གཉིས་པ། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དྲི་བ་བཅུ་གཉིས་ཀྱི་བཀའ་ལན།

    ༡༽ དྲི་བ། རིན་པོ་ཆེས་ཤེས་ཡོན་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། མི་ཞིག་གིས་མི་ཚེའི་ནང་ཤེས་ཡོན་སློབ་སྦྱོང་བྱས་པ་ལ་གྲུབ་འབྲས་གཙོ་བོ་གང་འདྲ་ཞིག་ཐོབ་དགོས་པ་རེད་དགོངས་ཀྱི་ཡོད།
    བཀའ་ལན། ངའི་མཐོང་ཚུལ་ལྟར་སྤམ་བཤད་བྱས་ན། ཁ་སྐད་ཀྱི་ཤེས་ཡོན་དང་ཡོན་ཏན་གཉིས་ལ་གོ་བ་ཐ་དད་པ་རེ་ཡོད། སྤྱིར་ཤེས་ཡོན་ཡིན་པ་ལ་ཡོན་ཏན་ཡིན་པ་དང་མ་ཡིན་པའི་ཆ་གཉིས་ཡོད། ཡོན་ཏན་ཞེས་པ་ངོ་བོའི་ཆ་ནས་ཡིད་དུ་འོང་བ་དགེ་བའི་རྒྱུ་འབྲས་གང་ཡང་རུང་བ། གཞན་ལ་འཚེ་བ་མེད་པའི་རང་བཞིན་ཅན་གང་ཞིག་ལ་སྡིག་དང་མ་འདྲེས་པ་ཞིག་ཡིན་དགོས།
    དེང་དུས་ཀྱི་ཤེས་ཡོན་ཟེར་བ་འདིར་དགེ་སྡིག་གཉིས་ཀའི་ཆ་ཡོད་པས་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་ཡིན། གོང་གི་ཡོན་ཏན་དེ་དག་གིས་མཚོན་པའི་ཡོན་ཏན་ཐམས་ཅད་ཤེས་ཡོན་ཡིན། ཤེས་ཡོན་ཡིན་ནའང་ཡོན་ཏན་མིན་པ། དཔེར་ན༑ རྡུལ་ཕྲན་མཚོན་ཆ་བཟོ་སྟངས་ཀྱི་ཤེས་ཡོན། དམག་རྒྱག་སྟངས་ཀྱི་ཤེས་ཡོན། ཆང་དང་དུག་རྫས་བཟོ་སྟངས་ཀྱི་ཤེས་ཡོན། དྲག་ལས་བཙན་གནོན་བྱེད་སྟངས་ཀྱི་ཤེས་ཡོན། གཡོ་ཐབས་སྲིད་བྱུས་ཀྱི་ཤེས་ཡོན་སོགས་མི་དགེ་བའི་ལས་ཐབས་སྣ་ཚོགས་པ་ཞིག་ཤེས་ཡོན་གྱི་ཁྱབ་ཁོངས་སུ་འགྲོ་དགོས་ནའང༌། འདི་དག་ཡོན་ཏན་རེད་དམ་ཟེར་ན་དངོས་ཤུགས་གང་རུང་ནས་འཚེ་བའི་རང་བཞིན་ཅན་དང་གཞན་ལ་གནོད་པའི་རང་བཞིན་ཅན་ཡིན་དུས་ཡོན་ཏན་མ་རེད།
    དེང་སང་གི་མི་ཞིག་གིས་ཤེས་ཡོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་གཙོ་བོ་གང་རེད་དམ་ཞེ་ན། ལྟོ་གོས་གཏམ་གསུམ་གྱིས་མཚོན་ཚེ་འདི་སྣང་གི་བྱ་བ་གང་ཡང་རུང་བ་ཞིག་མི་ཚེའི་རྩ་དོན་དུ་བཞག་པའི་དམིགས་ཡུལ་དེ་འགྲུབ་པའི་ཐབས་ལམ་ཞིག་སྦྱང་བ་ལ་ཤེས་ཡོན་སློབ་སྦྱོང་ཞེས་བཤད་ཀྱི་ཡོད་དུས་དམིགས་ཡུལ་དེ་དང་མཐུན་པའི་གྲུབ་འབྲས་ཤིག་ཤེས་ཡོན་སློབ་སྦྱོང་དེ་ལས་ཐོབ་དགོས། མིའི་རྣམ་པར་རྟོག་པ་དང་རེ་བ་མི་འདྲ་བའི་དབང་གིས་དམིགས་ཡུལ་ལ་བཟང་ངན་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད། ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་འདི་རེད་ཅེས་གནད་དོན་གཅིག་གི་ཐོག་ནས་བཤད་མི་ཐུབ། སློབ་གྲྭ་ཁག་གི་སློབ་མས་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་སྤྱི་ཡི་ཆ་ནས་བཤད་ན་སློབ་མ་རང་ཉིད་ཀྱི་མི་ཚེའི་རང་མགོ་ཐོན་ཐབས་དང་སློབ་གྲྭ་ཐོན་དུས་མིང་དང་གོ་གནས་མཐོ་ཞིང་དངུལ་འབབ་ཡོང་སའི་ལས་ཀ་གང་ཡག་ཡག་ཅིག་བྱེད་ཐུབ་པའི་ཆེད་དུ་ཤེས་ཡོན་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟ་བུ་རེད། རབ་བྱུང་ན་སློབ་གྲྭར་སྦྱངས་པའི་ཤེས་ཡོན་དེའི་ཐོག་ནས་སྤྱི་སྒེར་གྱི་ལས་དོན་རྒྱ་ཆེན་པོ་རེ་སྒྲུབ་ཐུབ་པ་ལ་ཤེས་ཡོན་སྦྱངས་པ་དེས་ཕན་ཐོགས་ཐུབ་ཀྱི་ཡོད་ན་གྲུབ་འབྲས་ལེགས་ཤོས་དེ་རེད།
    ༢༽ དྲི་བ། སྔོན་གྱི་མཁས་པ་དང་ལོ་ཙཱ་བ། ཤེས་ཡོན་པ་བཅས་ཀྱིས་སྤྱི་ཚོགས་དང་མཐུན་རྐྱེན་གྱི་གནས་སྟངས་གང་འདྲ་ཞིག་གི་འོག་ནས་ཤེས་ཡོན་སློབ་སྦྱོང་གནང་ཡོད་པ་དང༌། ཁོང་ཚོར་སློབ་སྦྱོང་གི་གྲུབ་འབྲས་གང་འདྲ་ཐོབ་ཡོད་པ་ངོས་འཛིན་གནང་གི་ཡོད།
    བཀའ་ལན། གནའ་སྔ་མོའི་དུས་ཀྱི་བོད་རིགས་ཕལ་ཆེ་བ་ཆོས་དད་ཤིན་ཏུ་ཆེ་བས་སྐབས་དེའི་ཤེས་ཡོན་སློབ་སྦྱོང་གནང་མཁན་མང་ཆེ་བས་སྤྱི་ཚོགས་ཀྱི་དགོས་མཁོ་ནི་ཚེ་འདི་ལས་ཕྱི་མ་གལ་ཆེ་བར་བརྩི་བའི་སྐབས་ཡིན་དུས། ལོ་ཙཱ་བ་དང་རྒྱལ་བློན་པཎ་གྲུབ་སོགས་སློབ་སྦྱོང་གནང་མཁན་མང་ཆེ་བས་སཾསྐྲྀཏའི་སྐད་ཡིག་སོགས་ཀྱི་ནང་དུ་ཡོད་པའི་ནང་དོན་རིག་པའི་གཞུང་ལུགས་ཆེས་མང་པོ་ཞིག་བོད་སྐད་ཐོག་ཕབ་བསྒྱུར་གྱི་ལས་དོན་གཙོ་བོར་གནང་ཡོད། མཐུན་རྐྱེན་གྱི་ཆ་ནས་བཤད་ན་བོད་ཀྱི་རྒྱལ་ཁབ་གཞུང་ནས་འགྲོ་སོང་བཏང་བའང་ཡོད། མང་ཆེ་བ་ཞིག་སྒེར་གྱི་ངོས་ནས་སྐྱེ་འགྲོའི་བདེ་སྐྱིད་དང་ྋརྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་དུ་གནས་པའི་ཆེད་ལུས་སྲོག་འབེན་དུ་བཙུགས་པའི་དཀའ་ལས་བརྒྱབས་ཏེ་མཐུན་རྐྱེན་རང་ངོས་ནས་འཚོལ་སྒྲུབ་གནང་མཁན་མང་ཤོས་ཡིན། རྒྱ་གར་གྱི་མཁས་པ་མང་པོ་ཞིག་གིས་བསྟན་པ་ཁོ་ན་བསམས་ནས་བོད་དུ་ཕེབས་ཀྱི་ཡོད་ལ། རྒྱ་གར་པ་རེ་ཟུང་གིས་གསེར་འཚོལ་སྒྲུབ་ཀྱི་ཆེད་དུ་བསྟན་པ་སྤེལ་མཁན་ཡང་བྱུང་མྱོང་ཡོད། སྔོན་གྱི་ཆོས་རྒྱལ་ཚོའི་སྐབས་དང་བསྟན་པ་ཕྱི་དར་གྱི་སྐབས་རྒྱལ་པོའི་ཕོ་བྲང་ནས་ཐད་ཀར་མཐུན་རྐྱེན་དམིགས་བསལ་གྱིས་སྦྱར་བའི་ལོ་རྒྱུས་ཀྱང་ཡོད། ཁོང་རྣམ་པས་སློབ་སྦྱོང་གནང་བའི་གྲུབ་འབྲས་སུ་བོད་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་མེད་པ་ནས་ཡོད་པ་དང༌། ཡོད་པ་ཙམ་མ་ཡིན་པར་གནས་ཚད་ཤིན་ཏུ་མཐོ་བའི་སྐད་ཡིག་སྤུས་དག་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་བསྟན་པ་ཆ་ལག་ཚང་བ་དང༌། སྨན་རྩིས་ཀྱིས་མཚོན་པའི་དུས་རབས་སྔ་མ་ཚོའི་སྐབས་ཀྱི་རིག་གནས་ཀྱི་དགོས་མཁོ་ཡོངས་རྫོགས་བོད་སྐད་ནང་སློབ་སྦྱོང་བྱེད་ཐུབ་པར་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཞེས་པ་ཞིག་འཛམ་གླིང་འདིའི་ཐོག་དུས་དེང་སང་ཡང་དར་སྤེལ་དང་ཡར་རྒྱས་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་པའི་གྲུབ་འབྲས་ཐོན་ཐུབ་ཡོད།
    ༣༽ དྲི་བ། དུས་རབས་ཉེར་གཅིག་པའི་སྐབས་འདིར་དེ་སྔ་དར་བའི་ཤེས་ཡོན་གྱི་ལམ་སྲོལ་དང་སློབ་གཞིའི་སློབ་ཚན་ཁག་ལ་འདོར་ལེན་དང་གསར་བརྗེ་གང་འདྲ་ཞིག་གནང་དགོས་པ་རེད་དགོངས་ཀྱི་ཡོད།
    བཀའ་ལན། བོད་ཀྱི་དགོན་པ་ཁག་ཏུ་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གནང་སྟངས་ཀྱི་ལམ་སྲོལ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་སྟོན་པའི་སློབ་ཚན་གཉིས་ཀ་ལ་སྤྱིའི་ཆ་ནས་འདོར་ལེན་བྱ་དགོས་པའི་རྒྱུ་མཚན་མེད། གང་ཡིན་ཟེར་ན་སློབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པའི་ངོ་བོ་མ་འགྱུར་བ་དེ་སྲིད་དུ་དེའི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ངོ་བོ་ལ་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། བོད་ཀྱི་དགོན་སྡེ་ཕལ་མོ་ཆེར་འདུལ་བའི་བཅས་མཚམས་དོ་དམ་པོའི་སྒོ་ནས་སློབ་སྦྱོང་གནང་བའི་ལམ་སྲོལ་བཟང་པོ་ཞིག་ཡོད་ཅིང༌། སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ནི་གཙོ་བོ་མིའི་ལུས་ངག་གི་སྤྱོད་ལམ་བདུན་པོ་འདི་མི་དགེ་བའི་ཕྱོགས་སུ་མི་འགྲོ་བ་དང༌། ལུས་ངག་གི་སྤྱོད་ལམ་མ་དུལ་བ་རྣམས་འདུལ་བའི་ཐབས་སུ་གསུངས་པ་ཤ་སྟག་ཡིན། དེར་བརྟེན་མིའི་ལུས་ངག་གི་སྤྱོད་ལམ་མ་དུལ་བ་དེ་སྲིད་དུ་སྤྱོད་ལམ་དེ་དང་དངོས་འགལ་ཡིན་པའི་ལུས་ངག་གི་བྱ་སྤྱོད་དེ་འདུལ་བའི་བཅས་མཚམས་ལའང་འགྱུར་བ་འགྲོ་མི་སྲིད་པ་ཞིག་རེད། འདུལ་བ་ཡུལ་དུས་དང་བསྟུན་ཞེས་པའི་བཤད་སྲོལ་ཞིག་ཡོད་ཀྱང་དེ་ནི་སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས་དམིགས་བསལ་ཅན་མི་འདྲ་བ་རེ་ཡོད་པའི་དབང་གིས་དེ་དང་མཐུན་པའི་འདུལ་བའི་བཅས་མཚམས་རགས་པ་ཉོན་མོངས་པའི་གྲོགས་སུ་མི་འགྲོ་བའི་ཆ་ཤས་རེ་ཟུང་ལ་འགྱུར་བ་གཏོང་སྟངས་སྐོར་འདུལ་བར་ཡོད་པ་ལས། འདུལ་བ་ཡུལ་དུས་དང་བསྟུན་ཞེས་གང་འདོད་ཀྱིས་འགྱུར་བ་བཏང་ཆོག་པའི་དམིགས་བསལ་ཅན་དེ་འདྲ་མ་རེད།
    གནའ་སྔ་མོའི་སློབ་གཉེར་གནང་སྟངས་ནི། ས་འཁྱག་གིས་གདན་དང༌། རྡོ་འཁྱག་གིས་སྔས། ཞེས་བཤད་སྲོལ་ཡོད་པ་ལྟར་མཐུན་རྐྱེན་ཤིན་ཏུ་སྐྱོ་བའི་དཀའ་ངལ་ལ་ཆེད་དུ་གཉེར་ནས་གདོང་ལེན་བྱས་ཏེ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པའི་ཐབས་དང་འབྲེལ་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མཛད་དགོས་པའི་ཕྱག་སྲོལ། སྔོན་བྱོན་སྟོན་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱའི་ཉམས་ལེན། །ཞེས་གསུངས་པ་ལྟར་ཉམས་མྱོང་དང་དགག་དགོས་དམིགས་བསལ་ཅན་ཞིག་ལ་གཟིགས་པའི་དབང་གིས་དར་སྤེལ་ཆེད་མངགས་གནང་བ་ཞིག་རེད། དེང་སང་ཁ་རྒྱབ་གཉིས་ཀ་སྐྱིད་པོ་དང་དེང་རབས་ཀྱི་འཕྲུལ་རིག་གསར་པའི་མཐུན་རྐྱེན་ལ་བརྟེན་ནས་དཀའ་ཚེགས་མེད་པར་ལས་སླ་བོས་ནང་ཆོས་ཀྱི་སློབ་སྦྱོང་བྱེད་པའི་ལམ་སྲོལ་དར་བཞིན་པས་མཚོན་སློབ་སྦྱོང་བྱེད་སྟངས་དང་དམིགས་ཡུལ་འཛིན་སྟངས་སོགས་ལ་རང་བཞིན་གྱིས་འགྱུར་བ་འགྲོ་བཞིན་པས། ནང་ཆོས་ནི་ཤེས་ཡོན་ཙམ་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱས་པའི་གྲུབ་འབྲས་སུ་ནང་ཆོས་ཀྱི་ཤེས་བྱའི་རྣམ་གྲངས་ལ་མཁས་པར་འགྱུར་བ་ཙམ་ལས་ཐོས་དོན་སེམས་རྒྱུད་ཀྱི་ཉོན་མོངས་འདུལ་བའི་ཐབས་སུ་མི་འགྲོ་བར་མ་ཟད། དེ་ཉོན་མོངས་ཀྱི་གྲོགས་དང་ཆོས་དྲད་དུ་འགྲོ་བའི་ཉེན་ཁ་ཆེན་པོར་འཕྲད་བཞིན་ཡོད། གོང་དུ་བཤད་པ་ལྟར་ཚེ་རབས་གཏན་གྱི་འདུན་མའི་བདེ་སྐྱིད་ཡོང་བའི་ཆེད་དུ་དམིགས་པའི་དགོན་པའི་ཤེས་ཡོན་ལམ་སྲོལ་ནི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་དགོས་པ་དང༌། སློབ་གཞིའི་གཞུང་ཆེན་མོ་གཉིས་ཀ་ལ་རྩ་བའི་ཆ་ནས་འགྱུར་བ་གཏོང་དགོས་པ་མེད་ཀྱང༌། སློབ་སྦྱོང་བྱེད་སྟངས་ཀྱི་ལམ་སྲོལ་རྙིང་པ་ཙམ་མ་གཏོགས་དགག་དགོས་མེད་པའི་རིགས་ལ་འགྱུར་བ་གཏོང་དགོས་པ་ཞིག་ཀྱང་རེད།
    གཙོ་བོ་ཆོས་ཕྱོགས་ཀྱི་དམིགས་ཡུལ་དང་མ་འབྲེལ་བའི་མི་སྐྱ་ཕོ་མོ་ཚོའི་ཤེས་ཡོན་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་གི་གནས་སྟངས་ཀྱི་ཐོག་ནས་བཤད་ན། ཤེས་ཡོན་སྤྲོད་སྟངས་ཀྱི་ལམ་སྲོལ་དང་སློབ་གཞིའི་སློབ་ཚན་གཉིས་ཀ་ལ་དུས་ནས་དུས་སུ་ཁོར་ཡུག་གི་གནས་སྟངས་སམ་སྐབས་སོ་སོའི་གཞུང་གི་སྲིད་བྱུས་ཀྱི་ཁ་ཕྱོགས་དང་བསྟུན་ནས་འགྱུར་བ་གཏོང་བའམ། སློབ་གཞིའི་སློབ་ཚན་ཡང་སྒེར་པ་རང་ཉིད་དགའ་སའི་སློབ་ཚན་འདེམས་པ་འམ། ཡང་ན། མི་ཚེའི་རིང་གི་སོ་སོའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ཁོ་ན་རྩ་བར་འཛིན་པ་སོགས་སྐབས་སོ་སོའི་ཁོར་ཡུག་གི་གནས་སྟངས་དང་བསྟུན་ནས་བསྒྱུར་བཅོས་དང་གསར་གཏོད་རིམ་པ་བྱ་དགོས། དཔེར་ན། རྒྱལ་ཁབ་འགའ་ཤས་ཀྱི་ནང་རྒྱལ་ཁབ་དེའི་མི་སེར་ཡིན་ཚད་ཀྱིས་དྲག་པོའི་སློབ་སྦྱོང་ངེས་པར་བྱེད་དགོས་པ་སོགས་སྐབས་དང་དུས་ལ་བསྟུན་ནས་ཤེས་ཡོན་ལམ་སྲོལ་བཟོ་དགོས་པའི་གནས་སྟངས་བྱུང་མྱོང་ཡོད།
    བོད་པའི་སློབ་གྲྭ་ཁག་སྤྱིའི་ཤེས་ཡོན་གནས་སྟངས་ཀྱང་དེ་ཚོ་དང་གཅིག་མཚུངས་ཡིན་པ་གང་ཞིག་ལ་བོད་གཞུང་གི་ངོས་ནས་བོད་སྤྱིའི་ལས་དབང་ཛ་དྲག་ཅན་གྱི་རྩ་དོན་འདི་གཞི་ལ་བཞག་པའི་ཤེས་ཡོན་སྲིད་བྱུས་ཡིན་དགོས་པ་ལས་ལྟ་བའི་རྣམ་གཞག་ཙམ་གྱིས་ད་ལྟའི་ཆར་ཕན་ཐོགས་དཀའ། སྤྱིར་སློབ་གྲྭ་ཁག་གི་སློབ་ཕྲུག་མང་ཆེ་བས་ཤེས་ཡོན་སློབ་སྦྱོང་བྱས་པའི་དགོས་དོན་གཙོ་བོ་ཡང༌། རང་གི་མི་ཚེའི་རང་མགོ་ཐོན་ཐབས་དང༌། མིང་དང་གོ་གནས། མི་ཚེའི་འཚོ་ཐབས་ཀྱི་ལས་ཀ་ལེགས་པོ་ཞིག་བྱེད་ཐུབ་པ་དང་ལས་ཀ་དེ་ཐོབ་པའི་ཆེད་དུ་གཙོ་བོར་དམིགས་པ་ཞིག་ཡིན། དེར་བརྟེན་མི་དེ་མ་འོངས་པར་གནས་སའི་ཁོར་ཡུག་དེའི་ནང་དུ་སློབ་སྦྱོང་གང་གི་ཐོག་ནས་ལས་ཀའི་གོ་སྐབས་ལེགས་པ་ཞིག་ཐོབ་ཀྱི་ཡོད་མེད་ལ་བལྟས་ནས་སློབ་ཚན་བསྒྲིག་པ་དང་འདེམས་པ་སོགས་བྱེད་དགོས།  ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་དང་སློབ་ཚན་གཉིས་ཀ་སྐབས་དེ་དང་དེའི་སློབ་ཕྲུག་ཚོའི་འདོད་པ་དང་ཁོར་ཡུག་ལ་བསྟུན་ནས་འགྱུར་བ་ཡང་ཡང་བཏང་དང་གཏོང་བཞིན་ཡོད་ལ། ཤེས་ཡོན་སྲིད་བྱུས་ཀྱི་རྣམ་པ་དང་ནང་དོན་རེ་ཟུང་ལ་དུས་དབང་གིས་འགྱུར་བ་མ་བཏང་ཐབས་མེད་ཀྱི་གནས་ཚུལ་འབྱུང་སྲིད་ནའང་བོད་ཀྱི་ཛ་དྲག་གི་ལས་དབང་འདི་གཞི་རྩར་འཛིན་དགོས་པའི་རྩ་དོན་ལ་ནམ་ཡང་འགྱུར་བ་གཏོང་ཐབས་མེད།
    ༤༽ དྲི་བ། བར་ལམ་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟེར་བ་ཞིག་གཏན་འབེབས་གནང་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་གང་འཚམས་ཤིག་ཏུ་ལག་བསྟར་བྱས་དང་བྱེད་བཞིན་པའི་སྒང་རེད། འདི་ལྟར་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་གནད་འགག་གང་ཡིན་པར་ངོས་འཛིན་གནང་གི་ཡོད་དམ།
    བཀའ་ལན། ཤེས་ཡོན་སྲིད་བྱུས་ཞེས་ཤེས་ཡོན་གྱི་ལྟ་བ་དང་ལག་ལེན་བསྟར་སྟངས་ཀྱི་སྲིད་བྱུས་འདི་གཏན་འབེབས་མ་གནང་བའི་གོང་ནས་འདིའི་ནང་དོན་མང་ཆེ་བ་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་ཐོག་དང་པོ་ནས་ཡོད་ཡོད་པ་ཞིག་རེད་ལ། སྐབས་དེ་དུས་བུ་དང་བུ་མོ་གཉིས་ཀར་རྩོད་པ་རྩོད་པའི་ལམ་སྲོལ་དར་ཡོད། གྲྭ་པའི་ཁང་ཚན་དང༌། ཆོས་དགེ་ཡང་ཟུར་དུ་ཡོད། སློབ་ཕྲུག་རྡུང་མི་ཆོག་པའི་ལམ་སྲོལ་གྱི་ཐོག་ནས་དགེ་རྒན་འོས་སྦྱོང་ཡང་གནང་ཡོད་པས་དེའི་དུས་སུ་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཀའི་ཐོག་ཕན་ནུས་ཀྱང་ཆེན་པོ་བྱུང་མྱོང་ཡོད།
    ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་སྐྱབས་བཅོལ་གཞུང་དམངས་གཉིས་ཀས་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་མིག་དཔེར་འོས་ཤིང་འཛམ་གླིང་ནང་ལེགས་སོའི་བསྔགས་བརྗོད་ཡང་ཡང་ཐོབ་པའི་གྲུབ་འབྲས་བླ་ན་མེད་པ་བྱུང་ཡོད་ནའང༌། ད་དུང་ཡང་ཆེས་ཛ་དྲག་ཆེ་བའི་དུས་ལ་གནས་ཡོད་དུས་བོད་གཞུང་དམངས་གཉིས་ལ་ཤ་ཚ་བའི་ཨང་ནད་ཆེ་དྲགས་པས། ཤ་ཚའི་ཁ་ལ་གཏམ་སྙན་མེད། ཅེས་པ་ལྟར་ཤེས་ཡོན་དང་འབྲེལ་བའི་སྐྱོན་ཆ་ལ་ངས་མཐོང་ཚད་མ་བཤད་ན་དྲི་བར་ལན་བཏབ་པ་དགོས་མེད་དུ་འགྱུར་བར་མཐོང་སྟེ་སྐྱོན་གྱི་ཕྱོགས་ནས་གཙོ་བོར་ཞུས་ན།
    འདས་པའི་མི་ལོ་ཉི་ཤུ་དང་སུམ་ཅུ་ཡས་མས་ཀྱི་ནང་ཙམ་ནས་བོད་མི་སྐྱབས་བཅོལ་པའི་གཤིས་ཀ་དང་ཁོར་ཡུག་གཉིས་ཀར་འགྱུར་བ་སྣ་ཚོགས་ཕྱིན་པར་བརྟེན། སྐབས་དེ་དང་དེའི་བོད་རིགས་ཤེས་ལྡན་མི་སྣ་ཁག་ཅིག་གིས་ཆེད་དུ་དམིགས་ནས་བོད་ཀྱི་སྐད་ཡིག་གི་སློབ་ཚན་དང་འབྲེལ་བའི་སློབ་དེབ་དང་ལས་བྱེད་གཉིས་ཀ་ལ་འགྱུར་བ་སྣ་ཚོགས་ཤིག་བཏང་ཡོད། བར་ལམ་ཞིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རི་ལུགས་པ་ཐག་པས་མི་དོམ། མགོ་རུལ་བ་རྣ་བས་མ་ཚོར། ཞེས་བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་དང་ཀུན་སྤྱོད་ཉམས་ཆག་ཏུ་འགྲོ་བཞིན་པའི་ཐད་བཀའ་སློབ་རིམ་པ་སྔ་ཕྱིར་གནང་ཡོད་ནའང་འབྲེལ་ཡོད་ཚོས་དགོས་ངེས་ཀྱི་དོ་སྣང་དང་བསྒྱུར་བཅོས་དེ་ཙམ་བྱས་ཐུབ་མེད་པར་བརྟེན་ད་ཆ་ཉམས་ཆག་དང་འཐུས་ཤོར་གྱི་འབྲས་བུ་མིག་མཐོང་ལག་ཟིན་དུ་གྱུར་པ་འདི་རེད།
    སྐབས་ཤིག་རྙིང་པ་ཐམས་ཅད་རྗེས་ལུས་དང་རུལ་སུངས་སུ་བརྩིས་པ་ལྟ་བུའི་ལྟ་སྟངས་ཀྱིས་ཕྱི་རྒྱལ་གྱི་ལྟ་སྤྱོད་ལ་ཧེབ་ལངས་ཆེ་དྲགས་པའི་བག་ཆགས་ངན་པས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ངན་པ་ཞིག་ཐེབས་སོང༌། ལྷག་པར་ལོ་འགའ་ཤས་ཀྱི་གོང་ཙམ་ནས་དཔལ་འབྱོར་ཡར་རྒྱས་ཕྱིན་དུས་ལུང་པ་མེད་པའི་བཙན་བྱོལ་པ་ཡིན་པ་བརྗེད་པ་ལྟར་རྒྱས་སྤྲོས་བྱེད་པ། ལས་བསྡོམས་ཕལ་ཆེ་བའི་ནང་ལས་ཀའི་རྣམ་གྲངས་མང་ཞིང་འཕེལ་རྒྱས་ཆེ་ཚུལ་གཙོ་འདོན་བྱས། ལས་ཡུན་ཆུ་ཚོད་ཀྱི་གྲངས་ཀ་འབོར་གང་ཆེ་ཆེ་ཞིག་སྙན་རྩོམ་ལྟར་འབྲི་སྲོལ་དར། སྤྱི་སྒེར་གྱི་ཚོགས་འདུ་ཐམས་ཅད་རྒྱལ་ཁའི་ངང་ནས་གྲོལ་ཞེས་པའི་ཁ་གཡང་བསྒྲགས་ཟིན་པའི་སང་ཉིན་ནས་བཟུང་སྔར་བཞིན་ཆུ་ངན་ལང་ཤོར་དེ་རང་དུ་བསྡད་ཆོག་པ་ལྟར་སྣང་མེད། ཚོགས་འདུའི་སྐབས་ཀྱི་དྲི་བ་དྲིས་ལན་ཀྱང་འཁྲབ་གཞུང་ལྟ་བུར་གྱུར། འགན་འཁུར་མཁན་ཁག་ཅིག་གིས་འཛེམས་ཟོན་ཁོ་ནས་དུས་ཚོད་སྐྱེལ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་པས་བཙན་བྱོལ་བོད་གཞུང་གི་ལས་དོན་མང་པོ་ཞིག་དང་ལྷག་པར་བོད་ཀྱི་སྐད་ཡིག་ལ་ཉམས་ཆག་དང་འཐུས་ཤོར་འགྲོ་བཞིན་པར་སྐབས་དང་དུས་སོ་སོར་ྋགོང་ས་མཆོག་གིས་དེ་ལ་ཕྱག་མཛུབ་ཀེར་ནས་བོད་གཞུང་གི་ལས་བྱེད་ཡོངས་རྫོགས་ཚོགས་སར་ཉེན་བརྡ་གནང་ཡོད་ནའང༌། གཞུང་དམངས་གཉིས་ཀས་དོ་སྣང་དེ་ཙམ་བྱེད་མ་ཐུབ་པས་ཤོག་བུ་སྣུམ་ཟོས་ལྟར་ད་ཆ་སྤྱི་སྒེར་གང་སར་འཐུས་ཤོར་ཟེར་བ་ནི་འགེབས་ཐབས་མེད་པའི་གནས་ཚུལ་ཚབས་ཆེན་ཞིག་ཏུ་གྱུར་མོད། འོན་ཀྱང་ཛ་དྲག་གི་ལས་འགུལ་སྤེལ་ནས་ནོར་འཁྲུལ་བསྐྱར་བཅོས་བྱེད་ནུས་ན་བཅོས་རྒྱུ་མེད་པའི་མཚམས་སུ་སླེབས་མེད།
    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བསམ་སྤྱོད་ནི་ཁོར་ཡུག་ངན་པའི་ཕྱོགས་སུ་རང་བཞིན་གྱིས་འགྱུར་ཚར་བ་ལྟ་བུ་རེད། དཔེར་ན། ཡ་རབས་སྤྱོད་བཟང་ཉམས་པ་ནི། ཕ་མ་དང་ཡུལ་གོང་མ་ལ་གུས་ཞབས་དང་རྩི་བཀུར་མེད་པ། དུག་རྫས་འཐུང་མཁན་དང་དུག་རྫས་ཉོ་ཚོང་བྱེད་མཁན། པགས་རིགས་ཀྱིས་གཙོས་ནག་ཚོང་ཁྲིམས་འགལ་གྱི་ལས་ཀར་འཛེམས་ཟོན་མེད་པ། བོད་གཞུང་སྒེར་གྱི་ཡིག་ཆ་རྫུན་བཟོ་བྱེད་པ༑ དངུལ་གྱི་ཆེད་མགོ་བསྐོར་མགོ་གཡོག་བྱེད་པ། བོད་ཀྱི་ན་གཞོན་ཚོས་རེག་དུག་གི་ན་ཚ་འགོས་སྤེལ་ལ་འཛེམས་མེད་ཀྱིས་སྨད་ཚོང་མའི་ལས་བྱེད་པ་སོགས་སྤྱོད་ངན་སྣ་ཚོགས་པ་ཞིག་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་པ། དེ་བཞིན་ཕ་མས་ཕྲུ་གུ་གྲྭ་པ་བྱེད་འདོད་མེད་པ་དང༌། སློབ་གྲྭའི་ནང་ཆོས་ལུགས་སྤེལ་གྱི་འདུག་ཅེས་སྐྱོན་བརྗོད་བྱེད་པ། རང་དོན་རེ་འགྲུབ་པའི་ཆེད་མི་སྐྱ་ཕོ་མོས་སྐྲ་བྲེག་ངུར་སྨྲིག་གི་གོས་གྱོན་ནས་གྲྭ་རྫུན་བྱེད་པ། གྲྭ་པ་དང་བླ་མ་ལ་ལམ་མདོའི་འབེན་རྡོ་ལྟར་དོན་མེད་ཀྱི་ཁ་ངན་གཏོང་སྲོལ་དར་བ། གྲྭ་པ་དང་བླ་མ་མང་དྲགས་པའི་སྐྱོན་བརྗོད་བྱེད་པ། རྨོངས་དད་ཅེས་བོད་མི་ཉམ་ཆུང་མི་རིགས་ཀྱི་རུས་ཞེན་ཆེ་ཞིང་ཤེས་ཡོན་མེད་མཁན་ཚོའི་དགའ་དད་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ། དབྱིན་སྐད་མ་ཤེས་པ་དང་ཕྱི་རྒྱལ་དུ་འགྲོ་མ་ཐུབ་ན་མི་གྲལ་དུ་མི་ཚུད་པ་ལྟ་བུའི་ལྟ་ཚུལ་འཛིན་པ། གྲྭ་པ་དང་བླ་མ་སྤྱོད་ངན་ཇི་འདྲ་ཞིག་མཐོང་ནའང་སྒེར་སོ་སོར་འཛེམས་ཟོན་གྱིས་སྐྱོན་བརྗོད་བྱེད་མི་ནུས་པ་གང་ཞིག་ལ་གྲྭ་པ་དང་བླ་མས་སྤྱི་ཚོགས་ཡར་རྒྱས་ལ་གནོད་ཚུལ་གྱི་དམའ་འབེབས་བྱེད་པ། བོད་ཀྱི་ཆོས་དང་རིག་གཞུང་ཁྱབ་སྤེལ་གྱི་ཁ་ཕྱི་ལ་ཕྱོགས་པ་མ་གཏོགས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་ལས་འགུལ་དེ་ཙམ་སྤེལ་ཐུབ་ཀྱི་མེད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ངན་པ་ཞིག་ཐོན་བཞིན་པ་ཡོངས་གྲགས་ཡིན་ནའང༌། ད་དུང་ཡང་སྣང་མེད་ལྟར་ཡག་ཐག་ཆོད་རེད་ཅེས་འཛེམས་ཟོན་གྱིས་བཤད་སྟངས་འདིའང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་ཉམས་པའི་རྒྱུའི་གཙོ་བོ་ཞིག་ཡིན།
    དེ་བཞིན་དུ་ཤེས་རིག་ཚོགས་ཆེན་འགའ་ཤས་ཀྱི་སྐབས་སློབ་དེབ་ནང་ཆོས་ཚིག་མང་དྲགས་ནས་སློབ་ཕྲུག་ཕར་ཞོག་དགེ་རྒན་ཚོས་ཤེས་ཐུབ་ཀྱི་མི་འདུག་ཅེས་དགེ་རྒན་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ་སློབ་དེབ་ཀྱི་ཚིག་དོན་གཉིས་ཀ་ཤེས་རིག་ལས་ཁུངས་རང་ཉིད་ཀྱིས་འགན་བླངས་ཏེ་བསྒྱུར་བཅོས་རིམ་པ་བྱས་ཏེ་ཇེ་ཞན་ཇེ་སྡུག་ཏུ་བཏང༌། མི་ལོ་ལྔ་བཅུ་འདིའི་རིང་བོད་ཀྱི་ཆོས་དང་རིག་གཞུང་གི་དགེ་རྒན་རྣམས་ལ་བོད་ཀྱི་རིག་གནས་ཆ་ཚང་བའི་ཤེས་ཡོན་གཏིང་ཟབ་ཅིང་ཡུན་རིང་བའི་དགེ་རྒན་འོས་སྦྱོང་གནས་ཚད་མཐོ་བ་ཞིག་ཐེངས་གཉིས་ལས་སྤྲད་མྱོང་མེད་པ་དང༌། ལྷག་པར་བོད་གཞུང་གི་ལས་ཁུངས་ཁག་གི་ཡིག་ཆ་མང་ཤོས་དབྱིན་ཡིག་ཏུ་འབྲི་སྲོལ་དར། སློབ་གྲྭ་རེ་ཟུང་གི་ཁོར་ཡུག་ནང་དུའང་དབྱིན་སྐད་མ་གཏོགས་བརྒྱབ་མི་ཆོག་པའི་ཁྲིམས་ཀྱང་བཟོ་མྱོང་ཡོད། དགེ་སློབ་ལས་བྱེད་བར་ངན་འབྲེལ་དར་བ། བོད་ཀྱི་སློབ་གྲྭའི་ནང་ཐ་མ་ནག་པོ་འཐེན་པ། ལོག་གཡེམ་དང་རྐུན་མ་རྐུ་བ་སོགས་ཀྱི་སྤྱོད་ངན་སྣ་ཚོགས་བྱེད་པ། སློབ་ཕྲུག་རྣམས་རང་ཁྱིམ་དུ་སླེབས་སྐབས་ཕ་མར་གུས་ཞབས་མི་བྱེད་པའི་གོམས་གཤིས་ཅན་དུ་གྱུར་པ། བོད་གཞུང་གི་ལས་བྱེད་མཐོ་དམའ་སྤྱི་དང་ཐ་ན་སློབ་སྤྱི་ཚུན་ཆད་ནས་དབྱིན་བོད་སོགས་སྐད་ཡིག་འདྲེས་མའི་ནང་གསུང་བཤད་གནང་རྒྱུར་སྤོབས་པ་མཐོ་བའི་འགྲན་བསྡུར་ལྟ་བུ་བྱེད་པ། དཔལ་འབྱོར་དང་མིང་གོ་གནས་ཡོད་མཁན་གྱི་ཕྲུ་གུ་ཞིག་ཡིན་ཚེ་རང་རེའི་བོད་ཀྱི་སློབ་གྲྭ་ཁག་སློབ་འཇུག་བྱེད་ས་མི་རློམ་པར་གྱུར་ཏེ་དབྱིན་སྐད་གཙོ་བོ་ཡིན་པའི་སློབ་གྲྭ་ཁག་ཏུ་འགྲོ་སོང་ཆེན་པོས་སློབ་འཇུག་བྱ་དགོས་པའི་འགྲན་བསྡུར་དར་བ། དེ་ཚོའི་གྲས་སློབ་གྲྭ་ཐོན་སྐབས་ཀྱང་བོད་གཞུང་གི་ནང་དུ་མི་འཛུལ་བ་སོགས་གནས་ཡུལ་ལུང་པའི་ལྟ་སྤྱོད་ངན་པ་དག་ལ་དཔེ་ལྟ་རྒྱུ་ཆེ་དྲགས་པའི་རྐྱེན་ངན་སྣ་ཚོགས་རིམ་བསགས་ཀྱིས་འཐུས་ཤོར་ནི་ཕྱོགས་ཐམས་ཅད་ནས་ཤེས་བཞིན་དུ་བཏང་བ་ལྟ་བུ་རེད། ད་ལྟ་སྐད་ཆ་ཤོད་མཁན་ང་རང་ཉིད་ཀྱང་བོད་མི་རྒན་རབས་པ་ཞིག་ཡིན་པའི་ཆ་ནས་འཐུས་ཤོར་གཏོང་མཁན་གྱི་ཆ་ཤས་སུ་ཚུད་ཡོད་པས་ལེ་ལན་ཐམས་ཅད་གཞན་ལ་བཀལ་བའང་མིན། ཉམས་ཆག་འདི་དག་རྨ་དཀྲིས་ཙམ་གྱི་ཚོད་ལྟ་ཁོ་ནས་ཁོག་ནད་བཅོས་དཀའ་བའི་མཚམས་སུ་སླེབས་ཡོད་ཀྱང་བོད་གཞུང་དང་འབྲེལ་ཡོད་ཚོས་འཛེམས་ཟོན་མེད་པར་ཛ་དྲག་གི་ལས་འགུལ་རེ་སྤེལ་ཐུབ་ཚེ་བཅོས་ཐུབ་པའི་གོ་སྐབས་ཡོད།
    བོད་མིའི་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་ད་ལྟའི་ཤེས་ཡོན་གྱི་ལམ་སྲོལ་འདིས་མ་འགྲིག་པ་ཁོ་ན་ལ་ངོས་འཛིན་གནང་ནས་དེ་ལ་འགྱུར་བ་བཏང་བ་ཙམ་གྱིས་རྒྱ་ཆེ་བའི་ཕན་ཐོགས་ཡོང་དཀའ། གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིའི་ནང་བོད་ཀྱི་སྐད་ཡིག་ལ་མཐོང་དང་ཆ་འཇོག་དེ་ཙམ་མི་དགོས་པའི་བག་ཆགས་ངན་པ་འདི་ལ་འགྱུར་བ་ཞིག་ངེས་པར་གཏོང་དགོས། ལྷག་པར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལས་དོན་གནང་སྐབས་ཕྱི་འབྲེལ་ཙམ་མ་གཏོགས་ཉིན་རེའི་བྱ་བཞག་ཡོངས་རྫོགས་བོད་ཀྱི་སྐད་ཡིག་བསྲེས་ལྷད་མེད་པ་ཁོ་ནས་ལས་དོན་གཉེར་དགོས་པའི་ལས་འགུལ་ནུས་ཤུགས་ཐོན་པ་ཞིག་སྤེལ་དགོས་པའི་དུས་ལ་བབས་ཡོད། ད་ལྟའི་འགྲོ་སྟངས་འདི་མུ་མཐུད་ནས་སོང་ན་སྐད་འདྲེས་མའི་བོད་ཀྱི་གཞུང་སྐད་གསར་པ་དང༌། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མི་མཐུན་པའི་གཞུང་ཡིག་གི་འགྲོ་སྟངས་རང་འདོད་ཅན། བོད་ཡིག་གི་ཤེས་ཚད་ངེས་ཅན་ཡོད་པའི་གཞིས་ལུས་བོད་མི་ཚོར་ལམ་སང་གོ་བརྡ་འཕྲོད་དཀའ་བའི་སྐད་ཡིག་ཁྱད་མཚར་ཅན་ཞིག་ཏུ་འགྱུར་སྲིད། དེས་ན་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཚད་ལྡན་མེད་མཁན་ཞིག་བོད་གཞུང་གི་ལས་བྱེད་པའི་འཚང་རྒྱུགས་ནང་དང་པོ་ནས་འཛུལ་མི་ཆོག་པའི་ཁྲིམས་སྲོལ་ཞིག་གཏན་འབེབས་གནང་ཐུབ་ཚེ་གཞུང་ཞབས་ཚོའི་བོད་ཀྱི་སྐད་ཡིག་གི་གནས་ཚད་ཡར་རྒྱས་འགྲོ་བར་མ་ཟད། བོད་ཀྱི་སྐད་ཡིག་ལ་དགའ་ཞེན་དང་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ཡོད་མཁན་ལ་གཞུང་ཕྱོགས་ནས་རང་བཞིན་གྱིས་མཐོང་ཆེན་སླེབས་ཐུབ་པར་ཕན་ཐོགས་ཡོད། དེ་མིན་མགོ་ཚེས་གཅིག་ནས་འཕྱུག་ན་གནམ་གང་བར་དུ་མ་འཕྱུག་ག་མེད་ཡིན་པའི་དཔེ་ལྟར། མགོ་བཀའ་བློན་འགའ་ཤས་ནས་བཟུང་བོད་གཞུང་གི་ལས་བྱེད་མང་ཆེ་བའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་དགོས་པ་འདི་གལ་གནད་ཅན་ཞིག་ཏུ་གྱུར་ཡོད། ཤེས་ཡོན་གྱི་ལྟ་བའམ་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་བ་ལྟར་ཕྲུ་གུ་འགའ་ཤས་ལ་ཚོད་ལྟའི་དཔེ་སྟོན་སློབ་སྦྱོང་སྤྲད་པའི་གྲུབ་འབྲས་ཐོན་ཐོན་གྱི་བར་དུ་ཕྲུ་གུ་གཅིག་གི་མི་ཚེ་འགོར་དགོས་ཤིང་མི་རབས་གཅིག་རྫོགས་སྲིད་ཀྱི་རེད། བོད་གཞུང་གི་ད་ལྟའི་ལས་བྱེད་མང་ཆེ་བར་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ཚད་ལྡན་ཞིག་མེད་པ་མཁྱེན་བཞིན་དུ་སློབ་ཕྲུག་རྐྱང་པར་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ཡར་རྒྱས་གཏོང་དགོས་ཞེས་པ་ནི་བོད་ཀྱི་སྐད་ཡིག་འདི་བོད་མི་སྐྱབས་བཅོལ་པའི་ཁྲོད་དུ་ཛ་དྲག་ཅན་གྱི་གནས་སྟངས་སུ་ལྷུང་བསྡད་པ་འདི་མ་ཤེས་ནས་ཁ་ཕོ་བསྒྲགས་པ་ལྟ་བུ་རེད་ཅེས་སེམས་ལ་ཤར་སྲིད།
    བོད་ནང་དུ་རྒྱ་མིའི་བཙན་གནོན་འོག་གནས་བཞིན་པའི་བོད་མི་ཚོས་རང་སྲོག་བློས་བཏང་གིས་རྒན་དར་གཞོན་གསུམ་གྱིས་ཛ་དྲག་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་ཐོག་ལས་འགུལ་སྤེལ་ཐུབ་ཀྱི་ཡོད་ན་སྐྱབས་བཅོལ་བོད་གཞུང་ཆུང་ངུ་འདིའི་ནང་ཁུལ་དུ་བོད་ཀྱི་སྐད་ཡིག་གཙང་མ་ཞིག་རྒྱུན་དུ་བེད་སྤྱོད་རྩ་འཛིན་བྱེད་དགོས་པའི་ལས་འགུལ་སྤེལ་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། གློག་ཀླད་ཁོ་ནའི་བཀའ་དྲིན་གྱིས་ཡིག་གཟུགས་གཙང་མ་ཞིག་ཡོད་པ་མ་གཏོགས། སྲོལ་རྒྱུན་དང་མཐུན་པའི་ཡི་གེའི་འབྲི་སྲོལ་མི་ཤེས་པ། ཡ་རབས་སྤྱོད་བཟང་གི་ཚིག་བརྗོད་མེད་པར་ཡར་མར་གྱི་ཡུལ་ལ་རྗོད་ཚིག་ཁྱད་མེད་དུ་གྱུར་པ། བརྗོད་བདེ་མེད་པའི་ཚིག་སྦྱོར་ཅན། གཞུང་སྒེར་གྱི་ཡི་གེའི་འགྲོ་ལུགས་འདྲེས་མ། བརྡ་དག་དང་སུམ་རྟགས་ཀྱི་གཞུང་ལ་ལྟོས་མེད་བྱེད་པ། ཚིག་བརྗོད་ཁག་ཅིག་ལུགས་ལྡོག་གིས་རྒྱ་དབྱིན་གྱི་འགྲོ་ལུགས་ལྟར་འབྲི་བ། བོད་སྐད་ནང་གོ་དཀའ་བའི་བསྡུ་ཚིག་དང་སྐད་རིགས་གཞན་གྱི་མིང་ཚིག་འགའ་ཤས་ཚིག་རྒྱན་ལྟར་འབྲི་བ། ཐ་ན་ལས་ཁུངས་འགའ་ཤས་ཀྱི་སྒོ་བྱང་དང་བཀའ་ཡིག་གི་ཡིག་སྣོད་སྟེང་གི་ངོ་སྤྲོད་ཞལ་བྱང་ཚུན་ཆད་བྲི་སྟངས་མ་དག་རྒྱུན་འབྱམས་སུ་གྱུར་པ་འདི་དག་སྣང་མེད་དུ་བཞག་ཡོད་མེད་བོད་གཞུང་གི་ཡིག་ཆ་ཁག་འགའ་ཤས་ལ་ཞིབ་པར་གཟིགས་ན་གསལ་པོར་མཁྱེན་ཐུབ་ལ། མཁས་དབང་ཞེས་པའི་མཚན་ཐོགས་མཁན་ཇེ་མང་དུ་ཕྱིན་ཡོད་ནའང་བོད་ཀྱི་སྐད་ཡིག་ཐོག་བོད་གཞུང་གིས་ཁ་ཙམ་མ་གཏོགས་ཉིན་རེའི་བྱ་སྤྱོད་ནང་བོད་ཀྱི་སྐད་ཡིག་གི་འགན་ཅི་ཙམ་བཞེས་ཐུབ་ཀྱི་ཡོད་མེད་བོད་གཞིས་བྱེས་གཉིས་ཀྱི་སྤྱན་ལམ་དུ་བསྟན་ཟིན་པ་ཞིག་མ་རེད་དམ། བོད་མི་གསར་འབྱོར་པ་མ་གཏོགས་སྐྱབས་བཅོལ་པ་རྙིང་པའི་མི་སྐྱ་ཕོ་མོའི་ནང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་མཐོ་བོ་ཡོད་མཁན་ཤིན་ཏུ་དཀོན་པོར་གྱུར་ཡོད།
    ལམ་སང་ལག་ལེན་དུ་འཁེལ་ཐུབ་པའི་ལས་འགུལ་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་ནང་པའི་ཆོས་ལུགས་སྐོར་མང་ཙམ་ཡོད་པའི་བོད་གཞུང་གི་སློབ་དེབ་རྙིང་པ་ཁག་དང་བོད་ཀྱི་ཚད་མ་རིག་པའི་སྐོར་གྱི་སློབ་ཚན་སོགས་བོད་ཀྱི་སྐད་ཡིག་གི་སློབ་སྦྱོང་སྤྲོད་སྟངས་དྲུག་ཅུ་རེ་གྲངས་ནང་ཡོད་པ་དེ་དག་ལ་ཡར་རྒྱས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ལག་ལེན་དུ་བསྟར་ན་གནས་སྐབས་དཀའ་ངལ་ཡོད་སྲིད་ནའང་གྲུབ་འབྲས་ངེས་ཅན་ཞིག་ཐོན་ཐུབ་ངེས་རེད། ལྷག་པར་བོད་ཀྱི་སྐད་ཡིག་གི་དགེ་རྒན་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་དེབ་རྐྱང་པའི་ངོ་གདོང་གང་སློབ་ཁྲིད་བྱེད་ཐུབ་ཙམ་གྱི་ཤེས་ཡོན་ཁོ་ན་ཡོད་པ་ཙམ་གྱིས་མི་ཆོག་པར། ཐོག་དང་པོར་བོད་ཀྱི་རིག་གནས་སྤྱིའི་ཤེས་ཚད་ཀྱི་རྨང་གཞི་མཐོན་པོ་ཡོད་པའི་དགེ་རྒན་གྱི་དཔུང་ཁག་ཚད་ལྡན་ཞིག་གསོ་སྐྱོང་ངེས་པར་གནང་ཐུབ་དགོས་ལ། དགེ་རྒན་གྱི་མཐུན་རྐྱེན་འཛོམས་པའི་མཚམས་སུ་རིམ་གྱིས་བོད་ཕྲུག་གི་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་གི་ཤེས་ཡོན་ཡར་རྒྱས་འགྲོ་བ་རྒྱུ་འབྲས་རྟེན་འབྱུང་གི་རང་བཞིན་རེད། མཚམས་མཚམས་སུ་དགེ་རྒན་འགའ་ཤས་འདེམས་བསྒྲུགས་ཀྱིས་ཉིན་ཤས་དང་ཟླ་གཉིས་ཟླ་དྲུག་ལྟ་བུའི་འོས་སྦྱོང་སྐབས་སློབ་དེབ་དང་ས་སྐྱའི་ལེགས་བཤད་སོགས་བོད་ཡིག་གི་སློབ་ཚན་ལས་སླ་བ་རེ་ཟུང་ཡམ་ཡོམ་ཞིག་སློབ་ཁྲིད་གནང་བ་ཙམ་གྱིས་ངོ་སོ་ཐོན་པའི་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཡོད་པའི་དགེ་རྒན་ཤེས་ཡོན་ལྡན་པ་ཞིག་གསོ་སྐྱོང་བྱ་ཐུབ་རྒྱུ་དཀའ་མོ་རེད།
    ཡོན་ཏན་ལྷག་པ་བརྩོན་བཅས། ཞེས་གསུངས་པ་ལྟར་དགེ་ཕྲུག་ལས་དགེ་རྒན་ཡོན་ཏན་ལྷག་པ་ཞིག་ངེས་པར་དགོས་ཀྱང༌། དེང་སྐབས་ས་གནས་འགའ་ཞིག་ཏུ་དགེ་ཕྲུག་ལས་དགེ་རྒན་ཡོན་ཏན་དང་ཀུན་སྤྱོད་སྐྱོ་བ་རེ་ཡོད་ཚུལ་གོ་རྒྱུ་འདུག་པས་ལས་འགན་ཇི་བཞིན་འཁྱེར་མི་ཐུབ་མཁན་གྱི་དགེ་རྒན་དང་ལས་བྱེད་ཁག་ཅིག་ཡོད་པ་གསལ་པོ་རེད། ད་ཆ་ང་ཚོའི་གནས་སྟངས་འདི་ཛ་དྲག་ཅན་ཡིན་པའི་ངོས་འཛིན་བརླགས་ནས། གནས་ཚང་རྒྱལ་ཁབ་རང་བཙན་ཡོད་ཅིང་ངང་རྒྱུད་རིང་བ། དལ་བུས་ཡར་རྒྱས་འགྲོ་བཞིན་པའི་ཁོར་ཡུག་གི་འགྲོ་ལུགས་ལ་དཔེ་བལྟས་ཏེ། བོད་ཀྱི་གཏམ་དཔེར། ས་ཁང་གཏན་འཇགས། ཞེས་པ་ལྟར་མི་སུ་ལའང་ཕོག་ཐུག་གཏོང་མི་ཕོད་པའི་གོམས་གཤིས་ངན་པ་ཞིག་འཇགས་འདུག་པར་མ་ཟད། ལྷག་བསམ་རྣམ་དག་གིས་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ལའང་རྒྱ་དམར་ནག་གི་རྗེས་འབྲང་ངམ་བོད་གཞུང་མང་ལ་མི་དགའ་མཁན། ྋགོང་ས་ྋསྐྱབས་མགོན་ཆེན་པོར་དད་པ་མེད་པ་སོགས་ཀྱི་གཏམ་འཆལ་གྱི་ཞྭ་མོ་ནག་པོ་རེ་གཡོག་སྲོལ་དར་བ་སོགས་ཀྱིས་ཛ་དྲག་གི་འགྱུར་བ་གཏོང་ཐུབ་པའི་བློ་སྟོབས་སུ་ལའང་ཡོད་དཀའ་བའི་འཛེམས་ཟོན་ཅན་ཞིག་དུ་གྱུར་ཚར་བ་རེད།
    དྲི་ཟུར་གཉིས་པ་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་གནད་འགག་གམ་རྒྱུ་རྐྱེན་གཙོ་བོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཐུས་ཤོར་སོང་བ་ཐུགས་ཀྱིས་མ་བཟོད་པར་བོད་ཀྱི་སྐད་ཡིག་དང་ཡ་རབས་བཟང་སྤྱོད་ཉམས་ཆག་འགྲོ་གི་འདུག་ཅེས་ལོ་མང་སྔོན་ནས་དུས་དང་དུས་སུ་ལོ་ནས་ལོ་མཐུད་མང་ཚོགས་ཀྱི་དཀྱིལ་དུ་བཀའ་ནན་པོ་རྣ་བ་ཚ་ཚ་བར་སྔ་ཕྱིར་ལན་མང་གསུངས་པ་དེས་རྐྱེན་གཙོ་བོ་བྱས་པ་ལ་ངོས་འཛིན་བྱེད་ཀྱི་ཡོད།
    ༥༽ དྲི་བ། བཙན་བྱོལ་བོད་མི་སྤྱི་དང་ལྷག་པར་མི་རབས་གསར་པ་འདི་ཚོར་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་བྱ་དགོས་པའི་འགན་ཆེན་པོ་ཞིག་ཡོད། ཤེས་ཡོན་སློབ་སྦྱོང་གི་གནས་ཚད་སྤྱིར་བཏང་བ་ཞིག་གིས་འགན་འདི་བསྒྲུབ་མི་ནུས། འོ་ན་མི་རབས་གསར་པ་འདི་ཚོ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཤེས་ཡོན་གྱི་སློབ་ཚན་དང་སློབ་སྦྱོང་གི་ལམ་སྲོལ་གང་འདྲ་ཞིག་ལག་བསྟར་བྱ་དགོས་པ་རེད་དགོངས་ཀྱི་ཡོད།
    བཀའ་ལན། གཙོ་བོ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་ཡིན་ཕྱིན་རང་ཉིད་བོད་མི་ཡིན་བསམ་པ་དང༌། གཞིས་ལུས་མི་མང་བཙན་འོག་ནས་ཛ་དྲག་གིས་སྐྱོབ་མཁན་དང་རེ་བ་རྒྱག་ས་ཞིག་ཡིན་སྙམ་པའི་སེམས་ཤུགས་ཀྱི་ལྟ་བ་དང༌། ང་ཚོ་ལུང་པ་མེད་པའི་སྐྱབས་བཅོལ་པ་ཡིན་བསམ་པ་བཅས་འདི་གསུམ་དུས་ནམ་ཡང་བརྗེད་དུ་འཇུག་མི་ཉན།
    མ་འོངས་པའི་བོད་རིགས་གཞོན་ནུ་རྣམས་ལ་སེམས་ཤུགས་ཀྱི་ལྟ་བ་ཡོང་སའི་རྒྱུ་གཙོ་བོ་ནི་ཕ་མ་དང་སློབ་གྲྭའི་ཁོར་ཡུག བོད་གཞུང་གི་སྲིད་བྱུས་གསུམ་ལ་རག་ལས་ཡོད་པས་བོད་པའི་ཆོས་དང་རིག་གཞུང་གི་ཤེས་ཡོན་གྱི་བག་ཆགས་གཏིང་ཟབ་ཅིག་ཤ་འཇགས་རུས་འཇགས་ཤིག་བྱེད་ཐུབ་དགོས། བོད་མི་རིགས་ཀྱི་འཐབ་རྩོད་འདིའི་ཆེད་དུ་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་པ་དམིགས་ཡུལ་གྱི་གཙོ་བོར་འཛིན་དགོས་པ་མ་གཏོགས། སློབ་གྲྭ་འཐོན་སྐབས་སྒེར་གྱི་འཚོ་བ་དང་དཔལ་འབྱོར་ཡོང་སའི་ལས་ཀ་དམིགས་ཡུལ་ལ་འཛིན་དགོས་པའི་བག་ཆགས་ཤིག་དང་པོ་ནས་བསྒོས་མི་ཉན། བོད་ཀྱི་ཐུན་མོང་མིན་པའི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་ནི་རྒྱུན་གྱི་སྤྱོད་ལམ་འགྲོ་འཆག་ཉལ་འདུག་གང་གི་སྐབས་སུ་ཡང་རང་བཞིན་གྱིས་འཇགས་ཐུབ་པའི་མིག་ལྟོས་ལེགས་པོ་ཞིག་སློབ་གྲྭའི་ཁོར་ཡུག་དང་ཁྱིམ་ཚང་ནང་དུ་བསྐྲུན་དགོས་པ་ལས། སློབ་གྲྭའི་ལྕགས་སྒོ་བཙན་པོ་དང་ལྕགས་ཀྱི་ར་བ་བཙན་པོས་བསྐོར་བ་ཙམ་གྱིས་སློབ་གྲྭའི་ནང་གི་ཁོར་ཡུག་གཙང་མ་ཞིག་ད་ལྟའི་བར་བསྐྲུན་ཐུབ་མེད། གཙོ་བོ་ནི་སློབ་སྤྱི། དགེ་རྒན་དང་ཕ་མ། ལས་བྱེད་པ་རྣམས་ཀྱི་རྒྱུན་གྱི་སྤྱོད་ལམ་དང་དེ་དག་གི་མི་ཚེའི་དམིགས་ཡུལ་འཛིན་སྟངས་མ་ནོར་བ། སྤྱི་སེམས་བཅོས་མ་མ་ཡིན་པ་འདི་གསུམ་ཡོད་མེད་ལ་རག་ལས་པས་ཁ་བཤད་ཆུ་ཡི་ལྦུ་བ་ཙམ་གྱིས་ཁོར་ཡུག་བསྐྲུན་མི་ཐུབ། སེམས་ཤུགས་ཀྱི་རྩ་བ་ནི་མི་རིགས་ཀྱི་ལར་ཞེན་དང་མི་རིགས་ཀྱི་སྐད་ཡིག་ཡིན་དུས། བོད་ཀྱི་སྐད་ཡིག་གི་རྨང་གཞི་ཚད་ལྡན་ཞིག་སློབ་གྲྭ་ཁག་གི་དབུ་འཛིན་དང་ལས་བྱེད་ལ་ཡོད་དགོས། གལ་སྲིད་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་དགེ་རྒན་དང་ལས་བྱེད་ལ་མེད་ན་སློབ་གྲྭ་པ་ཚོར་ཡོང་ཐབས་ག་ལ་ཡོད། གཞོན་སྐྱེས་རྣམས་ཀྱི་ཤ་ཁྲག་གི་བརྒྱུད་པ་དང་པགས་མདོག་བོད་རིགས་ཡིན་པ་ཙམ་གྱིས་ཕན་ཐོགས་མེད། ངེས་པར་དུ་རང་ཉིད་ལ་བོད་མི་ཡིན་བསམ་པ་དང་མི་རིགས་ཀྱི་ཤ་ཞེན་ཡོད་པའི་ཐོག་ནས་བོད་སྐད་ཤོད་ཤེས་པ་དང་བོད་ཡིག་འབྲི་ཤེས་པ། བོད་པའི་རྩ་དོན་ཐོག་སེམས་ཁུར་ཡོད་མཁན་ཞིག་ཏུ་བསྐྱེད་སྲིང་བྱེད་ཐུབ་དགོས། ཕ་མ་སོ་སོས་རང་གི་ཕྲུ་གུའི་རྒྱུན་གྱི་སྤྱོད་ལམ་ནང་བོད་མི་རིགས་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དང་གོམས་གཤིས་ཤིག་བསྒོས་ཐུབ་ཡོད་ན་ང་བོད་མི་ཡིན་བསམ་པའི་ངོས་འཛིན་དང་བོད་མི་རིགས་ཀྱི་ལྟ་བ་ཡོད་མཁན་ཞིག་ཏུ་འགྱུར་གྱི་རེད། རང་གི་བུ་ཕྲུག་ལ་བོད་པ་གཙང་མ་ཞིག་ཡིན་བསམ་པའི་བག་ཆགས་བརྟན་པོ་ཞིག་བཞག་ཐུབ་ཡོད་ན་དེའི་བུ་རྒྱུད་ཕྱི་མ་རྣམས་ཀྱང་བོད་རིགས་གཙང་མ་ཞིག་ཡོང་བའི་ཐབས་ཤེས་ཀྱང་བྱེད་ཤེས་ཀྱི་རེད། མདོར་བསྡུས་ན། བཙན་བྱོལ་བོད་གཞུང་འདིའི་ལས་བྱེད་པའི་ནང་དུ་ཡིན་ནའང་བོད་ཀྱི་སྐད་ཡིག་གི་གནས་ཚད་དང་ཡ་རབས་སྤྱོད་བཟང་གི་ལྟ་བ་རྒྱུན་འཛིན་བྱེད་ཐུབ་པའི་བག་ཆགས་གཏིང་ཟབ་ཅིག་བཞག་ཐུབ་ཡོད་མེད་ནི་ད་ལྟ་འཚར་ལོངས་ཡོང་བཞིན་པའི་སྐྱབས་བཅོལ་པའི་མི་རབས་གསར་པ་རྣམས་ཀྱི་བྱ་སྤྱོད་ཀྱིས་མི་རབས་རྙིང་པ་ཚོའི་ལས་བསྡོམས་སམ་གྲུབ་འབྲས་ཤིག་ངོ་སྤྲོད་བྱེད་ཀྱི་ཡོད་པའི་ཐོག་ནས་གསལ་པོར་ཤེས་ཐུབ།
    ༦༽ དྲི་བ། བོད་པ་སྐྱབས་བཅོལ་པ་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུའི་རིང་ཤེས་ཡོན་ཐོག་ཕན་ནུས་ཐོན་པའི་ལས་ཀ་གང་འདྲ་ཞིག་བྱེད་ཐུབ་ཡོད། བར་ལམ་ནས་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ལ་ཉམས་ཆག་ཆེན་པོ་སོང་ཡོད་པ་ཡོངས་གྲགས་ལྟ་བུར་གྱུར་ཡོད། ཉམས་ཆག་ཏུ་འགྲོ་བའི་རྐྱེན་རྩའི་ཐོག་རིན་པོ་ཆེས་ངོས་འཛིན་གང་འདྲ་གནང་གི་ཡོད།
    བཀའ་ལན། འདས་པའི་ལོ་ལྔ་བཅུ་ཐམ་པའི་རིང་བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་སྤྱི་ཡོངས་ལ་བསམ་ཡུལ་ལས་འདས་པའི་ཕན་ཐོགས་རྒྱ་ཆེན་པོ་ཞིག་བསྒྲུབས་ཐུབ་ཡོད། འགྲོ་བ་མིའི་རིགས་སྤྱི་ལ་ཁ་ཕྱོགས་གསར་པ་དང་རེ་བ་གསར་པ་ཞིག་གི་སྣེ་ཁྲིད་བྱས་ཐུབ་ཡོད། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་པ་རྣམས་ཀྱིས་ལོ་ལྔ་བཅུའི་རིང་བོད་ཀྱི་ནང་ཆོས་ཁྱབ་སྤེལ་ཐོག་ནས་གྲུབ་འབྲས་དང་ཕན་ནུས་ཆེ་ཤོས་ཤིག་ཐོན་ཐུབ་ཡོད་པར་མ་ཟད། སྐྱབས་བཅོལ་པའི་སྤྱི་ཚོགས་ནང་ཡིག་རྨོངས་ཅན་ཕལ་ཆེར་མེད་པ་དང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་མཁན་མེད་པ་ལྟ་བུར་གྱུར་ཡོད།
    འོན་ཀྱང་བར་ལམ་ནས་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་སྣ་ཚོགས་ཡོད་ཀྱང༌། གཞུང་གི་མཐོ་རིམ་ལས་བྱེད་འགའ་ཤས་ནས་བཟུང་དམའ་ས་ལ་ཐུག་གི་བར་བོད་མིའི་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་ཉམས་ཆག་དང༌། བོད་ཀྱི་སྐད་ཡིག་གི་རིན་ཐང་ལ་སྣང་མེད་བྱེད་པའི་གཤིས་སྤྱོད་ངན་པ་འདི་དག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་གི་ཤེས་ཚད་སྐྱོ་རུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ལྷག་པར་བོད་གཞུང་གི་སློབ་གྲྭ་ཁག་གི་དགེ་རྒན་གྱི་ཤེས་ཚད་ལོ་རེ་ནས་ཇེ་ཞན་ཇེ་སྡུག་ཏུ་གྱུར་པ་དེ་ནི་གཡོལ་ཐབས་མེད་པའི་འཐུས་ཤོར་ཆེ་ཤོས་ཤིག་རེད། དགེ་རྒན་དང་ལས་བྱེད་ཀྱི་ཤེས་ཚད་དང་ལྷག་བསམ། ཀུན་སྤྱོད་བཅས་པའི་ཚད་ཅི་ཙམ་དམའ་རུ་ཕྱིན་པ་དེ་ཙམ་གྱིས་སློབ་མའི་གནས་སྟངས་དེ་ལས་ཀྱང་ཇེ་ངན་ཇེ་སྡུག་ཏུ་མ་སོང་ཀ་མེད་རེད།
    བོད་གཞུང་གིས་སློབ་གྲྭ་ཁག་གི་ནང་ཐོག་དང་པོར་སློབ་སྦྱོང་ཐོན་མཁན་ཉུང་ཉུང་ལས་མེད་པའི་སྐབས་སློབ་ཐོན་པ་གང་ཡོད་བོད་གཞུང་གི་ལས་ཁུངས་ཁག་ལ་དགོས་མཁོ་ཤིན་ཏུ་ཆེ་བས་སློབ་གྲྭ་ཐོན་སྐབས་ལས་ཀ་མ་ཐོབ་པའི་དཀའ་ངལ་མེད། བར་ལམ་ནས་སློབ་གྲྭ་ཐོན་མཁན་ཇེ་མང་དུ་ཕྱིན་དུས་བོད་གཞུང་གིས་སློབ་སྦྱོང་གི་བཀོད་སྒྲིག་གནང་བ་ཙམ་མིན་པར་སློབ་གྲྭ་ཐོན་རྗེས་ཀྱི་མདུན་ལམ་ལ་འཆར་གཞི་རྒྱ་ཆེན་པོ་ཞིག་བཏིང་ཐུབ་དགོས་ནའང༌། བོད་གཞུང་དཔལ་འབྱོར་ཞན་པ་དང༌། སྐྱབས་བཅོལ་བའི་གནས་སྟངས་གཞན་དབང་སྟབས་བསྟུན་དགོས་པའི་དབང་གིས་ལས་ཀ་བྱེད་སའི་མདུན་ལམ་གྱི་འཆར་འགོད་དང་ལམ་སྟོན་གནང་མ་ཐུབ་དུས། ལོ་རེ་རེའི་ནང་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱིས་སློབ་གྲྭ་ཐོན་གྱི་ཡོད་ནའང་བོད་གཞུང་གིས་ལས་བྱེད་པའི་ས་མིག་འགའ་ཤས་ལས་སྤྲོད་ཐུབ་ཀྱི་མེད། སློབ་ཐོན་པ་མང་ཆེ་བར་བོད་གཞུང་གི་ངོས་ནས་མདུན་ལམ་གྱི་ལམ་སྟོན་གནང་གི་རེད་བསམ་པའི་རེ་བ་བརྒྱབས་ས་མེད་པས། རང་བསམ་རང་འདོད་ཀྱིས་རྒྱ་གར་གྱི་གྲོང་ཁྱེར་ཁག་དང་ཕྱི་རྒྱལ་ཁག་ལ་ཐབས་ལམ་སྣ་ཚོགས་ཀྱིས་ལས་ཀ་འཚོལ་དུ་མ་འགྲོ་ཀ་མེད་དུ་གྱུར་ཅིང༌། མང་པོ་ཞིག་ལས་ཀའི་དམིགས་ཡུལ་མེད་པའི་འཁྱམ་པོ་ཁྱུ་གཅིག་ཆེད་དུ་གཉེར་ནས་གསོ་སྐྱོང་བྱས་པ་ལྟ་བུའི་གྲུབ་འབྲས་ལྡོག་ཕྱོགས་སུ་གྱུར་པ་རེད།
    ལྷག་པར་བོད་ཀྱི་རིག་གཞུང་ཁོ་ན་གཙོ་བོར་སློབ་སྦྱོང་བྱེད་མཁན་ཚོས་སློབ་གྲྭ་ཐོན་པའི་སྐབས་ཡོན་ཏན་དེ་དག་བེད་སྤྱོད་གཏོང་སའི་ལས་ཀའི་ཁོར་ཡུག་གམ་ཕ་མ་རྒན་རྒོན་དང་བཟའ་ཚང་ཁ་གསོ་ཐུབ་པའི་ལས་ཀའི་མདུན་ལམ་ལེགས་པོ་ཞིག་མེད་པ་དང༌། བོད་གཞུང་གིས་ཀྱང་བཀོད་སྒྲིག་ཐུབ་ཀྱི་མེད་སྟབས་སློབ་ཐོན་པ་ཚོའི་ཤེས་ཡོན་དེ་རང་བཞིན་གྱིས་བེད་མེད་ལྟ་བུར་གྱུར་པར་བརྟེན། བོད་ཀྱི་སྐད་ཡིག་ནི་དགེ་རྒན་དང་དགེ་ཕྲུག ཕ་མ་ཁྱིམ་ཚང་དང་བཅས་པས་དོ་སྣང་བྱེད་དགོས་སའི་གནད་དོན་ཞིག་ཏུ་བསྒྱུར་ཐུབ་མེད།
    དེས་ན་བོད་ཀྱི་སྐད་ཡིག་ནི་རྒྱལ་ཁབ་ཀྱི་སྐད་ཡིག་ཡིན་བསམ་པའི་ཞེན་ཁོག་ཙམ་དང་སློབ་ཚན་ལ་ཡོད་པ་ཁོ་ནས་སློབ་སྦྱོང་བྱས་པ་མ་གཏོགས་ཁ་ཚ་དགོས་གཏུགས་སུ་གྱུར་པའི་ཁྱིམ་ཚང་གི་ཁ་རྒྱབ་གཉིས་ཀ་གསོ་མི་ཐུབ་པའི་ནུས་མེད་ཅན་དུ་གྱུར་པས་ལྟོ་རྒྱབ་ཀྱི་ཆེད་དུ་སློབ་སྦྱོང་བྱེད་པའི་མི་ཞིག་གིས་རང་གི་ལྟོ་རྒྱབ་ལ་ཐད་ཀར་ཕན་ཐོགས་མེད་པའི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་ཆུང་ངུར་འགྱུར་བ་ནི་ཆོས་ཉིད་ལྟ་བུ་ཡིན། མདོར་བསྡུས་ན། བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་དགོས་པའི་རྐྱེན་རྩ་གཙོ་བོ་ནི་བོད་གཞུང་གི་ལས་བྱེད་ཕལ་ཆེ་བར་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཤིན་ཏུ་སྐྱོ་བོ་དང་བོད་ཡིག་ཐོག་དོ་སྣང་མེད་པ་འདིས་ལན་པ་རེད། དཔེར་ན། བོད་གཞུང་གི་ལས་བྱེད་མཐོ་རིམ་གྱི་ནང་དུ་ཐ་ན་བོད་ཀྱི་སྐད་ཡིག་ནང་སྲོལ་རྒྱུན་དང་མཐུན་པའི་བཀའ་ཡིག་ཚད་ལྡན་ཞིག་རང་སྟོབས་ཀྱིས་འབྲི་ཐུབ་མཁན་མང་ཉུང་ག་ཚོད་ཡོད་མེད་ཤེས་ཤེས་པ་ཞིག་ཡིན། བོད་སྐྱབས་བཅོལ་གཞུང་འདིའི་ལས་བྱེད་པའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་སྐྱོ་རུ་སོང་བ་འདི་ཡང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཉམས་པའི་རྒྱུ་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས།
    ༧༽ དྲི་བ། བོད་མི་རིགས་ལ་བོད་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་བསམ་བློའི་གནས་སྟངས་ཤིག་དང༌། རིག་གཞུང་ཞིག་ཡོད་པ་དེ་མུ་མཐུད་རྒྱུན་འཛིན་བྱེད་དགོས་པ་རེད་ཟེར་བའི་རིགས་ཤིག་དང༌། དུས་རབས་གསར་པའི་ནང་བོད་ཀྱི་སྣོད་བཅུད་ཀྱི་གནས་སྟངས་ཡོངས་རྫོགས་ལ་གསར་བརྗེ་གང་ཐུབ་བྱས་ནས་བོད་མི་རིགས་ཨ་རི་དང་རྒྱ་ནག་ལྟ་བུ་ཞིག་ཏུ་ཆགས་ཐུབ་པ་ལ་འབད་བརྩོན་བྱ་དགོས་ཟེར་བའི་རིགས་གཉིས་ཡོང་གི་ཡོད། རིན་པོ་ཆེའི་ངོས་ནས་མ་འོངས་པའི་བོད་པ་དེ་གང་འདྲ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད།
    བཀའ་ལན། སྤྱིར་སློབ་སྦྱོང་གི་གནས་སྟངས་ལ་རྒན་གཞོན་གཉིས་ཀྱི་དབར་ལ་ལྟ་ཚུལ་མི་འདྲ་བ་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གི་བྲོ་བ་དངོས་སུ་མྱོང་ཐུབ་མཁན་དང་བོད་མི་རིགས་ཀྱི་རུས་ཞེན་ཆེན་པོ་ཡོད་པའི་མི་རྒན་པའི་རིགས་མང་ཆེ་བས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གནས་སྟངས་དང་ཁྱད་ཆོས་ཡོད་པའི་རིག་གཞུང་འདི་མུ་མཐུད་ནས་གནས་ཐུབ་ན་བོད་མི་རིགས་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་གནང་གི་ཡོད། འོན་ཀྱང་རྒྱུན་འཛིན་གནང་སྟངས་ལ་དུས་དང་མཐུན་པའི་འགྱུར་བ་ཞིག་མ་བཏང་ན་གནས་རྒྱུ་ཁག་པོ་རེད།
    འཛམ་གླིང་གི་གོ་ལ་གཅིག་གྱུར་གྱི་འགྱུར་འགྲོས་འདི་དབང་ཤིན་ཏུ་བཙན་ཞིང་གཅིག་ལ་གཅིག་བརྟེན་གྱི་གོང་བུའི་ནུས་པ་འཕེལ་བཞིན་པ་འདིས་ལུགས་སྲོལ་རྙིང་པ་དང་འབྲེལ་བའི་བག་ཆགས་མང་པོ་ཞིག་ལ་འགྱུར་བ་མ་བཏང་ཐབས་མེད་ཆགས་ཀྱི་ཡོད། དུས་ཚོད་སྔ་འགྱངས་ཙམ་མ་གཏོགས་འཛམ་གླིང་སྐད་ཡིག་གཅིག་དང་དཔལ་འབྱོར་གྱི་ལམ་སྲོལ་གཅིག་ཏུ་འགྱུར་རྒྱུ་གཏན་འཁེལ་བ་ལྟ་བུ་རེད། དེང་སྐབས་ཀྱང་འཛམ་གླིང་གི་ཕྱེད་ཀ་ལས་ལྷག་ཙམ་ཞིག་སྐད་ཡིག་གཅིག་དང་དཔལ་འབྱོར་གྱི་ལམ་སྲོལ་གཅིག་ཏུ་འགྱུར་ཨེ་ཐུབ་ལྟ་བཞིན་པའི་སྐབས་ལྟ་བུ་རེད། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་མང་པོ་ཞིག་གིས་སྐད་ཡིག་གཙོ་བོ་གཅིག་དང་དཔལ་འབྱོར་གྱི་ལམ་སྲོལ་གཅིག་གི་འོག་འགྲོ་ཐུབ་ན་སྤྱི་སྒེར་གཉིས་ཀར་ཁེ་ཕན་སྒྲུབ་པའི་བྱེད་ཐབས་ལེགས་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་འགྱུར་འགྲོས་ཀྱི་གནས་སྟངས་འདི་ལ་གཞིགས་ཚེ། འཛམ་གླིང་མང་ཆེ་བ་སྐད་ཡིག་དང་རིག་གཞུང་ཕན་ཚུན་འདྲེས་རྒྱུར་གཏན་འཁེལ་བའི་གོ་སྐབས་ཀྱི་དུས་ཚོད་བཟང་པོ་འདི་བོད་གཞུང་མང་གཉིས་ཀས་ད་ལྟ་ནས་དམ་འཛིན་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཐམས་ཅད་འཛམ་གླིང་སྤྱིའི་སྐད་ཡིག་གཙོ་བོ་དེ་ཚོའི་ནང་གཏིང་ཟབ་མོས་གནས་ཐུབ་པའི་ཐབས་ཤེས་ཀྱི་ལས་དོན་ཚགས་ཚུད་པོ་དང་ཚ་ཚ་འུར་འུར་གྱིས་ད་ལྟ་ནས་ཕབ་བསྒྱུར་སོགས་ཀྱི་ལས་འགུལ་སྤེལ་དགོས་ཀྱི་འདུག རྒྱལ་སྤྱིའི་སྐད་ཡིག་གཙོ་བོ་དེ་དག་གི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དང་རྒྱུན་འཛིན་བྱ་ཐུབ་ཚེ་བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་སྤྱིའི་ཐོག་ལོ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་ཕན་ཐོགས་ཅན་གྱི་ངོ་བོར་གནས་ཐུབ་རྒྱུར་གཏན་འཁེལ་བ་རེད།
    སྤྱིར་མི་རིགས་ཆེ་ཆུང་ཡོད་ཚད་ཟུར་དུ་འབུར་འཐོན་གྱིས་གནས་ཐུབ་ན་དགེ་མཚན་ཡོད་མེད་གང་ལྟར་ཡང༌། ཆོས་དང་རིག་གཞུང་གིས་ཕྱུག་པའི་བོད་ཀྱི་མི་རིགས་འདི་འབུར་ཐོན་གྱིས་གནས་ཐུབ་མིན་འཛམ་གླིང་སྤྱིའི་བདེ་སྐྱིད་ལ་འབྲེལ་བ་ཡོད་པས། བོད་མི་རིགས་འདི་གནས་ཐུབ་པའི་ཐབས་ལ་འབད་དགོས་པ་ནི་འགྲོ་བ་མི་སྤྱི་དང་བྱེ་བྲགང་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ལས་འགན་ཡིན། བོད་མི་རིགས་ཇི་སྲིད་གནས་པ་དེའི་རིང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་འགན་ཞིག་ཡོད་སྟབས། རྒྱལ་སྤྱིའི་སྐད་ཡིག་ནང་གི་རྒྱུན་སྤྱོད་ཀྱི་མིང་ཚིག་གསར་པ་མང་ཆེ་བ་བོད་ཀྱི་སྐད་ཡིག་ནང་དུ་ཕབ་བསྒྱུར་དང་བསྡུ་ལེན་ཐུབ་ཐབས་གང་མགྱོགས་གནང་ཐུབ་ཚེ། བོད་ཀྱི་སྐད་ཡིག་འདི་ལེགས་སྦྱར་གྱི་སྐད་ཡིག་ལྟར་བོད་ཀྱི་ཆོས་དང་རིག་གཞུང་གི་སྐད་ཡིག་ཙམ་དུ་མ་གྱུར་པར། བོད་མི་སྐྱ་སེར་ཡོངས་རྫོགས་ཀྱིས་རྒྱུན་སྤྱོད་ཀྱི་འཚོ་བའི་ནང་བེད་སྤྱོད་བྱེད་ཐུབ་པ་དང་ནང་དོན་སྣ་ཚོགས་ཡོད་པའི་སྐད་ཡིག་གི་ངོ་བོར་བསྒྱུར་ཐུབ་ན་བོད་ཀྱི་སྐད་ཡིག་འདི་ཡུན་རིང་དུ་གནས་པར་ཕན་ཐོགས་རླབས་ཆེ་བ་ཞིག་ཡོང་ངེས་རེད།
    དྲི་ཟུར་གཉིས་པ། བོད་ཀྱི་སྣོད་བཅུད་གཉིས་ཀར་གསར་བརྗེ་བྱེད་དགོས་ངེས་ཀྱི་གནད་དོན་མང་པོ་ཞིག་ཡོད་ནའང༌། བོད་ཀྱི་རིག་གཞུང་དང་གོམས་གཤིས་ལ་ལེགས་ཉེས་ཀྱི་དབྱེ་བ་ཕྱེ་ཤེས་པའི་ཐོག་ནས་འགྱུར་བ་གཏོང་དགོས་པ་མ་གཏོགས། གསར་བརྗེ་དང་དཔལ་འབྱོར་ལ་ཧེབ་ལངས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་ཕན་ཐོགས་ཅན་དང་འབྲེལ་བའི་སྣོད་བཅུད་གཉིས་ལ་གང་བྱུང་གིས་འགྱུར་བ་བཏང་ཚེ་ཕྱིས་སུ་འགྱོད་པ་ཤར་བའི་སྐབས་བསྐྱར་གསོ་བྱ་ཐབས་མེད་པའི་གནས་སུ་འགྱུར་སྲིད།
    ༨༽ དྲི་བ། གཞི་རིམ་སློབ་གྲྭ་ཁག་གི་ནང་ཚད་མ་རིག་པ་དང༌། ནང་ཆོས་ཀྱི་སྐོར་ཕྲན་བུ་བཞག་པ་དེ་ལ་སློབ་གྲྭ་དགོན་པར་བསྒྱུར་གྱི་འདུག་ཟེར་ནས་སྔོན་མ་བསམ་འཆར་བཤད་མཁན་མང་པོ་བྱུང་ཡོད་ཚོད་འདུག་ལ། དེང་སང་ཡང་བསམ་འཆར་ཤོད་མཁན་མང་པོ་ཞིག་ཡོང་གི་འདུག ཚད་མ་རིག་པ་དང་ནང་ཆོས་ཀྱི་སྐོར་འོས་འཚམས་ཤིག་སློབ་ཚན་དུ་བཞག་པ་འདིས་སློབ་ཕྲུག་ཚོའི་མི་ཚེ་དང་འབྱུང་འགྱུར་གྱི་ལས་དོན་ལ་ཕན་གནོད་གང་འདྲ་ཞིག་ཡོང་གི་རེད་དགོངས་ཀྱི་ཡོད།
    བཀའ་ལན། དེ་ནི་ཡར་ཐོན་ཅན་ཡིན་བསམ་པའི་ང་རྒྱལ་ཅན་གྱི་བློ་གྲོས་ཆུང་བ་འགའ་ཤས་ཀྱི་བསམ་ཚུལ་བཤད་ཕོད་པ་ཙམ་རེད། འགའ་ཤས་ལ་རྒྱ་ནག་དམར་པོའི་ལྟ་བའི་བག་ཆགས་ཀྱི་ཤན་ཞུགས་ནས་དེ་འདྲ་ཤོད་མཁན་ཡང་ཡོད་སྲིད། ཚད་མ་རིག་པ་དང་ནང་ཆོས་ཀྱི་སྐོར་སྤྱིར་བཏང་ཤེས་ཡོན་གྱི་ཚུལ་དུ་སློབ་ཚན་དུ་བཞག་པས་སློབ་ཚན་དེ་སྦྱོང་མཁན་ཚོར་ཕན་པ་མ་གཏོགས་གནོད་མི་སྲིད། སློབ་ཚན་འདི་ཚོ་སྦྱངས་པས་རིག་རྩལ་ཆེ་རུ་འགྲོ་བ་དང་ཡ་རབས་སྤྱོད་བཟང་གི་བག་ཆགས་ཕྲན་བུ་རེ་མ་མཐའ་ཡང་འཇོག་ཐུབ་པའི་རེ་བ་ཡོད། སློབ་གྲྭ་དགོན་པར་སྒྱུར་གྱི་འདུག་ཟེར་བ་ནི་དགོན་པ་ཞེས་པའི་གནས་སྟངས་མི་ཤེས་མཁན་ཚོའི་བཤད་ཚུལ་ཙམ་ཞིག་རེད། བོད་ཀྱི་ནང་ཆོས་སྦྱོང་སྟངས་ཀྱི་རིགས་པའི་འགྲོ་སྟངས་འདི་སློབ་གྲྭའི་ནང་དར་ན་སློབ་མའི་ཤེས་ཚད་གཏིང་ཟབ་ཏུ་འགྲོ་བ་དང་རིག་པ་རྣོ་བ་དང་མྱུར་བའི་ཁྱད་ཆོས་ཡོད། སྐྱ་བོ་ཕོ་མོ་སུ་འདྲ་ཞིག་ཡིན་ཀྱང་རུང་ཆོས་ལུགས་ཐམས་ཅད་ལ་སྤྱིར་བཏང་ཤེས་ཡོན་ལ་ཆ་འཇོག་གིས་སློབ་སྦྱོང་བྱེད་ཆོག་པ་ཞིག་ཡིན། ཕྱིའི་རྒྱལ་ཁབ་ཁག་ཏུ་དེང་དུས་ཀྱི་སློབ་གྲྭ་མང་པོའི་ནང་ཡེ་ཤུའི་ཆོས་ལུགས་སོགས་ལ་སྤྱིར་བཏང་ཤེས་ཡོན་གྱི་ཚུལ་དུ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཕྱི་རྒྱལ་པ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་གཙོ་བོར་བྱེད་མཁན་གྱི་ནང་ནས་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཡོད་ཀྱང་དེ་ཐམས་ཅད་ནང་པ་དང་ཆོས་ལུགས་པར་འགྱུར་མི་སྲིད། མདོར་བསྡུས་ན༑ ནང་དོན་རིག་པ་དང་ཚད་མའི་རིགས་ལམ་སློབ་ཚན་དུ་བཞག་པ་ཙམ་གྱིས་སློབ་གྲྭ་དགོན་པ་དང་སློབ་མ་གྲྭ་པར་འགྱུར་ཡོང་བསམ་པ་ནི་གསར་བརྗེའི་ཁ་སྤོབས་འཛེམས་མེད་ཀྱིས་ཤོད་མཁན་བློ་ཆུང་ཚོའི་བསམ་ཚུལ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞེས་པའི་དཔེ་དང་མཚུངས་པ་ཞིག་རེད།
    ༩༽ དྲི་བ། དགོན་པའི་ཤེས་ཡོན་ལམ་སྲོལ་དང༌། སློབ་གྲྭའི་ཤེས་ཡོན་ལམ་སྲོལ་གཉིས་ལ་དམིགས་ཡུལ་དང༌། སློབ་ཚན། ཐབས་ལམ་བཅས་ཀྱི་ཐོག་ནས་མི་འདྲ་བའི་ཁྱད་པར་གཙོ་བོ་གང་འདྲ་ཞིག་ཡོང་དགོས་པ་རེད་དགོངས་ཀྱི་ཡོད།
    བཀའ་ལན། གོང་དུ་བཤད་པ་བཞིན་འདི་གཉིས་སློབ་སྦྱོང་གི་དམིགས་ཡུལ་ཐ་དད་དང་སློབ་ཚན་གྱི་ངོ་བོ་ཐ་དད་རེད། ཤེས་ཡོན་སྤྲོད་སྟངས་ཀྱི་ལམ་སྲོལ་ཡང་མི་འདྲ་བ་ཞིག་རེད། དགོན་པའམ་ཆོས་ལུགས་པའི་སློབ་སྦྱོང་གི་ལམ་སྲོལ་ནི་དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་མ་དུལ་བ་འདུལ་བའི་ཐབས་དང་འབྲེལ་བ་ཞིག་ཡིན་དགོས། དམིགས་ཡུལ་ཡང་ཚེ་འདི་ཞོར་དང་ཚེ་རབས་གཏན་གྱི་འདུན་མ་གཙོ་བོར་འཛིན་པའི་ཐབས་ལམ་དང་འབྲེལ་བའི་སློབ་སྦྱོང་གི་ལམ་སྲོལ་ཞིག་ཡིན། དེ་ཡང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་དགོས་པས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་དེའི་དོན་ལག་ལེན་དུ་འདེབས་པའི་སློབ་སྦྱོང་ལམ་སྲོལ་ཡུན་རིང་ཞིང་དཀའ་ཚེགས་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་ལ། གཙོ་བོ་ནང་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་འདུལ་བའི་ཐབས་ཤེས་དང་འབྲེལ་བ་ཞིག་ཡིན་དུས་སློབ་ཚན་གྱི་རིམ་པ་ཡང་དམིགས་ཡུལ་དེ་དང་མཐུན་པ་ཞིག་གི་སྒོ་ནས་མ་བཞག་ཐབས་མེད་རེད།
    སློབ་གྲྭ་ཁག་གི་ཤེས་ཡོན་ལམ་སྲོལ་སྤྱིའི་ཆ་ནས་བཤད་ན། ཤེས་ཡོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་ནི་རབ་བྱུང་ན་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་རྒྱ་ཆེན་པོ་བྱེད་ཐུབ་མཁན་གྱི་ཤེས་འཇོན་གཉིས་ལྡན་ཞིག་ཡོང་བ་དམིགས་ཡུལ་གྱི་གཙོ་བོར་འཇོག་དགོས་ནའང༌། མ་མཐའ་སློབ་སྦྱོང་བྱས་པའི་ཤེས་ཡོན་དེས་ཚེ་འདིའི་ཁྱིམ་ཚང་གི་འཛིན་སྐྱོང་བྱེད་ཐབས་ལ་ངེས་པར་ཕན་ཐོགས་ཡོད་པ་ཞིག་ཡིན་དགོས་པས། དམིགས་ཡུལ་དེ་དང་མཐུན་པའི་ཤེས་ཡོན་ལམ་སྲོལ་ཞིག་གཏན་འབེབས་གནང་དགོས། མདོར་བསྡུས་ན། སློབ་གྲྭ་ནི་གཙོ་བོ་སློབ་ཕྲུག་ཕོ་མོའི་ཤེས་ཡོན་དང་འཇོན་ཐང་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་སའི་བཟོ་གྲྭ་ལྟ་བུ་ཞིག་ཡིན་པར་བརྟེན། ལྟོ་གོས་གཏམ་གསུམ་གྱིས་མཚོན་པའི་ཚེ་འདི་སྣང་གི་བྱ་བ་མངོན་གྱུར་པ་ཞིག་བྱེད་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་དམིགས་ཡུལ་ལ་བཞག་ནས་སློབ་སྦྱོང་བྱེད་པ་མ་གཏོགས། ཚེ་ཕྱི་མ་ཕན་ཆོད་དང་ཆོས་ལུགས་དང་འབྲེལ་བའི་ལྐོག་གྱུར་གྱི་གནས་ལུགས་ལ་དོ་སྣང་དེ་ཙམ་ཡོང་ཐུབ་ཀྱི་མེད་པ་ནི་མི་སྐྱ་ཕོ་མོའི་སློབ་སྦྱོང་བྱེད་སྟངས་སྤྱིའི་ཆ་ནས་བཤད་པ་ཡིན། སྔ་མོའི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་ནང་གི་མི་སྐྱ་ཕོ་མོའི་གྲས་ནས་དགོན་པ་གྲྭ་ཚང་ངམ་བོད་ཀྱི་ཆོས་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ལྟར་ནང་ཆོས་སློབ་སྦྱོང་བྱས་པའི་འབྲས་བུར་ཟུང་འཇུག་གི་གོ་འཕང་བརྙེས་མཁན་ཡང་མང་པོ་ཕེབས་ཡོད་ལ༑ མ་འོངས་པར་ཡང་འདི་རིགས་མང་པོ་ཕེབས་ངེས་རེད། སློབ་གྲྭའི་ནང་གི་སློབ་སྦྱོང་མང་ཆེ་བ་ནི་ཆོས་ཕྱོགས་ལ་འབྲེལ་བ་དེ་ཙམ་ཡོད་མི་དགོས།
    ༡༠༽ དྲི་བ། རིན་པོ་ཆེས་རང་ཉིད་དང་ཐུན་མོང་མིན་པའི་འབྲེལ་བ་ཅན་ཀིརྟི་ཚང་གི་དགོན་ཁག་གི་གྲྭ་གཞོན་རྣམས་དང༌། གྲོང་པའི་གཞོན་སྐྱེས་ཚོ་མ་འོངས་པར་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་གནས་སྟངས་མི་གཤིས་བཅས་གང་འདྲ་ཞིག་ཡོང་ཐུབ་པའི་ཐུགས་རེ་གནང་གི་ཡོད།
    བཀའ་ལན། ངའི་རེ་བ་ལ་ཀིརྟི་ཚང་གི་དགོན་མ་ལག་གི་གྲྭ་གཞོན་ཡོངས་རྫོགས་ཐོག་མར་གནས་ཡུལ་དེའི་གཞི་རིམ་འཛིན་གྲྭ་བརྒྱད་པ་ལྟ་བུའི་ཤེས་ཡོན་གྱི་གནས་ཚད་ལྡན་པ་ཞིག་གཞི་རྩར་ཡོད་དགོས་པའི་རེ་བ་བྱེད་ཀྱི་ཡོད། གལ་སྲིད་གྲྭ་པ་ལོག་པ་ཡིན་ནའང་མི་སྐྱ་ཕོ་མོ་དཀྱུས་མ་ཚོ་དང་འདྲ་མཉམ་གྱིས་ཁྱིམ་ཚང་སྐྱོང་ཐུབ་མཁན་གྱི་མི་ཞིག་ཡོང་ཐབས་བྱེད་དགོས། ཡུལ་མི་སྤྱི་ལ་ཡོད་དགོས་པའི་སྐད་ཡིག་གི་ཤེས་ཡོན་གྱི་རྨང་གཞི་ཡོད་པའི་ཐོག་དགེ་འདུན་པར་ཐུན་མོང་མ་ཡིན་པའི་འགན་དུ་འཁྲི་བའི་དམིགས་བསལ་གྱི་སློབ་སྦྱོང༌། གཞུང་ཆེན་བཀའ་པོད་ལྔ་དང༌། གསང་སྔགས་རྒྱུད་སྡེ་བཞི། སྒྲ་སྙན་སྨན་རྩིས་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་བཅུ་ལ་སློབ་སྦྱོང་མཐར་ཆགས་སུ་གནང་སྟེ་བཅུ་ཕྲག་རིག་པའི་གནས་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་མཁན་གྱི་དཔུང་ཁག་ཅིག་ཏུ་གསོ་སྐྱོང་བྱེད་དགོས་པ་དམིགས་ཡུལ་གཙོ་བོར་འཛིན་དགོས། གྲྭ་པ་ཐམས་ཅད་ལ་གཅིག་མཚུངས་ཀྱིས་དེ་ལྟ་བུའི་ཤེས་ཡོན་རྒྱ་ཆེན་པོ་འབྱར་མ་ཐུབ་ནའང་ཆོས་ཕྱོགས་ལ་སློབ་སྦྱོང་བྱས་མྱོང་བ་ཞིག་ཡིན་ཕྱིན་མ་མཐའང་གྲྭ་པའི་སྤྱོད་པ་ནི་མི་གཞན་ལས་ཁྱད་པར་དུ་འཕགས་པ། ཚེ་ཕྱི་མའི་བདེ་སྐྱིད་དང་རང་ལས་གཞན་གཙོ་བོར་འཛིན་པ། མང་གི་བདེ་དོན་ཆེད་དུ་ལས་ཀ་བྱེད་མཁན་ཞིག་སྐྱེད་སྲིང་བྱེད་ཨེ་ཐུབ་བལྟ་དགོས་ཀྱི་རེད་བསམ།
    གྲོང་པའི་གཞོན་སྐྱེས་ཕོ་མོ་རྣམས་རང་ཉིད་བོད་མི་ཡིན་བསམ་པའི་ངོས་འཛིན་ཡོད་པའི་ཐོག་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་ཅན་དང༌། མི་རིགས་ཀྱི་སྐད་ཡིག་ཨང་དང་པོར་འཛིན་པའི་སེམས་ཤུགས་ཡོད་པ་གང་ཞིག་ལ། སྡིག་ལས་དང་མ་འདྲེས་ཤིང་གཞན་ཕན་དང་ཡ་རབས་སྤྱོད་བཟང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཤེས་ཡོན་གཏིང་ཟབ་མོའི་སློབ་སྦྱོང་བྱེད་ཐུབ་མཁན་གྱི་བརྩོན་འགྲུས་ཅན། མི་གཤིས་ནི་ཕ་མ་དང་རྒན་རབས་ལ་བྱམས་སྐྱོང༌། མི་རབས་རྙིང་པའི་སྐབས་ཀྱི་ཞེ་འཁོན་རྙིང་པ་ཐམས་ཅད་བརྗེད་ཐུབ་མཁན། བཟའ་ཚང་སྤུན་ཉེ་སོགས་ཁྱིམ་ཚང་གི་ནང་དང༌། ཁྱིམ་མཚེས། ཤོག་ཀ་ཕན་ཚུན་བཅས་པར་འཆམ་མཐུན་ཅན། རབ་བྱུང་ན་སེམས་ཅན་ཡིན་ཚད་ལ་སེམས་ཅན་ཡིན་པའི་ཚོར་བ་མ་བརླགས་པ་དང་ལྷག་པར་འགྲོ་བ་མིའི་རིགས་དགྲ་གཉེན་སུ་འདྲ་ཞིག་ལ་འཕྲད་ཀྱང་མི་ལ་མིའི་བརྩེ་བ་མ་བརླགས་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་ཨེ་ཐུབ་ལྟ་དགོས་པ་འདི་ངའི་དམིགས་ཡུལ་གཙོ་བོ་ཡིན།
    ༡༡༽ དྲི་བ། གསར་དུ་གཏན་འབེབས་མཛད་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱ་དགོས་པ་ཞིག་རེད་དགོངས་ཀྱི་ཨེ་ཡོད། འདིའི་ལག་བསྟར་གྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ཐུབ་རྒྱུ་ཡིན་པའི་ཚོད་དཔག་གནང་གི་ཡོད།
    བཀའ་ལན། ཤེས་ཡོན་སྲིད་བྱུས་ཞེས་པའི་དེབ་འདིའི་དམིགས་ཡུལ་གཏིང་རིང་བའི་སྲིད་བྱུས་སྤུས་ལེགས་ཤིག་ཡོད་ཚོད་འདུག་ནའང་ང་ལ་རྒྱུས་མངའ་དེ་ཙམ་མེད། ངའི་མཐོང་ཚུལ་རོབ་ཙམ་བྱས་ན་ཤེས་ཡོན་སྲིད་བྱུས་འདིའི་གྲུབ་འབྲས་གཙོ་བོ་ནི་སློབ་སྦྱོང་འདི་ལྟར་ཐོན་པའི་སློབ་མ་རྣམས་ཀྱི་ལུས་ངག་གི་ཀུན་སྤྱོད་སློབ་ཕྲུག་གཞན་ལས་ཁྱད་དུ་འཕགས་པའི་མི་ཞིག་གསོ་སྐྱོང་གནང་ཐུབ་ཐབས་སུ་ཐུགས་རེ་གནང་བ་ཞིག་རེད། དེ་ལྟར་ཡོང་ཐུབ་མིན་ནི་མ་འོངས་ལུང་བསྟན་ལྟར་བཤད་མི་ཤེས་ནའང་རེ་བ་བཟང་ས་ནས་བརྒྱབས་ཡོད་དུས་ལག་ལེན་དུ་བསྟར་གང་ཐུབ་མཛད་ན་དགེ་མཚན་ལས་སྐྱོན་མེད། ཡ་རབས་སྤྱོད་བཟང་དང་རྣམ་དཔྱོད་ལྡན་པ་ཞིག་གི་ཐོག་ནས་མི་ཚེ་སྐྱེལ་ཐུབ་མཁན་གྱི་མི་རབས་ཤིག་ཡོང་བ་ཤེས་ཡོན་སྲིད་བྱུས་འདིའི་དམིགས་ཡུལ་ལ་བཟུང་ཡོད་པ་དངོས་འབྲེལ་རེད།
    འོན་ཀྱང་འཛམ་གླིང་གཅིག་གྱུར་གྱི་འགྱུར་འགྲོས། དེང་དུས་ཀྱི་ཁོར་ཡུག མི་མང་སྤྱི་སྒེར་གྱི་དགོས་འདུན། ལྷག་པར་འཚར་ལོང་ཡོང་བཞིན་པའི་མི་རབས་གསར་པའི་སློབ་ཕྲུག་ཚོའི་ཕུགས་བསམ་དང་མཐུན་མིན་ལ་དཔྱད་པ་ཟབ་མོ་ཞིག་གནང་ཐུབ་མེད་ཚེ་གཞི་རིམ་སློབ་གྲྭ་ཡོངས་རྫོགས་ནང་དུ་ལག་ལེན་བསྟར་ཐུབ་པར་དཀའ་ངལ་ཡོང་ངེས་རེད་བསམ་གྱི་འདུག ཨང་རྩིས། ཚན་རིག ཆབ་སྲིད། ཁྲིམས་སྲོལ་སོགས་དེང་དུས་ཀྱི་སློབ་ཚན་གྲངས་ལས་འདས་པའི་མིང་ཚིག་སྟོང་ཕྲག་ནས་འབུམ་ཕྲག་མང་པོའི་བར་བོད་སྐད་དུ་བསྒྱུར་ནས་མིང་ཚིག་གསར་པ་ལ་གོམས་འདྲིས་ཡོང་ཡོང་གི་བར་དུ་ད་ལྟའི་སློབ་ཕྲུག་མང་པོའི་སློབ་སྦྱོང་གི་དུས་ཚོད་ལ་འཐུས་ཤོར་ཡོང་སྲིད་པ་སོགས་སྐྱོན་བརྗོད་བྱེད་མཁན་ཚོ་ལའང་རྒྱུ་མཚན་ཞིག་ཡོད།
    གལ་སྲིད་མུ་མཐུད་ནས་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་འདི་བརྟན་པོར་གནས་ཐུབ་པའི་དབང་དུ་བཏང་ན། རྒྱ་ནག་དང་ཉི་ཧོང་སོགས་སོ་སོའི་སྐད་ཡིག་ནང་ཚན་རིག་སོགས་ཀྱི་ཐ་སྙད་སྔར་ཡོད་ཐོག་མིང་ཚིག་གསར་པ་ཐོན་རེས་བཞིན་གསར་དུ་བསྣན་ནས་སོ་སོའི་སྐད་ཡིག་གི་ཐོག་ནས་དེང་རབས་ཀྱི་སློབ་ཚན་ཡོངས་རྫོགས་སློབ་སྦྱོང་བྱེད་ཐུབ་པའི་གནས་བབ་ཏུ་སླེབས་ཡོད་པ་ལ་མིག་དཔེ་བལྟ་ས་ཞིག་ཡོད་པ་འདི་དག་ནི། མི་རབས་མང་པོའི་རིང་དཀའ་ལས་བརྒྱབས་ཟིན་པའི་གྲུབ་འབྲས་ལ་ད་ལྟ་ལོངས་སྤྱོད་བཞིན་པའི་སྐབས་ཡིན། ང་ཚོར་མིང་ཚིག་གསར་པ་འབུམ་ཕྲག་མང་པོ་བོད་སྐད་ནང་སྔར་མེད་གསར་དུ་བསྒྱུར་ཐུབ་པའི་དུས་ཚོད་དལ་པོ་དང་རིང་པོའི་གོ་སྐབས་དེ་འདྲ་འཛམ་གླིང་འདིའི་ནང་ནུབ་ཚར་བ་ལྟ་བུ་རེད། དེང་སང་བོད་དང་རྒྱ་ནག་གི་མི་རབས་གསར་པ་རྣམས་ཀྱིས་འཛམ་གླིང་ནང་དར་ཁྱབ་ཆེ་བའི་སྐད་ཡིག་ཁོ་ན་ལ་ཆེས་མགྱོགས་མྱུར་གྱིས་སློབ་སྦྱོང་བྱེད་བཞིན་པའི་གནས་བབ་ལ་བལྟས་ན། བོད་ཀྱི་སྐད་ཡིག་ནང་དེང་དུས་ཀྱི་ཚན་རིག་སོགས་ཆེས་མཐོའི་ཐ་སྙད་གསར་པ་འབུམ་ཕྲག་མང་པོ་གསར་དུ་བཟོ་ཐུབ་པའི་དབང་དུ་བཏང་ནའང་ཐ་སྙད་གསར་པ་གཏན་འབེབས་དང་གོམས་འདྲིས། བྱང་ཆ་མ་བྱུང་བའི་སྔོན་དུ་བོད་ཀྱི་མི་རབས་གསར་པའི་སློབ་ཕྲུག་རྣམས་འཛམ་གླིང་སྐད་ཡིག་གཅིག་གྱུར་གྱི་འགྱུར་བའི་ནང་ཐིམ་འགྲོ་བའི་ཉེན་ཁ་ཞིག་ཡོད་སྟབས། ཤེས་ཡོན་སྲིད་བྱུས་ཀྱི་ཕུགས་བསམ་ལེགས་ནའང་ཆེས་ཛ་དྲག་གིས་ལས་འགུལ་སྤེལ་མ་ཐུབ་ཚེ་དུས་རབས་གསར་པའི་ནང་ཕན་ཐོགས་ཡོང་ཐུབ་མིན་བཤད་དཀའ་བའི་གནས་ཤིག་རེད།
    དེང་སྐབས་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་ནང་དུ་རྒྱ་མིའི་སྐད་ཡིག་དང༌། བཙན་བྱོལ་ནང་དུ་དབྱིན་ཇིའི་སྐད་ཡིག་ཨང་དང་པོར་བྱས་ནས་དེང་དུས་ཀྱི་སློབ་སྦྱོང་ཐོན་མཁན་ཚོས་ལས་ཀ་བྱེད་སའི་ཁོར་ཡུག་རང་རང་སོ་སོའི་ངོས་ནས་བཙལ་ཐུབ་ཀྱི་ཡོད་ནའང་བོད་ཀྱི་སྐད་ཡིག་གི་མིང་ཚིག་གསར་པའི་ཐོག་ནས་ཚན་རིག་སོགས་དེང་རབས་ཀྱི་ཤེས་ཡོན་གསར་པའི་སློབ་སྦྱོང་ཐོན་མཁན་ཚོར་ལས་ཀ་བྱེད་སའི་ཁོར་ཡུག་ནི་ལོ་རེ་ནས་ལོ་རེ་བཞིན་ཉུང་ནས་ཉུང་དུ་འགྲོ་ངེས་རེད། དཔེར་ན། ལོ་གཉིས་གསུམ་གྱི་གོང་དུ་བོད་ནང་གི་བོད་སྐད་ཀྱི་རླུང་འཕྲིན་ཁང་ཁག་གི་ལས་བྱེད་དང་གནམ་གྲུའི་ལས་བྱེད་པ་སོགས་འཕྲུལ་ལས་པ་རྒྱ་མི་མང་ཤོས་ཡིན་ཡང་དེང་སང་རྒྱ་མི་ཉུང་ངུ་ལས་མེད་པ་ནི། བོད་རིགས་ན་གཞོན་རྣམས་ཀྱིས་རྒྱའི་སྐད་ཡིག་གི་ཐོག་ནས་ཚན་རིག་ལག་རྩལ་སོགས་དེང་དུས་ཀྱི་ཤེས་ཡོན་རྒྱ་མི་དང་འདྲ་མཉམ་གྱིས་སློབ་སྦྱོང་བྱས་ཏེ་ལས་ཀ་བྱེད་ཐུབ་མཁན་བྱུང་བའི་དབང་གིས་ལས་གནས་དེ་དག་གི་ཐོག་ཏུ་བོད་རིགས་སླེབས་ཐུབ་ཀྱི་ཡོད་པ་ལྟར། རིམ་པས་ཚན་རིག་སོགས་དེང་དུས་ཀྱི་སློབ་སྦྱོང་ཡོངས་རྫོགས་ལ་དབྱིན་སྐད་དང་རྒྱ་སྐད་ཀྱི་ལམ་ནས་སློབ་སྦྱོང་མཐར་སོན་པའི་བོད་མི་ན་གཞོན་སྟོང་ཕྲག་མང་པོ་ཐོན་ཡོང་དུས། བོད་ཀྱི་སྐད་ཡིག་གི་ཐོག་ནས་ཡར་ཐོན་ཆེ་བའི་ཚན་རིག་སློབ་སྦྱོང་བྱེད་མཁན་ཉུང་ངུ་ཞིག་ལས་ཡོང་མི་སྲིད་པ་ལྟ་བུ་ཡིན། ཡིན་ནའང་དཔལ་འབྱོར་དང་ཆབ་སྲིད་སོགས་སྤྱི་ཚོགས་ནང་རྒྱུན་སྤྱོད་ཀྱི་མིང་ཚིག་གསར་པ་གང་དགོས་པ་ཐམས་ཅད་བོད་སྐད་དུ་བསྒྱུར་བ་མང་ཁྲོད་ཀྱི་རྒྱུན་སྤྱོད་འཚོ་བའི་ནང་ལག་ལེན་བསྟར་ཐུབ་ན། བོད་ཀྱི་སྐད་ཡིག་འདི་རྒྱུན་སྤྱོད་སྐད་ཡིག་གི་ངོ་བོར་ཡུན་རིང་བར་གནས་ཐུབ་པས་བོད་ཀྱི་ཆོས་དང་རིག་གཞུང་ཡུན་རིང་དུ་གནས་པ་ལ་ཡང་ཕན་ཐོགས་ཡོད།
    ༡༢༽ དྲི་བ། བོད་ཁྱིམ་གཉིས་དང༌། རྒྱ་གར་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་ད་དུང་ཡང་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱེད་ཀྱི་མེད། འདི་རྒྱུ་མཚན་གང་གི་རྐྱེན་པས་རེད་དགོངས་ཀྱི་ཡོད། གཞུང་གི་སྒྲིག་སྲོལ་རྩིས་མེད་བཏང་བར་ཆགས་ཀྱི་ཨེ་ཡོད།
    བཀའ་ལན། ཤེས་ཡོན་སྲིད་བྱུས་འདི་ལམ་སང་ལག་བསྟར་མ་བྱས་པ་ཙམ་གྱིས་བོད་གཞུང་གི་བཀའ་ལ་རྩིས་མེད་བཏང་བ་ཞིག་མིན། ཤེས་ཡོན་སྲིད་བྱུས་གཏན་འབེབས་མ་བྱས་གོང་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་ཡོད་ཀྱི་སྡེ་ཁག་ཐམས་ཅད་མཉམ་མཐུན་གྱིས་བཀའ་བསྡུར་དང་མཁས་པ་ཚོས་ཉམས་ཞིབ་ཀྱང་ཡང་ཡང་གནང་ཡོད་ཚོད་རེད། ང་ཚོ་མང་གཙོ་ཡིན་དུས་རང་རང་སོ་སོའི་ཕྱོགས་ཀྱི་དཀའ་ངལ་རྣམས་བཤད་ཆོག་པ་ཞིག་དགོས། དཔེར་ན། ད་ལྟ་ཚོད་ལྟ་བྱེད་སའི་སློབ་ཕྲུག་སོ་སོའི་མདུན་ལམ། སློབ་སྦྱོང་ཐོན་པའི་རྗེས་ཀྱི་ལས་ཀའི་བཀོད་སྒྲིག་གནང་སྟངས། སློབ་དེབ་ཀྱི་གྲ་སྒྲིག་ཆ་ཚང་བ་ཡོད་མེད། ཚིག་གསར་གཏན་འབེབས་ཡང་དག་པ་ཞིག་བྱུང་ཡོད་མེད། མིང་ཚིག་གསར་པའི་ཚིག་མཛོད། བོད་ཡིག་གི་ཐོག་ནས་དེང་དུས་ཀྱི་སློབ་ཚན་ཡོངས་རྫོགས་སློབ་ཁྲིད་བྱེད་ཐུབ་མཁན་གྱི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱེད་ཐུབ་ཡོད་མེད་སོགས་ཀྱི་འཆར་གཞི་བཏིང་བ་ཙམ་མ་ཡིན་པར་ལག་ལེན་བསྟར་ཐུབ་ཀྱི་ཡོད་མེད་སོགས་རྒྱུ་རྐྱེན་མང་པོར་འཕྲད་ཡོད་ངེས། ཤིང་འབྲས་ཤིན་ཏུ་ལེགས་པོ་གོང་ཆེན་ཅན་གྱི་སྡོང་པོ་གསར་པ་ཞིག་ཚོད་ལྟའི་ཆེད་འདེབས་ལས་བྱས་པ་ཡིན་ན། ཤིང་འབྲས་སྨིན་པའི་སྐབས་ཤིང་འབྲས་གོང་ཆེན་པོ་དེ་བཙོང་སའི་ཁོར་ཡུག་གི་བཀོད་སྒྲིག་མེད་པ་ལྟ་བུ་ཡིན་ཚེ། ཐོག་དང་པོ་ནས་ཤིང་སྡོང་བཙུགས་ཏེ་སྐྱེད་སྲིང་དང་ཚོད་ལྟ་བྱས་པའི་དུས་ཚོད་རིང་ཤིང་འབྲས་དེ་ལ་བརྟེན་ནས་དཔལ་འབྱོར་ཡོང་ཐུབ་པའི་ཡིད་ཆེས་དེ་ཙམ་རྙེད་ཐུབ་ཀྱི་མེད་པས། ཛ་དྲག་གི་དུས་ཚོད་འདིར་སྤྱིར་ཤིང་འབྲས་ལེགས་པོ་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པར་ཁ་ཚ་དགོས་གཏུགས་ཀྱིས་ཕན་ཐོགས་ཡོད་པའི་ལས་འགུལ་ཛ་དྲག་ཏུ་སྤེལ་དགོས་པ་འདི་ཤིན་ཏུ་གནད་ཆེ།
    རྒྱུ་མཚན་གཞན་ཞིག་ནི་སློབ་གྲྭ་ཁག་ཅིག་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པའི་རང་དབང་ཅན་གྱི་ཚོགས་པ་ཡིན་པ་དང༌། འབྲིང་རིམ་ནས་མཐོ་རིམ་བར་རྒྱ་གར་སློབ་གྲྭ་པ་དང་གཅིག་མཚུངས་ཀྱི་སྐད་ཡིག་གི་ཐོག་ནས་འགྲན་བསྡུར་གྱིས་སློབ་སྦྱོང་བྱེད་དགོས་པས་སློབ་ཕྲུག་སྒེར་སོ་སོར་མདུན་ལམ་ལ་འཐུས་ཤོར་སོགས་དཀའ་ངལ་སྣ་ཚོགས་འཕྲད་སྲིད་དམ་སྙམ་ནས་ལག་ལེན་དུ་ལམ་སང་བསྟར་མ་ཐུབ་པ་མ་གཏོགས་བོད་གཞུང་གི་བཀའ་ལ་རྩིས་མེད་བཏང་བར་ངོས་འཛིན་བྱེད་མི་རུང༌། གཞི་རྩ་རྒྱ་ནག་གཞུང་གིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་སྟངས་ལྟར་བོད་གཞུང་གི་ལྟ་བའི་རྣམ་གཞག་ནི་བཀས་བཅད་ཀྱིས་མི་མང་གི་བདེ་སྡུག་གླེང་མི་ཆོག་པ་ཞིག་མིན་སྟབས། མི་མང་གི་འདོད་མོས་དང༌། སྐབས་སུ་འབབ་ཀྱི་ཡོད་མེད། ལྷག་པར་མ་འོངས་པའི་སློབ་ཕྲུག་ཚོའི་བསམ་བློའི་ཕུགས་ཀྱི་དམིགས་ཡུལ་དང་མཐུན་གྱི་ཡོད་མེད། འཛམ་གླིང་སྤྱི་དང་བོད་ཕྱི་ནང་གི་ཁོར་ཡུག་གི་འགྱུར་འགྲོས་བཅས་ལ་ཚོད་དཔག་གིས་སྲིད་བྱུས་འདི་ལག་ལེན་བསྟར་ན་ཐུང་མཐའ་ལོ་བརྒྱ་ཕྲག་གཅིག་ལྷག་གི་རིང་གནས་ཐུབ་པའི་ཤེས་ཡོན་སྲིད་བྱུས་སུ་འགྱུར་ཐུབ་མིན་ཆེད་མཁས་ཀྱི་ཞིབ་འཇུག་ཚོགས་ཆུང་ཡང་ཡང་བཙུགས་ཏེ་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་མཛད་དགོས་ལ། གཙོ་བོ་མ་འོངས་པའི་མི་རབས་གསར་པའི་ཕུགས་བསམ་དང་མི་བསྟུན་ཐབས་མེད་ཅིག་ཡིན་རྒྱུ་རེད།
    རྒྱ་མིས་རྒྱ་ནག་གི་སྐད་ཡིག་ནི་གཞུང་དང་སློབ་གྲྭ། མི་མང་དང་བཅས་པས་སྐད་ཡིག་དང་པོར་བརྩི་བའི་གོམས་གཤིས་དང་གཞུང་གི་སྲིད་བྱུས་གཉིས་ཀ་གཏིང་ཟབ་ཡོད་པ་ལྟར། ང་ཚོ་སྐྱབས་བཅོལ་བོད་གཞུང་གིས་དབྱིན་ཡིག་གཙོ་བོ་དང་བོད་སྐད་གཉིས་པ་ལྟ་བུར་མང་ཁྲོད་དུ་བརྩི་འཇོག་གིས་ལག་བསྟར་བྱེད་བཞིན་པའི་མཐོང་ཚུལ་ཞིག་ཡོང་གི་འདུག་ན་བོད་གཞུང་གིས་འདིའི་སྐོར་སྲིད་བྱུས་གཏན་འབེབས་ཤིག་གནང་དགོས་པའི་འཆར་གཞི་ཁ་གསལ་ཞིག་ཡོད་དགོས། སྤྱིར་རྒྱལ་ཁབ་སོ་སོའི་གནས་རིམ་གྱི་རིམ་པ་ཕྱེ་སྟངས་ལ་མི་འདྲ་བ་སྣ་ཚོགས་ཡོད། འགའ་ཤས་ཀྱིས་ཤེས་ཡོན་གྱི་ལས་བྱེད་པ་གནས་རིམ་དང་པོར་འཇོག་པ། འགའ་ཤས་ཀྱིས་འཛིན་སྐྱོང་གི་ལས་བྱེད་པ་གནས་རིམ་དང་པོར་འཇོག་པ། འགའ་ཤས་ཀྱིས་དམག་སྲིད་ཀྱི་ལས་བྱེད་པ་གནས་རིམ་དང་པོར་འཇོག་པ། འགའ་ཤས་ཀྱིས་ཆབ་སྲིད་ཀྱི་ལས་བྱེད་གནས་རིམ་དང་པོར་འཇོག་པ་སོགས་གཞུང་མང་གཉིས་ཀར་གོམས་པའི་བག་ཆགས་དང་ཁྲིམས་སྲོལ་གྱི་དབང་གིས་བརྩི་བཀུར་དང་ཆེ་མཐོང་བྱེད་སྟངས་མ་འདྲ་བ་སྣ་ཚོགས་ཤིག་ཡོད།
    བོད་པ་སྤྱིའི་ལུགས་སྲོལ་ལྟར་བྱས་ན་བླ་མ་དང་དགེ་བའི་བཤེས་གཉེན་ཞེས་དགེ་རྒན་ནམ་བླ་མ་ཞེས་གནས་རིམ་དང་པོར་འཇོག་དགོས་པའི་ཡ་རབས་སྤྱོད་བཟང་ཞིག་སྔ་མོ་ནས་དར་ཡོད་ནའང༌། དེང་སང་གི་བོད་པའི་སློབ་གྲྭ་ཁག་གི་དགེ་རྒན་ནི་གནས་རིམ་འོག་མ་སྟེ་གཡོག་པོའི་འདུ་ཤེས་ཙམ་གྱི་གོམས་གཤིས་དར་ཡོད། ལས་ཁུངས་ཀྱི་ལས་བྱེད་པ་དམའ་ཤོས་ཤིག་ཡིན་ནའང་དེ་ལ་སྐུ་ངོ་ཞེས་པའི་ཞེ་ས་དང་བཅས་གནས་རིམ་དང་པོར་འཇོག་དགོས་པའི་བག་ཆགས་གཏིང་ཟབ་གནས་ཡོད། དེར་བརྟེན་མ་འོངས་པར་བོད་གཞུང་གི་སྲིད་བྱུས་དང་ལག་ལེན་གཉིས་ཀའི་ཐོག་ནས་ཤེས་ཡོན་གྱི་ལས་བྱེད་པ་གནས་རིམ་དང་པོ་དང༌། འཛིན་སྐྱོང་གི་ལས་བྱེད་གནས་རིམ་གཉིས་པའི་གྲས་སུ་འཇོག་དགོས་པའི་སྲིད་བྱུས་ཤིག་བཟོ་རྒྱུ་གལ་ཆེ། ཤེས་ཡོན་པའི་གནས་རིམ་དམའ་བོ་ཡིན་པ་འདིའང་སློབ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་ངེས་རེད་སྙམ།
    དེས་ན་ཤེས་ཚད་དང་ཉམས་མྱོང་དམའ་ན་ཡང་ལྷག་བསམ་ཟོལ་མེད་དང་རང་རིགས་རང་ལ་རུས་ཞེན་ཆེ་བའི་དབང་གིས་སྤྱི་སྒེར་གྱི་གནང་ཕྱོགས་འགའ་ཤས་ལ་སྐྱོན་བརྗོད་ལྟ་བུའི་ཚིག་རྩུབ་ཙམ་ཞིག་ཁ་ནས་ཤོར་སོང་ནའང༌། གོང་དུ་བཤད་པ་ལྟར་རང་ཉིད་བོད་མི་རྒན་རབས་པ་ཞིག་ཡིན་པའི་ཆ་ནས་འཐུས་ཤོར་འདིའི་ཆ་ཤས་སུ་ཚུད་ཡོད་པར་བརྟེན་ཕན་ཐོགས་དཀའ་ནའང་ཤ་ཚ་བའི་སྐད་ངན་ཁ་ནས་ཤོར་བ་མ་གཏོགས་བཙན་བྱོལ་བོད་གཞུང༌། གཞུང་གི་ལས་བྱེད། དབུ་འཛིན་བྱེ་བྲག་པ་བཅས་ལ་ཡང་སྐྱོན་བརྗོད་བྱེད་འདོད་པ་ནི་སེམས་ནང་ཡེ་ནས་ཤར་མ་མྱོང༌། འོན་ཀྱང་བརྗོད་མ་མཁས་པའི་དབང་གིས་དབུ་ཕོག་ཞབས་ཕོག་རེ་གྱུར་ཡོད་ཚེ་བཟོད་གསོལ་དང་འབྲེལ་རྣམ་སྨིན་ངན་པའི་ས་བོན་དུ་མི་འགྱུར་བའི་རེ་འདུན་ཡོད།

མདུན་ཤོག

Menu