གྲྭ་ཁག་གི་འགན་འཛིན་གྲངས་ ༦༥ བཅས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་སྤྲད་ཟིན་འདུག དེ་བཞིན་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་འོས་སྦྱོང་སྤྲད་ཟིན་པ་གྲངས་ ༡༠༠ དང༌། ད་སྐབས་འོས་སྦྱོང་སྤྲོད་བཞིན་པ་ ༢༩ ཡོད། དེ་དག་ལས་དངོས་སུ་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ནས་དགེ་རྒན་གནང་བཞིན་པ་ ༨༨ འདུག
    དྲི་བ། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་གཅིག་པ་དགེ་རྒན་སྐོར་གྱི་སྒྲིག་གཞི་མང་པོ་ཞིག་དང༌། ཤེས་ཡོན་ལྷན་ཚོགས་གསར་འཛུགས་བྱ་བ་སོགས་ཤེས་ཡོན་སྲིད་བྱུས་ནང་དུ་གསལ་བའི་དོན་ཚན་མང་པོ་ཞིག་ད་དུང་ལག་བསྟར་བྱེད་ཐུབ་མེད། འདི་དག་ཤེས་རིག་ལྷན་ཁང་གི་ངོས་ནས་གྲུབ་འབྲས་མ་ཐོན་པའི་འཐུས་ཤོར་ལ་ངོས་འཛིན་བྱ་དགོས་པ་རེད་དམ། ཡང་རྒྱུ་མཚན་གཞན་དག་ཅིག་ཡོད།
    ལན། དཔེར་ན། དགེ་རྒན་གྱི་གསོལ་ཕོགས་ལྟ་བུ་ཡིན་ན། གང་ལ་གང་འཚམས་ཤིག་ང་ཚོས་སྤར་ཐབས་བྱས་ཡོད། ཡིན་ན་ཡང་ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་མང་པོ་ཞིག་གཞན་པའི་རོགས་སྐྱོར་ལ་བརྟེན་དགོས་པ་ཡིན་དུས་ཐོག་མའི་རེ་བ་ནང་བཞིན་ཞིག་ཡོང་ཐུབ་མེད། ཐོག་མའི་འཆར་གཞི་བྱས་ན་ཕོགས་རིམ་ནང་ནས་དགེ་རྒན་གྱི་གསོལ་ཕོགས་རིམ་པ་མཐོ་ཤོས་བྱ་ཐུབ་པའི་རེ་བ་བཟུང་ཡོད། ཡིན་ན་ཡང་འཆར་གཞི་དེ་ད་ལྟ་སྒྲུབ་ཐུབ་མེད། ཤེས་ཡོན་ལྷན་ཚོགས་དེ་གོང་དུ་ཞུས་པ་བཞིན་ད་སྐབས་སྒྲིག་གཞིའི་ཟིན་བྲིས་བཟོ་བཞིན་ཡོད། སྒྲིག་གཞི་གྲུབ་པའི་རྗེས་སུ་རིམ་པས་འཛུགས་འཆར་ཡོད། ཤེས་རིག་ལྷན་ཁང་གི་ལས་བྱེད་ཡོངས་རྫོགས་འཛིན་སྐྱོང་གི་ལྷན་ཁང་གཞན་དག་དང་འདྲ་བར་གནས་སྟངས་གཅིག་མཚུངས་ཤིག་གི་འོག་ནས་ཡོང་བསྡད་པ་མ་གཏོགས། དམིགས་བསལ་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་བྱེད་མྱོང་མཁན་དེ་འདྲ་མིན་པ་ཡིན་དུས། ང་ཚོའི་ལས་ཀ་འདི་རིགས་མང་ཆེ་བ་ཕྱི་ནས་མི་འཚོལ་དགོས་པ་མ་གཏོགས་ནང་དུ་མི་བཀོལ་ཆོག་ཆོག་དེ་འདྲ་མེད་པས་མི་རྒྱུ་གཉིས་ཐོག་ནས་དཀའ་ངལ་མང་པོ་འཕྲད་ཀྱི་འདུག ཤེས་རིག་ལྷན་ཁང་གི་འཐུས་ཤོར་རེད་ཟེར་ན་ཡང་མ་འགྲིག་པ་མེད།
    དྲི་བ། ཤེས་རིག་ལྷན་ཁང་གི་ངོས་ནས་རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་ཁག་ཏུ་ཤེས་ཡོན་སློབ་སྟོན་འདང་ངེས་ཤིག་གནང་ཐུབ་པའི་ནུས་པ་མི་འདུག་ཟེར་ནས་སྐད་ཆ་བཤད་མཁན་ཡོང་གི་ཡོད། གནས་སྟངས་འདི་གང་འདྲ་ཡིན་ནམ། ཤེས་རིག་ལྷན་ཁང་གི་ངོས་ནས་དེ་ལྟར་ངོས་ལེན་གནང་གི་ཨེ་ཡོད།
    ལན། གོང་དུ་ཞུས་པ་བཞིན་ཤེས་རིག་ལྷན་ཁང་གི་ལས་བྱེད་སྤྱི་ཡོངས་ཀྱི་ཆ་ནས་འཛིན་སྐྱོང་གི་ལས་བྱེད་གཞན་དག་དང་སྤྱི་མཚུངས་སུ་ཕེབས་བསྡད་པ་མ་གཏོགས། དམིགས་བསལ་ཤེས་ཡོན་དང་སློབ་གྲྭ་ཁག་གི་ཐོག་སློབ་སྟོན་གྱི་ནུས་པ་ཡོད་པ་དེ་འདྲ་མ་རེད། ཡིན་ན་ཡང་ཤེས་རིག་ལྷན་ཁང་དུ་ཤེས་ཡོན་ཐོག་སློབ་སྟོན་ཐུབ་པའི་ནུས་པ་ཅན་དེ་འདྲ་མི་འདུག་ཟེར་ན། ཡོད་མེད་རྩད་གཅོད་བྱས་ནས་གསུངས་ཀྱི་ཡོད་པ་ཡིན་ནམ། ཡང་ན་ཚོད་ཚོད་བྱས་ནས་མི་འདུག་གསུངས་པ་ཡིན་འདི་ཤེས་མ་སོང༌། གཉིས་ནས་དེང་སང་ང་ཚོའི་སློབ་གྲྭ་ཁག་མང་ཆེ་བ་དེང་རབས་པ་ལྟ་བུར་གྱུར་ནས་མགོ་སེར་པོའི་ས་ནས་དེང་རབས་ཤེས་ཡོན་གྱི་སློབ་སྟོན་ཞུ་བ་ལ་དོ་སྣང་བྱེད་ཀྱི་ཡོད། མགོ་སེར་པོའི་དེང་རབས་ཤེས་ཡོན་གྱི་ལམ་སྟོན་གནང་མཁན་ཤེས་རིག་ལྷན་ཁང་ལ་མི་འདུག་ཟེར་བ་ཡིན་ན་གཅིག་བྱས་ན་བདེན་པར་ཆགས་སྲིད་ཀྱི་རེད།
    དྲི་བ། ཉེ་ཆར་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཚོགས་མི་སྤྱི་ཡོངས་ནས་ཤེས་ཡོན་སྲིད་བྱུས་ཐོག་ལྟ་ཚུལ་གང་འདྲ་ཞིག་འཛིན་གྱི་འདུག རྒྱབ་སྐྱོར་གནང་མཁན་སྔ་མ་ལས་ཤུགས་ཆེ་རུ་སོང་ཡོད་མེད།
    ལན། མ་གཞི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཤེས་ཡོན་སྲིད་བྱུས་འདི་འདྲ་ཞིག་དགོས་ཀྱི་འདུག་ཟེར་ནས་བསམ་འཆར་བྱུང་བ་རེད་ལ། ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐབས་ཀྱི་ཚོགས་བཅར་པ་ཡོངས་རྫོགས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་དགོས་ཀྱི་འདུག སློབ་གྲྭ་ཡོངས་སུ་རྫོགས་པ་དང་མང་ཚོགས་ལ་ངོ་སྤྲོད་བྱེད་དགོས་ཀྱི་འདུག ལྷག་པར་དུ་དཔེ་སྟོན་སློབ་གྲྭ་ལ་ཐོབ་པའི་གྲུབ་འབྲས་རྣམས་སློབ་གྲྭ་སྤྱི་ཡོངས་ལ་ངོ་སྤྲོད་བྱེད་དགོས་ཀྱི་འདུག་ཟེར་ནས་གསུངས་བྱུང༌། རྣམ་འགྱུར་འདི་དག་ལ་བལྟས་པ་ཡིན་ན་སློབ་གྲྭ་ཁག་གི་དགེ་རྒན་དང་འགན་འཛིན་བཅས་ཡོངས་རྫོགས་ཤེས་ཡོན་སྲིད་བྱུས་འདི་ལ་མོས་པོ་དང་རྒྱབ་སྐྱོར་ཡོད་པ་གསལ་པོར་ཆགས་ཀྱི་འདུག

མདུན་ཤོག

Menu