དང་པོ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་གཏན་འབེབས་མཛད་པའི་རྗེས་སུ། ཐོག་མར་ལག་བསྟར་བྱེད་སའི་དཔེ་སྟོན་སློབ་གྲྭ་འགའ་ཤས་གསར་འཛུགས་བྱ་དགོས་སྐོར་གྱི་ལམ་སྟོན་ཕེབས་པའི་དགོངས་དོན་ལྟར། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འགན་བཞེས་འོག་སམ་བྷོཊའི་ཁྱབ་ཁོངས་སུ་གསར་འཛུགས་ཀྱི་ལས་གཞི་ཚུགས་པ་ཞིག་ཡིན་ཞིང༌། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༠ ཉིན་དཔེ་སྟོན་སློབ་གྲྭའི་སྔོན་འགྲོའི་ལས་གཞི་ཡོངས་སུ་གྲུབ་སྟེ་སྒོ་དབྱེ་མཛད་སྒོ་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དངོས་སུ་ལག་བསྟར་གྱི་དབུ་ཚུགས། སློབ་གྲྭ་འདི་བོད་ཀྱི་བྱུང་རབས་ནང་ཁྲིམས་དང་རིག་པའི་གཞུང་ལུགས་ཀྱི་རང་བཞིན་ལྡན་པའི་ཤེས་ཡོན་སྲིད་བྱུས་ཐེངས་དང་པོ་དེ་ཐོག་མར་ལག་བསྟར་བྱེད་སའི་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། སློབ་གྲྭའི་སྒོ་ཆེན་གྱི་ཐོད་དུ་འབྲུ་ཚས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་བྲིས་འདུག་པའི་སྒོ་བྱང་འདི་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བོད་མི་རིགས་ཀྱི་རིག་རྩལ་ལ་སྟོབས་ཤུགས་གང་ཡོད་པ་དེ་བསྐྱར་གསོ་རྒྱུན་འཛིན་བྱེད་ཐུབ་པའི་མི་རབས་ཤིག་སློབ་གྲྭ་འདི་ནས་བསྐྱེད་བསྲིང་ཡོང་བའི་ཐུགས་རེས་གསོལ་བསྩལ་གནང་འདུག་པ་ལ་བསམས་ན། སློབ་གྲྭའི་དགེ་སློབ་ཚོར་ཁུར་ལྕི་བའི་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་པ་སྨོས་མ་དགོས།
    སྤྱིར་སློབ་གྲྭ་ཞིག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ལ་གྲུབ་འབྲས་ངེས་ཅན་ཐོན་ཐུབ་མིན་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་སློབ་སྟོན་གྱི་སྲིད་བྱུས་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མ་དགོས་ཀྱང༌། ཉིན་རེར་སློབ་ཕྲུག་ཚོ་དང་དངོས་སུ་འགྲོགས་ནས་ཤེས་ཡོན་དང་ཀུན་སྤྱོད་ཀྱི་སློབ་སྟོན་གནང་བའི་དགེ་རྒན་རྣམས་སློབ་གྲྭའི་ལས་དོན་ཡོངས་རྫོགས་ཀྱི་གཞི་མར་གྱུར་པའི་གནད་འགག་གི་ཐོག་ནས། དཔེ་སྟོན་སློབ་གྲྭར་དགེ་རྒན་བསྐོ་བཞག་བྱེད་སྐབས་ཤིན་ཏུ་གལ་གནད་དུ་གཟིགས་ཏེ་གཟབ་ནན་གྱིས་གདམ་ག་མ་འཕྱུག་པ་ཡོང་བར་འབད་པ་ཆེན་པོ་གནང་འདུག རིགས་ཤིག་གིས་སློབ་གྲྭ་ཁག་ཡོངས་རྫོགས་ནས་དགེ་རྒན་དྲག་འདེམས་བྱ་དགོས་པའི་བསམ་ཚུལ་བཏོན་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་མོད། དགེ་རྒན་རྙིང་པ་ཚོ་རང་གི་གོམས་སྲོལ་དུ་འཇགས་པའི་ལམ་ལུགས་རྙིང་པའི་ཐོག་བསྐྱར་ཟློས་བྱེད་པ་ལས་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ཇི་བཞིན་ལག་བསྟར་མི་ཐུབ་པའི་ཉེན་ཁ་ཞིག་འབྱུང་ངེས་པར་བརྟེན། མཐའ་མ་སྐབས་དེའི་ས་རཱའི་དགེ་འོས་སློབ་ཐོན་པ་བཅུ་བཞི་ལ་ཟླ་བ་གསུམ་གྱི་རིང་ཛ་དྲག་གིས་ཤེས་ཡོན་སྲིད་བྱུས་གསར་པ་དང་འབྲེལ་བའི་དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་བསྐྱར་མ་ཞིག་སྤྲད་དེ་མི་བཅུ་དཔེ་སྟོན་སློབ་གྲྭའི་དགེ་རྒན་ལ་བསྐོ་བཞག་གནང་འདུག འདི་དག་ནི་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་དཔུང་སྣེ་ཁྲིད་མཁན་གྱི་དགེ་རྒན་དང་པོ་རྣམས་ཡིན་ཞིང༌། ཁོང་ཚོའི་ཟབ་སྦྱོང་གི་ཉིན་དང་པོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། ཁྱེད་ཚོར་ད་ལྟ་དཔེ་སྟོན་སློབ་གྲྭའི་དགེ་རྒན་གྱི་གྲས་སུ་ཞུགས་མི་ཞུགས་ཀྱི་དབང་ཆ་ཡོངས་རྫོགས་ཡོད། བསམ་བློ་ཡག་པོ་བཏང་ནས་ཐག་ཆོད། དགེ་རྒན་གྱི་བྱ་བ་ལས་སླ་བོ་གཏན་ནས་མིན། བློས་གཏོང་ཡང་མང་པོ་བྱེད་དགོས་ཀྱི་ཡོད། དགེ་རྒན་གྱི་ལས་འགན་བླངས་པའི་རྗེས་སུ་ཕྱིར་བཤོལ་མེད་པར་འབད་བརྩོན་བྱ་དགོས། གལ་སྲིད་ཞུགས་མི་འདོད་ན་ད་ལྟ་ཕྱིར་འཐེན་བྱས་ཀྱང་འགྱངས་མེད་ཅེས་ཧ་ཅང་གི་གུ་ཡངས་པོ་དང་གནད་ཆེ་བའི་ལམ་སྟོན་བཀའ་སློབ་ཕེབས་འདུག་ཀྱང༌། སྐབས་དེའི་རྒྱུགས་ཚད་ལོན་པའི་དགེ་འོས་སློབ་ཐོན་པ་ཡོངས་རྫོགས་ཀྱིས་རང་དབང་དང་ཆོད་སེམས་བརྟན་པོས་ཕྱིར་བཤོལ་མེད་པར་དཔེ་སྟོན་སློབ་གྲྭའི་དགེ་རྒན་བྱ་རྒྱུ་གདམ་འདུག
    སློབ་འཇུག་དང་པོའི་སྐབས་ཀྱི་སློབ་མའི་ཡོང་ཁུངས་གཙོ་བོ། བསྟན་འཛིན་སྒང་དང༌། ཨོ་རི་ས། མེའོ། ར་ཝང་སོགས་མཐའ་མཚམས་ཀྱི་གཞིས་ཆགས་ཁག་ནས་ཡིན་འདུག་ཅིང༌། ཐོག་མའི་སློབ་འཇུག་སྐབས་འབྲེལ་ཡོད་ཀྱི་སློབ་བསྡུའི་འཆར་འགོད་ལྟར་སློབ་ཕྲུག་བརྒྱ་ཁ་མ་ལོངས་ཙམ་ཞིག་སློབ་འཇུག་བྱས་འདུག འཛིན་གྲྭ་ཚུགས་ཡུལ་གྱི་སློབ་ཁང་དང་དགེ་ལས་སོགས་ཀྱི་བཞུགས་ཤག་ནི། གངས་ཅན་སྐྱིད་གཤོངས་ཀྱི་ཉེ་འདབས་སུ་ཡོད་པའི་རྟེན་བཞེངས་བཟོ་གྲྭ་རྙིང་པ་ཞིག་ལ་བསྐྱར་གསོ་བྱས་ཏེ་སློབ་གྲྭའི་ངོ་བོར་བསྒྱུར་བ་ཞིག་ཡིན། འདི་དག་ནི་དཔེ་སྟོན་སློབ་གྲྭའི་བྱུང་རིམ་དང་འབྲེལ་བའི་སྣོད་བཅུད་ངོ་སྤྲོད་ཙམ་ཡིན།
    ལར་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་གཏན་འབེབས་མཛད་པའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་དང༌། ཐོག་མར་གང་དུ་ལག་བསྟར་མཛད་སའི་དཔེ་སྟོན་སློབ་གྲྭའི་གནས་སྟངས་བཅས་ཀྱི་ཐད་རང་རེའི་སྤྱི་ཚོགས་ནང་དགག་སྒྲུབ་ཀྱི་བསམ་ཚུལ་སྣ་ཚོགས་བྱུང་དང་འབྱུང་མུས་འདི་ལྟར་ཡང༌། དེ་དག་ཕལ་མོ་ཆེ་རྒྱང་ལྟས་དང་རིགས་ཐབས་མ་འདྲ་བའི་ཚོད་དཔག་ཙམ་ལས་དངོས་ཀྱི་གནས་སྟངས་ལ་གཞི་བཅོལ་བའི་གཏམ་ཡིད་བརྟན་འཕེར་བ་ཤིན་ཏུ་དཀོན། ཚོད་དཔག་གིས་ཐག་གཅོད་ལ་བདེན་དོན་གྱིས་མ་ཁྱབ་པས། ཚོད་དཔག་དང་བཤད་ཡམས་ཙམ་ལ་མཐའ་གཅིག་ཏུ་ཡིད་རྟོན་རུང་བའི་ངེས་པ་གཏན་ནས་མེད། དེར་བརྟེན་ཁོ་བོས་ཚོད་དཔག་ཙམ་ལ་གཞི་རྩ་མ་བརྟེན་པར་དཔེ་སྟོན་སློབ་གྲྭའི་ད་ལྟའི་དངོས་ཡོད་གནས་སྟངས་ཏེ། ༡༽ དཔེ་སྟོན་སློབ་གྲྭས་རྒྱུན་ལྡན་དུ་ལག་བསྟར་བྱེད་བཞིན་པའི་སློབ་ཁྲིད་རེའུ་མིག་དང༌། ༢༽ དཔེ་སྟོན་སློབ་གྲྭའི་དགེ་སློབ་བར་གྱི་འབྲེལ་བའི་གནས་སྟངས། ༣༽ དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཚད་གཞི། ༤༽ མང་ཚོགས་ཀྱི་དཔེ་སྟོན་སློབ་གྲྭའི་ངོས་འཛིན་ལ་འགྱུར་བ་འགྲོ་བའི་རྒྱུ་མཚན། ༥༽ མིག་མཐོང་བྱུང་བའི་དཔེ་སྟོན་སློབ་གྲྭའི་དངོས་ཡོད་ཀྱི་གྲུབ་འབྲས་བཅས་དོན་ཚན་ལྔའི་ཐོག་ནས་དཔེ་སྟོན་སློབ་གྲྭའི་གནས་སྟངས་ངོ་མ་རྟོགས་ཐབས་ལ་འབད་པ་བྱས་པ་ཡིན།
    ༡༽ ཁྲིད་གཞུང་སློབ་ཚན་གྱི་འཆར་འགོད་རེའུ་མིག གཞི་རིམ་གོང་འོག་དང་འཛིན་གྲྭ་སོ་སོར་རིག་ཚན་གྱི་འཆར་འགོད་མ་འདྲ་བ་རེ་འདུག་ཅིང༌། སྔོན་འགྲོའི་ལོ་རིམ་གསུམ་གྱི་རིང༌། བོད་ཀྱི་སྐད་ཡིག་དང༌། རྩིས་རིག རྒྱུན་ལྡན་ལས་རིགས་སྐོར་གྱི་སྦྱོང་བརྡར། དབང་པོའམ་ཚོར་ཤེས་འཚར་བསྐྱེད་ཀྱི་སྦྱོང་བརྡར། ལུས་སྦྱོང་དང་རྩེད་མོ། ཟློས་གར། གཞན་ཡང་སློབ་ཕྲུག་གི་འཚར་ལོངས་དང་འདོད་མོས་ལ་འཚམས་པའི་ལག་རྩལ་དང་བྱེད་སྒོ་གང་འོས་སློབ་སྤེལ་འཐུས་པ་ནི་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ཞེས་པར་གསལ།
    གཞི་རིམ་འོག་མའི་འཛིན་རིམ་དང་པོ། བོད་ཡིག་དང༌། རྩིས་རིག ཁོར་ཡུག་ཤེས་བྱ། ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས། བདུན་རེར་བོད་ཡིག་སློབ་ཐུན་ ༡༦ དང༌། རྩིས་རིག་སློབ་ཐུན་ ༩ ཁོར་ཡུག་ཤེས་བྱ་སློབ་ཐུན་ ༦ ལུས་སྦྱོང་དང་རྩེད་མོའི་སློབ་ཐུན ༢ ཟློས་གར་སློབ་ཐུན་ ༢ བཟོ་རིག་པའི་སློབ་ཐུན་ ༩ བཅས་བསྡོམས་པའི་ཚོགས་ཐུན་ ༤༤ དང༌།
    གཞི་རིམ་འོག་མའི་འཛིན་རིམ་གཉིས་པ། བོད་ཡིག་དང༌། རྩིས་རིག ཁོར་ཡུག་ཤེས་བྱ། ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས། བདུན་རེར་བོད་ཡིག་སློབ་ཐུན་ ༡༦ དང༌། རྩིས་རིག་སློབ་ཐུན་ ༩ ཁོར་ཡུག་ཤེས་བྱ་སློབ་ཐུན་ ༦ ལུས་སྦྱོང་དང་རྩེད་མོའི་སློབ་ཐུན་ ༢ ཟློས་གར་སློབ་ཐུན་ ༢ བཟོ་རིག་པའི་སློབ་ཐུན་ ༩ བཅས་བསྡོམས་པའི་ཚོགས་ཐུན་ ༤༤།
    གཞི་རིམ་འོག་མའི་འཛིན་རིམ་གསུམ་པ། བོད་ཡིག་དང༌། རྩིས་རིག ཚན་རིག སྤྱི་ཚོགས་ཚན་རིག ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས། བདུན་རེར་བོད་ཡིག་སློབ་ཐུན་ ༡༢ དང༌། རྩིས་རིག་སློབ་ཐུན་ ༧ ཚན་རིག་སློབ་ཐུན་ ༥ སྤྱི་ཚོགས་ཚན་རིག་སློབ་ཐུན་ ༥ ལུས་སྦྱོང་དང་རྩེད་མོའི་སློབ་ཐུན་ ༦ ཟློས་གར་སློབ་ཐུན་ ༦ བཟོ་རིག་པའི་སློབ་ཐུན་ ༦ བཅས་བསྡོམས་པའི་ཚོགས་ཐུན་ ༤༧།
    གཞི་རིམ་བར་མ་འཛིམ་རིམ་བཞི་པ། བོད་ཡིག་དང༌། དབྱིན་ཡིག རྩིས་རིག ཚན་རིག སྤྱི་ཚོགས་ཚན་རིག ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས། བདུན་རེར་བོད་ཡིག་སློབ་ཐུན་ ༦ དང༌། རྩིས་རིག་སློབ་ཐུན་ ༦ ཚན་རིག་སློབ་ཐུན་ ༥ སྤྱི་ཚོགས་ཚན་རིག་སློབ་ཐུན་ ༥ དབྱིན་ཡིག་སློབ་ཐུན་ ༡༢ ལུས་སྦྱོང་དང་རྩེད་མོའི་སློབ་ཐུན་ ༣ ཟློས་གར་སློབ་ཐུན་ ༣ བཟོ་རིག་པའི་སློབ་ཐུན་ ༦ བཅས་བསྡོམས་པའི་ཚོགས་ཐུན་ ༤༦
    གཞི་རིམ་བར་མའི་འཛིམ་རིམ་ལྔ་པ། བོད་ཡིག་དང༌། དབྱིན་ཡིག རྩིས་རིག ཚན་རིག སྤྱི་ཚོགས་ཚན་རིག ལུས་སྦྱོང་དང་རྩེད་མོ། ཟློས་གར། མཐུན་རྐྱེན་དང་སློབ་ཕྲུག་གི་འདོད་མོས་ལ་གཞིགས་ནས་བཟོ་རིག་གང་འོས་སློབ་ཚན་དུ་འཇོག་འཐུས། བདུན་རེར་བོད་ཡིག་སློབ་ཐུན་ ༦ དང༌། རྩིས་རིག་སློབ་ཐུན་ ༦ ཚན་རིག་སློབ་ཐུན་ ༥ སྤྱི་ཚོགས་ཚན་རིག་སློབ་ཐུན་ ༥ དབྱིན་ཡིག་སློབ་ཐུན་ ༡༢ ལུས་སྦྱོང་དང་རྩེད་མོའི་སློབ་ཐུན་ ༣ ཟློས་གར་སློབ་ཐུན་ ༣ བཟོ་རིག་པའི་སློབ་ཐུན་ ༦ བཅས་བསྡོམས་པའི་ཚོགས་ཐུན་ ༤༦ (འཛིན་གྲྭ་དྲུག་པ་དང་བདུན་པའི་སློབ་ཚན་འཆར་འགོད་རེའུ་མིག་གཞི་རིམ་འོག་མ་ལྟར་ཟུར་བ་ཞིག་ཡོངས་གྲགས་སུ་འགྲེམས་སྤེལ་བྱས་པ་མི་འདུག)
    འཆར་འགོད་ཀྱི་རིམ་པ་འདིའི་ཐོག་ནས་བལྟས་ཀྱང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཞུང་ལུགས་དང་ལག་ལེན་གཉིས་ཐད་ནས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་ཤེས་ཡོན་ཙམ་ལས། དེང་རབས་ཀྱི་ཤེས་ཡོན་གསར་པ་བསླབ་རྒྱུར་དགག་བྱ་བྱེད་པའི་ཤེས་ཡོན་སྲིད་བྱུས་ཕྱོགས་རེ་བ་ཞིག་ཡིན་མིན་གསལ་པོ་རྟོགས་ཐུབ་ལ། མི་ཞིག་ཤེས་རབ་དང༌། གཞན་ཕན་ལྷག་བསམ། བཟང་པོའི་ཀུན་སྤྱོད་ལྡན་པ་ཞིག་ཏུ་བསྐྱེད་བསྲིང་ཐུབ་པ་ཤེས་ཡོན་སྲིད་བྱུས་འདིས་རྩ་གནད་དུ་བཟུང་ཡོད་པར་མ་ཟད། འཆད་རྩོམ་སོགས་སྒྱུ་རྩལ་གྱི་རིག་གནས་དང༌། ཚན་རིག་གི་རིག་གནས་བཅས་ལ་རང་རྐང་འཕེར་བའི་རྨང་གཞི་ཞོགས་ཐབས་དམིགས་ཡུལ་དུ་བཟུང་ནས་རིམ་པ་བསྒྲིགས་ཡོད། མི་ཞིག་ཤེས་བྱའི་རྣམ་གྲངས་དུ་མ་ལ་གོ་ལོ་ཐོས་ལོ་ཡོད་པ་ཙམ་དང༌། ཤེས་བྱའི་རྣམ་གྲངས་དུ་མ་འདུས་པའི་སྒྲ་མཛོད་ལྟ་བུ་མ་ཡིན་པར། བྱམས་བརྩེས་ཕྱུག་པའི་ཤེས་རབ་ཀྱི་སྲོག་དབང་ལྡན་པ་ཞིག་ཏུ་བསྐྱེད་བསྲིང་བྱེད་པ་ནི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཁྱད་ཆོས་ཁྱད་པར་བ་ཞིག་ཡིན།
    ༢༽ དཔེ་སྟོན་སློབ་གྲྭའི་དགེ་སློབ་བར་གྱི་འབྲེལ་བའི་གནས་སྟངས། དཔེ་སྟོན་སློབ་གྲྭའི་དགེ་སློབ་བར་གྱི་འབྲེལ་བའི་གནས་སྟངས་ནི་དགེ་མཚན་སྣ་མང་ལྡན་པ་ཞིག་སྟེ། དགེ་རྒན་རྣམ་པས་བུ་ཕྲུག་ཚོར་སློབ་ཁྲིད་མཛད་པའི་བརྒྱུད་རིམ་ནང་དགེ་རྒན་རང་གིས་བརྒྱ་ཤེས་ན་བརྒྱ་དང༌། ལྔ་བཅུ་ཤེས་ན་ལྔ་བཅུ་ཡོངས་རྫོགས་སློབ་མ་ཚོར་བུམ་པ་གང་བྱོའི་ཚུལ་དུ་ལྷག་བསམ་རྣམ་དག་གིས་ཞོག་ཐབས་བྱེད་ཀྱི་ཡོད་འདུག་ལ། ཉིན་རེའི་འཛིན་གྲྭའི་སློབ་ཁྲིད་ཙམ་མ་ཡིན་པར་རྒྱུན་ལྡན་གྱི་སློབ་མའི་ཀུན་སྤྱོད་དང་མི་ཚེ་ཧྲིལ་པོའི་གནད་དོན་ལ་འགན་ལེན་གྱིས། ནོར་འཛོལ་འཐུས་ཤོར་མེད་པའི་སློབ་སྟོན་ཤ་ཚ་རྣམ་དག་གིས་གནང་ཐབས་བྱེད་ཀྱི་འདུག དེར་བརྟེན་སློབ་ཕྲུག་ཚོ་དགེ་རྒན་རྣམས་ལ་གུས་ཞབས་ཆེན་པོ་ཡོད་པ་གང་ཞིག་ལ་དངངས་སྐྲག་དང་འཇིགས་སྣང་ཡེ་ནས་མེད་པར་ཕ་མ་ལས་ཀྱང་བློ་ཐག་ཉེ་བ་ལྟ་བུའི་དུང་བ་མ་བཅོས་པ་ཞིག་འདུག དགེ་སློབ་བར་གྱི་ཤ་ཚ་དང་གུ་ཡངས་པོའི་འབྲེལ་བའི་གཞི་རྩ་འདི་ལ་བརྟེན་ནས། དགེ་རྒན་གྱི་སློབ་ཁྲིད་དང༌། ཀུན་སྤྱོད་སོགས་བཟང་པོའི་བསླབ་བྱ་མཐའ་དག་སློབ་མའི་སེམས་རྒྱུད་དུ་འཇུག་པོ་ཡོང་གི་ཡོད་པར་མ་ཟད། ཕྲུག་གུ་ཚོ་ལོ་ན་ཆུང་བའི་ཚོད་རྩིས་ལྟ་བུ་མ་བྱས་པར་གནད་དོན་ཆེ་ཕྲ་ཅི་རིགས་ཐག་གཅོད་ཡོང་ཐབས་ཀྱི་གླེང་མོ་བྱ་བ་དང༌། རྒྱུ་མཚན་གྱི་ཐོག་ནས་གོ་བརྡ་འཕྲོད་ཐབས་བྱ་བ་མ་གཏོགས་བཙན་ཤེད་དང་རྡུང་བརྡེག་གིས་གཅུན་ཐབས་བྱེད་ཀྱི་མེད་སྟབས། ཕྲུག་གུ་ཚོའི་ཉིན་ཧྲིལ་པོའི་ཤེས་ཡོན་སློབ་སྦྱོང་དང་འབྲེལ་བའི་ལས་དོན་མཐའ་དག་རེ་དོགས་དང་དངངས་སྐྲག འཇིགས་ཞུམ་སོགས་ལ་བརྟེན་པ་མིན་པར་རང་དབང་དང་རང་སྟོབས་ཀྱིས་བསམ་གཞིག རྟོག་དཔྱོད། འཇུག་ལྡོག་བཅས་བྱེད་པའི་གོམས་གཤིས་བཟང་པོ་ཞིག་རང་བཞིན་གྱིས་འཇགས་བཞིན་པར་སྣང༌།
    ༣༽ དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཚད་གཞི། གོང་གསལ་གནད་དོན་གཉིས་ཀྱི་ཐོག་ནས་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཚད་གཞི་གང་འདྲ་ཞིག་ཏུ་སླེབས་ཐུབ་ཡོད་མེད་ཟུར་ཙམ་ཞིག་རྟོགས་ཐུབ་ལ༑ དཔེ་སྟོན་སློབ་གྲྭར་སྔོན་འགྲོའི་འཛིན་གྲྭ་རྣམས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གནས་སྐབས་མོན་ཊེ་སཱ་རིའི་ལམ་སྲོལ་ལག་བསྟར་བྱེད་བཞིན་འདུག་ཅིང༌། གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་ནས་གཞི་རིམ་བར་མའི་འཛིན་གྲྭ་བདུན་པའི་བར་སློབ་དེབ་གཙིགས་སུ་བཟུང་བ་མིན་པར། བསླབ་བྱའི་ནང་དོན་དགེ་རྒན་གྱིས་གལ་གནད་དང་ཉིང་དོན་མཁོ་བསྡུས་ཀྱིས་སློབ་མའི་ཤེས་རྒྱུད་དུ་འཇགས་ཐབས་བྱ་བ་མ་གཏོགས། དགེ་སློབ་གཉིས་ཆ་སློབ་དེབ་ཀྱི་གཞན་དབང་དུ་ཤོར་བ་དང༌། སློབ་གཞིའི་ནང་དོན་ངེས་ཐབས་སུ་ཚིག་རིས་ངག་སྐྱོར་གྱིས་ཡིག་རྒྱུགས་འཕྲོད་ཐབས་ཙམ་བྱ་བའི་གོམས་གཤིས་ངན་པ་དེ་དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སློབ་གསོའི་བྱ་གཞག་ནང་བསྐྱར་ཟློས་ཀྱིས་མི་ཡོང་བ་གཙོ་འདོན་གནང་བཞིན་འདུག་ལ། འདིའི་ཐད་ད་བར་འགྲུབ་འབྲས་ངེས་ཅན་ཐོབ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག དགེ་རྒན་གྱིས་སློབ་མའི་ཤེས་རབ་དང་བསམ་སྤྱོད་ཀྱི་འཕེལ་ཤུགས་ལ་ཚད་འཛིན་དང་སྒེར་སྡོམ་མི་བྱེད་པར། དགེ་རྒན་རང་ཉིད་སློབ་མའི་རྒྱབ་ཕྱོགས་སུ་བསྡད་ནས་སློབ་མ་ཤེས་རབ་དང་བསམ་སྤྱོད་མཐའ་མེད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་བཞིན་འདུག
    སློབ་ཕྲུག་ཚོས་གནད་དོན་ཆེ་ཆུང་གི་དྲི་བ་གང་འདྲ་ཞིག་དྲིས་ཀྱང་དགེ་རྒན་གྱིས་སློབ་མའི་བསམ་བློ་དང་དྲི་བར་སྣང་ཆུང་མི་བྱེད་པར་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་ཁ་གསལ་གོ་བདེའི་དྲིས་ལན་འདེབས་པ་དང༌། དྲི་བ་བསྐྱར་མ་འདྲི་བའི་སེམས་ཤུགས་དང་སྙིང་སྟོབས་སྤེལ་བ་ནི་ཤེས་ཡོན་སྲིད་བྱུས་གསར་པའི་སློབ་གསོའི་བྱེད་ཐབས་ཁྱད་པར་ཞིག་རེད་སྙམ། སློབ་མར་དྲི་བ་ཅི་ཙམ་མང་པོ་རྙེད་པའི་ཚོད་ཀྱིས་ཤེས་རབ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། དྲི་བ་ནི་སློབ་མའི་རྣམ་དཔྱོད་འཕེལ་བ་དང་བློ་མིག་འབྱེད་པའི་ལྡེ་མིག་དཔེ་ཟླ་བྲལ་བ་ཞིག་ཡིན་པས་སོ།།
    དཔེ་སྟོན་སློབ་གྲྭའི་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་ལ་གཞན་དང་མ་འདྲ་བའི་ཁྱད་པར་ཇི་སྙེད་མཆིས་པ་ལས། ཁྱད་པར་གཙོ་བོ་གཞན་ཞིག་ནི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་ཕྲུག་གི་ཤེས་ཡོན་ཚད་འཇལ་བྱེད་ཐབས་ཡིན་ལ། དེ་ནི་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཡིག་རྒྱུགས་ཙམ་གྱི་ཐོག་ནས་དཔོག་ཐབས་བྱ་བ་མིན་པར། རྒྱུན་ལྡན་གྱི་མཉམ་ཞུགས་དང་བློ་འཛིན། ལས་ཁུར། དཔོད་བྲིས། ཚོད་ལྟ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཇལ་ཐབས་བྱེད་ཀྱི་ཡོད་ལ། དེ་ཡང་སྐད་ཡིག་གི་སློབ་ཚན་ལྟ་བུར་མཚོན་ན། ཀློག་རྩལ་ལ་སྒྲ་གདངས་དང་གོ་རྟོགས། འབྲི་རྩལ་ལ་ཡིག་གཟུགས་དང་འབྲི་རྩོམ། བརྡ་སྤྲོད་ལ་དག་ཆ་དང་མིང་ཚིག བཤད་རྩལ་ལ་གྲོས་མོལ་དང་ངག་འདོན། ཉན་རྩལ་ལ་གོ་རྟོགས་བཅས་བྱེད་ཐབས་མ་འདྲ་བ་ཅི་རིགས་ཀྱིས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ངོ་མ་ལ་རྒྱུས་ལོན་དང་རྟིང་བསྐུལ་གྱི་བྱ་ཐབས་ལག་བསྟར་གནང་བཞིན་འདུག ལོ་སྔ་ཕྱིའི་འདིའི་ནང་གནས་ཚང་རྒྱ་གར་གཞུང་གི་ཡིག་རྒྱུགས་ཀྱིས་མཚོན་པའི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་སྣ་ཚོགས་འགྲོ་བཞིན་པའི་གནས་སྟངས་སོགས་ལ་བསམས་ན། ང་ཚོའི་ཤེས་ཡོན་པ་མང་པོ་ཞིག་གི་བློ་ངོར་གཤོང་དཀའ་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་འཛམ་གླིང་དང་འཇིག་རྟེན་སྤྱི་ཡོངས། བྱེ་བྲག་བོད་མི་རིགས་ཀྱི་འབྱུང་འགྱུར་མདུན་ལམ་ལ་ཞིབ་དཔྱད་རྒྱང་གཟིགས་མཛད་པའི་ཤེས་ཡོན་སློབ་སྟོན་ནད་ཐོག་ཏུ་འཁེལ་བའི་གཙགས་ཁབ་ལྟ་བུ་ཞིག་ཡིན་པ་ལས། མ་འོངས་པ་དང་ཕྱི་ཕྱོགས་འཇིག་རྟེན་སྤྱིའི་གནས་སྟངས་ལ་རྒྱང་ལྟ་མ་བྱས་པར་རང་སྣང་གི་མཐོང་ཚུལ་དོག་མོ་ཞིག་མི་རིགས་ཀྱི་མདུན་ལམ་ལ་བཙན་འགེབ་བྱས་པ་ཞིག་མིན་པ་ཉི་མ་ནས་ཟླ་བར་ཇེ་གསལ་དུ་འགྱུར་བཞིན་ཡོད་སྙམ།
    མདོར་ན། དཔེ་སྟོན་སློབ་གྲྭར་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་སློབ་ཕྲུག་ཚོར་རྣམ་གྲངས་ཀྱི་ཡལ་ག་ཙམ་ལས། སྤྱི་ཡོངས་རང་བཞིན་ལ་ཁྱབ་པའི་དངོས་པོའི་གནས་ལུགས་གཙོ་འདོན་གྱིས་སློབ་པ་དང༌། དུས་ཐུང་ནང་བེད་མེད་དུ་འགྱུར་བའི་རིག་གནས་ཁ་གཡར་བ་ལས། ཤེས་བྱའི་རྩ་བ་མཐིལ་ཕྱིན་པར་སློབ་པ་སོགས་སྤྱི་ཡོངས་དང་གཙོ་གནད་དུ་གྱུར་པའི་ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་བྱ་བའི་གོམས་གཤིས་འཇགས་ཐབས་གཙོ་བོ་བྱེད་བཞིན་པར་མ་ཟད། ཁ་བཤད་ཙམ་མ་གཏོགས་བསམ་བློ་དང་ལག་ལེན་གྱི་ཐོག་ནས་གྲུབ་འབྲས་སྟོན་དུ་མེད་པའི་ཐོས་རྐྱང་གི་མཆིང་བུ་བསྒྲུགས་པ་ལས། མིའི་རྒྱུན་ལྡན་འཚོ་བའི་ཁྲོད་གདོང་ཐུག་འབྱུང་ངེས་པའི་དཀའ་ཁག་རིགས་ལ་གདོང་ལེན་ཇི་ལྟར་བྱ་བ་དང༌། རང་ཉིད་རང་ལ་ཡིད་ཆེས་པའི་གཞི་རྩའི་ཐོག་ནས་རང་ཉིད་ཀྱི་སེམས་ངལ་དང་ལས་དོན་གྱི་ཐག་གཅོད་རང་ངོས་ནས་བྱེད་ཐུབ་པའི་ཤེས་འཇོན། གཞན་དང་འབྲེལ་མོལ་དང་སྐྱེ་བོ་ནང་ཁུལ་དུ་འབྲེལ་ལམ་བྱེད་པའི་ཐབས་རྩལ། གཞན་ལ་བསམ་ཤེས་དང་ཁོག་ཡངས་གུ་ཤངས་བཅས་བྱེད་པའི་བསམ་སྤྱོད་ཀྱི་གཞི་མ་བསྐྲུན་པ་དམིགས་ཚད་དུ་བཞག་ནས་བྱ་ཐབས་སྣ་ཚོགས་ལག་བསྟར་བྱེད་བཞིན་པའི་མཐོང་ཚུལ་ཡིད་སྤྲོ་བ་ཞིག་དཔེ་སྟོན་སློབ་གྲྭ་སོགས་ལ་རྒྱུས་ལོན་བྱེད་མྱོང་བའི་མི་སུ་ལ་ཡང་རང་བཞིན་གྱིས་འབྱུང་ངེས་སྙམ།   
    ༤༽ མང་ཚོགས་ཀྱི་དཔེ་སྟོན་སློབ་གྲྭའི་ངོས་འཛིན་ལ་འགྱུར་བ་འགྲོ་བའི་རྒྱུ་མཚན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་སུ་འགྲེམས་སྤེལ་བྱས་པ་ནས་བཟུང༌། སྲིད་བྱུས་འདི་ཐོག་མར་ལག་བསྟར་བྱེད་སའི་དཔེ་སྟོན་སློབ་གྲྭ་གསར་འཛུགས་བྱེད་པའི་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསམ་བཞིན་དང་བསམ་བཞིན་མིན་པའི་ཀུན་སློང་དུ་མའི་ཐོག་ནས་ཤེས་ཡོན་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་བསམ་ཚུལ་སྣ་ཚོགས་ཤིག་ཡིག་ངག་གཉིས་ཐོག་ནས་ཁྱབ་སྤེལ་བརྒྱུད་སྒྲོགས་བྱས། འདི་ནི་ཀུན་སློང་སྐྱོན་མེད་ཡིན་པའི་དབང་དུ་བྱས་ཀྱང་མང་པོ་ཞིག་གི་ལས་ཀའི་ངོ་བོ་དང་བྱེད་ལས་ཀྱི་ཐོག་ནས་ཤེས་ཡོན་སྲིད་བྱུས་ཀྱི་རྨང་གཞིའི་སྤྱི་ཚོགས་ལ་གཏོར་ཤིག་བཏང་བ་ཡིན་པས། སྐབས་དེར་བུ་ཕྲུག་གི་ཕ་མ་སུ་འདྲ་ལ་ཡང་དཔེ་སྟོན་སློབ་གྲྭའི་མདུན་ལམ་ལ་གདེང་ཚོད་དང་ཡིད་ཆེས་རྙེད་དཀའ་བར་མ་ཟད། མང་པོ་ཞིག་ལ་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་མཁན་ཡོད་མེད་ཀྱང་ཐེ་ཚོམ་གྱི་གནས་སུ་གྱུར་འདུག་སྟེ། དཔེ་སྟོན་སློབ་གྲྭ་ནི་བློས་བསླངས་ཀྱི་རེ་འཆར་ཙམ་མ་གཏོགས་དངོས་ཡོད་ལག་ལེན་ནང་སློབ་འཇུག་བྱེད་མཁན་ཡོང་མི་སྲིད་པས། མ་སྐྱེས་ནས་ཤི་འགྲོ་བའི་སློབ་གྲྭ་ཞིག་ཏུ་འགྱུར་རྒྱུར་ཚོད་དཔག་བྱེད་མཁན་ཡང་མི་ཉུང་བ་བྱུང་ཡོད།
    འོན་ཀྱང་འབྲེལ་ཡོད་བརྒྱུད་ནས་ཤེས་ཚོད་ལྟར་ན་ཐོག་མའི་སློབ་བསྡུའི་སྐབས་སློབ་འཇུག་བྱེད་མཁན་མ་བྱུང་བའི་དཀའ་ངལ་མེད་པར་འཆར་རྩིས་ཀྱི་ས་མིག་ཡོངས་སུ་ཁེངས་པ་བྱུང་འདུག་མོད། སློབ་འཇུག་བྱས་པའི་སློབ་ཕྲུག་ཕལ་མོ་ཆེ་བསྟན་འཛིན་སྒང་དང༌།  ཨོ་རི་ས། མེའོ། ར་ཝང་ལ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང༌། སྤེབ་ཀོབ། ཀོ་ལི་གྷལ། སྤོན་ཊ་སོགས་ཤེས་ཡོན་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་བསམ་ཚུལ་བརྒྱུད་སྒྲོགས་མ་ཐུབ་པའི་མཐའི་ས་ཁུལ་ཁག་ནས་ཡིན་པ་མ་གཏོགས། རྡ་སའི་ཉེ་འཁོར་ནས་སློབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་ངུ་ལས་བྱུང་མེད། ཐོག་མའི་སྐབས་གཏན་ཉིན་གྱི་སློབ་མ་བསྡོམས་གྲངས་ ༨༥ ཡོད་པ་ལས། གངས་ཅན་སྐྱིད་གཤོངས་ནས་བུ་ཕྲུག་གཉིས་ལས་སློབ་འཇུག་བྱེད་མཁན་བྱུང་མི་འདུག་པས། སློབ་མའི་བརྒྱ་ཆ་ ༩༩་༨༣ ཕྱོགས་མཐའ་ཁག་གི་བུ་ཕྲུག་ཆགས་ཀྱི་ཡོད། སློབ་འཇུག་ཐེངས་གཉིས་པའི་སྐབས་ནས་རྡ་སའི་ཉེ་འཁོར་དུ་བུ་ཕྲུག་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་པའི་ཕ་མ་གང་འཚམ་བྱུང་འདུག་ཅིང༌། ཕྱི་ལོ་ ༢༠༠༨ ལོར་སློབ་ཕྲུག་གྲངས་ ༡༧༠ ལྷག་ཡོད་པ་ལས། སློབ་ཕྲུག་གྲངས་ ༩༥ རྒྱ་གར་ལྷོ་ཕྱོགས་མོན་གྷོ་དང༌། སྤེབ་ཀོབ། ཀོ་ལི་གྷལ། སྤོན་ཊ། ཨོ་རི་ས་སོགས་ནས་ཡོང་བ་ཡིན་པས། སློབ་མ་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆ་ ༥༥་༨༨ ཕྱོགས་མཐའ་དང༌། བརྒྱ་ཆ་ ༤༤་༡༢ གངས་སྐྱིད་གཡས་གཡོན་དང༌། ནོར་གླིང་ཡས་མས་ནས་སློབ་འཇུག་བྱས་པའི་སློབ་ཕྲུག་རེད་འདུག
    ཤེས་ཡོན་སྲིད་བྱུས་གསར་པ་ཐོག་མར་ལག་བསྟར་བྱེད་སའི་དཔེ་སྟོན་སློབ་གྲྭའི་ནང་དུ་རྡ་སའི་ཉེ་འཁོར་ནས་བུ་ཕྲུག་སློབ་འཇུག་བྱེད་མཁན་ཤིན་ཏུ་ཉུང་བའམ་མེད་པ་ནི། ཕ་མ་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་དགེ་སྐྱོན་དཔྱིས་ཕྱིན་པར་རྟོགས་ནས་མིན་པར། ཤེས་ཡོན་སྲིད་བྱུས་ཐོག་སྤྱི་འཐུས་གྲོས་ཚོགས་ནང་ཐོག་མའི་རྣམ་འགྱུར་བསྟན་སྟངས་མ་ལེགས་པ་དང༌། རང་རེའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་ཁ་ཤུགས་མཐོན་པོ་འགས་སྨིན་ལ་མ་སྨིན་པའི་ཡིག་ངག་གི་གཏམ་གླེང་སྣ་ཚོགས་བརྒྱུད་བསྒྲགས་བྱས་པའི་ཤུགས་རྐྱེན་གྱི་འོག་ནས་བྱུང་བའི་བློ་དོགས་དང་དངངས་སྐྲག་འབའ་ཞིག་གིས་ཡིན། ཤུགས་རྐྱེན་འདིའི་ལྷག་མ་ད་དུང་ཡང་རང་རེའི་སྤྱི་ཚོགས་ནང་གི་ཕ་མ་མང་པོ་ཞིག་གི་སེམས་རྒྱུད་དུ་དངངས་སྐྲག་དང་བློ་དོགས་ཀྱི་གཞི་རྩར་གྱུར་ནས་ཡོད།
    འོན་ཀྱང་བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས་ཐོག་མཐའ་བར་གསུམ་དུ་ཆོད་སེམས་བརྟན་པོས་རླབས་ཆེན་གྱི་དོན་སྙིང་ལྡན་པའི་མི་རིགས་ཤིག་གི་གསོན་གནས་ཀྱི་ཆེད་དེའི་ཚེ་སྲོག་ལྟ་བུའི་སྐད་ཡིག་དང༌། ཆོས་ལུགས། རིག་གཞུང་གོམས་གཤིས་བཅས་གཅེས་ཉར་རྒྱུན་འཛིན་བྱེད་པའི་མིག་མདུན་གྱི་འགོག་རྐྱེན་ཡོངས་རྫོགས་ལ་གདོང་ལེན་གྱིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དངོས་སུ་གསར་འཛུགས་མཛད་པར་མ་ཟད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱང་དཔེ་སྟོན་སློབ་གྲྭ་དང་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་གྲྭ་ངེས་ཅན་གྱི་བར་དུ་དངོས་སུ་ལག་བསྟར་གྱིས་དེང་སྐབས་གྲུབ་འབྲས་ཀྱང་གང་འཚམས་ལོན་པའི་རྒྱལ་ཁ་ཆེན་པོ་བླངས་ནས་ཡོད།
    མི་རིགས་ཤིག་གི་ལོ་རྒྱུས་ལ་གོད་ཆག་ཐེབས་ནས་འཆི་གསོན་གྱི་འགག་འཕྲང་དུ་གྱར་བའི་སྐབས། མི་རིགས་དེའི་བསམ་བློའི་རེ་ལྟོས་བཅོལ་སའི་ཤེས་ཡོན་པ་དང༌། ཆབ་སྲིད་པ། རྩོམ་པ་པོ་རྣམས་ཀྱིས་འཕྲལ་སྒང་གི་སྣང་ཚུལ་ལས་མི་རིགས་དེའི་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་དགོངས་པ་ཆེ་བཞེས་ཀྱིས་མང་ཚོགས་ལ་ཕྱོགས་སྟོན་དང་སྣེ་ཁྲིད་མ་ནོར་བ་བྱ་དགོས་པའི་འགན་འཁྲི་ཆེན་པོ་ཞིག་ཡོད་ཀྱང༌། དུས་ཚོད་ཛ་དྲག་ཏུ་སླེབས་སྐབས་ང་ཚོའི་ཤེས་ཡོན་པ་དང་ཆབ་སྲིད་པ་མང་པོ་ཞིག་རང་གི་དགའ་ཁ་འཁྱེར་ཕྱོགས་དང་ཚོར་བའི་དུང་ཞེན་གྱི་དབང་དུ་གྱུར་ཏེ། བོད་མི་རིགས་ལ་དུས་ཐོག་ཆར་བ་ལྟ་བུའི་རྩོམ་ཡིག་ལམ་སྟོན་གྱི་རང་བཞིན་ལྡན་པ་དང༌། སྐུལ་འདེད་ཀྱི་དོན་སྙིང་ལྡན་པ་ཞིག་འབྲི་མཁན་ཤིན་ཏུ་དཀོན་པོར་གྱུར་ཡོད། གཞུང་གིས་ནོར་འཁྲུལ་གྱི་ལས་འཆར་འདིང་བའམ། ཕན་ཐོགས་མེད་པའི་ལམ་སྟོན་སྩོལ་གྱི་འདུག་ན་ལྷག་བསམ་གྱི་གཞི་མའི་ཐོག་ནས་གནས་ལུགས་དང་རྒྱུ་མཚན་བཀོད་དེ་ནོར་འཁྲུལ་སུན་འབྱིན་བྱ་བར་འགལ་བ་མེད་པར་མ་ཟད་ངེས་པར་བྱ་དགོས་པ་ཞིག་ཡིན་མོད། མང་གཙོ་ལུང་པའི་ཆབ་སྲིད་པ་དང་རྩོམ་པ་པོ་ཡིན་ན་ངེས་པ་གཞུང་གི་དགོངས་ཚུལ་གྱི་ལྡོག་ཕྱོགས་སུ་ལངས་དགོས་པ་ལྟ་བུས། ཆབ་སྲིད་པ་དང་རྩོམ་པ་པོ་མང་པོ་ཞིག་གིས་འཐབ་རྩོད་ཀྱི་མདུང་རྩེ་ཕྱིར་རང་གཞུང་གི་སྲིད་བྱུས་དང་ལམ་སྟོན་ཁག་ལ་གཏད་ཅིང༌། རྒྱུ་མཚན་ཡོད་མེད་ཀྱི་མཚམས་ནས་དགག་རྒྱག་གི་རྩོམ་ངག་སྣ་ཚོགས་སྤེལ་བ་ནི་བཅོས་དཀའ་བའི་གོམས་སྲོལ་ལྟ་བུར་གྱུར་ནས་ཡོད་ཚོད།
    ལྷག་པར་དུ་གོ་རྟོགས་མཐོན་པོ་དང་བོད་ཀྱི་བསྟན་སྲིད་ལས་དོན་ཐོག་སེམས་ཁུར་ཡོད་མདོག་བྱེད་པར་མ་ཟད། རང་ཉིད་ཀྱི་འཚོ་བ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ཐོག་ནས་སྐྱེལ་བཞིན་པའི་མི་ལ་ལས། རང་གི་མི་ཚེའི་ལྟོ་གོས་ཀྱི་མགོ་ཐོན་ནས་དཀའ་ཁག་མི་འབྱུང་བའི་གདེང་ཚོད་ལྟ་བུ་ཞིག་སླེབས་པ་དང་མཉམ་དུ་ཧ་ཅང་གིས་བསམ་བློ་རྒྱ་ཆེ་མདོག་གིས། དར་འཕེལ་བྱུང་བའི་རིག་གཞུང་ཞིག་མཐའ་མ་ཉམས་ཆག་ཏུ་འགྲོ་དགོས་པ་ནི་རིག་གཞུང་ཁོ་རང་གི་ཆོས་ཉིད་ཡིན་པས། ཉམས་ཆག་ཏུ་འགྲོ་བཞིན་པའི་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་རྣམས་ཉམས་སུ་འཇུག་པ་ལས་སྐྱོབ་ཐབས་བྱ་དགོས་དོན་མེད་ཅེས་སྨན་པས་ནད་པ་བོར་བ་ལྟར་རང་གི་སྐད་ཡིག་དང་རིག་གཞུང་ལ་ཁྲེལ་མེད་ཀྱི་ངང་ཚུལ་གསལ་རྗེན་དུ་སྟོན་མོད། འདི་རིགས་ཀྱིས་སྐད་ཡིག་དང་རིག་གཞུང་ཉམས་པའི་འཆི་ལམ་དུ་རང་ཉིད་ཀྱང་འགྲོ་ངེས་ཡིན་པའི་མིའི་འཚོ་བ་དང་རིག་གཞུང་བར་གྱི་གསང་བ་ལ་རྟོག་དཔྱོད་གཏིང་ཕྱིན་པ་བྱས་ཡོད་ཚོད་མི་འདུག་ལ། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལས་དཔལ་འབྱོར་གྱི་ལས་དོན་གལ་གནད་དུ་འཛིན་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་པར་མ་ཟད། བོད་ཀྱི་རིག་གཞུང་གིས་བསྐྲུན་པའི་མི་ཕལ་མོ་ཆེ་ཕྲག་དོག་དང་འདོད་རྔམ་ཅན་ཤ་སྟག་ལས་མི་བཟང་པོ་ཞིག་བསྐྲུན་མི་ཐུབ་རབས་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱང་སྟོང་བསམ་རིང་ལུགས་པ་ཞིག་གིས་རང་གི་འཆར་སྣང་གི་སྟོང་བསམ་ཡིག་ཐོག་ཏུ་བཀོད་པ་ཙམ་མ་གཏོགས། བོད་མི་རིགས་ལ་ཕན་ཐོགས་ཡོད་པ་དང་བོད་མི་རིགས་ཀྱིས་ལག་བསྟར་བྱ་རིན་ཡོད་པ་ཞིག་གཏན་ནས་མིན་ཟེར་བ་སོགས། བོད་ཀྱི་རིག་གཞུང་ལ་དྲིན་ཆུང་གི་ཐལ་ཆེས་ཚིག་ངན་སྣ་ཚོགས་ཚོར་ཤུགས་ཆེན་པོས་བརྗོད། འདིའི་རིགས་ཕལ་མོ་ཆེར་གང་ཟག་སྒེར་བ་དང་དེའི་ལྟ་གྲུབ་ལ་ཞེ་འགྲས་དང་འཁོན་སེམས་ཀྱི་ཚོར་བའི་མགོ་གནོན་མ་ཐུབ་པའི་ངང་ཚུལ་ཞིག་མ་གཏོགས། གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་སྐད་ཆ་བཤད་ཀྱི་མི་འདུག་ལ། ཧམ་པ་དང་ཚོར་སྣང་གི་གཞན་དབང་དུ་སོང་ནས་མཐའ་ན་རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་པ་ཙམ་ཡང་གསལ་པོ་ཤེས་ཀྱི་ཡོད་ཚོད་མི་འདུག བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་སྐྱོན་འཛུགས་མི་ཐུབ་པར་མ་ཟད། ཞེ་འཁོན་དང་སྡང་སེམས་བཅང་སའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ། ལྟ་བའི་ཆ་ལ་ནོར་འཁྲུལ་འདི་དང་འདི། ལག་ལེན་གྱི་ཆ་ལ་ནོར་འཁྲུལ་འདི་དང་འདི་འདུག་ཅེས་འཛུབ་མོ་བཙུགས་ནས་སྐྱོན་བརྗོད་གནད་དུ་འཁེལ་བ་བྱེད་པའི་ཤེས་རབ་དང་སྤོབས་པ་གཉིས་ཆ་མེད་པའི་མཐོང་ཚུལ་གསལ་པོ་བྱུང༌།
    དེ་བཞིན་ཐོག་མའི་སྐབས་བོད་མི་མང་སྤྱི་འཐུས་དང༌། སྤྱི་ཟུར། བཀའ་བློན་ཁྲི་ཟུར་དང་བཀའ་ཟུར། རྩོམ་པ་པོ། སློབ་གྲྭ་ཁག་གི་མཐོ་རིམ་འཛིན་སྐྱོང་ལས་བྱེད། དགེ་རྒན་དཀྱུས་མ་བཅས་མང་པོ་ཞིག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི། ཁོར་ཡུག་ལ་བསམ་གཞིག་མ་བྱས་པའི་ལམ་སྟོན་བཙན་ཤེད་མ་ཞིག་དང༌། སྲོལ་རྒྱུན་རིག་གཞུང་ལ་དུང་ཞེན་ཟབ་ཆེས་པའི་རྙིང་ཞེན་ཅན་གྱི་ལམ་སྟོན་མིག་གཡས་མ། གཞོན་སྐྱེས་ཀྱི་མི་རབས་རྣམས་དེང་རབས་ཀྱི་དཔལ་ཡོན་ཆེས་ཆེར་དར་བའི་འཛམ་གླིང་ལས་ཟུར་འབུད་བྱེད་པའི་སྲིད་བྱུས་ཕན་མེད་ནོར་འཁྲུལ་ཅན་ཞིག་ཡིན་པའི་ངོས་འཛིན་བྱས་འདུག
    དེའི་མཚོན་རྟགས་གསལ་ཤོས་ཤིག་ནི། ཕྱི་ལོ་ ༢༠༠༤ ལོར་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་གཉིས་པའི་ཐོག་བོད་ཀྱི་མཁས་པ་དང་ཤེས་ཡོན་པ་ལྷན་དུ་འཛོམས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཌེ་ར་ཌུན་དུ་སྐོང་འཚོགས་བྱས་པའི་སྐབས། དང་ཐོག་ཚོགས་ཞུགས་པ་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་འདིའི་ལམ་སྲོལ་ནང་སྲོལ་རྒྱུན་གྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་རྐྱང་པ་མ་གཏོགས། དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱུགས་ཆེ་བའི་དབྱིན་ཇིའི་སྐད་ཡིག་དང༌། དེང་རབས་ཀྱི་ཤེས་ཡོན་སློབ་ཏུ་མེད་པའི་སྲིད་བྱུས་གུ་དོག་མོ་དང་སྒེར་སྡོམ་ཅན་ཞིག་ཡིན་པའི་ངོས་འཛིན་གྱི་ཐོག་ནས་ཤེས་ཡོན་སྲིད་བྱུས་འདི་སློབ་གྲྭ་ཁག་ཏུ་ལག་བསྟར་བྱ་བར་ཚོགས་ཞུགས་པ་མང་པོ་ཞིག་གིས་དགག་པ་བརྒྱབས་འདུག འོན་ཀྱང་ཉིན་གཉིས་གསུམ་རིང་བགྲོ་གླེང་བྱས་པའི་མཐའ་མའི་གནས་སྟངས་ཐད་ཚོགས་ཞུགས་པ་སྤྱི་འཐུས་དང་རྩོམ་པ་པོ་མང་པོ་ཞིག་ལ་འདིའི་ཐད་གླེང་མོ་བྱེད་པའི་སྐབས། ཁོང་ཚོའི་བརྒྱ་ཆ་མང་ཤོས་ཀྱིས། དང་ཐོག་ཤེས་ཡོན་སྲིད་བྱུས་ཐོག་བགྲོ་གླེང་བྱེད་པའི་སྐབས་ཚོགས་མི་མང་ཆེ་བས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཇི་བཞིན་རྟོགས་ཐུབ་མི་འདུག་ཅིང༌།  འཛིན་གྲྭ་བཞི་པ་བར་དུ་དབྱིན་ཇིའི་སྐད་ཡིག་སྦྱང་ན་མི་འགྲིག་ཟེར་བ་ལྟ་བུའི་སྐད་ཆ་འདི་འདྲ་ལ་འཇུས་ནས་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་འདུག་ལ།
    དེ་བཞིན་བཀའ་ཤག་གིས་ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༩ པའི་ནང་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་མཐའ་མ་དེ་སྤྱི་འཐུས་གྲོས་ཚོགས་ནང་ཐོག་མར་བསྣམས་ཕེབས་པའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་གིས། ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱ་བར་མཐའ་གཅིག་ཏུ་དགག་བྱ་བྱས་པར་མ་ཟད། ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱས་ན་ངའི་བུ་ཕྲུག་སློབ་གྲྭར་གཏོང་གི་མིན་ཟེར་བ་སོགས། མདོར་ན། བཀའ་ཤག་གིས་གྲོས་ཚོགས་ནང་དུ་བསྣམས་ཕེབས་པའི་ཤེས་ཡོན་སྲིད་བྱུས་འདི་བོད་མི་རིགས་གཡང་ལ་འཕེན་པའི་ལམ་སྟོན་ནོར་འཁྲུལ་ཅན་ཞིག་ཡིན་པ་ལྟ་བུར་ངོས་འཛིན་བྱས་ཡོད། འོན་ཀྱང་ཚོགས་ཆུང་བགོ་འགྲེམས་ཀྱིས་ཞིབ་དཔྱོད་བྱས་པའི་མཐའ་མ་ཤུགས་ཆེན་པོས་དགག་པ་གཏོང་སའི་ཤེས་ཡོན་སྲིད་བྱུས་དེའི་གཞི་སྒྲོམ་དང་དོན་ཚན་གནད་འགག་ཅན་གང་ལ་ཡང་འགྱུར་བཅོས་མ་སོང་བའི་ཐོག་ནས་སྤྱི་མོས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་ཐག་གཅོད་མཛད་ཡོད། དངོས་ཡོད་གནས་སྟངས་འདི་དག་གིས་ཅི་ཞིག་མཚོན་གྱི་ཡོད་ཅེ་ན། ཕྱོགས་སྔའི་ནམ་མ་ལངས་གོང་ནས། དགག་བཞག་གི་ཉི་མ་ཤར་ཞེས་རང་རེའི་མཁས་པའི་གསུང་རྒྱུན་དུ་ཡོད་པ་ལྟར། ང་ཚོའི་ཆབ་སྲིད་པ་དང་རྩོམ་པ་པོ་མང་པོ་ཞིག་གི་དགག་བཞག་དང་དཔྱད་བརྗོད་ཀྱི་རྩོམ་ངག་ཕལ་མོ་ཆེ་འཕྲལ་གྱི་ཚོར་སྣང་དང་དུང་ཞེན་གྱི་དབང་དུ་སོང་བ་མ་གཏོགས། རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་དཔྱད་པ་གཏིང་ཕྱིན་པ་བྱས་ཏེ་འབྲི་སྤེལ་བྱས་པ་མིན་པ་གསལ་བར་བྱས་ཡོད།
    ཁོང་ཚོས་དོན་ངོ་མའི་ཐོག་ནས་ཤེས་ཡོན་སྲིད་བྱུས་འདི་སྐྱོན་གནད་ཅན་དུ་མཐོང་བ་དང༌། ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་ན་མི་རིགས་ཀྱི་མདུན་ལམ་ལ་གནོད་སྐྱོན་ཐེབས་ངེས་སྙམ་པའི་ཤ་ཚ་བཅོས་མ་མ་ཡིན་པ་ཞིག་ཡོད་ན། སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སྲིད་བྱུས་འདི་དངོས་སུ་ལག་བསྟར་བྱས་ནས་ལོ་ལྔ་དྲུག་སོང་བའི་རྗེས་ཀྱི་སློབ་གྲྭ་དེ་དག་གི་གནས་སྟངས་དངོས་ལ་ཉམས་ཞིབ་ཀྱིས་གྲུབ་འབྲས་ལ་ཕྱོགས་སྡོམ་ཞིག་མཛད་འོས་ཀྱང༌། ཁོང་ཚོའི་སྐབས་ཐོག་གི་ཚོར་བ་ཡལ་བ་དང་མཉམ་དུ་ལྷག་བསམ་ཡང་ཉམས་དམས་སུ་གྱུར་ཏེ། དགག་རྒྱག་ཤུགས་ཆེན་པོ་བྱེད་མཁན་ཚོའི་ནང་ནས་གཅིག་ཀྱང་སློབ་གྲྭའི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་བྱེད་པར་ཡོང་མི་འདུག
    ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་པའི་སྐབས། མི་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་འདི་དགོན་སྡེ་ཞིག་གི་ཤེས་ཡོན་ལམ་སྲོལ་ཡིན་པ་ལས། སློབ་གྲྭའི་ནང་ལག་བསྟར་བྱ་བའི་ཤེས་ཡོན་སྲིད་བྱུས་ཤིག་མིན་པས། བཀའ་ཤག་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་རྣམས་དགོན་པར་བསྒྱུར་བའི་ལས་འཆར་ཞིག་ཡོད་ཚོད་འདུག་ཟེར་བའི་ཟུར་ཟ་དང༌། ཡང༌། ལ་ལས་ཤེས་ཡོན་སྲིད་བྱུས་འདིའི་འོག་ནས་བུ་ཕྲུག་ཚོར་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་ལ་སློབ་སྦྱོང་བྱ་བ་མེད་པས། མ་འོངས་པར་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ལ་ཡོངས་ཁྱབ་ཏུ་ལག་བསྟར་བྱས་ན། བུ་ཕྲུག་རྣམས་གཞི་རིམ་སློབ་གྲྭ་ཐོན་པའི་སྐབས་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་ཐུབ་པ་དཀའ་བས་བུ་ཕྲུག་གི་འཚོ་བའི་མདུན་ལམ་ལ་དཀའ་ངལ་འཕྲད་ངེས་ཡིན་པའི་དངངས་སྐྲག་དང་སེམས་འཚབ། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་འོས་འཚམས་དང་བདེན་རྟགས་དཔང་འཕེར་མེད་བཞིན། སྒེར་གྱི་ཚན་རིག་ལ་ལོག་ལྟ་བྱེད་པའི་སེམས་ཚོར་དེ་རིགས་སློབ་ཕྲུག་ཁྲི་ཕྲག་དུ་མའི་མདུན་ལམ་ལ་ཐུག་པའི་སློབ་གསོའི་སྲིད་བྱུས་ནང་ཁྱེར་འཇུག་བྱེད་པ་ནི་ཤིན་ཏུ་ཉེན་ཁ་ཆེན་པོ་ཡིན་ཞེས་སོགས་ཤེས་ཡོན་སྲིད་བྱུས་འདི་གསར་རྩོམ་གྱི་ཀུན་སློང་ལ་ཡང་འགྲེལ་བཤད་སྣ་ཚོགས་བྱས་ཡོད།
    འོན་ཀྱང་བདེན་པ་ནི་ལྟར་སྣང་བའི་སྐྱོན་བརྗོད་གང་གིས་ཀྱང་བསུན་འབྱིན་མི་ནུས་ཤིང་རྟག་ཏུ་བདེན་པའི་རང་བཞིན་ལས་འདའ་མི་སྲིད་པས། བཙན་བྱོལ་བོད་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང༌། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་བཀའ་ལུང༌། རང་ཉིད་ཀྱི་བདེན་པ་ལ་བརྟེན་པའི་བློ་སྟོབས་བཅས་ལ་བརྟེན་ནས་ཆོད་སེམས་དང་ཡིད་ཆེས་བརྟན་པོས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་གང་འཚམས་ནང་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་མཛད་ཅིང༌། ལོ་ཤས་རིང་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་གསོ་སྐྱོང་བྱས་པའི་བུ་ཕྲུག་ཚོའི་ཤེས་ཡོན་གྱི་གནས་ཚད་དང༌། བཟང་པོའི་ཀུན་སྤྱོད། སྨྲ་བརྗོད་དང་མཐུན་འབྲེལ་གང་ཅིའི་ཐོག་ནས་ཕ་མ་ཚོར་ཡིད་འགུལ་ཐེབས་པའི་གྲུབ་འབྲས་གང་འཚམས་བྱུང་ཡོད། དངོས་ཡོད་མཐོང་ཆོས་སུ་གྲུབ་པའི་གནས་སྟངས་འདིའི་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ངོས་འཛིན་གྱི་ལྟ་ཚུལ་ལ་སྔར་དང་མ་འདྲ་བར་བཟང་ཕྱོགས་སུ་འགྱུར་བ་ཆེན་པོ་ཕྱིན་ཡོད། བཙན་བྱོལ་ནང་ཅུང་མིང་གྲགས་ཡོད་པའི་རྩོམ་པ་པོ་ཞིག་གིས། སྔོན་མ་ང་ཤེས་ཡོན་སྲིད་བྱུས་ལ་དགག་པ་རྒྱག་མཁན་གྱི་གྲས་ཡིན། ངས་སྐབས་དེའི་ང་རང་གི་གོ་བ་དང་ལྟ་ཚུལ་གྱི་ཐོག་ནས་ཤེས་ཡོན་སྲིད་བྱུས་ལ་དགག་ཡིག་ཅིག་ཀྱང་འབྲི་མྱོང༌། ཕྱིས་སུ་བསྐྱར་ཞིབ་ཀྱིས་བསམ་བློ་ཞིབ་ཚགས་པོ་གཏོང་སྐབས་ངས་ཐོག་མ་ཤེས་ཡོན་སྲིད་བྱུས་ལ་གོ་བ་ལེན་སྟངས་ཕལ་ཆེ་གནད་དུ་མ་སོང་བ་དང༌། ནོར་འཁྲུལ་དུ་ཕྱིན་པ་ཤ་སྟག་རེད་འདུག དུས་སྐབས་དེར་ཤེས་ཡོན་སྲིད་བྱུས་ཐོག་སྐྱོན་བརྗོད་བྱེད་མཁན་དང་དགག་ཡིག་འབྲི་མཁན་མང་ཆེ་བ་ངའི་གནས་སྟངས་དང་གཅིག་པ་ཡིན། དེའི་རིགས་ཀྱིས་ཁོ་ཚོ་དགའ་མོས་མེད་སའི་ཤེས་ཡོན་སྲིད་བྱུས་སློབ་གྲྭའི་ནང་དངོས་སུ་ལག་བསྟར་བྱས་ནས། ཡག་ཉེས་འབྲས་རྟགས་ཀྱི་ཐོག་ནས་ཅུང་མངོན་འགྱུར་དུ་གྱུར་པའི་སྐབས་འདིར། ཅང་མི་སྨྲ་བར་འཇམ་དེ་གེར་འདུག་པ་འདི་སྔོན་མ་ཤེས་ཡོན་སྲིད་བྱུས་ལ་མོས་མཐུན་མེད་པའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་པའི་རྟགས་མཚན་ཡིན། གྲུབ་འབྲས་མིག་སྔར་ཐོན་ཀྱང་ད་དུང་ཁས་མི་ལེན་ན་དེ་ཨུ་ཚུགས་མ་གཏོགས་གཞན་གང་ཡང་མ་རེད་ཅེས་བཤད། འདི་ནི་མཚོན་བྱེད་ཙམ་དུ་བཀོད་པ་ཡིན།
    གཞན་ཡང༌། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༩ ཚེས་ ༨ ཉིན་གྱི་དུས་བབ་གསར་ཤོག་ཏུ། གསར་འགོད་པས་དཔེ་སྟོན་སློབ་གྲྭའི་ལོ་གསུམ་གྱི་གྲུབ་འབྲས་ཞེས་པའི་རྩོམ་ཡིག་ཅིག་བྲིས་འདུག་པར། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཏེ། འདས་པའི་ལོ་གསུམ་རིང་དགེ་ལས་ཚོས་དཀའ་སྡུག་སྣ་ཚོགས་ལ་གདོང་ལེན་བྱས་ཏེ་སློབ་ཕྲུག་གི་ཉིན་རེའི་སློབ་ཚན་གོ་སྒྲིག་དང་ནང་ལས་ཞུས་དག སློབ་ཕྲུག་ཚོས་ནངས་སྔར་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པས་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་འདུག་ཅེས་དང༌། ཡང་དེར། ནམ་རྒྱུན་ནས་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་ལངས་ཕྱོགས་ལ་འདོད་བློ་ཁེངས་ཀྱི་མེད་ཅིང༌། སློབ་གྲྭར་ཡོད་སྐབས་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྟངས་དང་སློབ་ཁྲིད་འཆར་འགོད་བྱེད་སྟངས་ལ་གཏན་ནས་འདོད་བློ་ཁེངས་མྱོང་མེད་པའི་ཕྲན་ལ། ཐེངས་འདིར་སྔར་བྱུང་མྱོང་མེད་པའི་རེ་བ་དང་ཡིད་ཆེས་གསར་པ་ཞིག་རྙེད་བྱུང༌། ཞེས་དང༌།
    ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡ ཉིན་གྱི་དུས་བབ་དྲ་ཐོག་ཏུ་གསར་འགོད་པས་དཔེ་སྟོན་སློབ་གྲྭའི་འགྲེམས་སྟོན་བྱ་འགུལ་ཞེས་པའི་རྩོམ་ཡིག་ཅིག་བྲིས་འདུག་པར། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ལས་ཡོངས་ཀྱིས། འདས་པའི་ལོ་གསུམ་རིང་དཀའ་སྡུག་མཐའ་དག་ལ་གདོང་ལེན་བྱས་ཏེ་སློབ་མའི་རིག་གནས་སློབ་སྦྱོང་དང༌། ཀུན་སྤྱོད་ཡར་རྒྱས་སུ་ཕྱིན་ཡོད་པར་མ་ཟད། ལག་ཤེས་སློབ་སྦྱོང་ལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་འདུག ཅེས་དང༌།
    དེ་བཞིན་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་དུས་བབ་དྲ་ཐོག་ཏུ་སློབ་མའི་ལག་ཤེས་འགྲེམས་སྟོན་ཞེས་པའི་གསར་འགྱུར་རྩོམ་ཡིག་ཅིག་བྲིས་པའི་གཤམ་དུ་མཆན་བཅུ་གྲངས་ཤིག་བཏབ་འདུག་པ་ཡོངས་རྫོགས་དཔེ་སྟོན་སློབ་གྲྭའི་གྲུབ་འབྲས་མིག་མཐོང་བྱུང་བ་ལ་བསྔགས་བརྗོད་ཤ་སྟག་རེད་ལ། ལྷག་པར་དུ་བསེ་རུ་ཟེར་བ་ཞིག་གིས། རྒྱ་ཆེའི་མང་ཚོགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པ་ཟེར་དུས་བོད་ཡིག་རྐྱང་པར་ཤི་འཐམ་རོ་འཐམ་བྱས་ཏེ་སློབ་མའི་མདུན་ལམ་བཟོ་བྱེད་ཀྱི་སྲིད་བྱུས་ཤིག་ལ་ངོས་བཟུང་བའི་དོགས་པ་ཡང་བྱུང་ཡོད། ད་ལྟའི་ཆར་དེ་ལས་ལྡོག་སྟེ། སློབ་མ་དེ་དག་གིས་བོད་ཡིག་ཙམ་མ་ཟད། དབྱིན་ཡིག་དང༌། རྒྱ་ཡིག་ཨང་རྩིས་སོགས་སློབ་གཞི་འདྲ་མིན་སྦྱངས་འབྲས་སྨིན་ཡོང་སྐབས། རྒྱ་ཆེའི་མང་ཚོགས་ཚོའི་ཐུགས་དགོངས་ལ་ཅི་ཞིག་འཆར་གྱིན་ཡོད་དམ་ཞེས་སོགས་བྲིས་འདུག
    བོད་ཀྱི་བང་ཆེན་གསར་འགོད་པས། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་གསར་འགྱུར་སྤེལ་བའི་ནང་དུ། རྡ་སའི་ཁོར་ཡུག་ཏུ་ནམ་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་མི་ཉམས་རྒྱུན་འཛིན་དང༌། ཉམས་པ་སོར་ཆུད་དགོས་སྐོར་གྱི་གཏམ་བཤད་དང་བགྲོ་གླེང་བྱེད་མཁན་ཆེས་མང་ན་ཡང༌། སྤྱི་ཚོགས་འཚོ་བ་དངོས་ཀྱི་ནང་མཐོ་རིམ་དཔོན་རིགས་ཚོ་ནས་བཟུང་བོད་སྐད་གཙང་མ་ཤོད་མཁན་ཧ་ལམ་མེད་པ་ལྟ་བུ་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་སྔོན་ནས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་གངས་སྐྱིད་ཉེ་འཁོར་དུ་སྡོད་མཁན་ཚོས་བོད་སྐད་གཙང་མ་བཤད་ཀྱི་ཡོད་པ་མཐོང་ཐོས་བྱུང་ཞེས་སོགས་བྲིས་པས་མཚོན་རིམ་པས་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་གྲུབ་འབྲས་ལ་ཡིད་མོས་བྱུང་བའི་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་རྗོད་མཁན་གང་འཚམས་བྱུང་ཡོད། རྣམ་འགྱུར་འདིའི་ཐོག་ནས་སྤྱི་ཚོགས་ཀྱི་ངོས་དང་ཕྱོགས་ཁག་མང་པོ་ཞིག་ནས་ཤེས་ཡོན་སྲིད་བྱུས་ལ་མོས་པ་མེད་པའི་ལྟ་ཚུལ་ལ་འགྱུར་བ་ཕྱིན་ཟིན་པ་མཚོན་གྱི་ཡོད་ལ། འདིའི་རིགས་མང་པོ་ཞིག་གིས་དཔེ་སྟོན་སློབ་གྲྭར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་པའི་ཉམས་མྱོང་དངོས་ཀྱི་ཐོག་ནས་འཕྲལ་དུ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཡོངས་རྫོགས་ནང་ཀ་ཀོར་མེད་པར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་ཐུབ་པ་བྱ་དགོས་སྐོར་ཚོར་ཤུགས་ཆེན་པོས་གསུང་གིན་ཡོད།
    འོན་ཀྱང་བོད་ཁྱིམ་གཉིས་ཀྱི་མཐོ་རིམ་འཛིན་སྐྱོང་ལས་བྱེད་དང་དགེ་རྒན་མང་པོ་ཞིག་གིས། ལོ་ཤས་རིང་དཔེ་སྟོན་སློབ་གྲྭར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་པའི་དངོས་ཡོད་གནས་ཚུལ་ཞལ་བཞེས་གནང་གི་ཡོད་ཀྱང༌། དེ་ནི་དེ་སྔའི་ཤེས་ཡོན་སློབ་སྦྱོང་གི་སྲིད་བྱུས་ལ་འགྱུར་བ་བཏང་བ་ལས་བྱུང་བ་ཞིག་མིན་པར། བཀའ་བློན་ཁྲི་པ་དང༌། ཤེས་རིག་བཀའ་བློན། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་དཔེ་སྟོན་སློབ་གྲྭར་གཞན་དག་ལས་དམིགས་བསལ་དང་ཐད་ཀར་ལྟ་སྐྱོང་གནང་གི་ཡོད་པ་དང༌། དཔལ་འབྱོར་གྱི་འགྲོ་སོང་འཕངས་མེད་བཏང་བ་ལས་ད་ལྟའི་གྲུབ་འབྲས་འདི་བྱུང་བ་རེད་ཅེས། ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པ་ལ་གྲུབ་འབྲས་དམིགས་བསལ་བ་ཐོབ་ཏུ་མེད་པའི་ངོས་འཛིན་དང་ཡིད་ཆེས་ལ་འགྱུར་བ་མེད་པའི་རྣམ་འགྱུར་བསྟན།
    འདིའི་ཐད་ཤེས་རིག་བཀའ་བློན་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་སུ་བཀའ་ཤག་དང་ཤེས་རིག་ལྷན་ཁང་གི་ངོས་ནས་དཔེ་སྟོན་སློབ་གྲྭ་ལ་དམིགས་བསལ་གཟིགས་སྐྱོང་གནང་བ་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་དམིགས་བསལ་ལྟ་སྐྱོང་བྱས་པ་གང་ཡང་མེད། སྐུ་ངོ་ཁྲི་པ་མཚམས་རེར་ཕེབས་ཀྱི་ཡོད་ལ། ང་ཡང་མཚམས་རེར་འགྲོ་གི་ཡོད་པ་བདེན་པ་རེད། འགྲོ་བའི་སྐབས་སུ་དཔེ་སྟོན་སློབ་གྲྭ་ཐོག་མའི་འཆར་གཞི་ལྟར་ཤེས་ཡོན་སྲིད་བྱུས་གསར་པའི་སློབ་སྟོན་བཞིན་ཕེབས་ཐུབ་ཀྱི་ཡོད་མེད་ལ་ལྟ་རྟོག་བྱས་ནས་ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་ནང་འགྲོ་ཐུབ་ཐབས་ལ་གང་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད་མ་གཏོགས། བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་དཔེ་སྟོན་སློབ་གྲྭར་སོང་ནས་འཛིན་གྲྭ་ལེན་པ་སོགས་གང་ཡང་བྱས་མེད། དཔེ་སྟོན་སློབ་གྲྭ་སམ་བྷོ་ཊའི་སློབ་གྲྭ་གཞན་དག་དང་གཅིག་མཚུངས་ཡིན་པ་ལས་དམིགས་བསལ་གྱི་མཐུན་རྐྱེན་གང་ཡང་མེད་ཅེས་སོགས་གསུངས།
    དེ་བཞིན་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་དང་ཡིག་ཚང་བཅས་ཀྱི་ངོས་ནས་དཔེ་སྟོན་སློབ་གྲྭ་ལ་དམིགས་བསལ་གྱི་ལྟ་སྐྱོང་བྱེད་ཀྱི་ཡོད་མེད་སྐོར་སམ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་དྲིས་པར། ཁོང་གིས། ངས་དཔེ་སྟོན་སློབ་གྲྭར་གདན་ཞིག་ཉོས་པ་ཡིན་ན་གཞན་དག་ལ་ཡང་དེ་ནང་བཞིན་ཞིག་ཉོས་པ་ཡིན། གནད་དོན་ཆེ་ཕྲ་གང་གི་ཐོག་ནས་ཀྱང་དཔེ་སྟོན་སློབ་གྲྭ་ལ་ཕྱོགས་རིས་ལྟ་བུ་བྱས་པ་གཏན་མེད་ཅེས་ནན་ཏན་དང་ཚོར་ཤུགས་ཆེན་པོས་གསུངས།
    དངོས་ཡོད་གནས་ཚུལ་ལ་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་པའི་སྐབས་བུ་ཕྲུག་རྣམས་རིག་པ་བཟང་ལྷོད་ཀྱི་གདམ་གསེས་མེད་པར་སློབ་ལོ་རན་པ་རྣམས་ཕ་མ་སོ་སོས་ཐོ་འགོད་ཀྱི་རིམ་པའི་ཐོག་ནས་བསྡུ་བཞིན་ཡོད་པ་དང༌། དགེ་རྒན་ཡང་ཉམས་མྱོང་དང་ཤེས་ཡོན་གང་ཅིའི་ཐོག་ནས་ཚད་མཐོ་བོའི་རིགས་དམིགས་བསལ་འདེམས་བསྒྲུགས་བྱས་པ་མིན་པ། དཔེ་སྟོན་སློབ་གྲྭ་དང་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་གཞན་དག་ཚོའི་མཐུན་རྐྱེན་རྩིས་ཁོངས་གཅིག་ནས་བཟང་ངན་མེད་པར་གཅིག་མཚུངས་སུ་གཏོང་གི་ཡོད་པ་བཅས་ཀྱི་གནས་སྟངས་ཐོག་ནས་དཔེ་སྟོན་སློབ་གྲྭར་ཐོབ་པའི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་གྲུབ་འབྲས་བཙན་བྱོལ་གཞུང་གིས་དམིགས་བསལ་གྱི་ལྟ་ཚུལ་བཟུང་བ་ལས་བྱུང་བ་མིན་པ་གསལ་པོར་རྟོགས་ངེས་པར་མ་ཟད། སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་དུ་རྒྱ་གར་ཤར་ཕྱོགས་རྡོར་གླིང་ངོ་ཕྱོགས་ཀྱི་པོག་རེ་སྤོང་སློབ་གྲྭ་དང༌། ཤིས་ལོང་སློབ་གྲྭ་ལྟ་བུར་དཔེ་སྟོན་སློབ་གྲྭ་ལས་ཀྱང་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་གྲུབ་འབྲས་ཅུང་བཟང་པོ་ཐོབ་ཡོད་པ་དང༌། སྒང་ཐོག་སློབ་གྲྭ་དང༌། སྤོན་ཊ་སློབ་གྲྭ་སོགས་ས་གནས་འགའ་ཤས་ཀྱི་སློབ་གྲྭ་དཔེ་སྟོན་སློབ་གྲྭ་དང་བསྡུར་ན་ཅུང་ཞན་པོ་ཡིན་པའི་གནས་ཚུལ་དངོས་ལ་གཞིགས་ན། སློབ་གྲྭ་སོ་སོར་ཐོབ་པའི་གྲུབ་འབྲས་མཆོག་དམན་གྱི་ཁྱད་པར་ནི། གཙོ་བོ་སློབ་གྲྭ་རང་ངོས་ཀྱི་འཛིན་སྐྱོང་དང༌། རྒྱུན་ལྡན་དུ་སློབ་མ་སྐྱོང་ཐབས། ཤེས་ཡོན་སློབ་སྟོན་ལག་བསྟར་བྱེད་ཕྱོགས་བཅས་འཐུས་སྒོ་ཚང་བ་ཞིག་ཡོང་ཡོད་མེད་ལ་རག་ལས་པ་མ་གཏོགས། གཞུང་ངོས་ནས་དམིགས་བསལ་གྱི་ལྟ་སྟངས་ཡོད་མེད་ཙམ་གྱི་རྗེས་སུ་འགྲོ་བ་མིན་པ་ལྷང་ལ་བུད།
    བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་མཚམས་རེར་དཔེ་སྟོན་སློབ་གྲྭར་ཕེབས་བཞིན་པའི་སྐོར་ཤེས་རིག་བཀའ་བློན་གྱི་བཀའ་ལན་ལྟར། སློབ་གྲྭ་འདི་ཤེས་ཡོན་སྲིད་བྱུས་གསར་པའི་སློབ་སྟོན་ལྟར་ཕེབས་ཐུབ་ཀྱི་ཡོད་མེད་ལ་གཟིགས་རྟོག་དང་སྐུལ་འདེད་གནང་རྒྱུའི་ཆེད་དུ་ཡིན་འདུག་ལ། དེ་ནི་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་དང༌། སྲིད་བྱུས་གསར་པ་འདི་མཁས་པས་ཁ་གཡང་སྒྲོག་པའི་ལྟ་གྲུབ་ཀྱི་སྟོང་བཤད་ཙམ་མ་ཡིན་པར། ཅི་ཙམ་ལག་ལེན་གྱི་གནད་དུ་བབ་ན་དེ་ཙམ་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ཞིག་ཡིན་པར་ཞུམ་མེད་ཀྱི་གདེང་སྤོབས་མངའ་བའི་རྟགས་མཚན་མངོན་འགྱུར་བ་ཞིག་ཡིན། མཐུན་རྐྱེན་དཀྱུས་མ་དང་ཁོར་ཡུག་གི་གནས་སྟངས་རྒྱུན་ལྡན་པ་ཞིག་གི་འོག་ནས་གསར་འཛུགས་བྱས་པའི་དཔེ་སྟོན་སློབ་གྲྭར་ལོ་གསུམ་བཞི་ཡས་མས་རྗེས་སུ་སློབ་ཕྲུག་ཚོའི་ཤེས་ཡོན་དང༌། འཕྲོད་བསྟེན། ཀུན་སྤྱོད། སྐད་ཆའི་བརྗོད་པ། མི་ཕན་ཚུན་བར་འབྲེལ་ལམ་འཛིན་སྟངས་གང་ཅིའི་ཐད་ཕ་མ་དང་སྤྱི་ཚོགས་ཀྱི་ཡིད་ཆེས་ཇེ་བརྟན་དང་ཡིད་སེམས་མགུ་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་འདི། སློབ་གྲྭའི་དགེ་རྒན་དང༌། འབྲེལ་ཡོད་འཛིན་སྐྱོང་ལས་བྱེད་བཅས་ཀྱིས་ཕྱི་ཚུལ་གྱི་འཁྲབ་སྟོན་ཙམ་མ་ཡིན་པར་ལག་ལེན་དངོས་ཀྱི་ཐོག་ནས་ལྷག་བསམ་རྨ་མེད་པས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གང་ཐུབ་ཀྱིས་ལག་བསྟར་བྱས་པའི་འབྲས་བུ་ཉིད་ཡིན་ལ། གྲུབ་འབྲས་མངོན་གྱུར་པ་འདིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་མཁས་པའི་རྟོག་འཆར་གྱི་འཇའ་རིས་ཤིག་དང༌། དཔའ་སྐད་ཀྱི་སྟོང་གཏམ་ཙམ་མིན་པར། གང་གི་ཆེད་དུ་བྱས་པའི་སྤྱི་ཚོགས་དང་སློབ་གྲྭ་རང་ངོས་ནས་ཚུལ་དང་མཐུན་པ་དང་ཁ་ཞེ་མེད་པར་ལག་བསྟར་བྱས་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལ་ཡོད་པའི་འདབ་ཤོག་གཉིས་ལྡན་ཏེ། བོད་ཀྱི་སྐད་ཡིག་དང་དེ་ལ་བརྟེན་པའི་སྲོལ་རྒྱུན་རིག་གཞུང་གི་གཞི་རྩ་མ་བརླག་པའི་ཐོག དེང་རབས་ཤེས་ཡོན་གྱི་ཚད་གཞི་ངེས་ཅན་ཡོད་པའི་བོད་རིགས་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་དཔུང་ཁག་ཅིག་བསྐྱེད་བསྲིང་ཐུབ་པ་ད་ལྟའི་གྲུབ་འབྲས་ཀྱི་ཐོག་ནས་གསལ་པོར་གྱུར་ཡོད།
    ༥༽ མིག་མཐོང་བྱུང་བའི་དཔེ་སྟོན་སློབ་གྲྭའི་དངོས་ཡོད་གྲུབ་འབྲས། བཙན་བྱོལ་བོད་མི་མང་པོ་ཞིག་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བརྒྱད་པའི་ནང་གསེས་བཞི་པར། སྔོན་འགྲོ་དང་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པའི་བར་བོད་སྐད་ལས་སྐད་ཡིག་གཞན་སློབ་སྟོན་ལྟ་ཞོག སྐད་ཡིག་གཞན་གྱི་མིང་ཚིག་དང་གླུ་གཞས་སོགས་ཀྱང་བེད་སྤྱོད་མི་བྱེད་པར་གཙོ་འདོན་བྱ་དགོས། ཞེས་པ་གོ་བ་ནོར་འཁྲུལ་དུ་འཁྱེར་ནས་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་གྱི་སློབ་ཚན་སྦྱོང་དུ་མེད་པའི་དངངས་སྐྲག་བྱེད། དེར་བརྟེན་དཔེ་སྟོན་སློབ་གྲྭར་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་སློབ་སྦྱོང་གི་རིམ་པ་ཇི་ལྟར་འཆར་འགོད་བྱས་ཡོད་མེད་དང༌། རིམ་པ་དེའི་འོག་ནས་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཐད། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༠ ཚེས་ ༡ ཉིན་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་གླེང་མོ་བྱས་ཞུས་པར། ཁོང་གིས་དཔེ་སྟོན་སློབ་གྲྭའི་གཞི་རིམ་འཛིན་གྲྭ་བཞི་པ་བར་དུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བོད་ཀྱི་སྐད་ཡིག་རྐྱང་པ་མ་གཏོགས། གཞན་པའི་ཐ་སྙད་ཚུན་ཆད་བོད་ཀྱི་སྐད་ཡིག་ནང་གཏན་ནས་མ་འདྲེས་པའི་ཐབས་ཤེས་གཙོ་འདོན་བྱེད་ཀྱི་ཡོད། དེས་སློབ་ཕྲུག་ཚོ་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཤིན་ཏུ་ཡག་པོར་ཆགས་ཀྱི་འདུག གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་ནས་དབྱིན་ཇིའི་སྐད་ཡིག་ཐོག་མར་སློབ་པའི་དབུ་འཛུགས་བྱེད་ཀྱི་ཡོད། དཔེར་ན། དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བཞི་པར་ཐེངས་དང་པོ་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱེད་པའི་སྐབས་དབྱིན་དགེ་ལོ་མགོ་ནས་དགོངས་པ་ཞུས་ཏེ་འགྲོ་སོང༌། དེར་བརྟེན་འཛིན་གྲྭ་བཞི་པར་དབྱིན་དགེ་རག་ཚད་བར་གྱི་ཟླ་བ་གང་འཚམས་རིང་ང་རང་ཉིད་ཀྱིས་བུ་ཕྲུག་ཚོར་དབྱིན་ཇིའི་སྐད་ཡིག་བསླབས་པ་ཡིན། སློབ་ཕྲུག་ཚོའི་ཐོག་མའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ང་ལ་ངེས་ཆ་གསལ་པོ་ཡོད། འོན་ཀྱང་ལོ་གཅིག་གི་མཇུག་ནས་ཁོ་ཚོའི་དབྱིན་ཇིའི་སྐད་ཡིག་གི་སྦྱངས་འབྲས་ལ་བསྐྱར་ཞིབ་བྱེད་པའི་སྐབས། གཞི་རིམ་སློབ་གྲྭ་གཞན་དག་གི་སློབ་མ་ཚོས་ལོ་ལྔ་དྲུག་རིང་སྦྱངས་པའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ལས་མ་བཟང་ན་མི་དམན་པའི་གནས་ཚུལ་ར་འཕྲོད་གསལ་པོ་བྱུང༌། དཔེ་སྟོན་སློབ་གྲྭའི་ད་ལྟའི་འཛིན་གྲྭ་ལྔ་པའི་སློབ་ཕྲུག་ཚོས་དབྱིན་ཇིའི་སྐད་ཡིག་ཐོག་ནས་རྩོམ་ཡིག་འབྲི་བ་དང༌། བོད་ཡིག་ནང་དུ་སྒྲུང་རྩོམ་བསྡུས་པ་རེ་བྲིས་ནས་དབྱིན་ཇིའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་ཐུབ་ཀྱི་ཡོད་ལ། བསམ་བློའི་གནས་ཚད་ཆ་ནས་ཀྱང་སློབ་ཕྲུག་ཚོར་ཙི་ཙི་དང་གླང་ཆེན་ལྟ་བུའི་རི་མོ་མིག་སྟོན་བྱས་ནས་དེའི་སྐོར་སྒྲུང་ཞིག་འབྲི་བཅུག་ཚེ། ངོ་གདོང་གི་གླང་ཆེན་དང་ཙི་ཙི་ཙམ་མིན་པར་དེའི་མཚོན་དོན་དང་བཅས་པར་བསམ་བློ་གཏིང་རིང་པོ་ཞིག་འབྲི་ཐུབ་ཀྱི་འདུག་ཅེས། ཁོང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་ངོ་མ་ངོ་སྤྲོད་གནང་བྱུང་ལ། དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཀྱང༌། སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་བར་བོད་ཡིག་རྐྱང་པ་ཡག་པོ་སློབ་ཁྲིད་བྱེད་ཀྱི་ཡོད། སློབ་ཕྲུག་ཚོ་ཡང་བོད་ཡིག་གི་འབྲི་ཀློག་ཡག་པོ་ཡོད་པར་མ་ཟད། འཛིན་རིམ་བཞི་པ་ནས་དབྱིན་ཡིག་སློབ་སྐབས། ཆུང་དུས་ནས་སྐད་ཡིག་གཅིག་ལ་སློབ་སྦྱོང་ཡག་པོ་བྱས་ཡོད་སྟབས། སློབ་གྲྭ་གཞན་གྱི་འཛིན་རིམ་བཞི་པའི་སློབ་ཕྲུག་དང་བསྡུར་ན་ང་ཚོའི་སློབ་ཕྲུག་ཚོ་དབྱིན་ཡིག་གི་འབྲི་ཀློག་ཡག་པ་འདུག་ཅེས་ངོ་སྤྲོད་གནང་བྱུང༌།
    དཔེ་སྟོན་སློབ་གྲྭའི་སློབ་མ་སྤྱི་ཡོངས་ཀྱི་ཆ་ནས་ཐོག་མར་སློབ་གྲྭར་ཞུགས་པའི་སྐབས་དང༌། ད་ལྟའི་གནས་སྟངས་བར་ལ་འགྱུར་བ་ཅི་འདྲ་ཕྱིན་ཡོད་མེད་ཀྱི་སྐོར་དེ་གའི་སློབ་དགེ་པ་སངས་ཚེ་རིང་ལགས་དང་གླེང་མོ་བྱས་པར། གོང་དུ་བཤད་པ་ལྟར་དཔེ་སྟོན་སློབ་གྲྭ་ཐོག་མར་ཚུགས་པའི་སྐབས་སློབ་མ་བརྒྱ་ཁ་མ་ལོངས་ཙམ་ཡོད་པ་ལས། ཕལ་མོ་ཆེ་ཨ་སམ་དང་མེའོ་སོགས་མཐའ་མཚམས་གཞིས་ཆགས་ཁ་འཐོར་དག་ནས་ཡོང་བ་ཡིན་སྟབས། བོད་ཡིག་འབྲི་ཀློག་ལྟ་ཞོག་ཐ་ན་བོད་སྐད་མི་ཤེས་མཁན་ཡང་མང་པོ་ཡོད་འདུག་པར་མ་ཟད། གཞན་རྡ་རམ་ས་ལ་དང༌། གཞིས་ཆགས་ཆེ་ཁག་ནས་སློབ་འཇུག་བྱས་པའི་བུ་ཕྲུག་ཚོས་ཀྱང་བོད་སྐད་གཙང་མ་བཤད་མི་ཐུབ་པར་བརྗོད་པ་ཐུང་ངུ་ཞིག་གི་ནང་དུ་ཡང་རྒྱ་གར་དང་དབྱིན་ཇིའི་སྐད་ཇི་སྙེད་བསྲེས་ཤིང༌། བརྗོད་པའི་ནང་དུ་བོད་སྐད་རེ་ཟུང་ཡོད་པ་དེ་དག་ཀྱང་གདངས་དང་ཚིག་འགྲོས་གཉིས་ཆ་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པ་ཤ་སྟག་ཡིན་འདུག གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ཁོང་ཚོས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་ཏེ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གང་ཐུབ་ལག་བསྟར་བྱས་པའི་འབྲས་བུ་སྤྱི་ཚོགས་དང་ཕ་མའི་ཡིད་དབང་འཕྲོད་ཐུབ་པ་ཞིག་ལོན་འདུག་ཅིང༌། བོད་དགེ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་ཀྱང༌། དང་པོ་འདིར་ཡོང་བའི་སློབ་ཕྲུག་ནང་དུ་ཨ་སམ་ཆོས་འཕེལ་གླིང་དང་རྡོ་རྗེ་གླིང་གི་སློབ་ཕྲུག་རེ་ཟུང་ཡོད་ཅིང༌། ཁོང་ཚོས་བོད་སྐད་ཤེས་ཀྱི་མི་འདུག ཡིན་ན་ཡང༌། དེང་སྐབས་བོད་སྐད་ཡག་པོ་ཤེས་པར་མ་ཟད། བོད་ཡིག་གི་འབྲི་ཀློག་ཧ་ཅང་ཡག་པོ་ཡོད་ཅེས་ངོ་སྤྲོད་གནང༌།
    ཕྲན་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ ཉིན་ནས་ལན་འགའ་ཤས་ཤིག་དཔེ་སྟོན་སློབ་གྲྭར་དངོས་སུ་སོང་ནས་གནས་ཚུལ་ཇི་སྙེད་ལ་ཉམས་ཞིབ་བགྱིས་པར། དཔེ་སྟོན་སློབ་གྲྭར་ནི་ཁང་བཀོད་དང་རྒྱ་ར་རྒྱ་ཁྱོན་ཆེན་པོ་མི་འདུག་ལ། ནང་གི་མཁོ་ཆས་ཡོངས་རྫོགས་སྤྱིར་བཏང་བ་ལས་ཀྱང་སྐྱོ་བ་ཤ་སྟག་མ་གཏོགས་མཐུན་རྐྱེན་དམིགས་བསལ་བ་གང་ཡང་མི་འདུག འོན་ཀྱང་ནང་གི་སློབ་མ་ཕལ་ཆེར་ལོ་བཅུ་གྲངས་ཡས་མས། ཕར་བལྟས་ཚོད་ཀྱིས་སྤྲོ་སྣང་ལྡན་པ་དང་སྤྱང་གྲུང་འཛོམས་པ་ཤ་སྟག་ཏུ་སྣང་བས་ཡིད་འགུགས་ཐེབས་པ་ཞིག་འདུག ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ ཉིན་ཕྲན་དཔེ་སྟོན་སློབ་གྲྭར་འགྲོ་སྐབས་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པའི་སློབ་མ་ཚོར་རིགས་ལམ་སློབ་ཁྲིད་གསར་དུ་ཚུགས་བཞིན་འདུག་པས། ཕྲན་སློབ་སྤྱི་དང་དགེ་རྒན་སོགས་དང་མཉམ་དུ་འཛིན་གྲྭ་ལྔ་པའི་འཛིན་ཁང་དུ་སོང་ནས་ཟུར་ཉན་པའི་ཚུལ་དུ་སློབ་མ་ཚོ་དང་མཉམ་དུ་བསྡད། ང་ཚོ་འཛིན་ཁང་དུ་སླེབས་མ་ཐག་སློབ་ཕྲུག་སུམ་ཅུ་ཙམ་ཞིག་ཡོད་པ་ཡོངས་རྫོགས་ཡར་བཞེངས་ནས་སྐད་མཉམ་གྱིས་བཀྲ་ཤིས་བདེ་ལེགས་ཟེར་ནས་འཚམས་འདྲི་ཞུས་བྱུང༌། དེ་ནས་སློབ་མ་རྣམས་དཀྱིལ་དཀྲུང་གིས་བཞུགས། ལག་པ་ཆུང་ཆུང་གཉིས་སྙིང་གར་ཐལ་མོ་སྦྱར། བསམ་བློ་དམིགས་པ་ལ་གཏད་པའི་མངོན་རྟགས་སུ་མིག་གཉིས་བཙུམས་ནས་གང་བློ་མ་སྐད་མཉམ་གྱིས་གདངས་བཏང་ནས་གསུངས།
    སློབ་མ་ཚོར་ཚོན་མདངས་གཅིག་པའི་སྒྲིག་ཆས་དམིགས་བསལ་བ་ཞིག་མི་འདུག་ལ། བཞུགས་སྟངས་ཀྱང་ཟླུམ་དབྱིབས་ཅན་གྱི་མདུན་འཇོག་ཆེན་པོ་གསུམ་བཞི་ཞིག་གི་མཐར་རང་མོས་ཀྱིས་བཞུགས་པ་ལས་ཁྲིམས་ཤེད་ཀྱིས་གྲལ་ལ་བསྟར་བའི་འཚུལ་འཆོས་ཀྱི་སྣང་ཚུལ་གཏན་ནས་མི་འདུག ཕྱི་ཚུལ་གྱི་ཁྱད་ཆོས་རྣམས་གཅིག་བསྡུས་ཀྱིས་མི་གཅིག་གོས་གཅིག་གི་ལམ་དུ་བཙན་འདེད་བྱེད་ཀྱིན་མེད་པ་འདིས། མི་སོ་སོའི་བསམ་བློའི་རང་དབང་དང༌། རང་ཚུགས་ཅན་གྱི་མི་གཤིས། ཡིད་མོས་བཅས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱིན་པའི་མིའི་གཞི་རྩའི་རིན་ཐང་གི་ལྟ་བ་གསལ་རྗེན་དུ་མངོན་པར་མ་ཟད། ལྟ་བ་དང་དངོས་ཡོད་ལག་ལེན་འདིའི་ཐོག་ནས་སློབ་ཕྲུག་ཆུང་ཆུང་འདི་དག་སྤོབས་པ་དང་གདེང་ཚོད་ལྡན་པའི་མི་ངོ་མ་ཞིག་ཏུ་བསྐྱེད་བསྲིང་བྱེད་བཞིན་པའི་མཐོང་ཚུལ་གསལ་པོ་བྱུང༌།
    དགེ་རྒན་གྱིས་ནག་པང་ཐོག་རིགས་ལམ་ཞེས་པ་ཞིག་བྲིས་ནས་འགྲེལ་བཤད་བྱེད་སྐབས། བཀྲ་ཤིས་ཟེར་བའི་སློབ་གྲོགས་ཆུང་ཆུང་ཞིག་གིས་ཧ་ཅང་ཐག་ཆོད་པའི་སྒོ་ནས་རིག་པ་ལ་ས་མཐའ་དགོས་པ་མ་རེད་ཟེར། དེ་ལ་དགེ་རྒན་གྱིས་ས་མཐའ་ཅན་འདི་ཤེས་པ་ལ་འཇུག་པའི་རིག་པ་མ་རེད། རྒྱུ་མཚན་ལ་འཇུག་པའི་རིགས་པ་རེད་ཟེར་ནས་རིག་པ་དང་རིགས་པ་གཉིས་ཀྱི་ཁྱད་པར་ལ་འགྲེལ་བཤད་བྱས་པར། བཀྲ་ཤིས་དོགས་པ་སེལ་སོང་བའི་རྣམ་འགྱུར་གྱིས་ཉན་ནས་བསྡད། དེ་ནས་དགེ་རྒན་གྱིས་བོད་བརྒྱུད་ནང་ཆོས་གལ་ཆེན་པོ་ཡིན་ཚུལ་དང་དེ་ལ་ནུབ་ཕྱོགས་དང་ཡོ་རོབ་ཁུལ་སོགས་ནས་དོ་སྣང་བྱེད་མཁན་མང་པོ་ཡོང་གི་ཡོད་སྐོར་བཤད་པར། སླར་ཡང་བཀྲ་ཤིས་ཟེར་བའི་སློབ་གྲོགས་ཆུང་ཆུང་དེས། སྟོན་པ་བཅོམ་འདས་ཀྱི་སྔོན་དུ་གྲྭ་པ་ཡོད་དམ་མེད། ཡོད་ན་ཁོང་ཚོས་བརྩམས་པའི་ཆོས་ཀྱི་གཞུང་ལུགས་དེ་འདྲ་ཡོད་པ་རེད་དམ་ཟེར་བའི་དྲི་བ་དང༌། དེའི་ལན་ལ་འཇུས་ནས་པ་སངས་ཟེར་བ་སློབ་གྲོགས་ཆུང་ཆུང་ཞིག་གིས་མུ་མཐུད་དེ། རྒྱལ་ཁབ་དང་མི་རིགས་གཞན་དག་གིས་རང་རང་གི་ཆོས་ལུགས་རྩ་ཆེན་པོར་མི་བྱེད་པར་ནང་ཆོས་རྩ་ཆེན་པོར་བྱེད་དགོས་པའི་རྒྱུ་མཚན་གང་རེད་ཟེར་བ་སོགས་དགེ་རྒན་གྱི་བཤད་པའི་བབ་དང་བསྟུན་ནས་དོགས་འདྲི་སྣ་ཚོགས་བྱས། དེ་ནས་དགེ་རྒན་གྱིས་སྤྱིར་བཏང་གི་དྲི་བ་གང་ཡོད་ན་ཕྲིས་ཟེར་ནས་བཤད་པར། བདེ་སྐྱོང་ཟེར་བ་ཞིག་གིས། རྡ་རམ་ས་ལར་ལོ་རེར་ཆར་དུས་ཀྱི་དུས་སྐབས་ཤིག་ཡོང་དགོས་པའི་རྒྱུ་མཚན་གང་གིས་རེད་ཟེར་བ་དང༌། མགོན་པོ་ཟེར་བ་ཞིག་གིས། ས་རཱ་མཐོ་རིམ་སློབ་གྲྭ་འཆར་གཞི་གང་འདྲ་ཞིག་གི་འོག་ནས་བཙུགས་པ་(སློབ་ཁྲིད་བྱེད་མཁན་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ཡིན་པའི་རྒྱུ་མཚན་གྱིས་དྲི་བ་འདི་དྲིས་པ་ཡིན་ཚོད།)རེད་ཟེར། དེའི་ལན་གྱི་སྣེ་ལ་འཇུས་ནས་ཡང་སློབ་གྲོགས་གཞན་པ་ཞིག་གིས། འོ་ན་ཨ་མ་རྗེ་བཙུན་པདྨས་བྷེང་ལོར་མཐོ་རིམ་སློབ་གྲྭ་ཞིག་འཛུགས་ཀྱི་ཡོད་པ་རེད། དེ་དང་ས་རཱ་མཐོ་སློབ་གཉིས་ལ་མ་འདྲ་བའི་ཁྱད་པར་ཅི་ཞིག་ཡོད་པ་རེད་ཟེར་བ་སོགས་ཀྱིས་དྲི་བ་ཤིན་ཏུ་མང་པོ་དྲིས་བྱུང་ལ། དྲི་བ་འདྲི་བའི་སྐབས་སློབ་མ་ཚོར་འཚེར་སྣང་གཏན་ནས་མི་འདུག་པར་ཧ་ཅང་གི་གུ་ཡངས་པོ་དང༌། སྤོབས་པ་ཆེན་པོ། བློ་རིག་མྱུར་མོ། བརྗོད་པ་གཙང་དག་བཅས་ཀྱི་སྒོ་ནས་འདྲི་བར་མ་ཟད། དྲི་བ་ཡོངས་རྫོགས་དགེ་རྒན་གྱི་བཤད་པ་དང༌། དྲི་བ་གོང་མའི་ལན་གྱི་སྣེ་ལ་འཇུས་པ་ཤ་སྟག་ཏུ་འདུག སློབ་མའི་ལོ་ཚོད་ལ་དཔག་པའི་དྲི་བའི་ནང་དོན་ཤིན་ཏུ་ཟབ་ཅིང༌། དོགས་གཞི་བྱེད་རིན་ཡོད་པ་ཤ་སྟག་རེད་ལ། དྲི་བའི་འགྲོས་ལས་སློབ་གྲོགས་ཆུང་ཆུང་འདི་ཚོ་སྤྱི་ཡོངས་ཀྱི་གནས་ཚུལ་མང་པོ་ཞིག་ལ་གོ་རྟོགས་དང་བསམ་གཞིག་གི་ནུས་པ་ཡོད་པའི་སྣང་ཚུལ་ཤིན་ཏུ་གསལ་པོ་བྱུང༌། དེར་མ་ཟད་སློབ་མ་ཕལ་མོ་ཆེར་དགེ་རྒན་གྱིས་གསུངས་པ་རྣམས་ཟིན་བྲིས་སུ་འདེབས་པའི་གོམས་སྲོལ་བཟང་པོ་ཞིག་ཀྱང་འཇགས་འདུག
    ངས་སློབ་མ་འགའི་ལས་བྱ་ལ་བལྟས་ནས་ཁོང་ཚོའི་ཡིག་གཟུགས་དང་འབྲི་རྩལ་ལ་རྒྱུས་ལོན་ཕྲན་བུ་བྱས། ཕྲུ་གུ་ལོ་བཅུ་གྲངས་ཅན་ཞིག་གིས་བྲིས་པའི་ཚོད་ཀྱིས་སྡེབ་སྦྱོར་དང་དག་ཆ་ཕུན་སུམ་ཚོགས་པ་འདུག་ལ། ཡིག་གཟུགས་ཀྱང་སྐྱོ་བོ་གཏན་ནས་རེད་མི་འདུག གཞན་དག་གི་འཛིན་གྲྭ་དགུ་པ་བཅུ་པ་ཐོན་པའི་སློབ་མ་འགའི་སྐད་ཆའི་བརྗོད་པ་དང༌། ཡིག་གཟུགས། ཡིག་བྲིས་ཀྱི་དག་སྡེབ་སོགས་ལ་བསམས་ན་དཔེ་སྟོན་སློབ་གྲྭར་དགའ་འོས་པའི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་འུད་བསྟོད་མིན་པར་དངོས་ཡོད་གྲུབ་འབྲས་ཀྱི་ཐོག་ནས་ར་འཕྲོད་གསལ་པོ་འབྱུང༌། དེ་ལས་ཀྱང་རླབས་ཆེ་བ་ཞིག་ནི། སློབ་མ་རྣམས་སེམས་རྒྱུད་སྤྲོ་སྣང་གིས་ཁེངས་ཤིང༌། སློབ་སྦྱོང་ལ་ཤེས་འདོད་ཆེ་བ། རང་འགུལ་གྱི་བརྩོན་སེམས་ལྡན་པ། སྐད་ཆ་ཡང་བོད་སྐད་གཙང་མ་ལ་ཞེ་ཚིག་གི་མཛེས་ཁྱད་ལྡན་པ། ཕལ་མོ་ཆེའི་སྤྱོད་པ་བག་ཡོད་ཞི་དུལ་ཞིག་ཏུ་སྣང༌།
    དེ་ནས་ལོ་ངོ་གཉིས་ཀྱི་རྗེས་ཏེ་ཉེ་ལམ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༨ ཚེས་ ༡༣ ཉིན་བསྐྱར་དུ་དཔེ་སྟོན་སློབ་གྲྭར་ངོ་བསྐྱོད་ཀྱིས་སློབ་ཕྲུག་གི་གྲངས་ཚད་དང༌། ཁོང་ཚོའི་ཤེས་ཡོན་གྱི་གནས་སྟངས། འཛིན་གྲྭ་དྲུག་པ་བདུན་པའི་སློབ་ཕྲུག་རྣམས་ཀྱི་དེང་རབས་ཤེས་ཡོན་སློབ་གཞི་ཚན་རྫས་གྲངས་གསུམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད་མེད། དེ་དག་གི་སྦྱོང་འབྲས་གང་འདྲ་ཞིག་ཏུ་སླེབས་ཐུབ་ཡོད་མེད་བཅས་ལ་རྒྱུས་ལོན་བྱས་པར། དེང་སྐབས་དཔེ་སྟོན་སློབ་གྲྭར་གཏན་འཇགས་སློབ་ཕྲུག ༩༤ དང༌། ཉིན་མོའི་སློབ་ཕྲུག་ ༡༠༣ བཅས་བསྡོམས་པའི་ ༡༩༧ ཡོད་འདུག་ཅིང༌། དེ་དག་ལས་བརྒྱ་ཆ་སུམ་ཅུ་ཡས་མས་ཤིག་གངས་སྐྱིད་ཉེ་འཁོར་གྱི་སློབ་ཕྲུག་ཡིན་འདུག སློབ་ཕྲུག་ཚོའི་ཤེས་ཡོན་གནས་སྟངས་ཐད་དེ་གའི་སློབ་སྤྱི་ཚེ་རིང་ཡུན་སྒྲོན་ལགས་དང༌། དགེ་རྒན་པ་སངས་ཚེ་རིང་ལགས། རིན་ཆེན་ཚེ་བརྟན་ལགས། སྐལ་བཟང་དབང་མོ་ལགས་བཅས་དང་རིམ་པས་གླེང་མོ་བྱེད་སྐབས། ཁོང་ཚོ་ལས་མང་ཆེ་བ་སློབ་ཕྲུག་ཚོ་སྔོན་མ་ལས་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་ཉམས་ཆག་ཏུ་སོང་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག ཉམས་ཆག་ཏུ་འགྲོ་བའི་རྐྱེན་རྩ་གཙོ་བོར་རྒྱུས་ལོན་བྱེད་པའི་སྐབས། གཞི་རིམ་འོག་མའི་དགེ་རྒན་ཚོས་གཞི་རིམ་བར་མ་ལ་རྩིས་སྤྲོད་ཡག་པོ་བྱེད་ཐུབ་ཡོད་འདུག་ཀྱང༌། སློབ་མའི་འཛིན་གྲྭ་ལ་འཕོ་འགྱུར་སོང་བ་མ་གཏོགས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ལ་འགྱུར་བ་གཏོང་ཐུབ་མེད་པར། གཞི་རིམ་འོག་མ་ལ་སློབ་ཁྲིད་བྱེད་མཁན་ཚོས་གཞི་རིམ་བར་མ་ལ་ཡང་མུ་མཐུད་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས། དགེ་རྒན་གྱི་ནུས་པས་མ་འདང་བའི་དཀའ་ཁག་ཅིག་དང༌། སློབ་ཕྲུག་རྣམས་ནང་དུ་གུང་སེང་དུ་སོང་ནས་ཕྱིར་སློབ་གྲྭར་སླེབས་སྐབས་ཀུན་སྤྱོད་དང་ཚིག་བརྗོད་གཉིས་ཆ་ཤིན་ཏུ་ཉམས་ཆག་ཏུ་འགྲོ་གི་འདུག་པར་མ་ཟད། ཕ་མའི་སྐད་ཆའི་གཤིས་ཀ་འཁྱེར་ནས་སྐད་ཆའི་ནང་དབྱིན་སྐད་དང་ཧིན་སྐད་གང་འཚམས་ཤིག་རང་བཞིན་གྱིས་བསྲེས་ཡོང་གི་འདུག་ཅེས་ཅུང་བློ་ཕམ་གྱི་རྣམ་འགྱུར་བསྟན། རེ་བ་མཐོན་པོ་ཞིག་གི་ཐོག་ནས་བཤད་ན་དགེ་རྒན་ཚོར་འདི་ལྟར་བློ་ཕམ་འབྱུང་དགོས་པའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་ཀྱང༌། འཛིན་གྲྭའི་རེ་རེའི་སློབ་ཕྲུག་ཚོའི་སྤྱི་ཡོངས་ཀྱི་གོ་རྟོགས་དང༌། ཚིག་བརྗོད། ཡིག་གཟུགས། དག་ཆ། འབྲི་རྩལ། མི་གཤིས་གྲུབ་སྟངས་བཅས་ལ་ཞིབ་ཏུ་རྒྱུས་ལོན་བྱེད་སྐབས། སློབ་གྲྭ་གཞན་དག་ཅིག་དང་མཚུངས་བསྡུར་གྱིས་བལྟས་ན་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པར་ཡིད་ཕམ་མི་དགོས་པའི་གྲུབ་འབྲས་མང་པོ་ཞིག་མཐོང་ཆོས་སུ་འདུག་པར་མ་ཟད། སྐར་མ་ཉི་ཤུ་ཙམ་གྱི་རིང་འཛིན་གྲྭ་རྒན་པ་ཚོ་ནང་ཁུལ་ཕན་ཚུན་རྟགས་གསལ་གཏོང་རེས་བྱས་པར། ལོ་ན་དང་ཁོར་ཡུག་གི་གནས་བབ་ལ་དཔག་པས་བཟང་ཞན་ཆེན་པོ་མེད་པར་ཆ་མཉམ་གྱིས་རྟགས་གསལ་ཁ་ལ་བྱང་ཆ་ཐོན་པ་འདུག་ལ། དེ་ཡང་ཚིག་རིས་ངག་ཐོག་ཏུ་འཇུས་པ་ཙམ་མ་ཡིན་པར། གོ་དོན་ཡོངས་སུ་མ་ནོར་བ་ཡིན་མིན་གང་ལྟར་ཡང་ཆོས་ཅན་རེ་རེ་ལ་སློབ་ཕྲུག་ཚོས་འགྲེལ་བཤད་རེ་ཡང་བརྒྱབ་ཡོང་གི་འདུག དཔེར་ན། ཁོང་ཚོའི་རྩོད་གཞིའི་ཆོས་ཅན་ཁྲོད་ནས་ཤེས་པ་དང༌། ཚད་མ། ཚད་མིན། རྟོག་བཅས། རྟོག་མེད། ཐེ་ཚོམ་བཅས་ཀྱི་ཐ་སྙད་འགའ་ཤས་ཟུར་བསལ་གྱིས་ནང་དོན་གང་ཡིན་དྲིས་པར། སློབ་ཕྲུག་མང་ཆེ་བས་རང་རང་གི་གོ་བའི་ཐོག་ནས་ནོར་འདུག་ཟེར་རྒྱུ་མེད་པའི་འགྲེལ་བཤད་རེ་བརྒྱབ་ཡོང་གི་འདུག
    འཛིན་གྲྭ་དྲུག་པ་དང་བདུན་པའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ཀྱང་ཕ་མ་ཚོའི་བསམ་བློའི་ནང་སྐྲག་སྣང་ཡོད་པ་བཞིན་སྐྱོ་བོ་མིན་པར། སློབ་གྲྭ་གཞན་དག་གི་གནས་སྟངས་ལས་མ་བཟང་ན་ཡང་ཞན་པོ་མིན་ཚུལ་འབྲེལ་ཡོད་དགེ་རྒན་ཚོས་སྤོབས་པ་ཆེན་པོས་ངོ་སྤྲོད་གནང་བྱུང༌། དཔེ་སྟོན་སློབ་གྲྭར་ངོ་བཅར་གྱིས་སློབ་མ་ཚོའི་རི་མོ་དང༌། བོད་ཡིག་གི་སྒྲུང་རྩོམ། སྒྱུར་རྩོམ། དབྱིན་བོད་ཀྱི་དཔེ་བརྗོད། སློབ་ཕྲུག་ཚོའི་མཛེས་རིས་ཀྱི་སྒྱུ་རྩལ་དང༌། རྟོག་པའི་རིག་རྩལ་གཟུགས་རིས་སུ་གསལ་བ་དག་ལ་དངོས་སུ་རྒྱུས་ལོན་བྱེད་ཐུབ་ན་གཞི་ནས་དཔེ་སྟོན་སློབ་གྲྭའི་གནས་སྟངས་ངོ་མ་ཞིག་མཐོང་ཐུབ།
    བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་འཛིན་གྲྭ་ཡོངས་རྫོགས་ཐོན་པའི་སྐབས་སུ་ཡང་གཏོང་ཡིག་ཅིག་དང༌། ཐ་ན་མིའི་མིང་དག་པོ་ཙམ་ཡང་འབྲི་མི་ཤེས་པའི་གནས་སྟངས་ཤིག་ཡོད་པ་ཡོངས་གྲགས་ཡིན་མོད། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ལོ་ཚོད་ལ་དཔག་པའི་བོད་ཡིག་གི་ཤེས་ཚད་ཤིན་ཏུ་བཟང་ཞིང་བོད་མི་རྒན་པ་ཞིག་གིས་ཀྱང་བཤད་མི་ཐུབ་པའི་བོད་སྐད་ཤིན་ཏུ་དག་པོ་བཤད་པར་མ་ཟད། ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་དབྱིན་ཇིའི་སྐད་ཡིག་མི་ཤེས་པར་ངོ་ཚ་དང༌། རང་སྐད་མི་ཤེས་པ་གཟི་བརྗིད་ཅིག་ཏུ་བརྩི་བའི་གོམས་གཤིས་ངན་པ་ཞིག་མཐོ་དམའ་ཀུན་ཏུ་དར་ཁྱབ་ཏུ་ཡོད་པ་དེ་ལྟར་ཡང༌། དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བཞི་པ་མན་འདབས་ཀྱི་སློབ་ཕྲུག་ཚོས་དབྱིན་ཇིའི་སྐད་ཡིག་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་ཉམས་དམའ་བོ་གཏན་ནས་མི་བྱེད་པར། སྤོབས་པ་མཐོན་པོས་བོད་ཀྱི་སྐད་ཡིག་ཤེས་ཀྱི་ཡོད། ད་ལྟ་དབྱིན་ཇིའི་སྐད་ཡིག་ཤེས་ཀྱི་མེད་ཟེར་ནས་བཤད་ཐུབ་པའི་སྤོབས་པ་ཞིག་ཡོད་པ་འདི་ལ་ང་ཚོས་ངེས་པར་དོ་སྣང་བྱ་དགོས་པའི་གནད་ཅིག་འདུག་ལ། འདི་ནི་བུ་ཕྲུག་ཚོར་རང་ཚུགས་ཀྱི་མི་གཤིས་དང་སྔར་མེད་ཀྱི་འདུ་ཤེས་གསར་པ་ཞིག་བསྐྲུན་ཐུབ་ཡོད་པའི་བདེན་རྟགས་གསལ་ཤོས་ཤིག་ཀྱང་རེད་འདོད།
    དཔེ་སྟོན་སློབ་གྲྭར་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། བུ་ཕྲུག་ཚོའི་འབྲི་ཀློག་གི་གནས་ཚད་ཤིན་ཏུ་བཟང་བའི་ཐོག སྐད་ཆ་བཤད་པའི་སྐབས་བག་འཁུམས་མེད་པར་རང་གི་བསམ་ཚུལ་གང་ཡིན་ཕ་རོལ་པ་ལ་སྤོབས་པ་མཐོན་པོས་བཤད་ཐུབ་པ་དང༌། རྒྱུན་དུ་བསམ་བློ་བདེ་སྐྱིད་དང་སྤྲོ་སྣང་གིས་ཁེངས་ཤིང༌། སློབ་སྦྱོང་ལ་རང་འགུལ་གྱི་བརྩོན་སེམས་ཡོད་པ། སློབ་གྲྭར་འགྲོ་བར་དཀའ་སྡུག་གི་སྣང་བ་གཏན་ནས་མེད་པར་དགའ་སྣང་ཆེན་པོ་བྱེད་བཞིན་པ་ནི་ང་ཚོ་དགའ་འོས་པའི་རེ་བའི་མྱུག་སོ་ཞིག་རེད་སྙམ།
    ཕྱི་ལོ་ ༢༠༠༨ ལོར་སྐུ་ཞབས་ནཱ་ག་སངས་རྒྱས་བསྟར་དར་ལགས་སུ་དཔེ་སྟོན་སློབ་གྲྭར་འགྲོ་བཞིན་པའི་ཁོང་གི་བུ་ཕྲུག་གཉིས་ཀྱི་དངོས་ཡོད་གནས་སྟངས་སྐོར་གླེང་མོ་བྱས་པར། ཁོང་གིས། ངའི་བུ་ཕྲུག་གཉིས་དཔེ་སྟོན་སློབ་གྲྭའི་ནང་གི་སློབ་མ་སྤྱིར་བཏང་བ་ཞིག་ལས་བཟང་པོའི་གྲས་མ་རེད། ཡིན་ན་ཡང་ཁོ་རང་གཉིས་ཀྱི་ལོ་ཚོད་ལ་དཔག་པའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ཀྱང་ཤིན་ཏུ་ཡག་པོ་ཞོག་ཐུབ་འདུག གནས་སྟངས་འདིའི་ཐོག་ནས་མུ་མཐུད་དེ་འགྲོ་བ་ཡིན་ན་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་དང༌། མཐོ་རིམ་སློབ་གྲྭར་ཡིག་རྒྱུགས་གཏོང་བའི་སྐབས་དབྱིན་ཇིའི་སྐད་ཡིག་གི་ཤེས་ཚད་མ་འདང་བའི་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་ཡོད། གལ་སྲིད་དཀའ་ངལ་ཕྲན་བུ་ཞིག་འཕྲད་པའི་དབང་དུ་བྱས་ཀྱང་ཕྱོགས་གཞན་ནས་རང་གི་སྐད་ཡིག་དང་ཤེས་ཡོན་གྱི་ཁེ་ཕན་གང་འཚམས་ཤིག་ཐོབ་ཡོད་སྟབས་བསམ་བློ་གཏོང་ས་ཞིག་ཡོད་ཅེས་དངོས་མཐོང་གི་གྲུབ་འབྲས་བཤད་པའི་བདེན་གཏམ་འདི་འདྲ་ནི་ཤིན་ཏུ་རིན་ཐང་ཆེ་བར་མཐོང༌། (གངས་སྐྱིད་ཁུལ་དང་བཙན་བྱོལ་བོད་མིའི་ཤེས་ཡོན་པའི་གྲས་ནས་ཤེས་ཡོན་སྲིད་བྱུས་གསར་པའི་དགེ་སྐྱོན་དཔྱིས་ཕྱིན་པར་རྟོགས་ནས་རང་གི་བུ་ཕྲུག་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་མཁན་དང་པོ་སྐུ་ཞབས་ནཱ་ག་སངས་རྒྱས་བསྟན་དར་ལགས་ཡིན་པའི་ཆ་འཇོག་བྱེད་མཁན་མང༌།)དེ་བཞིན་སློབ་མ་བསྟན་འཛིན་ལྷ་སྒྲོན་གྱི་ཨ་མ་དབྱངས་སྐྱིད་སྒྲོལ་མས། ངའི་བུ་མོ་དཔེ་སྟོན་སློབ་གྲྭར་བསྐྱལ་ནས་ད་བར་ལོ་གཅིག་ལས་འགོར་མེད་ན་ཡང༌། བོད་ཡིག་གི་འབྲི་ཀློག་དངོས་གནས་ཡག་པོར་ཆགས་འདུག་ལ། ཀུན་སྤྱོད་ཀྱང་སྔར་དང་མི་འདྲ་བར་ཤིན་ཏུ་ཡག་པོར་ཆགས་འདུག་ཅེས་སོགས་གསུངས།
    ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡ ཚེས་ ༣ ཉིན་བཀའ་ཤག་གི་ངེས་མེད་སྡེ་ཚན་གྱི་དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་དང་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱས་པའི་ཁོང་གི་བུ་ཕྲུག་སྐོར་གླེང་མོ་བྱས་པར། ཁོང་གིས་ངའི་བུ་ཕྲུག་ཆེ་བ་བོད་ཁྱིམ་སློབ་གྲྭ་དང་ཆུང་བ་དཔེ་སྟོན་སློབ་གྲྭར་འགྲོ་བཞིན་ཡོད། བུ་ཕྲུག་གཉིས་ཀྱི་བར་ལ་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོང་གི་འདུག དཔེར་ན། ངའི་ཁྱིམ་ཚང་གང་པོ་ལྷོ་ཕྱོགས་སོགས་སུ་གནས་སྐོར་ལ་ཐེངས་ཤིག་འགྲོ་བ་ཡིན། སྐབས་དེར་ངས་བུ་ཕྲུག་གཉིས་ཀྱི་གནས་སྟངས་ལ་ཞིབ་ཚགས་པོའི་ཐོག་ནས་ཉམས་འཇོག་བྱས་པ་ཡིན། ང་ཚོ་མེ་འཁོར་དང་རླང་འཁོར་སོགས་ཀྱི་ནང་དུ་འགྲུལ་བཞུད་བྱེད་པའི་སྐབས་བུ་ཕྲུག་ཆུང་བས་ཅ་ལག་སོགས་ལ་ལྟ་རྟོག་དང་ཚང་གཤེར་བྱེད་པར་མ་ཟད། ཁོ་རང་གི་སྤུན་མཆེད་ཆེ་བ་ལ་ཡང་བཀོད་འདོམས་དང་ལྟ་རྟོག་བྱེད་ཀྱི་འདུག བུ་ཕྲུག་ཆེ་བས་ཅ་ལག་དང་སྤུན་ཆུང་བ་ལ་ལྟ་རྟོག་བྱེད་མི་ཐུབ་པར་མ་ཟད་མཐའ་ན་རང་མགོ་ཡང་ཐོན་གྱི་མི་འདུག ཧ་ལས་པའི་སྒྱིད་ལུུག་དང་སྤོབས་པ་མེད་མཁན་ཞིག་ཏུ་གྱུར་འདུག ང་ཚོ་ལྡི་ལིར་འབྱོར་སྐབས་ཀོ་ནོ་ཕི་ལེ་སུ་ལ་སོང་ནས་ངས་བུ་ཕྲུག་གཉིས་ལ་སོ་སོར་འདོད་པ་ཡོད་པའི་ལྷམ་ཡག་ཤོས་རེ་རང་མོས་ཀྱི་ཐོག་ནས་འདེམས་བཅུག་པ་ཡིན། ངས་བུ་ཕྲུག་གཉིས་ཁྲིད་ནས་ཚོང་ཁང་ལ་འགྲོ་སྐབས་ཚོང་ཁང་གི་སྟེང་འོག་ཀུན་ཏུ་ལྷམ་ཐོན་གསར་རྙིང་སྐད་གྲགས་ཅན་ཤིན་ཏུ་མང་པོ་འདུག བུ་ཕྲུག་ཆུང་བས་རིང་པོར་མ་འགོར་བར་ཁོ་རང་དགའ་སའི་ལྷམ་ཞིག་འདེམས་སོང༌། བུ་ཕྲུག་ཆེ་བ་འཁུམས་ནས་འདེམས་ཐུབ་ཀྱི་མི་འདུག་པས། ངས་ཚོང་ཁང་གི་འདི་དང་འདི་ན་ལྷམ་ཡག་པོ་འདི་དང་འདི་འདུག་ཟེར་ནས་མིག་སྟོན་རེ་བྱས་པ་ཡིན་ལ། བུ་ཕྲུག་ཆུང་བས་ཀྱང་སྟེང་འོག་མང་པོ་ཞིག་ནས་ཇོ་ཇོ་འདི་ཡག་པོ་འདུག འདི་ཡག་པོ་འདུག་ཟེར་ནས་ལྷམ་མང་པོ་ཞིག་མིག་སྟོན་བྱས་སོང་ལ། མིག་སྟོན་བྱས་པ་ཆ་ཚང་དངོས་གནས་ཡག་པོ་འདུག་བསམ་པ་ཤ་སྟག་རེད། ཡིན་ན་ཡང་བུ་ཆེ་བས་གཏན་ནས་འདེམས་ཐུབ་ཀྱི་མི་འདུག་ཅེས་སོགས་དང༌། ང་ཚོ་ནང་མི་རྣམས་ནང་དུ་འཛོམས་སྐབས་བུ་ཕྲུག་ཆུང་བས་ཁྱིམ་གྱི་མཁོ་ཆས་ཡོངས་རྫོགས་ལ་བོད་མིང་རེས་ངོས་འཛིན་བྱེད་ཀྱི་འདུག་པར་མ་ཟད། ང་ཚོའི་སྐད་ཆ་ལ་བཅོས་མང་པོ་བརྒྱབས་ཡོང་གི་འདུག ང་ཚོའི་ངག་ཏུ་མ་འཇགས་པའི་བོད་མིང་མང་པོ་ཞིག་བུ་ཕྲུག་གིས་བྱང་ཆ་དང་ལྡན་པའི་ཐོག་ནས་བཤད་ཡོང་གི་འདུག ཁོང་ཚོའི་ལོ་མཉམ་སྐོར་འདི་ལྟར་ལྷུང་བབ་མེད་པའི་ཐོག་ནས་གསོ་སྐྱོང་བྱེད་ཐུབ་པ་ཡིན་ན། འདི་ཚོའི་མི་རབས་སུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱེད་པའི་བོད་མིའི་སྤྱི་ཚོགས་ཤིག་ཡོང་ཐུབ་པའི་རེ་བ་འདུག་ཅེས་སོགས་གསུངས།
    ཧར་པར་པུར་གྱི་གཞིས་ཆགས་ནས་ཡིན་པའི་སངས་རྒྱས་རྡོ་རྗེ་བཟའ་ཚང་གིས་ཁོང་གཉིས་ཀྱི་བུ་ཕྲུག་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱ་རྒྱུའི་ཆེད་དུ། རེ་ཞིག་ཚོང་དོན་སོགས་ཀྱི་ལས་ཀ་མཚམས་བཞག་ནས་རྡ་སར་གནས་སྤོས་གནང་འདུག སངས་རྒྱས་རྡོ་རྗེ་དང་ཁོང་གི་བུ་ཕྲུག་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱ་ཐབས་བྱེད་དགོས་དོན་སྐོར་གླེང་མོ་བྱས་པ་ཡིན། ཁོང་གིས། བུ་ཕྲུག་ད་ལྟ་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱེད་ཐུབ་མེད། གངས་སྐྱིད་ཉིན་མོའི་སློབ་གྲྭའི་ནང་དུ་སློབ་འཇུག་བྱས་ནས་སློབ་སྦྱོང་བྱེད་འཇུག་གི་ཡོད། མ་གཞི་ངའི་བུ་ཕྲུག་ཆེ་བ་གཏན་སློབ་དང་བོད་ཁྱིམ་གྱི་སློབ་གྲྭ་ལ་བཏང་བ་ཡིན་ཡང་སློབ་གྲྭ་ནས་ཐོན་སྐབས་སྤྱིར་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་རང་མགོ་ཐོན་པ་མི་འདུག་པར་གནས་སྟངས་ཤིན་ཏུ་སྐྱོ་བར་མ་ཟད། ལྷག་པར་བོད་ཀྱི་སྐད་ཡིག་དག་པོ་ཞིག་གཏན་ནས་ཤེས་ཀྱི་མི་འདུག ངེད་གཉིས་ཤེས་ཡོན་ཡོད་མཁན་དེ་འདྲ་གང་ཡང་མིན་མོད། ཉམས་མྱོང་འདིའི་ཐོག་ནས་བསམ་བློ་གཏོང་བའི་སྐབས། བུ་ཕྲུག་སློབ་གྲྭར་སོང་ནས་ཤེས་ཡོན་ཆེན་པོ་ཅན་ཞིག་ཏུ་གྱུར་ན་བཟང་བ་བཤད་མ་དགོས་ཀྱང༌། མ་མཐའ་ཡང་ངེད་གཉིས་ཀྱི་བུ་ཕྲུག་བོད་མི་ཡིན་པ་དང༌། བོད་ཀྱི་སློབ་གྲྭ་ཞིག་ལ་སོང་ནས་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་གཙོ་བོ་བོད་ཀྱི་སྐད་ཡིག་དང༌། བོད་རང་གི་ཡ་རབས་བཟང་སྤྱོད་གཤིས་རྒྱུད་དུ་འཇགས་ཐུབ་པ་དགོས་པ་ཧ་ཅང་གི་གནད་འགག་ཆེན་པོ་མཐོང་གི་ཡོད། འོན་ཀྱང་བོད་ཀྱི་སློབ་གྲྭ་གང་དུ་བཏང་ཡང་ངའི་རེ་བ་དེ་འགྲུབ་པ་ཞིག་གཏན་ནས་ཡོང་གི་མི་འདུག དེ་ཡིན་དུས་བར་ལམ་ནས་སློབ་གྲྭ་མང་པོ་ཞིག་གི་གནས་སྟངས་ལ་རྒྱུས་ལོན་བྱེད་པའི་སྐབས་དཔེ་སྟོན་སློབ་གྲྭ་བོད་ཀྱི་སྐད་ཡིག་དང་སློབ་སྦྱོང་སྤྲོད་སྟངས་ཡག་པོ་ཡོད་པ་རེད་ཟེར་བའི་སྐད་ཆ་ཞིག་གོ་རྒྱུ་འདུག་པས། བུ་ཕྲུག་སློབ་འཇུག་གི་ཆེད་དུ་ངེད་ཕ་མ་གཉིས་ཀྱང་འདིར་ཡོང་ནས་སྡོད་བཞིན་ཡོད་ཅེས་སོགས་དང༌། བུ་ཕྲུག་ད་ལྟ་ལོ་ལྔ་ཡས་མས་ལས་མིན་པས་སློབ་གྲྭར་བཅུག་མ་ཐག་མངོན་གསལ་དོད་པོས་ཡར་རྒྱས་སོང་བ་ཤེས་ཐུབ་ཀྱི་མ་རེད། ཡིན་ན་ཡང་བུ་ཕྲུག་དུས་ཡུན་ཐུང་ཐུང་འདིའི་ནང་བོད་སྐད་ཤིན་ཏུ་གཙང་མ་བཤད་ཐུབ་མཁན་ཞིག་ཏུ་ཆགས་འདུག་ལ། མཚམས་རེར་ངེད་གཉིས་ཀྱི་སྐད་ཆ་ལ་ཡང་སྡེབ་བཅོས་ཀྱི་འདུག དེ་ལས་ཀྱང་གལ་ཆེ་བ་ཞིག་ནི༑ བུ་ཕྲུག་སློབ་གྲྭའི་ནང་དུ་སྤྲོ་སྣང་ཆེན་པོ་ཡོང་གི་ཡོད་པའི་རྣམ་འགྱུར་ཤིན་ཏུ་གསལ་པོ་འདུག་ཅེས་སོགས་ཟེར།
    ང་མངོན་གསལ་དང་མངོན་གསལ་མིན་པའི་ཚུལ་གྱིས་དཔེ་སྟོན་སློབ་གྲྭར་ཐེངས་མ་འགའ་ཤས་ངོ་བསྐྱོད་ཀྱིས་གནས་སྟངས་གང་ཅིའི་དོན་ངོ་མ་ཤེས་ཐབས་གང་ཐུབ་བྱས་པ་ལས་མཐོང་ཚུལ་ཁྱད་པར་འཕགས་པ་ཞིག་བྱུང་བ་ནི། འཛམ་གླིང་ཧྲིལ་པོའི་ཁྱོན་དུ་བསྲེས་ལྷད་མེད་པའི་བོད་སྐད་གཙང་མ་བཤད་པའི་ཁོར་ཡུག་ཅིག་དཔེ་སྟོན་སློབ་གྲྭ་ལྟ་བུ་ལས་ཤིན་ཏུ་དཀོན་ཞིང་ཕལ་ཆེར་མེད་པའི་མཐོང་ཚུལ་བྱུང་ལ། དོ་སྣང་ཅན་ཕལ་མོ་ཆེས་མཁྱེན་གསལ་ལྟར་བོད་ཁྱིམ་གྱི་སློབ་གྲྭ་ཁག་དང༌། རྒྱ་གར་བོད་སློབ་འཛིན་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གཏན་ཉིན་སློབ་གྲྭ་གང་དུ་དགེ་སློབ་ཆེ་ཆུང་སུ་དང་གླེང་མོ་བྱས་ཀྱང༌། བོད་ཀྱི་སྐད་ཡིག་རྐྱང་པ་ལས་མི་ཤེས་པའི་བོད་མི་ཞིག་གིས་ཁོང་ཚོའི་གླེང་མོ་ལས་བརྒྱ་ཆ་གང་འཚམས་ཤིག་གོ་མི་ཐུབ་ལ། ཁོང་ཚོར་ཕར་རིག་གཞུང་གི་གླེང་མོ་བྱེད་སྐབས་ཁོང་ཚོས་ཀྱང་བསྟན་བཅོས་ཀྱི་བརྡ་ཆད་མང་པོ་ཞིག་གོ་ཐུབ་ཀྱི་མེད། ཁོང་ཚོ་ཕལ་མོ་ཆེའི་ཡིག་ཚང་དང་ལས་ཁུངས་ཁག་གང་དུ་སོང་ཡང་རྩིག་ངོས་སུ་ཡོད་པའི་ྋགོང་ས་མཆོག་གི་སྐུ་པར་ཙམ་(ས་གནས་རྒྱ་གར་གྱི་ལས་ཁུངས་དང་ཚོང་ཁང་མང་པོ་ཞིག་ཏུ་ཡང་ྋགོང་ས་མཆོག་གི་སྐུ་པར་བཤམ་ཡོད།)མ་གཏོགས། ཡིག་སྣོད་ཀྱི་གདོང་ཐད་དུ་བྲིས་པའི་ཡི་གེ་དང༌། ནང་གི་ཡིག་ཆ། རྩིག་ངོས། གསལ་བསྒྲགས་ཁང༌། འཛིན་གྲྭའི་སྒོ་རྟགས། ཕྱི་ནང་གི་ཡིག་འབྲེལ་ཡོངས་རྫོགས་དབྱིན་ཇིའི་སྐད་ཡིག་གིས་བྱེད་ཀྱིན་འདུག་པས་བོད་པའི་སློབ་གྲྭ་ཞིག་དང་བོད་པའི་འཇིག་རྟེན་ཞིག་ཏུ་སླེབས་པའི་སྣང་བ་གཏན་ནས་མི་འབྱུང༌། དེར་མ་ཟད་བོད་ཀྱི་རིག་གཞུང་གི་ཕ་ས་ལྟ་བུའི་གྲྭ་པ་འདུས་སྡོད་ཀྱི་དགོན་སྡེ་ཆེ་ཆུང་ཁག་ཏུ་ཡང་དབྱིན་ཇི་སོགས་གཞན་པའི་སྐད་ཡིག་གཅིག་གཉིས་ཤིག་ཤེས་པ་རྣམས་རྩེད་མཚར་གྱིས་རང་སྐད་ཀྱི་བརྗོད་པའི་ནང་དུ་གཅིག་བསྲེས་གཉིས་བསྲེས་བྱེད་པའི་སྲོལ་ངན་ཞིག་ཀྱང་དར་ཁྱབ་ཏུ་འགྲོ་བཞིན་པར་སྣང༌།
    བོད་ནང་གི་སློབ་གསོའི་ལས་དོན་གཉེར་བའི་མི་སྣ་ཞིག་གིས། བོད་ཀྱི་སློབ་མ་ཚོའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཇེ་ཞན་དུ་འགྲོ་བཞིན་པ་འདི་ཧ་ཅང་བློ་འཚབ་སྐྱེ་ཡུལ་ཞིག་རེད། སྔོན་ཆད་ང་ཚོ་སློབ་ཆུང་འགྲིམ་དུས་བོད་ཡིག་གི་འབྲི་ཀློག་ཚར་རྗེས་ཚིག་གྲུབ་དང་རྩོམ་ཐུང་འབྲི་ཐུབ་པའི་ཚད་དུ་སླེབས་ཐུབ་ཀྱི་ཡོད་ལ། དམའ་འབྲིང་དུ་རྩོམ་ཡིག་ཡག་པོ་ཞིག་འབྲི་ཐུབ་པའི་གནས་ཚད་ལ་སླེབས་ཐུབ་ཀྱིན་ཡོད། ཡིན་ནའང༌། ད་ལྟ་དེ་ལས་ལྡོག་སྟེ་དམའ་འབྲིང་སློབ་མས་ཚིག་གྲུབ་བཟོ་བར་དཀའ་ངལ་དང་མཐོ་འབྲིང་སློབ་མས་རྩོམ་ཡིག་འབྲི་བར་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད། སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མའི་ཁྲོད་ནའང་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་རྨང་གཞི་ཡོད་མཁན་རེ་གཉིས་ལས་མེད་སྟབས། བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བོད་ཡིག་གི་ཆུ་ཚད་དང་སྦྱང་འབྲས་ཇེ་ཞན་དུ་འགྲོ་བཞིན་པ་མངོན་གསལ་རེད། སློབ་མ་ཚོར་བོད་ཡིག་ལ་དོ་སྣང་དང་དགའ་མོས་མེད་པ་དང་སྤྱི་ཚོགས་ཁྱོན་ཡོངས་སུ་བོད་ཡིག་ལ་ཁོར་ཡུག་མེད་པ་སོགས་ཀྱིས། ད་ལྟ་སྐད་ཡིག་འདི་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་ལ་སླེབས་འདུག་ཅེས་ངོ་སྤྲོད་བྱས་པའི་ཐོག་ནས་བོད་གཞིས་ཀྱི་སློབ་གྲྭ་སྤྱི་ཡོངས་ཀྱི་གནས་སྟངས་རོབ་ཙམ་རྟོགས་ཐུབ་ཅིང༌། བོད་དུ་རྒྱ་རིགས་དང་འགྲོགས་འདྲིས་ཡོད་པའི་གྲོང་ཁྱེར་དང༌། གྲོང་རྡལ་གྱི་སློབ་གྲྭ་ཆེ་ཆུང་ཁག་ཏུ་མ་ཟད། གྲོང་གསེབ་པའི་རྒན་མོ་ཚུན་ཆད་ཀྱི་སྐད་ཆའི་བརྗོད་པའི་ནང་དུ་ཡང་རྒྱ་སྐད་ཀྱི་བཙན་འཛུལ་སླེབས་ནས་བོད་སྐད་གཙང་མ་བཤད་ཐུབ་ཀྱི་མེད་པ་ང་ཚོས་ཁ་པར་གཅིག་གི་བརྒྱུད་ལམ་ཐོག་ནས་རྟོགས་ཐུབ་པའི་གནས་ཚུལ་སླ་བོ་ཞིག་ཡིན། མི་རིགས་དེའི་སྐད་ཡིག་ཅི་ཙམ་ལྷད་པ་ཅན་དུ་གྱུར་ན་དེའི་ཚོད་ཀྱིས་མི་རིགས་རང་ཉིད་བསམ་སྤྱོད་གོམས་གཤིས་དང་བཅས་པ་གཞན་གྱི་ལྷད་པ་ཅན་དུ་གྱུར་ནས་མཐའ་མ་མི་རིགས་དེར་སྲོག་ཆད་ཀྱི་ཉེས་པ་འབྱུང་ངེས་པ་འདས་པའི་བྱུང་རབས་ཀྱི་ཐོག་ནས་ར་འཕྲོད་གསལ་པོ་བྱུང༌། བོད་མི་རིགས་འཆི་གསོན་གྱི་འཕྲང་ལམ་དུ་གྱར་བའི་དུས་ཚོད་ཤིན་ཏུ་ཛ་དྲག་གི་སྐབས་འདིར། ང་ཚོའི་མི་རིགས་ཀྱི་སྲོག་རྩ་མི་ཆད་པའི་ཐབས་མཆོག་རྨད་དུ་བྱུང་བ་ཞིག་ནི། ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་ཏུའུ་ཏིས་མཛད་པའི་མཇུག་མཐའི་སློབ་ཐུན་ཅིག་ཅེས་པ་ལས། ང་ཚོས་ཅིས་ཀྱང་སྐད་ཡིག་ཡིད་ལ་དམ་པོར་བཅངས་ནས་བརྗེད་མི་རུང༌། རྒྱལ་ཁབ་ཕུང་ནས་བྲན་དུ་གྱུར་པའི་མི་དམངས་ལ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་སྙིང་ཁོང་དུ་བསྲེལ་བར་བྱས་ན་ནི། བཙོན་ཁང་གི་སྒོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་མཚུངས་པ་ཡིན་༨༦ཅེས་བཤད་པ་ལྟར་ཤིན་ཏུ་དོན་ལ་གནས་པས། བོད་སྐད་གཙང་མ་བཤད་སའི་ཁོར་ཡུག་ཅིག་བསྐྲུན་པ་འདི་དཔེ་སྟོན་སློབ་གྲྭས་བོད་མི་རིགས་ཀྱི་ཚེ་སྲོག་ལ་སྦྱིན་པའི་གསོ་སྨན་ཐུན་གཅིག་ཡིན་པ་གཟུ་བོར་གནས་པ་སུས་ཀྱང་བསྙོན་འདོར་དུ་མི་རུང༌།
    མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི་ཤེས་ཡོན་སྲིད་བྱུས་གསར་པ་ཐོག་མར་ལག་བསྟར་བྱེད་ས་ཡིན་པའི་རྒྱུ་མཚན་གྱིས་ཁོ་བོས་འདིར་གླེང་མོ་བྱེད་པའི་གཞི་རྩར་བཟུང་བ་ཡིན་མོད། དོན་དངོས་སུ་ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་སམ་བྷོཊའི་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་འཛིན་གྲྭ་ལྔ་པ་མན་འདབས་ལ་དཔེ་སྟོན་སློབ་གྲྭ་དང་འདྲ་བར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་དང་བྱེད་མུས་ཡིན། དེར་བརྟེན་ངའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་སློབ་གྲྭ་དེ་དག་གི་ད་ལྟའི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱ་དགོས་པ་ཤིན་ཏུ་གལ་གནད་དུ་མཐོང་ཞིང༌། དེ་ལྟར་བྱས་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་ཚད་གཞི་དང་གྲུབ་འབྲས་ལེགས་ཉེས་གང་བྱུང་ཕྱོགས་རེ་ཙམ་མིན་པར་སྤྱི་ཡོངས་ཀྱི་གནས་ཚུལ་དངོས་རྟོགས་ཐུབ་པར་ཕན་ཐོགས་འབྱུང་ངེས་སྙམ། འོན་ཀྱང་སློབ་གྲྭ་འདི་དག་ས་ཁུལ་མང་པོ་ཞིག་ལ་ཁ་འཐོར་ནས་ཡོད་པས་ཡོངས་རྫོགས་ནང་བསྐོར་བསྐྱོད་བྱེད་པའི་གོ་སྐབས་མ་མཆིས་སྟབས། རྒྱ་གར་ཤར་ཕྱོགས་རྡོར་གླིང་ངོ་ཕྱོགས་ཀྱི་པོག་རེ་སྤོང་སམ་བྷོཊ་སློབ་གྲྭ་དང༌། ཤིས་ལོང་སམ་བྷོཊ་སློབ་གྲྭ། དེ་བཞིན་སྒང་ཏོག་སམ་བྷོཊ་སློབ་གྲྭ་དང༌། སྤོན་ཊ་སམ་བྷོཊ་སློབ་གྲྭ་སོགས་སམ་བྷོཊའི་སློབ་གྲྭ་གང་འཚམས་ནང་ངོ་བསྐྱོད་ཀྱིས་གནས་ཚུལ་དངོས་ལ་རྒྱུས་ལོན་གང་ཐུབ་བྱས་པ་ཡིན། ངས་ཡུལ་ཁད་ཀྱི་ཁྱད་པར་ལ་མ་ལྟོས་པར་སློབ་གྲྭ་འདི་དག་དམིགས་འདེམས་བྱ་དགོས་པའི་རྒྱུ་མཚན་ནི་རྡོར་གླིང་གི་པོག་རེ་སྤོང་སློབ་གྲྭ་དང༌། ཤིས་ལོང་སློབ་གྲྭ་གཉིས་སམ་བྷོཊ་ཁྱབ་ཁོངས་ཀྱི་སློབ་གྲྭ་དག་ལས་དཔེ་སྟོན་སློབ་གྲྭ་ལས་ཀྱང་ཤེས་ཡོན་དང་ཀུན་སྤྱོད་གཉིས་ཐད་ནས་གྲུབ་འབྲས་ལེགས་ཤོས་དང༌། སྒང་ཏོག་སློབ་གྲྭ་དང༌། སྤོན་ཊ་སློབ་གྲྭ་ལྟ་བུ་གྲུབ་འབྲས་དམན་པར་ངོས་འཛིན་བྱེད་ཀྱི་འདུག་པས་ཡིན་ལ། གཞན་ཡང༌། བྷི་རིའི་སམ་བྷོཊ་ཉིན་སློབ་དང༌། ཅོན་ཏ་ར་སམ་བྷོཊ་སློབ་གྲྭ། གངས་སྐྱིད་སམ་བྷོཊ་ཉིན་སློབ། པོ་རུ་ཝ་ལ་སམ་བྷོཊ་སློབ་གྲྭ་བཅས་སུ་ཡང་ངོ་བསྐྱོད་ཀྱིས་རྒྱུས་ལོན་བྱས་པ་ཡིན་པས། ཁོ་བོས་བཤད་དང་བཤད་བཞིན་པའི་སྐད་ཆ་འདི་དག་མཐོ་དམའ་བར་གསུམ་ལ་ཁྱབ་པའི་ཕྱོགས་འདུས་རང་བཞིན་གྱི་སྤྱི་སྡོམ་ཞིག་ཡིན་པའི་སྤོབས་པ་བྱེད་བཞིན་ཡོད། སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གྲངས་ ༢༠༡༣ ཡོད་ཅིང༌། འདིས་བཙན་བྱོལ་བོད་མིའི་བོད་ཕྲུག་སྤྱིའི་གྲངས་(༢༦༩༦༥)འབོར་གྱི་བརྒྱ་ཆ་ ༧་༤༨ ཟིན་གྱི་ཡོད།
    ༡༽ རྡོར་གླིང་བོད་གཞུང་སམ་བྷོཊའི་ཁྱབ་ཁོངས་ཀྱི་པོག་རེ་སྤོང་སམ་བྷོཊའི་གཏན་སློབ་ནི། ཕྱི་ལོ་ ༡༩༧༨ ལོར་གསར་དུ་ཚུགས་ཤིང༌། ཕྱི་ལོ་ ༡༩༨༥ ལོར་རང་གཞུང་ཤེས་རིག་ལྷན་ཁང་གིས་ཐད་ཀའི་འཛིན་སྐྱོང་འོག་ཏུ་རྩིས་བཞེས་གནང་འདུག ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ ཚེས་ ༢༠ ཉིན་བོད་གཞུང་སམ་བྷོཊའི་ཁྱབ་ཁོངས་ཀྱི་རྡོར་གླིང་པོག་རེ་སྤོང་སློབ་གྲྭར་འགྲོ་བའི་སྐབས། སློབ་གྲྭའི་མདུན་ཐང་དུ་སློབ་ཕྲུག་བརྒྱ་སྐོར་ཞིག་གིས་སྨུག་པ་སྟུག་པོའི་ནང་དུ་རྩེད་མོ་རྩེ་བཞིན་འདུག ངས་ལོ་བརྒྱད་དགུ་ཡས་མས་ཀྱི་སློབ་ཕྲུག་གཉིས་གསུམ་ལ་འཚམས་འདྲི་དང་འབྲེལ་ནས་སྐད་ཆ་རེ་དྲིས་པ་ཡིན་མོད། བུ་ཕྲུག་ཚོར་ལན་འདེབས་བྱེད་པའི་སྤོབས་པ་དང་གྲུང་ཉམས་གཏན་ནས་མི་འདུག་པར་མ་ཟད། བོད་སྐད་གཙང་མ་ཞིག་བཤད་ཐུབ་ཀྱི་མི་འདུག་ལ། སློབ་ཕྲུག་རེ་ཟུང་གི་ལག་ཏུ་སྨྱུ་གུ་དང་ཤོག་བུ་བཞག་ནས་རང་གི་མིང་འབྲི་བཅུག་པར་མིང་ཡག་པོ་ཞིག་ཀྱང་འབྲི་ཤེས་ཀྱི་མི་འདུག་པས་བློ་ཕམ་དང་སེམས་པའི་གཏིང་ནས་རེ་ཐག་ཆད་པའི་ཚོར་སྣང་ཞིག་བྱུང༌། དེ་ནས་དེ་གའི་ཡིག་ཚང་དུ་སོང་ནས་འགན་འཛིན་ལས་ཚབ་ཉི་མ་ཚེ་རིང་ལགས་དང་ངོ་ཐུག་ནས་གླེང་མོ་བྱས་པ་ཡིན། ངེད་གཉིས་ཀྱི་གླེང་མོ་འགོ་བཙུགས་ནས་ཅང་མ་འགོར་བར་ཁོང་གིས་ང་ཡིག་ཚང་གི་ཁྱམས་ཐོག་ཏུ་ཁྲིད་ནས་ང་ཚོས་ཐུན་མོང་མ་ཡིན་པའི་གནས་སྟངས་ཤིག་མིག་གིས་བལྟས་ན་གསལ་པོ་མཐོང་ཐུབ་པ་འདི་ཡིན། ཉིན་གསུམ་རྗེས་སུ་སློབ་གྲྭའི་ཡིག་རྒྱུགས་ལ་ཐུག་གི་ཡོད། ཡིན་ན་ཡང་ང་ཚོས་སློབ་མ་ཚོར་ཡིག་རྒྱུགས་ཀྱི་ཆེད་དུ་དམིགས་བསལ་གྱིས་སློབ་སྦྱོང་བྱེད་འཇུག་གི་མེད་ཟེར། དོན་དངོས་སུ་ཡང་སློབ་མ་ཚོ་ཡིག་རྒྱུགས་ལ་དམིགས་བསལ་གྱི་འཇིགས་སྣང་མེད་པར་ཤིན་ཏུ་སྤྲོ་སྣང་ཆེན་པོས་རྩེད་མོ་རྩེ་བཞིན་འདུག ང་ཚོའི་སློབ་གྲྭ་མང་ཆེ་བའི་ནང་ཡིག་རྒྱུགས་ལ་ཉེ་བའི་སྐབས་སློབ་ཕྲུག་ཚོར་དམིགས་བསལ་གྱིས་སློབ་སྦྱོང་བྱ་བར་རྟིང་སྐུལ་བྱེད་པའི་སྲོལ་ངན་ཞིག་ཡོད་ཅིང༌། ཉིན་ཤས་རིང་སློབ་ཕྲུག་ཡོངས་རྫོགས་འཛིན་ཁང་ནང་བསྡུས་ནས་དགེ་རྒན་ཚོའི་ལྟ་རྟོག་འོག་ཏུ་དམིགས་བསལ་གྱིས་རང་སྦྱོང་བྱེད་འཇུག ངའི་བསམ་པར་བྱ་ཐབས་འདིས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་བྱ་བ་ནི་ཡིག་རྒྱུགས་ཀྱི་ཆེད་དུ་ཡིན་པའི་ངོས་འཛིན་དང་བག་ཆགས་གཏིང་ཟབ་མོ་ཞིག་འཇོག་བཞིན་ཡོད་ལ། བཙན་ཤེད་མ་གཏོགས་རང་འགུལ་གྱིས་སློབ་སྦྱོང་བྱེད་མི་ཐུབ་པའི་གོམས་གཤིས་ངན་པ་ཞིག་ཀྱང་འཇོག་བཞིན་ཡོད་པ་ལ་བསམས་ན། སློབ་གྲྭ་འདིར་སྔ་མོའི་ལམ་སྲོལ་དེ་ལ་འགྱུར་བ་བཏང་ནས་དངོས་ཡོད་ལག་ལེན་གྱི་ཐོག་ནས་ཤེས་ཡོན་སློབ་སྦྱོང་བྱེད་པ་ནི་སློབ་ཕྲུག་རང་ཉིད་ཀྱི་སྒོ་གསུམ་ཡར་རྒྱས་དང་མི་ཚེའི་ཆེད་དུ་ཡིན་པ་ལས་ཡིག་རྒྱུགས་ཀྱི་སྐར་གྲངས་ཙམ་གྱི་ཆེད་དུ་མིན་པའི་ར་སྤྲོད་གནད་དུ་སྨིན་པ་ཞིག་བྱེད་བཞིན་པ་ནི་ཤིན་ཏུ་གཟི་བརྗིད་ཆེན་པོར་མཐོང༌།
    དེ་ནས་སློབ་ཕྲུག་གི་ཡོང་ཁུངས་དང་བུ་ཕྲུག་ཚོ་སློབ་གྲྭར་འབྱོར་བའི་ཐོག་མའི་གནས་སྟངས་ལ་རྒྱུས་ལོན་བྱས་པར། སློབ་ཕྲུག་མང་པོ་ཞིག་རྡོ་རྗེ་གླིང་ཉེ་འཁོར་གྱི་བུ་ཕྲུག་ཡིན་འདུག་ཅིང༌། འདི་དག་ཐོག་མར་སློབ་འཇུག་བྱེད་པའི་སྐབས་བོད་ཡིག་ལྟ་ཞོག་ས་ཁུལ་དེའི་རོང་སྐད་ཙམ་མ་གཏོགས་ཐ་ན་བོད་སྐད་ཙམ་ཡང་མི་ཤེས་མཁན་ཤ་སྟག་ཡིན། དེ་ནས་ངས་ཐོག་མར་སྐད་ཆ་འདྲི་སའི་བུ་ཕྲུག་དེ་ཚོའི་གནས་སྟངས་ལ་ཞིབ་ཏུ་རྒྱུས་ལོན་བྱེད་པའི་སྐབས་སློབ་ཕྲུག་དེ་གསུམ་ཆ་ཉེ་འཁོར་གྱི་བུ་ཕྲུག་སློབ་འཇུག་བྱས་མ་ཐག་རེ་ཡིན་པ་དང༌། སློབ་གྲྭ་འདིའི་ནང་གི་གནས་སྟངས་སྐྱོ་ཤོས་ཀྱི་བུ་ཕྲུག་རེ་ཡིན་པའི་གནས་སྟངས་གསལ་རྟོགས་བྱུང་ལ། ངས་ཐོག་མ་སྐད་ཆ་འདྲི་སའི་རྒྱལ་པོ་ཟེར་བའི་སློབ་ཕྲུག་དེ་སློབ་གྲྭའི་ཉེ་འཁྲིས་ཀྱི་རོང་པའི་ཁྱིམ་ཚང་སྐྱོ་བོ་ཞིག་གི་བུ་ཕྲུག་དམིགས་བསལ་གྱིས་སློབ་འཇུག་བྱས་པ་ཞིག་ཡིན་འདུག་ཅིང༌། ཁོའི་འཚར་ལོངས་དང་འཕྲོད་བསྟེན་གྱི་གནས་སྟངས་ཀྱང་ཤིན་ཏུ་སྐྱོ།
    དེ་ནས་དགེ་སློབ་ཀྱི་འབྲེལ་བའི་གནས་སྟངས་ལ་རྒྱུས་ལོན་བྱེད་པའི་སྐབས། སློབ་ཕྲུག་ཚོ་དགེ་རྒན་ཚོ་ལ་དངངས་སྐྲག་དང་འཚེར་སྣང་མེད་པ་དངོས་ཡོད་གནས་ཚུལ་རེད་འདུག་ལ། འགན་འཛིན་ཁོ་རང་ནས་བཟུང་སྟེ་དགེ་རྒན་དང་ལས་བྱེད་སུ་ཞིག་ཡིན་ན་ཡང་སློབ་མའི་ཐོག་དཔོན་ཉམས་གཏན་ནས་བྱེད་ཀྱི་མི་འདུག་པའི་མཐོང་ཚུལ་གསལ་པོ་བྱུང༌། གྲལ་རིམ་གྱི་འདུ་ཤེས་མེད་པར་གནས་བབ་གཅིག་གི་ཐོག་ཏུ་བབ་པའི་དགེ་སློབ་ཀྱི་འབྲེལ་བ་འདིས་སློབ་ཕྲུག་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཀྱི་ཡོད་ཟེར་ན། མི་ཡོངས་རྫོགས་ཀྱི་གཞི་རྩའི་རིན་ཐང་དང་ནུས་པ་གཅིག་པ་ཡིན་པའི་ངོས་འཛིན་ཟབ་མོ་སླེབས་ཐུབ་ཀྱི་ཡོད་པས་གནས་བབ་འདི་ཤིན་ཏུ་གཙིགས་ཆེར་བྱ་དགོས་པ་ཞིག་ཡིན།
    ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་ཐོག་མའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པར། ཤེས་ཡོན་ལམ་སྲོལ་ལ་ཐོག་མར་གསར་བརྗེ་བྱེད་པའི་སྐབས་དགེ་རྒན་རྙིང་པ་ཚོས་སྔར་གྱི་གོམས་པའི་ལམ་སྲོལ་འདོར་མ་ཐུབ་པས་ཅུང་དཀའ་ངལ་བྱུང་འདུག་ཀྱང༌། རིམ་པས་དཀའ་ངལ་དེ་རྣམས་མེད་པར་གྱུར་ཏེ་ད་སྐབས་ཤེས་ཡོན་ལམ་སྲོལ་གསར་པའི་ཐོག་ནས་གྲུབ་འབྲས་ངེས་ཅན་ཞིག་མངོན་གྱུར་བྱུང་འདུག འདི་ཕྱོགས་སུ་སློབ་ཕྲུག་ཚོའི་ཕ་མ་དང་སྤྱི་ཚོགས་མང་ཆེ་བས་རོང་སྐད་བཤད་ཀྱི་ཡོད། རོང་སྐད་མང་ཆེ་བ་བཤད་པའི་སྤྱི་ཚོགས་ཤིག་གི་ནང་དུ་བུ་ཕྲུག་ཚོ་ལ་བོད་སྐད་དང་བོད་པའི་གོམས་གཤིས་འཇགས་ཤིན་ཏུ་དཀའ་བ་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་འདིར་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་བསྐྱེད་བསྲིང་བྱས་པའི་སློབ་ཕྲུག་ཅུང་རྒན་གྲས་རྣམས་ཀྱིས་བོད་སྐད་གཙང་མ་བཤད་ཐུབ་པར་མ་ཟད། བོད་དབྱིན་གྱི་སྐད་ཡིག་གཉིས་ཀའི་ཐོག་ནས་སློབ་ཕྲུག་གི་ལོ་ནའི་བབ་ལ་དཔག་པའི་རྩོམ་ཡིག་སྤུས་ཚད་ལྡན་པ་རེ་འབྲི་ཐུབ་པའི་མཚམས་སུ་སླེབས་ཐུབ་འདུག སློབ་ཚན་གཞན་དག་ཀྱང་སྐྱོ་བོ་གཏན་ནས་རེད་མི་འདུག
    ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་དང་སློབ་ཚན་ལ་ཡིད་མོས་མེད་ནས་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཐེན་བྱས་པ་ཡོད་མེད་རྒྱུས་ལོན་བྱེད་པའི་སྐབས། སློབ་གྲྭའི་ནང་ནས་བུ་ཕྲུག་གསུམ་ཕྱིར་འཐེན་བྱས་ནས་བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭའི་ནང་བཅུག་འདུག་ཀྱང༌། དེ་དག་ཁྱིམ་ཚང་ཟླ་སྒྲིལ་ལྟ་བུའི་གནས་སྟངས་གཞན་དག་གིས་རྐྱེན་པས་ཡིན་པ་མ་གཏོགས་སློབ་གྲྭའི་ཤེས་ཡོན་ལམ་སྲོལ་དང༌། མཐུན་རྐྱེན་སོགས་ཀྱིས་མ་འགྲིགས་ནས་གནས་སྤོས་བྱས་པ་མིན་པའི་འགྲེལ་བཤད་བྱས་བྱུང༌། འོན་ཀྱང་འདིའི་ཐད་མང་ཚོགས་ནང་དུ་བཤད་ཚུལ་མི་མཐུན་པ་འགའ་ཤས་ཡོད་པ་གཤམ་དུ་བཀོད་ཡོད།
    དགེ་རྒན་དགོངས་པ་ཞུ་མཁན་བྱུང་ཡོད་མེད་དང་དེའི་རྒྱུ་རྐྱེན་ཐད་རྒྱུས་ལོན་བྱེད་སྐབས། དགོངས་པ་ཞུ་མཁན་འགའ་ཤས་བྱུང་ཡོད་པ་དག་གིས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་དགོངས་པ་ཞུས་འདུག རིགས་གཅིག་གིས་རང་གི་དཔལ་འབྱོར་དང་མཐུན་རྐྱེན་གྱི་ཁེ་ཕན་གྱི་ཆེད་དུ་དགོངས་པ་ཞུས་ནས་གནས་སྤོས་བྱེད་པ་དང༌། རིགས་གཅིག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ནང་དོན་ལ་གོ་རྟོགས་ཇི་བཞིན་མ་ཐོབ་པའམ་གང་ལྟར་སློབ་གྲྭ་འདིའི་ཤེས་ཡོན་ལམ་སྲོལ་ལ་མོས་མཐུན་མེད་པར་དགོངས་པ་ཞུ་མཁན་ཡང་བྱུང་འདུག
    སློབ་སྦྱོང་སྤྱིར་དང་ལྷག་པར་འབྲི་རྩོམ་གྱི་ཐབས་ལམ་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་རྒྱུས་ལོན་བྱེད་པའི་སྐབས། སློབ་ཕྲུག་ཚོར་ཉིན་རེའི་ཉིན་ཐོ་དང༌། བརྗོད་གཞི་སྣ་ཚོགས་ཀྱི་ཐོག་རྩོམ་ཡིག མཚོན་དོན་མ་འདྲ་བའི་རི་མོ་ཡང་སྣ་ཚོགས་འབྲི་བའི་དུས་ཚོད་རེའུ་མིག་ཀྱང་བཀོད་སྒྲིག་བྱས་འདུག བྲིས་ཟིན་པའི་རྩོམ་ཡིག་རྣམས་སློབ་མ་རང་ངོས་ནས་ཞུས་དག་བྱེད་པ་དང༌། སློབ་ཕྲུག་གཞོན་པའི་རྩོམ་ཡིག་སློབ་ཕྲུག་རྒན་པས་ཞུས་དག་བྱེད་པ་སོགས་ཀྱི་ཐབས་མ་འདྲ་བ་སྣ་ཚོགས་སྤྱད་ནས་སློབ་ཕྲུག་ཚོའི་འབྲི་རྩལ་དང་དག་ཆ་ཡར་རྒྱས་ཡོང་ཐབས་སུ་འབད་བརྩོན་བྱེད་ཀྱི་འདུག་པར་མ་ཟད། ཞོར་དུ་རྩོམ་སྒྲིག་གི་སློབ་སྦྱོང་ཡང་སྤྲོད་ཀྱིན་འདུག བྱེད་ཐབས་འདིའི་དབང་གིས་སློབ་ཕྲུག་ཚོའི་འབྲི་རྩལ་ལ་ཡར་རྒྱས་ཆེན་པོ་བྱུང་འདུག
    ང་འཛིན་གྲྭ་ལྔ་པའི་གློག་ཀླད་འཛིན་ཁང་དུ་ལྟ་སྐོར་འགྲོ་སྐབས་བུ་ཕྲུག་འགས་གློག་ཀླད་དུ་འབྲི་བཞིན་པའི་རྩོམ་ཡིག་གི་དཔེ་མཚོན་འགའ་ཤས་ལ་བལྟས་པ་ཡིན། རྩོམ་ཡིག་ཐོག་མ་རྩོམ་པ་པོ་བུ་ཕྲུག་སོ་སོར་ཀློག་འཇུག་སྐབས་སྤྱི་ཡོངས་ཀྱི་ཆ་ནས་སྒྲ་གདངས་དང་གཅོད་མཚམས་ཤིན་ཏུ་དག་གསལ་ལྡན་པ་ཞིག་འདུག་ཀྱང༌། བུ་ཕྲུག་འགའ་ལ་ཙ་དང་ཚ། ཛ་ཞ་ཟ་ཤ་སོགས་ཀྱི་གདངས་ཇི་བཞིན་ཐོན་དཀའ་བ་ནི་རོང་པའི་སྐད་གཤིས་འཇགས་པས་ཡིན་སྟབས་ལས་སླ་བོས་བཅོས་ཐུབ་པ་ཞིག་མིན། རྩོམ་ཡིག་འདི་དག་ལ་ཡིག་སྐྱོན་ཕྲན་བུ་ཡོད་པ་ལས་ནང་དོན་དང་བསམ་བློའི་ཆ་ནས་བུ་ཕྲུག་གི་ལོ་ཚོད་ལ་དཔག་པའི་ཚད་གཞི་ཤིན་ཏུ་མཐོ།
    ཐ་སྙད་གསར་སློབ་གང་འདྲ་བྱེད་ཀྱི་ཡོད་མེད་ཐད་རྒྱུས་ལོན་བྱེད་པའི་སྐབས། འཛིན་གྲྭ་བཞི་ལྔའི་སློབ་ཕྲུག་ཡོངས་རྫོགས་ལ་ཕལ་སྐད་དང་ཞེ་ཚིག་གཉིས་ཁ་འཐབ་ནས་བཀོད་པའི་འབྲི་དེབ་ཆེན་པོ་རེ་འདུག ངས་བུ་ཕྲུག་འགའ་ལ་འབྲི་དེབ་ཀྱི་ཐོག་ནས་ཡོངས་གྲགས་དང་ཡོངས་གྲགས་མིན་པའི་ཐ་སྙད་འགའི་ཕལ་སྐད་དང་ཞེ་ཚིག་གི་སྐོར་དྲི་བ་དྲིས་པ་ཡིན། བུ་ཕྲུག་ཕལ་ཆེ་བས་ཐག་ཆོད་པོས་ལན་འདེབས་བྱེད་ཀྱི་འདུག་པས། བྱེད་ཐབས་འདི་མུ་མཐུད་དེ་རྒྱུན་འཛིན་དང་ཡར་རྒྱས་གཏོང་ཐུབ་ན་བོད་ཕྲུག་འདི་ཚོའི་མི་རབས་ལ་བོད་པའི་ཐ་སྙད་ཀྱིས་མ་འདང་བའི་དཀའ་ངལ་དེ་རང་བཞིན་གྱིས་སེལ་འགྲོ་བའི་རེ་བ་ཤིན་ཏུ་ཆེ།
    པོག་རེ་སྤོང་སློབ་གྲྭར་ཡང་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་གཞན་དག་ལྟར་འཛིན་གྲྭ་བཞི་པ་ནས་དབྱིན་ཇིའི་སྐད་ཡིག་སློབ་འགོ་འཛུགས་ཀྱི་ཡོད་སྟབས། དབྱིན་ཇིའི་སྐད་ཡིག་སྦྱོང་འགོ་ཚུགས་ནས་ལོ་གཅིག་ལྷག་འགྲོ་བཞིན་པའི་འཛིན་གྲྭ་ལྔ་པའི་སློབ་ཕྲུག་ཚོའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ལ་རྒྱུས་ལོན་བྱས་པར། སློབ་མ་ཚོས་དབྱིན་ཇིའི་སྐད་ཡིག་ཐོག་ནས་བྲིས་པའི་རྩོམ་ཡིག་འགའ་ཤས་བདམས་ནས་ཐོག་མར་འབྲི་མཁན་སློབ་མ་རང་ཉིད་ལ་ཀློག་འཇུག་པའི་སྐབས། སྤྱིར་སྒྲ་གདངས་དང་གཅོད་མཚམས་གསལ་པོ་འདུག་ཀྱང་རྒྱ་གར་ནང་གི་དབྱིན་ཇིའི་སྐད་ཡིག་སྦྱོང་མཁན་སྤྱི་མཚུངས་ལྟར་རྒྱ་གར་གྱི་སྒྲ་གདངས་འདྲེས་མོད། རྩོམ་ཡིག་རྣམས་དཔེ་བཤུས་ཙམ་མིན་པར་སློབ་མའི་གོ་རྟོགས་དང་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་བུ་ཕྲུག་ཆུང་ངུའི་ཚོད་ཀྱིས་ངེས་ཅན་ཞིག་ལ་སླེབས་ཐུབ་འདུག
    སློབ་གྲྭ་འདིའི་དབྱིན་ཇིའི་སྐད་ཡིག་གི་དགེ་རྒན་དབྱངས་འཛོམས་ལགས་སུ༑ ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བུ་ཕྲུག་རྣམས་འཛིན་གྲྭ་བཞི་པ་ནས་གསར་དུ་དབྱིན་ཇིའི་སྐད་ཡིག་སློབ་འགོ་བཙུགས་ན་དབྱིན་ཇིའི་སྐད་ཡིག་སྦྱོང་འགོ་འཕྱིས་དྲགས་པའི་སྐྱོན་ཆ་ཡོད་མེད་དྲིས་པར། མོས་མོ་རང་གི་ཉམས་མྱོང་ཐོག་ནས། འཕྱིས་དྲགས་པའི་སྐྱོན་ཆ་གཏན་ནས་ཡོང་གི་མི་འདུག ལོ་བཞི་པའི་ལོ་འགོ་ནས་ཐོག་མར་དབྱིན་ཇིའི་སྐད་ཡིག་སློབ་པའི་ཟླ་ཤས་རིང་ཅུང་དཀའ་ངལ་ཡོང་གི་འདུག་ཀྱང༌། རང་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད་སྟབས་ཟླ་ཤས་ཀྱི་རྗེས་ནས་ཤིན་ཏུ་ཚད་མྱུར་བོས་ཡར་རྒྱས་འགྲོ་གི་འདུག ང་ཚོའི་སློབ་ཕྲུག་འཛིན་གྲྭ་བཞི་པ་ནས་དབྱིན་ཇིའི་སྐད་ཡིག་སློབ་འགོ་བཙུགས་པའི་འཛིན་གྲྭ་ལྔ་པ་ཚོ་དང༌། གཞན་དག་གི་འཛིན་གྲྭ་དང་པོ་ནས་དབྱིན་ཇིའི་སྐད་ཡིག་སློབ་མཁན་གྱི་འཛིན་གྲྭ་བཞི་པ་དང་ལྔ་པ་ཚོ་བསྡུར་ན་ང་ཚོའི་སློབ་ཕྲུག་རྣམས་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་སྐྱོ་བོ་གཏན་ནས་མིན་ཞེས་ཤིན་ཏུ་གདེང་ཚོད་ཆེན་པོས་བཤད་ཀྱི་འདུག
    ༢༽ ཤིས་ལོང་སམ་བྷོཊ་གཏན་སློབ། ཤིས་ལོང་གཏན་སློབ་ནི། ཕྱི་ལོ་ ༡༩༨༡ ལོར་ཐོག་མར་གསར་འཛུགས་དང༌། ཕྱི་ལོ་ ༡༩༩༡ ལོར་རང་གཞུང་ཤེས་རིག་ལས་ཁུངས་ནས་རྩིས་བཞེས་གནང༌། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས་འདུག
    ཕྲན་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཚེས་ ༤ ཉིན་ཤིས་ལོང་སམ་བྷོཊ་སློབ་གྲྭར་བསྐྱོད་ཐབས་བྱས་ཀྱང་སློབ་གྲྭའི་གུང་སེང་དང་སྟབས་འཁེལ་བས་ཡིག་ཐོག་གི་གནས་ཚུལ་བསྡུས་པ་ཞིག་ལས་མ་རག་ཀྱང༌། གནས་ཚུལ་དེ་ལྟར་ན་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་རྗེས་སུ་སློབ་གྲྭའི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་ཡོད་འདུག་ཅིང༌། བོད་ཡིག་གི་འབྲི་ཀློག་གནས་ཚད་ལྟ་བུར་མཚོན་ན། ད་ཆ་སློབ་མ་ཕལ་ཆེའི་བོད་ཡིག་གནས་ཚད་སྤྱི་དང་ཁྱད་པར་ཡིག་གཟུགས་འབྲི་སྟངས་ཐོག་ཡར་རྒྱས་ཁ་བཤད་ཙམ་མ་ཡིན་པའི་གྲུབ་འབྲས་ཆེན་པོ་བྱུང་ཡོད་འདུག སློབ་ཚན་གྱི་བརྒྱུད་ལམ་བོད་རང་གི་སྐད་ཡིག་ཡིན་པར་བརྟེན་སློབ་མ་རྣམས་ཀྱིས་སློབ་ཚན་ཤེས་སླ་བ་དང་ཡི་གེ་འབྲི་ཀློག་དང་སྒྲ་གདངས་གཉིས་ཆ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་འདུག མ་ཟད་ཞེད་སྣང་དང་འཚེར་སྣང་མེད་པར་རང་ཉིད་ཀྱི་བསམ་དོན་ཇི་བཞིན་སྤོབས་པ་ཆེན་པོས་བཤད་ཐུབ་ཀྱི་ཡོད་ལ་འདུག་ལ། རྒྱུན་ལྡན་དུ་སྤྲོ་སྣང་ལྡན་པའི་ངང་ནས་ཤེས་ཡོན་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་པའི་གོམས་གཤིས་བཟང་པོ་འཕེལ་བཞིན་པ་བཅས་ཀྱི་གྲུབ་འབྲས་ལེགས་པོ་ཐོན་ཐུབ་ཡོད་སྐོར་གྱི་ངོ་སྤྲོད་བྱས་བྱུང༌།
    ༣༽ སྤོན་ཊ་སམ་བྷོཊའི་གཏན་སློབ། སྤོན་ཊ་སམ་བྷོཊའི་གཏན་སློབ་ནི། ཕྱི་ལོ་ ༡༩༦༨ ལོར་གསར་འཛུགས་གནང་ཞིང༌། ཕྱི་ལོ་ ༡༩༩༤ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་དང༌། ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༧ ཉིན་སྤོན་ཊ་སམ་བྷོཊ་སློབ་གྲྭར་ངོ་བསྐྱོད་ཀྱིས་སློབ་གྲྭ་དེའི་གནས་སྟངས་གང་མང་ཞིག་ལ་རྒྱུས་ལོན་བྱས། སློབ་གྲྭ་འདིར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་བཞིན་པའི་འཛིན་གྲྭ་ལྔ་པ་མན་འདབས་ཀྱི་འཛིན་ཁང་སློབ་གྲྭ་ཨ་མའི་མདུན་ངོས་ཀྱི་ཟུར་བ་ཞིག་ཏུ་ཚུགས་འདུག སྒྲིག་ཆས་ཡོད་མེད་ཙམ་མ་གཏོགས་འཛིན་གྲྭ་ཚོགས་སྟངས་སོགས་སྤྱི་ཡོངས་ཀྱི་ཆ་ནས་དཔེ་སྟོན་སློབ་གྲྭ་དང་འདྲ་མཚུངས་སུ་འདུག་པར་མ་ཟད། ཕྱིའི་མཐུན་རྐྱེན་གྱི་གནས་སྟངས་ལ་མ་ལྟོས་པར་སློབ་ཕྲུག་རྣམས་བག་མི་འཁུམས་པར་སྤོབས་པ་དང་ལྡན་པ་ཞིག་དང༌། རང་དབང་དང་སྤྲོ་སྣང༌། སྤྱང་གྲུང་ལྡན་པ་ཤ་སྟག་ཏུ་སྣང་བས་སྤྲོ་བ་ཁོང་ནས་འཕེལ་བའི་གཞི་མར་གྱུར་པ་ཞིག་འདུག འཛིན་སྐྱོང་དང་དགེ་རྒན་མཉམ་འབྲེལ་གྱིས་ཁ་ཞེ་མེད་པར་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལག་བསྟར་ཡོང་བར་འབད་བརྩོན་བྱས་ན། སློབ་ཕྲུག་གི་ངོས་ནས་འདབ་གཤོག་གཉིས་ལྡན་གྱི་བོད་མི་མཚན་ཉིད་པ་ཞིག་འབྱུང་ཐུབ་པའི་གཞི་རྩ་ཤིན་ཏུ་ལེགས་པའི་མཐོང་ཚུལ་གསལ་པོ་བྱུང༌། སློབ་ཕྲུག་ཚོའི་ཀློག་རྩལ་དང༌། དག་ཆ། འབྲི་རྩལ། ཡིག་གཟུགས་ཀྱི་མཛེས་ཁྱད་བཅས་ལ་རྒྱུས་ལོན་བྱས་པར། སྤྱི་ཡོངས་ཀྱི་ཆ་ནས་དཔེ་སྟོན་སློབ་གྲྭ་ལས་ཅུང་ཚད་གཞི་དམའ་བ་དངོས་ཡོད་གནས་ཚུལ་ཡིན་འདུག་ཀྱང༌། སློབ་ཕྲུག་འགའ་ཤས་ཀྱི་འབྲི་དེབ་ལ་ལྟ་ཞིབ་བྱེད་པའི་སྐབས་ལོ་ནའི་ཚོད་ཀྱིས་དག་ཆ་དང་ཡིག་གཟུགས་གཉིས་ཆ་མི་དམན་པ་འདུག་ལ། ཁོང་ཚོར་གླེང་མོ་བྱེད་པའི་སྐབས་ཀྱང་བོད་སྐད་ལ་གཞན་སྐད་ཀྱི་བསྲེས་ལྷད་མེད་པ་གཙང་མ་ཞིག་བཤད་ཀྱི་འདུག དགེ་སློབ་ཀྱི་འབྲེལ་བའི་གནས་སྟངས་ཐད་ནས་དཔེ་སྟོན་སློབ་གྲྭ་དང་འདྲ་བར་བུ་ཕྲུག་ཚོར་དགེ་རྒན་ལ་གཏན་ནས་འཇིགས་སྣང་མེད་པར་དྲི་བ་དང་བསམ་ཚུལ་ཡོངས་རྫོགས་ཁ་གསལ་པོས་བཤད་ཐུབ་པའི་དགེ་མཚན་ཞིག་འདུག འོན་ཀྱང་འཛིན་གྲྭའི་སྒྲིག་འཛུགས་ཀྱི་ཆ་ནས་དགེ་རྒན་ཚོས་སློབ་མ་རྣམས་འཆུན་གྱི་མེད་པའི་སྣང་ཚུལ་ཞིག་བྱུང༌།
    དེ་གའི་འགན་འཛིན་ལས་ཚབ་བློ་བཟང་ཆོས་སྒྲོན་ལགས་དང༌། འཛིན་གྲྭ་གསུམ་པའི་དགེ་རྒན་འཕན་པོ་བློ་བཟང་བསྟན་པ་ལགས། དགེ་རྒན་བྱམས་པ་ལྷ་མོ་ལགས། འཛིན་གྲྭ་དྲུག་པའི་བོད་དགེ་ཟླ་བ་ཚེ་རིང་ལགས་སོགས་ལ་རིམ་པས་གླེང་མོ་བྱས་པ་བརྒྱུད་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་རྗེས་འབྲས་ལ་རྒྱུས་ལོན་བྱེད་པའི་སྐབས། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་རྗེས་སུ་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གི་གནས་ཚད་སྔ་དང་མ་འདྲ་བར་ཡར་བསྐྱེད་ཡོང་ཡོད་པ་དགེ་རྒན་རྣམས་ལྟ་ཚུལ་གཅིག་མཚུངས་སུ་འདུག་པར་མ་ཟད། འཛིན་གྲྭ་དྲུག་པའི་སྤྱི་ཚོགས་ཚན་རིག་དང་ས་ཁམས་ལོ་རྒྱུས་ཀྱི་དགེ་རྒན་བུད་མེད་ཅིག་འདུག་པ་ལ། སློབ་ཕྲུག་ཚོ་འཛིན་གྲྭ་དྲུག་པར་སླེབས་ནས་སློབ་ཚན་མཐའ་དག་དབྱིན་ཇིའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་པའི་སྐབས་དབྱིན་ཇིའི་སྐད་ཡིག་སྦྱོང་འཕྱིས་སྐྱོན་གྱིས་དཀའ་ངལ་འཕར་མ་ཡོང་གི་ཡོད་མེད་སྐད་ཆ་དྲིས་པར། མོས་མོ་རང་གི་ཉམས་མྱོང་ཐོག་ནས་སློབ་ཕྲུག་ཚོ་འཛིན་གྲྭ་དྲུག་པར་སླེབས་མ་ཐག་ཅུང་དཀའ་ངལ་འཕྲད་ཀྱི་འདུག འོན་ཀྱང་ཁོང་ཚོ་གཞན་དག་དང་མ་འདྲ་བར་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཅུང་བརྟན་པོ་ཡོད་པ་ཡིན་དུས་ཟླ་བ་གཅིག་གཉིས་ཙམ་གྱི་རྗེས་ནས་དཀའ་ངལ་འཕར་མ་གང་ཡང་མེད་པར་རྒྱུན་ལྡན་དུ་ཆགས་འགྲོ་གི་འདུག་ཅེས་ངོ་སྤྲོད་གནང༌།
    ༤༽ སྒང་ཏོག་ཐོན་མི་སམ་བྷོཊ་བོད་གཞུང་སློབ་གྲྭ་ནི། ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་གནང༌། ཕྱི་ལོ་ ༡༩༩༡ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་མཛད། ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ཉིན་སྒང་ཏོག་ཐོན་མི་སམ་བྷོཊ་བོད་གཞུང་སློབ་གྲྭར་ངོ་བསྐྱོད་བྱེད་སྐབས། སློབ་གྲྭའི་གུང་སང་དང་སྟབས་འཁེལ་བས་སློབ་གྲྭའི་ནང་མཐའ་མཚམས་ཀྱི་སློབ་མ་རེ་ཟུང་ལས་སློབ་མ་བྱིངས་ཕལ་ཆེ་མི་འདུག སློབ་གྲྭའི་མདུན་ཐང་དུ་མཐའ་མཚམས་ཀྱི་བུ་ཕྲུག་གསུམ་བཞི་ཞིག་འདུག་པར། ལུང་པ་གང་ནས་ཡིན་མིན་དང༌། སློབ་ཚན་གང་ལ་དགའ་མོས་ཡོད་མེད། འཛིན་གྲྭ་དང་ལོ་ཚོད་བཅས་ཀྱི་སྐོར་སྐད་ཆ་དྲིས་པར། ལོ་ཤས་གོང་དུ་བལ་བོའི་རོང་སྐད་སྨྲ་མཁན་ཞིག་ནས་ད་ལྟ་བོད་སྐད་སྨྲ་མཁན་ཞིག་ཏུ་གྱུར་པའི་གནས་བབ་ཀྱི་ཐོག་ནས་བསམས་ན་བོད་སྐད་གཙང་མ་བཤད་ཀྱི་འདུག་ལ། སྒྲ་གདངས་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་དག་པོ་བཤད་ཀྱི་འདུག སློབ་གྲྭ་འདིར་སློབ་ཕྲུག་གྲངས་བསྡོམས་པའི་ ༡༥༧ ཡོད་འདུག་ཅིང༌། དེ་དག་ལས་སློབ་ཕྲུག་བརྒྱ་ཆ་ ༦༠ ལྷག་ཅིག་འབྲས་ལྗོངས་ཀྱི་ཉེ་འཁོར་ནས་ཡིན་པ་དང༌། གཞན་དག་རྣམས་མོན་ཏཱ་ཝང་དང༌། བལ་ཡུལ་ས་ཁོངས་ཀྱི་གཡོང་མ་དང་ཝ་ལུང༌། རྡོ་རྗེ་གླིང་དང་འབྲུག་སོགས་ནས་སློབ་འཇུག་བྱས་པ་ཡིན་འདུག འཛིན་ཁང་དང་ལས་ཤག་བརྩེགས་ཐོག་བཞི་ལྔ་ཅན་སྟེང་འོག་གཉིས་བྱས་ནས་ཅུང་བརྗིད་ཉམས་ལྡན་པ་ཞིག་འདུག་ཀྱང༌། མདུན་ངོས་བརྟན་པོ་མེད་པར་ས་སྣུར་རྒྱབ་བཞིན་པར་བརྟེན་ཆར་དུས་དང་ས་ཡོམ་ལྟ་བུའི་སྐབས་ཉེན་ཁ་འབྱུང་སླ་བ་ཞིག་འདུག
    ཁོ་བོས་དེ་གའི་འགན་འཛིན་སྐལ་བཟང་ཟླ་བ་སོགས་ལ་གནད་དོན་སྣ་ཚོགས་ཐོག་དྲི་བ་བྱེད་པ་དང༌། དེ་གའི་གནས་སྟངས་དངོས་ལ་གང་ཐུབ་ཀྱིས་རྟོག་ཞིབ་བྱས་པའི་བརྒྱུད་རིམ་ལས་ཤེས་རྟོགས་བྱུང་བ་ནི། དགེ་རྒན་མང་ཆེ་བར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཐོག་མར་ལག་བསྟར་བྱེད་པའི་སྐབས། མ་གོམས་པ་དང་གནས་སྟངས་འགའ་ཤས་ཐོག་རྒྱུས་ལོན་མེད་པའི་དབང་གིས་དཀའ་ངལ་བྱུང་འདུག་ཀྱང༌། ལོ་བཞི་ཙམ་རིང་ཉམས་མྱོང་བསགས་པའི་ད་ལྟར་སློབ་གྲྭའི་ལས་དོན་རྣམས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པར་ལག་བསྟར་བྱ་བར་དེ་ཙམ་དཀའ་ངལ་ཡོང་གི་མི་འདུག་པ་དང༌། སློབ་མ་ཚོ་ལ་ཡང་དེ་སྔ་དང་མ་འདྲ་བའི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པའི་ངོས་འཛིན་གནང་གི་འདུག འོན་ཀྱང་ད་དུང་ཡང་དཀའ་ངལ་ཡོད་མཁན་རེ་ཟུང་འདུག་པ་ཁོང་ཚོའི་གནས་སྟངས་ལ་རྒྱུས་ལོན་བྱེད་པའི་སྐབས་འདི་དག་འཕྲལ་སེལ་གྱི་དགེ་རྒན་དང༌། ཤེས་ཡོན་སྲིད་བྱུས་གསར་པའི་འོས་སྦྱོང་དང་ཟབ་སྦྱོང་གང་ཡང་མ་ཐོབ་པ་རེ་ཡིན་འདུག
    ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པ་ལ་བརྟེན་ནས་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་གི་གྲུབ་འབྲས་ལ་སྔར་དང་མ་འདྲ་བའི་ཁྱད་པར་ཡོང་གི་ཡོད་མེད་རྒྱུས་ལོན་བྱེད་པའི་སྐབས། དེ་གའི་འགན་འཛིན་སྐལ་བཟང་ཟླ་བ་ལགས་ཀྱིས། ངས་སྔོན་མ་དབྱིན་ཇིའི་ལམ་སྲོལ་གྱི་ཤེས་ཡོན་སྲིད་བྱུས་ཐོག་ནས་སློབ་སྦྱོང་བྱས་པ་ཡིན། དེ་དང་བསྡུར་ན་ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་ལ་ཕྱོགས་ཡོངས་ནས་མ་འདྲ་བའི་ཁྱད་པར་ཆེན་པོ་འདུག སྲིད་བྱུས་འདི་ལག་བསྟར་བྱས་ནས་ལོ་བཞི་ལྔ་ཞིག་མ་གཏོགས་སོང་མེད་ཀྱང༌། སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གི་གནས་ཚད་ལ་ཡར་བསྐྱེད་ཆེན་པོ་ཡོང་ཡོད་པར་མ་ཟད། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་ཐོག་ནས་ཀྱང་སྔར་དང་མ་འདྲ་བའི་གྲུབ་འབྲས་ཆེན་པོ་ཐོན་ཐུབ་ཡོད། དཔེར་ན། འཛིན་གྲྭ་གསུམ་པ་དང་བཞི་པའི་སློབ་ཕྲུག་ཚོར་བོད་ཀྱི་དུས་བབ་དང་བང་ཆེན་གྱིས་མཚོན་པའི་བོད་ཡིག་ཐོག་གི་གསར་ཤོག་ཁག་དང༌། སྒྲུང་དེབ་ཁག་གང་འདྲ་ཞིག་ཀློག་དགོས་ཀྱང་དཀའ་ངལ་གཏན་ནས་ཡོང་གི་མི་འདུག་ལ། འཛིན་གྲྭ་བཞི་པར་དབྱིན་ཇིའི་སྐད་ཡིག་ a b c d ནས་འགོ་བཟུང་སྟེ་སྦྱོང་གི་ཡོད། འཛིན་གྲྭ་བཞི་པའི་དུས་ཚིགས་དང་པོའི་ནང་སློབ་ཕྲུག་མང་ཆེ་བ་དབྱིན་ཇིའི་ཐོག་ནས་གང་ལ་གང་འཚམས་ཤིག་འབྲི་ཐུབ་མཁན་དང༌། དུས་ཚིགས་གཉིས་པ་ནས་དབྱིན་ཇི་ཀློག་ནས་གོ་དོན་གང་འཚམས་གོ་ལོན་ཐུབ་མཁན་ཞིག་ཏུ་ཆགས་ཡོང་གི་འདུག དུས་ཚིགས་མཐའ་མ་སྟེ་འཛིན་གྲྭ་བཞི་པའི་ལོ་གཅིག་གི་དུས་ཚོད་རྫོགས་མཚམས། མ་མཐའ་ཡང་གཞན་དག་སྔོན་འགྲོ་དང་པོ་ནས་དབྱིན་ཇིའི་སྐད་ཡིག་སྦྱངས་ཡོང་བའི་འཛིན་གྲྭ་གསུམ་པའི་གནས་ཚད་ལོན་ཐུབ་ཀྱི་འདུག འཛིན་གྲྭ་ལྔ་པའི་ལོ་དཀྱིལ་དང་ལོ་མཇུག་ཏུ་ཐོན་སྐབས་གཞན་དག་གི་འཛིན་གྲྭ་དྲུག་པའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ལས་མཐོ་བ་མིན་ན་ཡང་སྐྱོ་བ་གཏན་ནས་མིན་པ་ཆགས་ཐུབ་ཀྱི་འདུག རེ་ཟུང་ལ་དཀའ་ངལ་འཕྲད་ཀྱི་འདུག་ཀྱང༌། དེ་ནི་བརྒྱ་ཆ་ནང་གི་ཤིན་ཏུ་ཉུང་ཉུང་ཡིན་ཞེས་ངོ་སྤྲོད་གནང༌།
    འཛིན་གྲྭ་དྲུག་པ་ནས་ཚན་རིག་དང་ཨང་རྩིས་སོགས་ཀྱི་སློབ་ཚན་དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སློབ་ཀྱི་ཡོད་སྟབས་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡོང་གི་ཡོད་མེད་རྒྱུས་ལོན་བྱས་པར། འཛིན་གྲྭ་དྲུག་པར་གློ་བུར་སློབ་ཚན་གྱི་བརྒྱུད་ལམ་སྐད་ཡིག་བརྗེད་པོ་བྱས་ཡོང་བའི་སྐབས་ཅུང་དཀའ་ངལ་འཕྲད་ཀྱི་འདུག་པས། ཉེ་ལམ་ནས་སམ་བྷོཊ་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ད་ལྟའི་སྐབས་སུ་སམ་བྷོཊའི་ཁྱབ་ཁོངས་ཀྱི་འཛིན་གྲྭ་ལྔ་པ་མན་འདབས་སུ་ཨང་རྩིས་དང་ཚན་རིག་སོགས་ཀྱི་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སྦྱོང་དགོས་ཀྱི་ཡོད་ན་ཡང༌། དབྱིན་ཇིའི་སྐད་ཡིག་ཐོག་ཚན་རིག་དང་ཨང་རྩིས་ཀྱི་བརྡ་ཆད་བརྟན་ཆགས་པའི་རིགས་རྣམས་ཚིག་གསར་གྱི་ཚུལ་དུ་བསླབ་དགོས་པའི་ལམ་སྟོན་ཞིག་གནང་འདུག འདི་ནི་དཔེར་ན། སྡོམ་རྩིས་དང་འཐེན་རྩིས་ལྟ་བུ་ཡིན་ན་དེ་དག་གི་བརྡ་ཆད་དབྱིན་ཇིའི་སྐད་ཡིག་ཐོག་ནས་འདི་དང་འདི་ཟེར་གྱི་ཡོད་ཅེས་སྐད་གཉིས་ཁ་སྦྱར་ནས་བསླབ་དགོས་ཀྱི་ཡོད་པ་ཡིན། དཀའ་ངལ་ཆེ་ཤོས་དེ་འཛིན་གྲྭ་དྲུག་པའི་སྐབས་སུ་འཕྲད་ཀྱི་ཡོད་འདུག ཨང་རྩིས་དང་ཚན་རིག་གི་དགེ་རྒན་ཡོངས་རྫོགས་བོད་པ་རང་གིས་བྱེད་ནུས་ན་དེ་ཙམ་དཀའ་ངལ་འཕྲད་དགོས་པའི་རྒྱུ་མཚན་མེད་ཀྱང༌། འཛིན་གྲྭ་དྲུག་པ་ཡན་ལ་ཨང་རྩིས་དང་ཚན་རིག་གི་དགེ་རྒན་མང་ཆེ་བ་རྒྱ་གར་པས་བྱེད་ཀྱི་ཡོད་ཅིང༌། ཁོང་ཚོས་སློབ་ཚན་གྱི་བརྡ་ཆད་ཡོངས་རྫོགས་དབྱིན་ཇིའི་སྐད་ཡིག་ཁོ་ནའི་ཐོག་ནས་བསླབ་པ་མ་གཏོགས་བོད་སྐད་ཀྱི་ཐོག་ནས་གོ་བ་སྣོན་མ་སྤྲོད་ཐུབ་ཀྱི་མེད་སྟབས། འཛིན་གྲྭ་དྲུག་པའི་སྐབས་སུ་སློབ་ཕྲུག་ཚོར་ཕྲན་བུ་དཀའ་ངལ་འཕྲད་ཀྱི་ཡོད་འདུག འོན་ཀྱང་དཀའ་ངལ་འདི་སློབ་མའི་ཤེས་ཡོན་ལ་གནོད་སྐྱོན་ཐེབས་པའི་ཚབས་ཆེན་པོ་དེ་འདྲ་གང་ཡང་མིན་པར། འཛིན་གྲྭ་དྲུག་པའི་དུས་ཚིགས་དང་པོའི་སྐབས་སློབ་ཕྲུག་མང་ཆེ་བར་སྐད་ཡིག་ཐོག་ནས་ཇི་བཞིན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཞིག་འབྱུང་ཡང༌། དུས་ཚིགས་གཉིས་པ་ནས་གོ་བརྡ་མ་འཕྲོད་པའི་དཀའ་ངལ་རང་བཞིན་གྱིས་སེལ་ནས་རྒྱུན་ལྡན་ལྟར་ཆགས་འགྲོ་གི་ཡོད་འདུག
    ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་བྱས་ན་ཚད་མ་རིག་པའི་རྣམ་གཞག་གཞི་རིམ་གོང་མ་བར་རྩལ་དུ་བཏོན་ཏེ་བསླབ་རྒྱུ་དང༌། སློབ་དེབ་བྱེ་བྲག་པ་ཞིག་གཙིགས་འཛིན་མི་བྱེད་པ་གལ་ཆེན་པོར་ངོས་འཛིན་གནང་ཡོད་པ་ལྟར་དངོས་ཡོད་ལག་ལེན་ཐོག་དེ་ལྟར་བྱེད་ཀྱི་ཡོད་མེད་དང༌། དེ་ལ་གྲུབ་འབྲས་གང་འདྲ་འབྱུང་གི་ཡོད་མེད་རྒྱུས་ལོན་བྱས་པར། རིགས་ལམ་ཤུགས་ཆེན་པོ་བསླབ་དགོས་པའི་ལམ་སྟོན་ཡོད་པ་ལྟར་སྒང་ཏོག་སམ་བྷོཊ་སློབ་གྲྭ་འདིར་ཡང་གང་ཐུབ་ཀྱིས་ལག་བསྟར་བྱས་ཏེ་སློབ་ཚན་ནང་ཚད་མ་རིག་པ་སློབ་ཀྱི་འདུག་ལ། དངོས་ཡོད་གནས་ཚུལ་ལ་སློབ་ཕྲུག་ཚོར་རང་ངོས་ནས་བསམ་བློ་གཏོང་ཐུབ་པ་དང༌། ཡིན་མིན་གྱི་རྟོག་དཔྱོད་བྱེད་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་འདུག
    ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་བྱས་ན། གཞི་རིམ་འོག་མ་ཚོར་སྦྱོང་གཞིའི་སློབ་དེབ་དམིགས་བསལ་གཏན་འབེབས་བྱས་པ་དེ་འདྲ་མེད། དཔེར་ན༑ འཛིན་གྲྭ་བཞི་པ་ལྟ་བུར་སྤྱི་ཚོགས་ཚན་རིག་གི་གནས་ཚད་འདི་འདྲ་ཞིག་ཏུ་ཞོགས་ཐུབ་དགོས་ཀྱི་ཡོད་ཅེས་སློབ་ཚན་གྱི་སྒྲོམ་གཞི་ཞིག་སྤྲད་ཡོད་པ་དེའི་ཐོག་ནས་དགེ་རྒན་ཚོས་བྱེད་ཐབས་སྣ་ཚོགས་བཙལ་ནས་སློབ་མ་ཚོ་ལ་ཤེས་ཡོན་གྱི་སྒྲོམ་གཞི་དེ་ཞོགས་ཐབས་བྱ་དགོས་ཀྱི་ཡོད། ཇི་ལྟར་བསླབ་མིན་དགེ་རྒན་གྱི་རང་དབང་ཡིན་ཀྱང་གྲ་སྒྲིག་མང་པོ་བྱེད་དགོས་ཀྱི་ཡོད་སྟབས་དགེ་རྒན་ཚོར་ལས་ཀ་འཕར་མ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་འདུག་ཀྱང༌། སློབ་ཐབས་འདི་སློབ་ཕྲུག་ཚོའི་གོ་རྟོགས་དང་ཤེས་རྒྱ་ཆེན་པོ་ཡོང་བར་ཕན་ཐོགས་ངེས་ཅན་འབྱུང་བར་མ་ཟད། དགེ་རྒན་ཚོའི་ཤེས་ཡོན་ཡར་རྒྱས་དང་སློབ་སྦྱོང་གི་གཤིས་ཀ་བརླག་མི་འགྲོ་བར་ཕན་ཐོགས་ཡོང་གི་ཡོད་པ་དགེ་ལས་མང་པོ་ཞིག་གིས་གཅིག་གྱུར་གྱིས་ངོས་འཛིན་བྱེད་ཀྱི་འདུག ཤེས་ཡོན་སློབ་སྤེལ་གྱི་ལས་རིམ་ནང་དགེ་རྒན་ཚོ་ཤེས་ཡོན་སློབ་སྦྱོང་དང་མ་ཁ་བྲལ་བ་ཤིན་ཏུ་གལ་གནད་དུ་གྱུར་པ་སྨོས་མ་དགོས།
    འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། སློབ་དེབ་བྱེ་བྲག་པ་ཞིག་གཙིགས་འཛིན་མི་བྱེད་པའི་དགོས་དོན། དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སྐབས་སློབ་དེབ་ལག་མཐིལ་ཙམ་ལ་གཞི་བཅོལ་ནས་དེའི་ཚིག་རིས་རྐྱང་པ་ཁ་ལབ་བྱེད་པ་དང༌། དགེ་རྒན་གྱིས་སློབ་མའི་གནས་བབ་དང་བསྟུན་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་མི་ནུས་པར་སློབ་དེབ་ཀྱི་གཞན་དབང་དུ་ཤོར་བ། སློབ་མ་ལ་ཤེས་ཡོན་དེའི་གནས་ཚད་ཞོགས་ཡོད་མེད་གནད་འགག་ཏུ་མི་འཛིན་པར། སློབ་དེབ་རྫོགས་མིན་གནད་འགག་ཏུ་འཛིན་པ་བཅས་དེ་སྔའི་ནོར་འཁྲུལ་ཅན་གྱི་སློབ་སྦྱོང་ལམ་སྲོལ་བསྐྱར་ཟློས་ཀྱིས་མི་འབྱུང་བའི་ཆེད་དུ་ཡིན་པ་མ་གཏོགས། དགེ་རྒན་གྱིས་སློབ་དེབ་གཏན་ནས་བེད་སྤྱོད་མི་ཆོག་པ་མ་ཡིན་པ་ཡང་ཤེས་དགོས།
    དེ་སྔའི་ཤེས་ཡོན་ལམ་སྲོལ་དང་མ་འདྲ་བའི་ཁྱད་པར་གཞན་ཞིག་ནི། སློབ་གྲྭ་འདི་དག་ཏུ་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་དང་མཐུན་པར་སློབ་ཕྲུག་ཚོར་བསམ་བློ་གཏོང་རྒྱུའི་གོ་སྐབས་གང་མང་སྤྲོད་ཐབས་བྱེད་ཀྱི་འདུག དཔེར་ན། དགེ་རྒན་གྱིས་སློབ་ཕྲུག་ཅིག་ལ་དྲི་བ་འདྲི་བའི་སྐབས། སློབ་ཕྲུག་གིས་དྲིས་ལན་མ་ཐེབས་ཀྱང་ཁོ་རང་ལ་བསམ་བློ་གཏོང་འཇུག་པ་ལས་དེ་མ་ཐག་དགེ་རྒན་གྱིས་དྲིས་ལན་མི་བཤད། སྔ་མོ་སློབ་གྲྭ་ཕལ་མོ་ཆེར་དྲི་བ་དགེ་རྒན་གྱིས་དྲིས་པ་རེད་ལ། ལན་ཡང་དགེ་རྒན་ཁོ་རང་གིས་སྤྲོད་ཀྱི་ཡོད། སློབ་ཚན་གང་འདྲ་ཞིག་སློབ་ཁྲིད་བྱས་ཀྱང་དགེ་རྒན་གྱིས་འགྲེལ་བཤད་བརྒྱབས། དགེ་རྒན་གྱིས་དྲི་བ་དྲིས། དགེ་རྒན་གྱིས་དྲིས་ལན་བརྒྱབས། སློབ་ཕྲུག་གིས་དེ་དག་ཡོངས་རྫོགས་ཕབ་བཤུས་དང་ངག་སྐྱོར་བྱས་ནས་མཐའ་མ་རྒྱུགས་ཀྱི་དྲིས་ལན་ཡང་དགེ་རྒན་གྱི་དྲིས་ལན་ཚིག་རིས་ལྟར་འབྲི་དགོས། སྔོན་མ་འཛིན་གྲྭ་གཅིག་ལ་བུ་ཕྲུག་ཉི་ཤུ་ཡོད་ན་སློབ་མ་ཡོངས་རྫོགས་བསམ་བློ་གཅིག་ཡིན་མི་སྲིད་ཀྱང༌། དེ་དག་ཐུན་མོང་ལ་དྲི་བ་གཅིག་དྲིས་ཚེ་དྲིས་ལན་འདྲ་བོ་གཅིག་མ་གཏོགས་ཐོན་ཐུབ་ཀྱི་མེད། བྱེད་ཐབས་འདི་ཤེས་ཡོན་སྲིད་བྱུས་གསར་པའི་ངོས་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད།
    ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་སྐད་ཡིག་ལྟ་བུ་ཡིན་ན་བརྡ་སྤྲོད་ཀྱི་སྤྱིའི་ཁོག་གཞུང་དགེ་རྒན་གྱིས་སློབ་ཁྲིད་གནང་གི་ཡོད་པ་ལས། སྒྲུང་དེབ་ལྟ་བུ་སློབ་ཚན་གཞན་དག་དང་པོ་སློབ་ཕྲུག་རང་ཉིད་ལ་ཀློག་བཅུག དེ་ནས་ནང་དོན་ལ་བསམ་བློ་བཏང་བཅུག དེ་ནས་སློབ་ཕྲུག་གིས་མི་ཤེས་པའི་རིགས་དྲི་བ་འདྲི་བའི་རིམ་པ་ཞིག་གི་ཐོག་ནས་འགྲོ་གི་ཡོད། རིམ་པ་འདིའི་ཐོག་ནས་ཤེས་པ་ནི་སློབ་ཕྲུག་རང་ངོས་ནས་བསམ་བློ་བཏང་སྟེ་འགན་བླངས་པའི་ཐོག་ནས་ཤེས་པ་ཡིན་པས། གང་ཤེས་པ་ཡོངས་རྫོགས་ཚིག་ཙམ་མ་ཡིན་པར་ནང་དོན་དང་བཅས་པ་སློབ་ཕྲུག་རང་གི་ཤེས་ཡོན་དངོས་གནས་པར་འགྱུར་བཞིན་ཡོད།
    སློབ་གྲྭ་འདིར་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་སློབ་ཕྲུག་ལ་ཉེས་རྡུང་དང་འཇིགས་སྐུལ་གཏན་ནས་བྱེད་ཀྱི་མེད་ཚོད་འདུག སློབ་ཕྲུག་ཅིག་གིས་ནོར་འཁྲུལ་དང་སྒྲིག་འགལ་གྱི་བྱ་བ་ཞིག་བྱས་ཚེ། ཉེས་རྡུང་གཏོང་རྒྱུའི་ཚབ་ཏུ་སློབ་ཕྲུག་དེ་ཟུར་བཀར་གྱིས་ཁོ་རང་གིས་ནོར་འཁྲུལ་དང་སྒྲིག་འགལ་ཅི་བྱས་ངོ་སྤྲད། ནོར་འཁྲུལ་དེ་ལ་བརྟེན་པའི་གྱོང་གུད་མཐར་གཏུགས་ན་ནོར་འཁྲུལ་དང་སྒྲིག་འགལ་བྱེད་མཁན་རང་སྟེང་དུ་འབབ་རྒྱུ་ཡིན་པའི་གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་ཞིབ་བཤད་ཐེངས་མ་འགའ་བྱས་ན། རིམ་པས་བུ་ཕྲུག་དེ་རིགས་ནོར་འཁྲུལ་མི་བྱེད་མཁན་ཞིག་ཏུ་འགྱུར་གྱི་ཡོད་པར་མ་ཟད། ནོར་འཁྲུལ་རེ་ཤོར་བའི་དབང་དུ་བྱས་ཀྱང་རང་འགུལ་གྱིས་ཉེས་པ་ཁས་ལེན་བྱས་ཏེ་སླར་ཡང་ནོར་འཁྲུལ་མི་བྱེད་པའི་དམ་བཅའ་འབུལ་བའི་མི་ཚད་ལྡན་ཞིག་ཏུ་འགྱུར་ཐུབ། དེར་བརྟེན་སློབ་ཕྲུག་སུ་འདྲ་ཞིག་ཡིན་རུང་ཆུང་དུས་ནས་བཙན་གཅུན་མི་བྱེད་པར་རྒྱུ་མཚན་གྱི་ཐོག་ནས་དགེ་སྐྱོན་ལ་བསམ་བློ་གཏོང་རྒྱུའི་གོམས་གཤིས་འཇགས་སུ་བཅུག་ན། ཆེར་སྐྱེས་ནས་སྤྱི་སྒེར་གྱི་ལས་དོན་གང་འདྲ་ཞིག་ཐག་གཅོད་བྱེད་དགོས་བྱུང་ཡང༌། གཞན་གྱི་ངོ་སྲུང་དང་རེ་དོགས་ལ་མི་བརྟེན་པར་བདེན་པ་དང་གནས་ལུགས་གཞི་ལ་བཞག་པའི་ཐོག་ནས་ཐག་གཅོད་བྱེད་ཐུབ་པའི་རང་གཤིས་བཅོས་མིན་ཞིག་འབྱུང་ཐུབ།
    འགན་འཛིན་སྐལ་བཟང་ཟླ་བ་ལགས་ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པར། ཁོང་གིས་སྔོན་མ་ང་ཚོ་སློབ་གྲྭར་འགྲོ་བའི་སྐབས་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་བར་དུ་བཙན་ཤེད་དང་འཇིགས་སྣང་གི་འོག་ནས་སློབ་སྦྱོང་བྱེད་བཅུག་པ་མ་གཏོགས། རང་དབང་དང་སྤྲོ་སྣང་གི་ཐོག་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་གཏན་ནས་མ་བྱུང༌། དུས་སྐབས་དེར་ང་ང་ཚོའི་སློབ་གྲྭའི་ནང་གི་སློབ་སྦྱོང་བཟང་ཤོས་ཀྱི་གྲས་ཡིན་པའི་ཁུལ་ཡིན་ཡང༌། དེང་སང་བསམ་བློ་བཏང་ན་སྐབས་དེར་སྦྱངས་པ་ཡོངས་རྫོགས་བསམ་བློའི་གཏིང་ལ་གཏན་ནས་འཇགས་མི་འདུག གལ་སྲིད་སློབ་གྲྭ་ཐོན་མ་ཐག་ང་ཤེས་ཡོན་དང་མ་འབྲེལ་བའི་ལས་ཀ་ཞིག་གི་ཐོག་ལ་སོང་ཡོད་ན། སྔོན་མ་སློབ་གྲྭའི་ནང་སྦྱངས་པའི་སློབ་སྦྱོང་ཤུལ་དུ་གཏན་ནས་ལྷག་མི་འདུག་ཅེས་ངོ་སྤྲོད་གནང༌།
    ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་རྗེས་སུ་བུ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་གནས་སྟངས་ཐད་དེ་གའི་འབྲེལ་ཡོད་ཕ་མ་ཚོར་འདོད་པ་ཁེངས་པ་ཞིག་ཡོང་གི་ཡོད་མེད་རྒྱུས་ལོན་བྱས་པར། སྤྱིར་བཏང་བོད་པའི་ཕ་མ་གཞན་དག་མང་པོ་དང་འདྲ་བར་ས་ཁུལ་འདིར་ཡང་ཕ་མ་མང་པོ་ཞིག་གིས་བུ་ཕྲུག་སློབ་གྲྭར་འཇུག་ཐབས་བྱས་པ་ཙམ་མ་གཏོགས། དེའི་ཕན་ཆོད་ནས་བུ་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་ཐོག་དགོས་ངེས་ཀྱི་འགན་ལེན་བྱེད་ཀྱི་མི་འདུག སློབ་སྦྱོང་ཡོད་མཁན་རང་གི་ཕྲུག་གི་ཤེས་ཡོན་དང་ཀུན་སྤྱོད་ཐོག་འགན་ལེན་པའི་ཕ་མ་ཕལ་མོ་ཆེས་བུ་ཕྲུག་བོད་ཀྱི་སྐད་ཡིག་གི་གནས་ཚད་ཡག་པོར་ཆགས་འདུག་ཅེས་གཅིག་གྱུར་གྱིས་བཤད་ཀྱི་ཡོད་འདུག་ཀྱང༌། འཛིན་གྲྭ་གཉིས་པ་དང་གསུམ་པའི་བུ་ཕྲུག་གི་ཕ་མ་འགའ་ཤས་ཀྱིས་དབྱིན་ཇིའི་སྐད་ཡིག་སློབ་ཀྱི་མེད་སྟབས། བུ་ཕྲུག་གིས་སྔོན་མ་ a b c d ཙམ་ཤེས་ཀྱི་ཡོད་པ་དེ་ཡང་བརྗེད་འདུག་ཅེས་ཅུང་བློ་ཚབས་ཀྱི་རྣམ་འགྱུར་སྟོན་མཁན་དང༌།  འཛིན་གྲྭ་བཞི་པ་ལྔ་པའི་སློབ་ཕྲུག་གི་ཕ་མ་མང་ཆེ་བས་བུ་ཕྲུག་བོད་ཀྱི་སྐད་ཡིག་ཙམ་མ་ཡིན་པར་དབྱིན་ཇིའི་སྐད་ཡིག་ཀྱང་རིམ་པས་ཡག་པོར་ཆགས་ཡོང་གི་འདུག་ཅེས་འདོད་པ་ཁེངས་པའི་རྣམ་འགྱུར་བསྟན་པ་སོགས་ལྟ་ཚུལ་མ་འདྲ་བ་སྣ་ཚོགས་འདུག
    ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལྟར་འཛིན་གྲྭ་དགུ་པ་བར་དུ་དབྱིན་ཇིའི་སྐད་ཡིག་མ་གཏོགས་ལྷག་མའི་སློབ་ཚན་ཡོངས་རྫོགས་ཀྱི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབས་པ་ཡིན་ན། རྗེས་མ་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་ལོན་ཐུབ་མིན་དང༌། མཐོ་སློབ་སྐབས་སྐད་ཡིག་གཞན་དག་གི་ཐོག་ནས་སློབ་ཚན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་འབྱུང་སྲིད་མིན་འགན་འཛིན་སྐལ་བཟང་ཟླ་བ་སོགས་དེ་གའི་རྒྱུས་མྱོང་ཅན་གྱི་དགེ་རྒན་འགའ་ཤས་ཀྱི་ལྟ་ཚུལ་ལ་རྒྱུས་ལོན་བྱས་པར། ཚན་རིག་དང་ཨང་རྩིས་ལྟ་བུ་སློབ་ཚན་མཁྲེགས་པོའི་རིགས་རྣམས་བོད་པའི་སློབ་ཕྲུག་རྣམས་ཀྱིས་སྐད་ཡིག་གཞན་དག་གི་ཐོག་ནས་ཇི་བཞིན་ཤེས་ཐུབ་པར་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་ཚན་འདི་རིགས་རང་གི་སྐད་ཡིག་ཐོག་ནས་སློབ་སྦྱོང་བྱས་པ་ཡིན་ན་རང་བཞིན་གྱིས་ལས་སླ་བོ་དང་གཏིང་ཟབ་པོ་ཤེས་པར་ཕན་ཐོགས་ཡོང་ངེས་ཡིན། སློབ་ཚན་དེ་དག་གི་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཞོགས་ཐུབ་པ་ཡིན་ན། འཛིན་གྲྭ་བཞི་པ་ནས་དགུ་པ་བར་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་བྱས་ཡོད་སྟབས། འཛིན་གྲྭ་དགུ་པར་སླེབས་དུས་དབྱིན་ཇིའི་སྐད་ཡིག་གི་ངག་རྩལ་དང་འབྲི་རྩལ་གཉིས་ཆ་རང་རྐྱ་འཕེར་བ་ཞིག་ཡོང་ངེས་པར་བརྟེན། གཞི་རིམ་གོང་མའི་སློབ་ཚན་དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་སློབ་སྐབས། དེ་སྔ་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ནས་སྦྱངས་པ་དེ་དག་དབྱིན་ཇིའི་སྐད་ཡིག་ཐོག་བསྒྱུར་རྒྱུར་དེ་ཙམ་དཀའ་ངལ་འཕྲད་མི་སྲིད། གལ་སྲིད་དཀའ་ངལ་འཕྲད་སྲིད་པའི་དབང་དུ་བཏང་ན་ཡང༌། དེང་སང་གི་འཛིན་གྲྭ་དྲུག་པའི་སྐབས་ལྟར་འཛིན་གྲྭ་དགུ་པའི་སློབ་དུས་དང་པོར་དཀའ་ངལ་ཕྲན་བུ་ཞིག་འཕྲད་སྲིད་ཀྱང༌། སློབ་དུས་གཉིས་པ་གསུམ་པ་ནས་དཀའ་ངལ་འཕྲད་མི་སྲིད་ཅེས་ཉམས་མྱོང་དང་གདེང་ཚོད་ཆེན་པོས་བཤད་ཀྱི་འདུག འོན་ཀྱང་ཁོང་དག་གིས་གདེང་ཚོད་ཆེན་པོས་གསུངས་པ་ནི་དབྱིན་ཇིའི་སྐད་ཡིག་སློབ་མཁན་དགེ་རྒན་ཤེས་མྱོང་གཉིས་ལྡན་ཞིག་ཡོད་པ་གཞི་བཞག་ཐོག་ནས་ཡིན་པ་སྨོས་མ་དགོས།
    བོད་ཕྲུག་དབྱིན་ཇིའི་སློབ་གྲྭ་འགྲིམ་བཞིན་པ་དང་སམ་བྷོཊའི་སློབ་གྲྭ་འགྲིམ་བཞིན་པའི་བུ་ཕྲུག་གཉིས་ལ་མ་འདྲ་བའི་ཁྱད་པར་ཡོང་གི་ཡོད་མེད་དེ་གའི་མང་ཚོགས་ཁྲོད་ཀྱི་ཤེས་མྱོང་ལྡན་པའི་མི་སྣ་འགའི་མཐོང་ཚུལ་ལ་རྒྱུས་ལོན་བྱས་པར། དབྱིན་ཇིའི་སྐད་ཡིག་ཅུང་ཡག་པོ་བཤད་ཐུབ་མཁན་དབྱིན་ཇིའི་སློབ་གྲྭར་འགྲོ་མཁན་དེ་ཚོ་རེད། ཡིན་ན་ཡང་དབྱིན་ཇིའི་སྐད་ཡིག་བཤད་ཐུབ་པ་ཙམ་གྱིས་ཤེས་ཡོན་ཅན་ཡིན་པས་ངེས་པ་གཏན་ནས་མི་འདུག དབྱིན་ཇིའི་སྐད་བཤད་ཐུབ་མཁན་གྱིས་འཛམ་བུ་གླིང་ཁེངས་ཡོང་གི་ཡོད། མ་གཞི་ནས་དབྱིན་ཇིའི་སྐད་ཤེས་པ་དེ་ཡང་ཁོ་རང་འཚོ་བའི་ཆེད་དུ་ཤེས་པ་མ་གཏོགས་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་ཤེས་པ་མིན། དབྱིན་ཇིའི་སློབ་གྲྭ་འགྲིམ་ནས་མཐོ་སློབ་ཐོན་མཁན་མང་པོ་ཡོང་གི་ཡོད་ཀྱང༌། ཁོང་ཚོས་གང་ཤེས་པ་དེ་ཕྱིའི་རྣམ་གྲངས་ཙམ་དང་ཉིན་རེའི་འགྲོ་ཐབས་འདུག་ཐབས་ཙམ་མ་གཏོགས། རྒྱ་ཆེ་ས་ནས་དེ་ཙམ་གཏིང་ཟབ་པོ་གང་ཡང་ཤེས་ཀྱི་མི་འདུག བོད་མི་ཡིན་ཟེར་བ་ལས་བོད་སྐད་གཙང་མ་ཞིག་བཤད་ཐུབ་ཀྱི་མེད་ལ། བོད་པའི་རིག་གཞུང་དང་གོམས་གཤིས་ལ་གོ་རྟོགས་དང་རྒྱུས་མངའ་གཏན་ནས་མེད། ཁོང་ཚོའི་རིགས་མང་ཆེ་བ་དེང་སང་བསྐྱར་དུ་བསམ་བློ་འཁོར་ནས་སྔ་མོ་བོད་ཀྱི་སློབ་གྲྭའི་ནང་དུ་མ་སོང་བ་དང༌། བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་མ་བྱས་པ་ནོར་འཁྲུལ་ཆེན་པོ་ཤོར་འདུག་ཅེས་འགྱོད་པ་ཆེན་པོ་བྱེད་ཀྱི་འདུག དེར་བརྟེན་ཁོང་ཚོའི་རིགས་མང་ཆེ་བས་ད་སྐབས་གཞི་ནས་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་ཀྱི་འདུག སྒང་ཏོག་ཏུ་བཻ་རོ་ཙཱ་ནའི་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱེད་མཁན་བོད་རིགས་ལོ་རྒན་པ་དང་ས་གནས་རང་གི་མི་རིགས་མང་པོ་ཡོང་གི་འདུག་ཅེས་སོགས་ཟེར་ཞིང༌། པདྨ་ཟེར་བ་མཐོ་རིམ་སློབ་གྲྭའི་སློབ་སྦྱོང་ཨ་རི་ནས་བྱས་པ་ཞིག་དང་གླེང་མོ་བྱེད་པའི་སྐབས། ཁོང་གིས། ངའི་ཕ་རྒན་གྱིས་ངའི་ཤེས་ཡོན་སློབ་སྦྱོང་བཀོད་སྒྲིག་བྱེད་སྟངས་ཐད་ནོར་འཁྲུལ་ཆེན་པོ་བྱས་པ་རེད། ནོར་འཁྲུལ་འདི་ངས་ང་རང་གི་བུ་ཕྲུག་གི་ཐོག་ལ་བསྐྱར་དུ་ཡོང་འཇུག་གི་མིན་སོགས་ཞེས་ཟེར།
    ༥༽ སམ་བྷོ་ཊ་སྤུ་རུ་ཝ་ལ་ཉིན་སློབ་ནི། ཕྱི་ལོ་ ༡༩༦༩  ལོར་ཐོག་མ་གསར་འཛུགས་དང༌། ཕྱི་ལོ་ ༡༩༨༡ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་མཛད། ཕྱི་ལོ་ ༡༩༩༩ ལོར་སམ་བྷོཊའི་འཛིན་སྐྱོང་འོག་ཏུ་བཅུག ཕྱི་ལོ་ ༢༠༠༦ ལོར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༩ ཚེས་ ༤ ཉིན་ལས་དོན་ཞིག་གི་ཞོར་དུ་སློབ་གྲྭ་དེར་ངོ་བསྐྱོད་བྱེད་པའི་སྐབས། སློབ་གྲྭའི་ཁང་བཀོད་དང་མཐུན་རྐྱེན་མཐའ་གཉིས་སུ་མ་ལྷུང་བའི་གནས་སྟངས་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་བ་གང་ཡང་མི་འདུག སློབ་ཕྲུག་བརྒྱད་བཅུ་གྱ་གྲངས་ཤིག་ཡོད་པ་ལས་མང་ཆེ་བ་ཉིན་མོའི་སློབ་གྲྭ་དང༌། ཨོ་རི་ས་སོགས་མཐའ་མཚམས་ཁག་ནས་སློབ་འཇུག་བྱས་པའི་གཏན་སློབ་ཀྱང་གང་འཚམས་ཤིག་འདུག ལོ་བཅུ་གྲངས་ཡས་མས་ཀྱི་སློབ་ཕྲུག་འགའ་ཤས་ལ་གླེང་མོ་བྱེད་པའི་སྐབས་བོད་སྐད་གཙང་མ་བཤད་ཀྱི་འདུག་ལ། བུ་མོ་གཉིས་ལ་མ་འོངས་པར་སློབ་གྲྭ་ཐོན་ནས་ཅི་ཞིག་བྱ་རྩིས་ཡོད་མེད་དྲིས་པར། གཅིག་གིས་ཚན་རིག་པ་ཞིག་ཆགས་ཐུབ་པ་བྱེད་ཀྱི་ཡིན་ཟེར། གཅིག་གིས་མ་འོངས་པར་དགེ་རྒན་ཡག་པོ་ཞིག་བྱ་རྩིས་ཡོད་ཟེར། འདི་ལྟར་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་ནས་སློབ་སྦྱོང་བྱེད་ཀྱི་འདུག་པར་མ་ཟད། སློབ་ཕྲུག་མང་ཆེ་བ་སྤྲོ་སྣང་ལྡན་པ་ཤ་སྟག་ཏུ་སྣང༌།
    བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་དགེ་རྒན་ལོ་མང་གནང་མྱོང་བའི་རྒན་ངག་དབང་རྣམ་རྒྱལ་དང་གླེང་མོ་བྱེད་པའི་སྐབས་ཁོང་གིས། ཤེས་ཡོན་སྲིད་བྱུས་ཀྱི་གཞུང་ལུགས་ཤིན་ཏུ་ཡག་པོ་འདུག་ཀྱང༌། དངོས་སུ་ལག་བསྟར་བྱས་ཡོང་བའི་སྐབས་གནས་སྟངས་འགའ་ཤས་ཐོག་ནས་དཀའ་ངལ་འཕྲད་ཀྱི་འདུག དཔེར་ན༑ མཉམ་བསྲེས་འཛིན་གྲྭ་ཚོགས་སྟངས་དེ་ལ་མ་གོམས་པའི་དཀའ་ངལ་ཆེན་པོ་ཡོང་གི་འདུག་ཅེས་སོགས་གསུངས། དེ་བཞིན་སློབ་གྲྭའི་འབྲེལ་ཡོད་ནས། སློབ་གྲྭ་འདིར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་རྗེས་སུ་གནས་སྟངས་གང་ཅིའི་ཐོག་སྔར་དང་མ་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཡོང་ཡོད་པའི་ངོས་འཛིན་གནང་གི་འདུག དཔེར་ན། སློབ་ཁྲིད་ཀྱི་བྱེད་ཐབས་ལྟ་བུར་མཚོན་ན། སྔ་སྲོལ་ལྟར་དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་བྱས་ཏེ། དགེ་རྒན་གྱིས་གང་བཤད་པ་ལ་སློབ་མས་རྗེས་ཟློས་བྱས་པ་ལྟ་བུ་མ་ཡིན་པར། སློབ་མ་རང་ཉིད་ལ་བསམ་གཞིག་དང་རྟོག་དཔྱོད་བྱ་རྒྱུའི་གོ་སྐབས་གང་མང་སྤྲད་དེ་སློབ་མའི་རྣམ་དཔྱོད་འཕེལ་ཐབས་གཙོ་བོ་བྱེད་པ་དང༌། དེ་བཞིན་དགེ་རྒན་དང་སློབ་མ་ལས་བྱེད་བཅས་ཀྱི་ཐད་ནས་སློབ་མའི་ཤེས་ཡོན་སློབ་སྦྱོང་ནི་ཡིག་རྒྱུགས་ཙམ་གྱི་ཆེད་དུ་མ་ཡིན་པར་སློབ་མའི་དོན་དམ་གྱི་ཤེས་ཡོན་དང་ཀུན་སྤྱོད་ཡར་རྒྱས་འགྲོ་བའི་ཆེད་དུ་ཡིན་པའི་ངོས་འཛིན་གསལ་པོ་ཐོབ་ཡོད་འདུག་པར་མ་ཟད། སློབ་མའི་ཤེས་ཡོན་གྱི་ཚད་གཞི་འཇལ་ཐབས་ཀྱང་ཆུ་ཚོད་གཉིས་གསུམ་རིང་གི་ཡིག་རྒྱུགས་ཙམ་མ་ཡིན་པར། རྒྱུན་ལྡན་དུ་སློབ་མའི་རྣམ་དཔྱོད་དང༌། འབྲི་རྩལ། གོ་རྟོགས། ཀློག་རྩལ། ངེས་ཆ་བཅས་ལ་རྒྱུས་ལོན་བྱས་པའི་ཐོག་ནས་འཛིན་གྲྭ་སྤོ་བཅག་གི་ལམ་སྲོལ་ཞིག་ཁ་ཞེ་མེད་པར་ལག་བསྟར་གང་ཐུབ་བྱེད་ཀྱི་ཡོད་འདུག དགེ་རྒན་གྱིས་སློབ་མའི་ཐོག་དཔོན་ཉམས་མི་བསྟན་པར་བྱམས་སྐྱོང་དང་མ་བུ་ལྟ་བུའི་འབྲེལ་བ་ཉེ་བོ་འཛིན་གྱི་འདུག་པར་མ་ཟད། དགེ་རྒན་གྱིས་སློབ་མར་གནས་ཚུལ་ཡོངས་རྫོགས་ཡིན་ལུགས་མིན་ལུགས་བགྲངས་ནས་རྒྱུ་མཚན་གྱི་ཐོག་ནས་ངོ་སྤྲོད་བྱ་ཐབས་བྱེད་པ་ལས་ཉེས་རྡུང་དང་འཇིགས་སྣང་སྐུལ་བ་ཤིན་ཏུ་ཉུང་ཞིང་ཕལ་ཆེར་མེད་པ་ལྟ་བུ་ཡིན་ཞེས་ངོ་སྤྲོད་བྱེད་ཀྱི་འདུག་ལ། དེབ་ཐོག་གི་སློབ་སྦྱོང་དང་བསམ་བློའི་གོ་རྟོགས་སྤེལ་བ་ཙམ་མ་ཡིན་པར། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་བཟོའི་རིག་གནས་ཀྱང་གལ་ཆེར་བཟུང་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པས་གྲུབ་འབྲས་གང་འཚམས་ཡག་པོ་ཐོན་ཡོད་པ་ངོས་འཛིན་བྱེད། འདི་ལྟར་དགེ་སློབ་ལས་བྱེད་དང་ཕ་མ་མང་ཚོགས་བཅས་མཉམ་རུབ་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་ལག་བསྟར་ཐུབ་ན་མ་འོངས་པར་སློབ་གྲྭའི་གྲུབ་འབྲས་སྔར་ལས་ལྷག་པ་ཞིག་འབྱུང་བའི་ཡིད་ཆེས་དང་ངོས་འཛིན་བྱེད་ཀྱི་འདུག
    ཉེ་ལམ་སློབ་གྲྭ་འདི་སྟོང་རྒྱུའི་དཀའ་ངལ་ཞིག་འཕྲད་སྟབས་སྤུ་རུ་ཝ་ལ་གཞིས་ཆགས་ཀྱི་གྲོང་མི་ཚོས་རང་འགུལ་གྱིས་འཛིན་གྲྭ་ལྔ་པ་ཐོན་ཚད་བར་སློབ་གྲྭ་འདི་རང་མ་གཏོགས། ཕྱི་ལོགས་ཀྱི་རྒྱ་བོད་སློབ་གྲྭ་གང་དུ་ཡང་བཏང་ན་མི་འགྲིག་པའི་སྒྲིག་གཞི་ཞིག་བཟོས་འདུག འདི་ནི་བོད་པའི་གཞིས་གྲོང་གཞན་དག་གིས་ཀྱང་མིག་དཔེ་ལྟ་འོས་པའི་བྱ་བ་བཟང་པོ་ཞིག་རེད་སྙམ།
    ༦༽ གངས་སྐྱིད་སམ་བྷོཊ་ཉིན་མོའི་སློབ་གྲྭ་ནི། ཕྱི་ལོ་ ༡༩༧༥ ལོར་གསར་འཛུགས་དང༌། ཕྱི་ལོ་ ༡༩༧༨ ལོ་ནས་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་གནང༌། ཕྱི་ལོ་ ༢༠༠༧ ལོར་དངོས་སུ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་དབུ་ཚུགས།
    གངས་སྐྱིད་ཉིན་མོའི་སློབ་གྲྭར་སམ་བྷོཊའི་སློབ་གྲྭ་གཞན་དག་དང་གཅིག་མཚུངས་སུ་ཕྱི་ལོ་ ༢༠༠༦ ལོར་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་བྱས་འདུག་ཀྱང༌། གངས་སྐྱིད་ཁུལ་གྱི་ཕ་མ་ཚོར་བསམ་འཆར་ཤུགས་ཆེན་པོ་བྱུང་སྟབས་ཤེས་ཡོན་སྲིད་བྱུས་གསར་པ་གཙང་མ་ལག་བསྟར་བྱེད་ཐུབ་མེད་པར་བརྟེན། ཕྱི་ལོ་ ༢༠༠༧ ལོར་གཞི་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་དབུ་ཚུགས་འདུག ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་རྗེས་སུ་སློབ་ཕྲུག་ཚོའི་གནས་སྟངས་ལ་སྔར་དང་མ་འདྲ་བའི་འགྱུར་བ་ཕྲན་བུ་ཡོང་གི་ཡོད་མེད་སྐོར་དེ་གའི་འགན་འཛིན་ལ་སྐད་ཆ་དྲིས་པར། ཁོང་གིས་འཛིན་སྐྱོང་དང༌། དགེ་རྒན། ཕ་མ་བཅས་མཉམ་རུབ་ཀྱི་ཐོག་ནས་ཤེས་ཡོན་སྲིད་བྱུས་འདི་ཚད་འཕེར་བ་ཞིག་ལག་བསྟར་བྱེད་ཐུབ་པ་བྱུང་བ་ཡིན་ན། གྲུབ་འབྲས་དམིགས་བསལ་བ་ཞིག་ཐོན་རྒྱུ་ཡིན་པ་གཏན་འཁེལ་བ་ལྟ་བུ་རེད། གཞི་རིམ་སློབ་གྲྭ་ཐོན་པའི་སྐབས་བུ་ཕྲུག་ཚོ་བོད་ཀྱི་སྐད་ཡིག་དང༌། རིག་གཞུང༌། བཟང་སྤྱོད་གོམས་གཤིས་བཅས་ཀྱི་རྨང་གཞི་མི་དམན་པ་ཡོད་མཁན་ཞིག་དང༌། རང་དབང་དང་སྤོབས་པ་ལྡན་པ་ཞིག་ཏུ་འཚར་ལོངས་ཡོང་ཐུབ་པའི་ཡིད་ཆེས་ཡོང་གི་འདུག དབྱིན་ཇིའི་སྐད་ཡིག་གནས་སྟངས་ཐོག་ནས་ཀྱང་དེང་སང་ཕ་མ་མང་པོ་ཞིག་གི་བསམ་བློའི་ནང་དངངས་སྐྲག་ཡོད་པ་ནང་བཞིན་གྱི་དཀའ་ངལ་ཡོང་གི་མ་རེད་བསམ་གྱི་འདུག་ཅེས་སོགས་ཟེར།
  (གཤམ་གྱི་སློབ་གྲྭ་ཁག་ཏུ་དངོས་སུ་བསྐྱོད་ཐུབ་མེད་སྟབས་འབྲེལ་ཡོད་ས་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་རྣམས་ཟུར་འདོན་གྱིས་གུང་བསྒྲིགས་ནས་བཀོད།)
    ༧༽ མ་ནཱ་ལཱི་སམ་བྷོཊ་ཉིན་སློབ། མ་ནཱ་ལིའ་སམ་བྷོཊ་ཉིན་སློབ་ནི་ཕྱི་ལོ་ ༡༩༦༢ ལོར་ཐོག་མར་གསར་འཛུགས་གནང་འདུག་ཅིང༌། ཕྱི་ལོ་ ༡༩༩༦ ལོ་ཡས་མས་སུ་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་གནང༌། ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    སློབ་གྲྭའི་འབྲེལ་ཡོད་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་རྗེས་སུ་སློབ་མར་ཁ་ཡོད་ལག་ཡོད་ཀྱི་དགེ་ཕན་མངོན་པ་ནི། དགེ་རྒན་ཚོས་བཙན་ཤེད་ཀྱི་ལམ་ནས་མ་ཡིན་པ་རང་དབང་གི་ཁོར་ཡུག་ནང་སེམས་ཐག་ཉེ་བོའི་ཐོག་ནས་སློབ་ཁྲིད་དང་སློབ་སྟོན་གནང་གི་ཡོད་པའི་དབང་གིས། སློབ་མ་ཚོས་གང་དུ་ཡིན་ན་ཡང་འཇིགས་ཞུམ་དང་བག་འཁུམས་མེད་པར་སྤོབས་པ་ཆེན་པོས་རང་གི་བསམ་བློ་ཤོད་ཐུབ་ཀྱི་འདུག འཛིན་གྲྭ་མཉམ་བསྲེས་ལམ་ལུགས་ནི། ཕྲུག་གུ་ནང་ཁུལ་ཕན་ཚུན་རོགས་ཕན་དང་མཉམ་རུབ་ཀྱི་འདུ་ཤེས་གོང་དུ་སྤེལ་རྒྱུའི་ཆེད་དུ་དམིགས་ནས་གསར་གཏོད་གནང་བ་ཞིག་ཡིན་ལ། ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་ནང་བྱ་ཐབས་འདི་ལག་བསྟར་བྱེད་ཀྱི་ཡོད། སྤྱིའི་ཆ་ནས་ལེགས་ཉེས་ཐག་ཆོད་པོ་ཞིག་བཤད་ཐུབ་ཀྱི་མི་འདུག་ཀྱང་སློབ་མའི་གྲངས་འབོར་དེ་ཙམ་མང་པོ་མེད་པའི་འཛིན་གྲྭར་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་འདུག་ཅེས་སོགས་ཀྱིས་ངོ་སྤྲོད་གནང༌།
    ༨༽ ཅོན་ཏ་ར་སམ་བྷོཊ་གཏན་སློབ། ཅོན་ཏ་ར་སམ་བྷོཊ་གཏན་སློབ་ནི། ཕྱི་ལོ་ ༡༩༧༨ ལོར་ཐོག་མར་གསར་འཛུགས་གནང༌། ཕྱི་ལོ་ ༡༩༨༠ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་མཛད། ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས།
    ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པའི་རྗེས་སུ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་དགེ་རྒན་རྣམས་ཤིན་ཏུ་གནད་འགག་ཏུ་བརྩིས་ནས་དགེ་རྒན་ཡོངས་རྫོགས་ལ་དགེ་རྒན་འོས་སྦྱོང་ཐོབ་ཐབས་སུ་འབད་པ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། ཡི་གེའི་འབྲི་རྩལ་བརྟན་པོ་ཡོང་ཆེད་དང་ཐོག་སྦྱང་ཤིང་སྒང་ལ་སྦྱོང་བརྡར་བྱེད། འཛིན་གྲྭ་བཞི་པ་བར་དུ་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་འཇགས་ཐབས་བྱས་ཏེ་འཛིན་གྲྭ་བཞི་པ་ནས་དབྱིན་ཇིའི་སྐད་ཡིག་སྦྱོང་རྒྱུའི་འགོ་འཛུགས་བྱེད་ཀྱི་ཡོད་འདུག ཕྲུ་གུ་རྣམས་འཇིགས་ཞུམ་དང་བག་འཁུམས་མེད་པར་རང་དབང་གི་ཐོག་ནས་འཚར་ལོངས་ཡོང་ཐབས་སུ་དགེ་ལས་སུའི་ཐད་ནས་ཉེས་རྡུང་དང་འཇིགས་སྐུལ་མི་བྱེད་པར་གཙོ་འདོན་བྱེད། སློབ་ཕྲུག་ཚོའི་སེམས་རྒྱུད་དང་ཀུན་སྤྱོད་ཡར་རྒྱས་འགྲོ་ཐབས་སུ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་བརྩི་བཞིན་ཡོད་ཅེས་སོགས་ཀྱིས་ངོ་སྤྲོད་གནང༌།
    ༩༽ བདེ་སྐྱིད་གླིང་གི་སམ་བྷོཊའི་གཏན་སློབ། བདེ་སྐྱིད་གླིང་གི་གཏན་སློབ་ནི། ཕྱི་ལོ་ ༡༩༨༢ ལོར་ཐོག་མར་གསར་འཛུགས་གནང་འདུག་ཅིང༌། ཕྱི་ལོ་ ༡༩༨༤ ལོར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྩིས་བཞེས་གནང༌། ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་ཤེས་ཡོན་སྲྀད་བྱུས་གསར་པ་ལག་བསྟར་གྱི་དབུ་ཚུགས།
    ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱས་པས་དངོས་གཞིའི་སློབ་ཁྲིད་ཀྱི་སྐབས་སུ་སློབ་མ་དབུས་བཞག་གཙོ་བཟུང་གིས་སློབ་གཉེར་གྱི་ལམ་སྲོལ་གསར་གཏོད་བྱཻད་ཐུབ་ཡོད་པར་མ་ཟད། སློབ་མ་ཚོར་འཇིགས་སྣང་མེད་པའི་རང་དབང་ངང་ནས་རང་གི་ཤེས་ཡོན་སློབ་གཉེར་ཐད་རིག་རྩལ་གང་ཡོད་འདོན་རྒྱུའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཐུབ་ཡོད། དགེ་རྒན་དང་སློབ་མ་གཉིས་ཀྱི་བར་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་པར་མ་ཟད་སློབ་མ་ཚོས་རང་ཉིད་ལ་དཀའ་ངལ་གང་ཡོད་ཞེ་སྣང་མེད་པའི་ཐོག་ནས་བཤད་ཐུབ་པ་དང་དུས་རྟག་ཏུ་སློབ་སྤྱོང་ལ་སྤྲོ་སྣང་དང༌། ལྷག་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རང་བཞིན་གྱིས་དོ་སྣང་དམིགས་བསལ་བ་ཡོད་མཁན་ཞིག་ཏུ་གསོ་སྐྱོང་ཐུབ་ཀྱི་ཡོད་འདུག འདི་ལྟར་བལྟས་ན་བོད་གཞུང་དམངས་གཉིས་ཀས་དཔེ་སྟོན་སློབ་གྲྭས་མཚོན་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་དུ་ལག་བསྟར་བྱེད་བཞིན་པའི་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ནས་དེ་སྔའི་གནས་སྟངས་དང་མི་འདྲ་བར། རང་དབང་གིས་བསམ་བློ་གཏོང་ཐུབ་ངེས་དང༌། ཤེས་ཡོན་དང་དཔལ་འབྱོར་སོགས་གནད་དོན་གང་ཅིའི་ཐད་རང་གི་རྐང་པའི་ཐོག་རང་ཉིད་ལངས་ཐུབ་མཁན། འཇུག་ལྡོག་གི་གདམ་ག་གང་འདྲ་ཞིག་ལ་ཐུག་ཀྱང་གཞན་གྱི་ལད་ཟློས་ཙམ་མ་ཡིན་པར་རང་གི་དཔྱད་སྟོབས་ཀྱིས་ཐག་གཅོད་བྱེད་ཐུབ་མཁན་ཞིག་བསྐྱེད་བསྲིང་ཡོང་བའི་རེ་བཞག་ཆེན་པོ་བྱེད་ཀྱིན་ཡོད་པ་ལྟར། རེ་བཞག་དང་མཐུན་པའི་འབྲས་བུ་གང་འཚམས་ཤིག་མངོན་འགྱུར་ཡོང་གི་ཡོད་པར་སྣང༌།
    གོང་དུ་བཤད་པ་ལྟར་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལ་དངོས་ཡོད་གྲུབ་འབྲས་ཀྱི་ཐོག་ནས་མཆོག་དམན་མ་འདྲ་བའི་ཁྱད་པར་ཕྲན་བུ་རེ་ཡོད་ཀྱང༌། གཞི་རྩའི་ཆ་ནས་རང་དབང་གིས་རྟོག་དཔྱོད་ནུས་པ་དང༌། ཐག་གཅོད་རྣམས་ལད་ཟློས་ཙམ་མ་ཡིན་པར་རང་གི་རིག་སྟོབས་ཀྱིས་ཡིན་ཐག་མིན་ཐག་གཅོད་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དམིགས་བསལ་གྱི་དོ་སྣང་དང་དགའ་ཞེན་ཡོད་པ། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་ཡང་གཞན་དག་ལས་གནས་ཚད་སྐྱོ་བ་ཆགས་ཀྱི་མེད་པ། དགེ་སློབ་ཀྱི་འབྲེལ་བ་ནི་སྒྲིག་འཛུགས་ཀྱིས་བཟོས་པའི་འདུ་འཛོམས་ཙམ་མ་ཡིན་པར་ཤ་ཚ་དང་བྱམས་བརྩེས་སྦྲེལ་བ། ཤེས་ཡོན་སློབ་སྦྱོང་བྱེད་པ་ནི་བཙན་ཤེད་ལ་ལྟོས་པ་མིན་པར་རང་དབང་དང་སྤྲོ་སྣང་གིས་ཧུར་བརྩོན་བྱེད་པ། བོད་སྐད་གཙང་མ་སྨྲ་ཞིང་བསམ་སྤྱོད་ཀྱི་ཆ་ལ་བོད་མིའི་ཁྱད་ཆོས་ལྡན་པ་བཅས། མདོར་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ལྟར་ཤེས་ཡོན་འདབས་གཤོག་གཉིས་ལྡན་གྱི་རྨང་གཞིའི་ས་བོན་ནུས་ཅན་ཞིག་བསྐྲུན་བཞིན་པ་ནི། སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་མཐོང༌།
    ལྷག་པར་དུ་དཔེ་སྟོན་སློབ་གྲྭས་མཚོན་སམ་བྷོཊའི་ཁྱབ་ཁོངས་ཀྱི་སློབ་ཕྲུག་ཕལ་མོ་ཆེའི་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ཀྱང་ལོ་ཚོད་ལ་དཔག་པའི་ཡར་རྒྱས་ཆེན་པོ་འགྲོ་བཞིན་པ་འདི་ཐོག་མའི་མ་སྐད་ཀྱི་གཞི་རྩ་ལ་རག་ལུས་ཀྱི་འབྲེལ་བ་ཆེན་པོ་ཡོད་པར་སྣང༌། དེ་ཡང་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་རིན་ཐང་ངོས་ནས་བཤད་ན། བོད་ཀྱི་སྐད་ཡིག་རིག་གནས་འཛམ་གླིང་གི་སྐད་ཡིག་རིག་གནས་ཁྲོད་སྤུས་ཚད་དང་ནང་དོན་ཟབ་རྒྱ་ཆེ་ཤོས་ཤིག་ཡིན་པར་བརྟེན། བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གི་ཤེས་ཚད་བརྟན་པོ་ཞིག་ཚུགས་ཐུབ་པ་ཡིན་ན་སྐད་ཡིག་གཞན་དག་སྦྱོང་བ་ལ་དུས་ཚོད་ཅུང་འཕྱིས་ཀྱང་མི་ཤེས་པའི་དཀའ་ངལ་གཏན་ནས་མེད་པ་མྱོང་བ་དངོས་ཀྱི་ཐོག་ནས་གསལ་པོར་གྱུར་ཡོད་ལ། བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞོགས་པས་སྐད་ཡིག་གཉིས་པའི་གནས་ཚད་ཡར་འདེགས་ལ་ཕན་ནུས་ཀྱི་ཤུགས་རྐྱེན་ཆེན་པོ་ཐོན་གྱི་ཡོད། དཔེར་ན། དབྱིན་ཇིའི་སྐད་ཡིག་གི་གནས་ཚད་ཕུན་སུམ་ཚོགས་པ་ཡོད་པའི་ཕྱི་རྒྱལ་པ་ཞིག་གིས་བོད་ཀྱི་སྐད་ཡིག་སྐད་ཡིག་གཉིས་པར་བཞག་ནས་སྦྱོང་བའི་སྐབས་སྐད་གདངས་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་ཆགས་པ་ཅུང་དཀའ་ཡང༌། བོད་པ་བོད་པའི་སྐད་ཡིག་གི་གནས་ཚད་སྤྱིར་བཏང་བ་ཡོད་མཁན་ཞིག་གིས་དབྱིན་ཇི་སོགས་སྐད་ཡིག་གཉིས་པ་ཞིག་སྦྱོང་བའི་སྐབས་སྐད་གདངས་ཇི་བཞིན་མི་ཡོང་བའི་དཀའ་ངལ་དེ་ཙམ་མི་འབྱུང༌། དཔེར་ན། རྒྱ་གར་པ་དང༌། རྒྱ་ནག་པ། བོད་པ་བཅས་རིག་སྟོབས་འདྲ་མཚུངས་ཡོད་པ་མི་གསུམ་གྱིས་རང་སྐད་ཀྱི་རྨང་གཞིའི་ཐོག་ནས་དབྱིན་ཇིའི་སྐད་ཡིག་ལྟ་བུ་སྐད་ཡིག་གཉིས་པར་བཞག་སྟེ་སྦྱོང་བའི་སྐབས། བོད་པ་མ་གཏོགས་གཞན་སུས་དབྱིན་ཇི་པ་ས་སྐྱེས་རྡོ་སྐྱེས་ཀྱི་སྐད་གདངས་ཐོན་ཐུབ། འདི་ཡང་ང་ཚོའི་མཐོང་སྣང་དུ་གྲུབ་པའི་གནས་ཚུལ་མངོན་སུམ་པ་ཞིག་ཡིན་ལ། ལྷག་པར་ཨ་མདོ་པའི་འབྲོག་སྐད་དག་པོ་བཤད་མཁན་ཚོར་དབྱིན་སྐད་ཀྱི་གདངས་ཤིན་ཏུ་དག་པོ་གཞན་དང་མ་འདྲ་བ་ཞིག་ཡོང་གི་ཡོད་པ་འདི་ཡང་ང་ཚོའི་སྐད་ཡིག་གི་ལྷན་སྐྱེས་ཀྱི་འཕགས་ཆོས་ཤིག་ཡིན། ཉི་ཧོང་ཏུང་ཅིན་སློབ་གྲྭ་ཆེན་མོའི་སློབ་སྤྱི་དང༌། བོད་རིག་པ་ཞིབ་འཇུག་ཁང་གི་གཙོ་འཛིན་ཀྲུང་ཀན་ཆན་ཙིས། བོད་ཀྱི་སྐད་ཡིག་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ལ། ཉི་ཧོང་པ་ཞིག་གིས་མི་ལོ་ཉི་ཤུ་སུམ་ཅུར་དབྱིན་ཇིའི་སྐད་ཡིག་སྦྱངས་ཀྱང་དབྱིན་ཇི་པ་ནང་བཞིན་ཞིག་ཡོང་མི་ཐུབ་ལ། རྒྱ་རིགས་ཀྱིས་ཀྱང་ག་ཚོད་སྦྱངས་ཀྱང་སྐད་གདངས་དབྱིན་ཇི་པ་ནང་བཞིན་ཞིག་ཡོང་མི་ཐུབ། བོད་མི་ཞིག་གིས་ཟླ་ཤས་ལ་སྦྱངས་རྗེས་ཁ་ངོར་བལྟས་ན་མ་གཏོགས་དབྱིན་ཇི་པ་དང་འཁྲུལ་འགྲོ་བ་ལྟ་བུའི་དབྱིན་སྐད་བཤད་ཐུབ་ཀྱི་འདུག་ཅེས་སོགས་བཤད་པར། སྐུ་གཤེགས་མཁས་དབང་མཁྱེན་རབ་འོད་གསལ་ལགས་ཀྱིས། ང་ཚོར་ཀ་ཁ་དང་མགོ་འདོགས་སྔོན་རྗེས་སོགས་ཀྱི་སྒྲ་གདངས་ཇི་བཞིན་ཡོང་གི་ཡོད་པས་རེད་ཅེས་ལན་འདེབས་གནང་བ་ལ་བདེན་རྩ་ཆེ་བའི་རྒྱུ་མཚན་ཤིན་ཏུ་མང༌།
    དེ་བཞིན་སུ་ཇ་བོད་ཁྱིམ་སློབ་གྲྭ་དང་གྷོ་པ་པུར་བོད་ཁྱིམ་སློབ་གྲྭ་སོགས་བོད་ཁྱིམ་གྱི་སློབ་གྲྭ་འགའི་དབྱིན་ཇིའི་སྐད་ཡིག་གནས་ཚད་ལ་རྒྱུས་ལོན་བྱས་པ་ཡང༌། བྱེས་སུ་སྐྱེས་པའི་བུ་ཕྲུག་ལོ་གསུམ་བཞི་ཡས་མས་ནས་དབྱིན་ཇིའི་སྐད་ཡིག་སྦྱངས་པ་རྣམས་དང༌། བོད་ནས་འབྱོར་ཏེ་ལོ་བཅུ་བདུན་བཅོ་བརྒྱད་བརྒལ་ནས་གསར་དུ་དབྱིན་ཇིའི་སྐད་ཡིག་སྦྱོང་མཁན་གཉིས་ཕྱིས་སུ་མཐོ་རིམ་སློབ་གྲྭར་འགྲོ་བའི་སྐབས་དབྱིན་ཇིའི་སྐད་ཡིག་གི་གནས་ཚད་དང་དེའི་བརྒྱུད་ལམ་དུ་ཡོད་པའི་རིག་གཞུང་གི་ཤེས་ཚད་བསྡུར་བ་ཡིན་ན་བོད་ནང་ནས་འབྱོར་བ་དེ་ཚོ་རང་བཞིན་གྱིས་བཟང་བ་ཆགས་ཀྱི་ཡོད་པ་བློས་བཟོས་རྟོག་བཅོས་ཙམ་མིན་པར་མཐོང་ཆོས་སུ་གྲུབ་པའི་གནས་ཚུལ་མངོན་སུམ་པ་ཞིག་རེད། འདིའི་རྐྱེན་རྩ་གཅིག་ནི་བོད་ནས་གསར་དུ་འབྱོར་བའི་བུ་ཕྲུག་ཕལ་མོ་ཆེར་རང་གི་ཕ་མ་ཉེ་འབྲེལ་དང་ཁ་བྲལ་དུ་གྱུར་པའི་སྐྱོ་སྣང་དང༌། ཁོར་ཡུག་མ་བྱང་བ་དང་མཐུན་རྐྱེན་བྱེས་ཀྱི་བུ་ཕྲུག་ཚོའི་གནས་སྟངས་ལས་ཞན་པའི་དཀའ་ཁག་ཡོད་པ་དེས་ངེས་པར་རང་ཉིད་རང་རྐང་ཐོག་ལངས་ཐུབ་པར་བྱེད་དགོས་པའི་དྲན་སྐུལ་སྣོན་མ་ཞིག་ཐེབས་ནས་སློབ་སྦྱོང་ཐོག་ངར་ཤུགས་སླེབས་ཀྱི་ཡོད་པས་ཡིན་ངེས་ཀྱང༌། དེ་ལས་གཞན་ཞིག་ནི་འདི་རིགས་མང་ཆེ་བ་ལ་མ་མཐའ་ཡང་བོད་ཀྱི་སྐད་ཡིག་གི་རྨང་གཞི་བརྟན་པོ་ཆགས་ཐུབ་ཡོད་པ་འདིས་ཀྱང་སྐད་ཡིག་དང་སློབ་སྦྱོང་ཡར་བསྐྱེད་ལ་ཕན་ནུས་ཆེན་པོ་ཐོན་བཞིན་ཡོད།
    བྱེས་སུ་སྐྱེས་པའི་བོད་ཕྲུག་ཚོར་ཕ་མའི་ཁྱིམ་ཚང་དྲོན་པོ་དང་ཁ་བྲལ་མ་མྱོང་བས་དཀའ་ངལ་མང་པོ་ཞིག་གི་མིང་ཙམ་ཡང་ཐོས་མྱོང་མེད་ལ། གནས་སྟངས་འདིས་རྐྱེན་པས་རང་རྐང་ཐོག་ལངས་ཐུབ་པར་བྱ་དགོས་པའི་སེམས་ཤུགས་ངར་མ་ཞིག་སླེབས་ཐུབ་ཀྱི་མེད་པའི་ཐོག འདི་རིགས་ཀྱི་མི་ཚེ་ཐོག་མའི་འགོ་འཛུགས་སྐབས་ཕ་མས་སྐད་ཡིག་དང་པོའི་གཞི་རྩ་བརྟན་པོ་ཞིག་འཇོག་མ་ཐུབ་པ་ནི་བོད་མི་ཞིག་གི་ངོ་བོའི་ཐོག་ནས་བལྟས་ན་ཤིན་ཏུ་གྱོང་གུད་ཆེན་པོ་ཡིན་པར་མ་ཟད། བོད་ཀྱི་རིག་གཞུང་གི་གནས་ཚད་མཐོན་པོར་ཆགས་པ་དང༌། སྐད་ཡིག་གཉིས་པ་དང༌། སྐད་ཡིག་གཉིས་པའི་བརྒྱུད་ལམ་དུ་ཡོད་པའི་ཤེས་ཡོན་གཏིང་ཕྱིན་པ་ཤེས་པར་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཡོད། རྩོམ་ཡིག་འདིའི་ཐོག་མཐའ་བར་གསུམ་དུ་ལན་མང་བཤད་དང་བཤད་འགྱུར་ལྟར། མ་སྐད་ཀྱི་ཐོག་ནས་ཤེས་ཡོན་སློབ་སྦྱོང་བྱེད་པ་ནི། སྐད་ཡིག་གཉིས་པ་བརྒྱུད་ནས་སྦྱོང་བ་ལས་ཤིན་ཏུ་སྦྱོང་བདེ་ཞིང་ཤེས་སླ་བར་མ་ཟད། གོ་བ་གཏིང་ཚུགས་པ་ཡོང་བ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད། ཉེ་ལམ་ལྷ་ས་ས་ཁུལ་གྱི་བོད་རིགས་སློབ་གྲྭ་ཞིག་ཏུ་སློབ་ཆུང་གི་ཡིག་རྒྱུགས་ཀྱི་གྲུབ་འབྲས་བཟང་ཤོས་རྣམས་རྩེ་བཏོག་གིས་རྒྱའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སློབ་ཚན་སྦྱོང་དུ་བཅུག ཡིག་རྒྱུགས་གྲུབ་འབྲས་སྐྱོ་ཤོས་རྣམས་མུ་མཐུད་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ནས་སློབ་ཚན་སྦྱོང་དུ་བཅུག་སྟེ་ཚན་པ་གཉིས་སུ་བཀར་འདུག དེ་ནས་ལོ་གསུམ་རྗེས་སུ་སློབ་འབྲིང་གི་ཐོན་རྒྱུགས་སྡེ་ཁག་སོ་སོའི་སྐད་ཡིག་ཐོག་ནས་རྒྱུགས་སྤྲོད་བྱེད་དུ་བཅུག་སྐབས། བོད་སྐད་ཀྱི་བརྒྱུད་ལམ་ཐོག་ནས་སློབ་འབྲིང་སློབ་ཚན་སྦྱོང་མཁན་ཚོར་སྤྱིའི་སྐར་གྲངས་བརྒྱ་ཆ་ ༥༧ དང༌། རྒྱའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སློབ་འབྲིང་སློབ་ཚན་སྦྱོང་མཁན་ཚོར་སྤྱིའི་སྐར་གྲངས་བརྒྱ་ཆ་ ༧ ཡིན། ལོ་གསུམ་ནང་ཅིའི་ཕྱིར་སློབ་ཚན་གྱི་ཤེས་ཚད་ལ་འདི་ལྟར་ཁྱད་པར་ཕྱིན་པ་ཡིན་ཞེ་ན། བོད་ཕྲུག་ཅིག་ལ་རྒྱའི་སྐད་ཡིག་གིས་སྐད་ཡིག་དེའི་བརྒྱུད་ལམ་དུ་ཡོད་པའི་སློབ་ཚན་དཔྱིས་ཕྱིན་པར་ཤེས་པ་ལ་འགོག་རྐྱེན་བྱེད་ཀྱི་ཡོད་པས་ཡིན། བྱེས་ཀྱི་སློབ་ཕྲུག་མང་པོ་ཞིག་གིས་དབྱིན་ཇིའི་སྐད་ཡིག་བྱང་ཐབས་ལྟ་བུར་སློབ་ཚན་ཡང་དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་ཨུ་ཚུགས་ཀྱིས་སྦྱོང་བ་བྱེད་ཀྱང༌། ང་ཚོས་རྟག་ཏུ་མི་རིགས་གཞན་དག་གི་རྗེས་སུ་སྙེག་ཐུབ་པའི་ཤེས་ཡོན་གྱི་གནས་ཚད་གཏན་ནས་ཞོགས་ཐུབ་ཀྱི་མེད། ཁོ་ཚོས་རང་གི་ཕ་སྐད་ཀྱི་ཐོ་གནས་སྦྱངས་པའི་ཤེས་ཡོན་སློབ་ཚན་དེ་ང་ཚོས་ཅི་ཙམ་ཨུ་ཚུགས་བྱེད་ཁུལ་བྱས་ཀྱང༌། ཁོ་ཚོའི་གནས་ཚད་བར་དུ་སླེབས་མི་ཐུབ་པ་ཆོས་ཉིད་ཀྱིས་བཅས་པའི་གཏན་ཁྲིམས་ལྟ་བུ་ཡིན། དེར་བརྟེན་ང་ཚོས་ཤེས་ཡོན་དང་བསམ་བློའི་གཞི་རྩ་རང་གི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་ཞོགས་ཐབས་བྱས་ཏེ། རྒྱ་སྐད་དང་དབྱིན་སྐད་ལྟ་བུའི་སྐད་ཡིག་གཉིས་པ་དང་གསུམ་པ་སྐད་ཡིག་རང་གི་སློབ་ཚན་གྱི་ངོ་བོའི་ཐོག་ནས་སྦྱངས་པ་བྱས་ན་ཤེས་བདེ་ལ། བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་ཚན་རིག་དང༌། ཨང་རྩིས། རྫས་འགྱུར་སོགས་དཔྱིས་ཕྱིན་པ་ཤེས་ཚེ་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་བསམ་བློའི་གོ་རྟོགས་ཕན་ཚུན་བརྗེ་ལེན་དང་ཞིབ་བསྡུར་བྱ་བ་དེ་ཙམ་དཀའ་ངལ་ཆེན་པོ་མིན། ད་ལྟའི་གནས་སྐབས་ལྟ་བུར་མཚོན་ན་ཚན་རྫས་གྲངས་གསུམ་དཔྱིས་ཕྱིན་པར་ཤེས་པར་དབྱིན་ཇིའི་སྐད་ཡིག་ལྟ་བུ་ཞིག་ལ་མ་བརྟེན་ཐབས་མེད་ཀྱང༌། ཚན་རྫས་གྲངས་གསུམ་གྱི་རྨང་གཞིའི་ཤེས་ཡོན་ནས་བཟུང་དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སྦྱོང་དགོས་པའི་རྒྱུ་མཚན་གཏན་ནས་མེད།

ལུང་འདྲེན་བྱ་ཡུལ།

༨༥༽ བོད་གཞུང་ཤེས་བྱ་དུས་དེབ་འདོན་ཐེངས་དགུ་པར་གསལ།

མདུན་ཤོག

Menu