སྤྱིར་ཤེས་ཡོན་སྲིད་བྱུས་སམ་སློབ་གསོའི་རྣམ་གཞག་ཅིག་ཡང་དག་པ་ཡིན་མིན་ནི། ལག་ལེན་དངོས་ཀྱི་ཐོག་ནས་སློབ་མའི་རང་བཞིན་ལྷན་སྐྱེས་ཀྱི་ཤེས་རབ་དང་ཀུན་སྤྱོད་ཀྱི་ནུས་པ། ཕྱོགས་ཡོངས་ཀྱི་སྤུས་ཚད་འཕེལ་རྒྱས་དང་མཐོར་འདེགས་སུ་གཏོང་ཐུབ་མིན་གྱི་ཚད་གཞིའི་ཐོག་ནས་དབྱེ་དགོས་ཤིང༌། སློབ་མའི་ཕྱོགས་རེ་བའི་ནུས་པ་དང་སྤུས་ཚད་ཙམ་ལས་འཕེལ་རྒྱས་སུ་གཏོང་མི་ཐུབ་པའི་ཤེས་ཡོན་སྲིད་བྱུས་ཕྱོགས་རེ་བ་ཞིག་གང་དུ་ལག་བསྟར་བྱེད་པའི་གནས་དེར་མི་རིགས་རང་ཉིད་ཀྱི་གཞི་རྩ་མ་བརླག་པའི་ཐོག་ནས་འཛམ་གླིང་མི་རིགས་གཞན་དག་དང་དཔུང་མཉམ་གྱིས་མདུན་བསྐྱོད་བྱེད་པའི་སྟོབས་ཤུགས་བསྐྲུན་མི་ཐུབ་ལ། རིག་གཞུང་སྣ་ཚོགས་ཅན་དང༌། ལྟ་བ་སྣ་ཚོགས་ཅན། སྐད་ཡིག་སྣ་ཚོགས་ཅན་གྱི་འཛམ་གླིང་འདིར་ཕྱོགས་ཡོངས་ཀྱི་ཆོས་ལུགས་དང་སྤྱི་ཚོགས་རིག་གནས་བཅས་ལ་སློབ་སྦྱོང་བྱ་དགོས་པ་ནི་རང་ཉིད་ཁེར་རྐྱང་དུ་གནས་མི་ཐུབ་པའི་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཐག་ཆོད། གནས་སྟངས་འདི་འདྲའི་སྐབས་བཙན་བྱོལ་བོད་མིའི་གཞི་རིམ་དང་མཐོ་རིམ་གྱི་ཤེས་ཡོན་སྲིད་བྱུས་དག་ཀྱང་གནའ་སྲོལ་རྙིང་པ་རྒྱུན་འཛིན་ཙམ་མ་ཡིན་པར། དུས་ཀྱི་འགྱུར་བའི་གོམ་སྟབས་དང་བསྟུན་འཛམ་གླིང་དང་འཇིག་རྟེན་སྤྱི་ཡོངས་ཀྱི་མཐོང་རྒྱ་ཡོད་པའི་ཐོག རྣམ་དཔྱོད་དང་འཇོན་ཐང་ལྡན་པའི་བོད་མིའི་མི་རབས་གསར་པ་ཞིག་བསྐྱེད་བསྲིང་གསོ་སྐྱོང་ཐུབ་པའི་ཤེས་ཡོན་སློབ་སྟོན་འཐུས་སྒོ་ཚང་བ་ཞིག་ངེས་པར་ཡིན་དགོས་ལ། བཀའ་ཤག་དང་འབྲེལ་ཡོད་གྲོས་ལ་དབང་བ་རྣམ་པས་ཀྱང་གནད་དོན་འདི་གཞི་རྩར་བཞག་པའི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་མའི་རགས་ཟིན་ལ་སྣོན་འཕྲི་གང་དགོས་ཀྱི་བཀའ་བཅོས་རིམ་པ་མཛད་པ་བརྒྱུད་མཐའ་མ་གྲོས་ཚོགས་ནས་སྤྱི་མོས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་གཏན་འབེབས་གནང་བ་ཞིག་ཡིན།
    འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་བོད་མི་རིགས་དེང་རབས་ཀྱི་ཤེས་ཡོན་གསར་པ་དང་ཡོངས་སུ་ཁ་འཕྲལ་བའི་ཤེས་ཡོན་སྲིད་བྱུས་ཕྱོགས་ལྷུང་བ་ཞིག་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་པར་མ་ཟད། རེ་ཟུང་གི་བཤད་ཤུགས་ལྟ་བུས་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ནང་དུ་ཡང་ཤེས་ཡོན་སྲིད་བྱུས་འདི་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིག་གཞུང་རྐྱང་པ་མ་གཏོགས། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་གསར་པ་ལ་སློབ་སྦྱོང་བྱེད་དུ་མེད་པའི་ཤེས་ཡོན་སློབ་སྟོན་བཀག་སྡོམ་ཅན་ཞིག་རེད་སྙམ་ནས་རང་གི་བུ་ཕྲུག་སློབ་གྲྭ་འདིར་གཏོང་རྒྱུར་དངངས་སྐྲག་བྱེད་མཁན་ཡང་མང་པོ་བྱུང་ཡོད། ངས་ཉམས་ཞིབ་བྱས་པའི་མཐོང་ཚུལ་ལ་ལྟ་ཚུལ་དང་དངངས་སྐྲག་འདི་དག་མང་ཆེ་བ་ཞིག་ནི་གཞན་པའི་ཟེར་རྗེས་ཙམ་ལ་ཡིད་ཆེས་ཀྱི་གཞི་རྩ་བཅོལ་ནས་བཟོས་པའི་ལྟ་ཚུལ་དང་གླེང་ཕྱོགས་ཙམ་ལས། རྟོན་བཞིའི་འཇུག་ལྡོག་མ་ནོར་བའི་སྒོ་ནས་ངེས་ཤེས་རྙེད་པའི་ལྟ་ཚུལ་ཞིག་མིན་པར་སྣང༌། རང་ངོས་ནས་རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་ངེས་ཤེས་རྙེད་པ་བྱེད་འདོད་ན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཁོག་གཞུང་སྤྱི་དང༌། ལྷག་པར་གཤམ་གྱི་ཤེས་ཡོན་སློབ་ཚན་གྱི་ཐོག་ནས་ལྟ་ཞིབ་བྱས་ན་སྲིད་བྱུས་འདིས་དེང་རབས་ཤེས་ཡོན་གསར་པ་སློབ་སྦྱོང་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་མེད་གོ་རྟོགས་ཀྱི་ངེས་ཤེས་བརྟན་པོ་ཞིག་འབྱུང་ངེས།
    ཀ༽ བོད་ཀྱི་སྐད་ཡིག བོད་ཀྱི་སྐད་ཡིག་ནི་རང་ཉིད་བོད་མི་ཡིན་པའི་ངོས་འཛིན་དང༌། སྐད་ཡིག་དེ་ལ་བརྟེན་ནས་ཡོད་པའི་བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་རྣམས་རང་རྒྱུད་ལ་ཐོབ་པའི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་སྐད་ཡིག་ཤེས་དགོས་པ་རང་ཉིད་བོད་རིགས་སུ་སྐྱེས་པའི་ལྷན་སྐྱེས་ཀྱི་འགན་འཁྲི་ཡང་ཡིན། སྐད་ཡིག་ནི་རྗོད་བྱེད་ཀྱི་རྣམ་པ་ཞིག་ལས་ནང་དོན་མིན་ལ། འདིས་ཕྱི་ནང་གི་རིག་གནས་གསར་རྙིང་མཐའ་དག་བརྗོད་བྱར་བྱེད་ནུས་པར་བརྟེན། སྐད་ཡིག་རང་གི་ངོ་བོའི་སྟེང་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་འབྱེད་དུ་མེད།
    ཁ༽ ཚད་མ་རིག་པ། ཚད་མ་རིག་པ་ནི། མངོན་ལྐོག་གི་གནས་ལུགས་ཕྲ་རགས་ཀུན་ལ་རང་སྟོབས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང༌། རིགས་ལམ་གྱིས་གཏན་ལ་ཕབ་པའི་གྲུབ་དོན་རྣམས་བརྟག་ཐབས་གཞན་པས་འཇིག་ཏུ་མེད་པར་གཡུང་དྲུང་གི་ཆོས་སུ་གནས་པར་བྱེད་པའི་རིགས་ལམ་གྱི་བརྟག་ཐབས་ཤིག་ཡིན་པས། སྐྱེས་བུ་ཤེས་རབ་ཅན་ཀུན་ལ་མཁོ་བའི་ཐུན་མོང་རིག་གནས་ཤིག་ཡིན་པ་ལས་ཆོས་དད་ཅན་དང་སྲོལ་རྒྱུན་པ་རྐྱང་པ་ལ་མཁོ་བའི་སྒེར་ཆོས་ཤིག་མ་ཡིན་ལ། ཚད་མ་རིག་པ་ལ་ཤེས་ཡོན་གསར་རྙིང་གིས་མཚོན་པའི་རིག་པའི་གནས་མཐའ་དག་ལ་གོ་རྟོགས་སྤེལ་བ་དང༌། མཐོང་རྒྱ་བསྐྱེད་པ། རྟོག་དཔྱོད་གནད་དུ་འབབ་པར་བྱེད་པའི་དམིགས་བསལ་རིག་རྩལ་གྱི་ནུས་པ་བཅས་ལྡན་པས། དེང་རབས་ཀྱི་ཤེས་ཡོན་གསར་པ་ལ་ཚད་འཕེར་བ་སྦྱོང་འདོད་པ་རྣམས་ཀྱིས་ཀྱང་ངེས་པར་ཚད་མ་རིག་པ་སྦྱང་དགོས་པ་ལས། སྲོལ་རྒྱུན་གྱི་མིང་ལ་བསྙད་ནས་གད་སྙིགས་སུ་དོར་ན་རང་གི་རྣམ་དཔྱོད་འཕེལ་བའི་སྒོ་རང་ཉིད་ཀྱིས་བསྡམས་པ་ལས་ཅང་མ་ཡིན།
    ག༽ སྐད་ཡིག་དང་ཚད་མ་རིག་པ་གཞན། འདིར་བཤད་པའི་སྐད་ཡིག་གཞན་ནི། རྒྱ་དཀར་ནག་གི་སྐད་ཡིག་དང༌། དབྱིན་སྐད། ཨི་སི་པེ་ནི་ཤིའི་སྐད་ཡིག་བཅས་ཡིན་ལ། ཚད་མ་རིག་པ་གཞན་ནི། དེང་རབས་ཀྱི་ཚད་མ་རིག་པ་དང༌། ཚོད་ལྟའི་ཐབས་ལམ། སྤྱི་ཚོགས་ཚན་རིག་རྣམས་སུ་དར་བའི་གྲུབ་མཐའི་རྣམ་གཞག དེ་བྱུང་རིག་པའི་བརྟག་ཐབས་བཅས་ཡིན་པས། སློབ་ཚན་འདི་དག་ལ་སྲོལ་རྒྱུན་ཞེས་པའི་མིང་འོག་ནས་སྐྱོན་བརྗོད་བྱེད་མཁན་ཡོད་མི་སྲིད་ལ། ཡོད་དགོས་པའི་རྒྱུ་མཚན་ཡང་མེད།
    ང༽ བཟོ་རིག་པ། སྤྱིར་བཟོ་རིག་པ་ནི། མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་བཟོ་བསྐྲུན་དང་འབྲེལ་བའི་ལག་ཐབས་ཀྱི་རིག་གནས་ཤིག་ཡིན་ལ། སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རིག་གཉིས་ཆར་མིའི་དགོས་མཁོ་མ་འདྲ་བའི་གནས་སྐབས་སོ་སོར་གསར་གཏོད་བྱས་པའི་རིག་གནས་ཀྱི་ཁྱད་ཆོས་རེ་ལྡན། མི་རིགས་ཤིག་གི་སྲོལ་རྒྱུན་བཟོ་རིག་ནུས་མེད་དུ་གྱུར་ཡོད་མེད་ནི། མི་རིགས་དེའི་ཉིན་རེའི་འཚོ་བའི་ནང་སྲོལ་རྒྱུན་བཟོ་རིག་གི་བྱེད་ཐབས་ལ་བརྟེན་ནས་བཟོ་བསྐྲུན་བྱས་པའི་དངོས་ཆས་ཀྱི་དགོས་མཁོ་ཡོད་མེད་གཞི་རྩ་ལ་འཇོག་དགོས་པ་ལས། སྲོལ་རྒྱུན་ཡིན་པ་རྒྱུ་མཚན་དུ་བྱས་ནས་སློབ་སྤེལ་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་མེད་ལ། གསར་དུ་དར་བའི་དེང་རབས་ཀྱི་བཟོ་རིག་ཡོངས་རྫོགས་ནང་འདྲེན་ཐུབ་པའི་ངེས་པ་མེད་ལ། ཨེ་ཐུབ་ལྟ་དགོས་པའི་རྒྱུ་མཚན་ཡང་དེ་ཙམ་བཙན་པོ་མེད། མདོ་དོན་རང་མི་རིགས་དང་འཇིག་རྟེན་སྤྱིའི་འཕྲལ་ཕུགས་ཀྱི་ཁེ་ཕན་གཙོ་གནད་དུ་འཛིན་དགོས་ཀྱི་ཡོད་པར་བརྟེན། ཤེས་ཡོན་སྲིད་བྱུས་སུ། འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ་དང༌། རྒྱུན་གནས་ཐུབ་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རིག་གཞི་རིམ་བར་མ་དང་གོང་མ་གཉིས་ཀའི་སློབ་ཚན་དུ་འཇོག་དགོས་ལུགས་གསལ་བར་མཛད་ཡོད།
    ཕྱི་དོན་ཚན་རིག་དང༌། འཕྲུལ་ལས་བཟོ་རིག་ཅི་ཙམ་ཡར་རྒྱས་སོང་ཡང་མིས་འབྱུང་ཁམས་གནམ་གཤིས་ཀྱི་ཆོས་ཉིད་ལ་དབང་བསྒྱུར་བྱེད་ཐུབ་ཀྱི་མེད་སྟབས། བཟོ་ལས་ཀྱི་ལས་རིགས་གང་འདྲ་ཞིག་བརྩམས་ཀྱང་རང་བྱུང་འབྱུང་ཁམས་ལ་གནོད་གཞིར་མི་འགྲོ་བ་རྩ་དོན་དུ་འཛིན་དགོས་ཀྱང༌། འཕྲུལ་ལས་ཡར་རྒྱས་དང་མཉམ་དུ་མི་ཕལ་ཆེར་འདོད་རྔམ་དང་བག་མེད་རྒྱས་སྤྲོས་ཀྱི་གཞན་དབང་དུ་གྱུར་ནས་སྐྱེ་འགྲོ་སྤྱིའི་ཐུན་མོང་འཚོ་གནས་ཀྱི་འཇིག་རྟེན་འདི་ཡང་ཤ་ཟད་རུས་ལ་ཐུག་གི་བར་ཧམ་སྤྱོད་བྱས་པར་མ་ཟད། ཉག་ཕྲ་བའི་ཚེ་སྲོག་ལྷག་མ་འདིའི་གསོན་གནས་ལ་འགལ་རྐྱེན་སྣ་ཚོགས་རྩོམ་བཞིན་པའི་སྐབས་འདིར། རང་བྱུང་འབྱུང་ཁམས་ཀྱི་ནུས་ཚད་ལས་བརྒལ་བའི་འཕྲུལ་ལས་བཟོ་རིག་སློབ་སྤེལ་དང་གསར་གཏོད་བྱ་བར་དགག་བྱ་མཛད་པའི་རིག་གཞུང་གི་ལྟ་བ་དང་ཉམས་ལེན་འདི། འཛམ་གླིང་དང་འཇིག་རྟེན་སྤྱི་ཡོངས་ལ་ཁ་ཕྱོགས་པའི་ཤེས་ཡོན་སློབ་སྟོན་དང་འཇིག་རྟེན་སྤྱི་ཡོངས་ཀྱིས་ཉམས་ལེན་བྱ་དགོས་པའི་རྩ་དོན་ཞིག་ཏུ་འགྱུར་ངེས་ཡིན།
    ཅ༽ ཚན་རིག་དང་སྒྱུ་རྩལ། འདིར་བཤད་པའི་ཚན་རིག་དང་སྒྱུ་རྩལ་ནི། གཞི་རིམ་བར་མའི་བར་སྤྱིར་བཏང་ཚན་རིག་གི་ངོ་སྤྲོད་དང༌། སྤྱི་ཚོགས་ཚན་རིག དེ་བྱུང་རིག་པ། བློ་རིག་སོགས་ཚན་རིག་དང་སྒྱུ་རྩལ་གྱི་སློབ་སྦྱོང་དགོས་མཁོ་ལྡན་པ་རྣམས་རྒྱས་བསྡུས་འཚམས་པ་རེ་བཞག་དགོས་ཞེས་ཤེས་ཡོན་སྲིད་བྱུས་སུ་གསལ་བར་མཛད་པ་ལྟར་ཡིན་པས། དེ་དག་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པ་དང་འབྲེལ་བའི་སློབ་ཚན་ཡིན་པའི་དོགས་པ་དགོས་དོན་མེད་ལ། དེ་སྔར་བོད་ལ་དེ་བྱུང་ངམ་ལོ་རྒྱུས་ཀྱི་བསྟན་བཅོས་མ་གཏོགས། ལོ་རྒྱུས་ཀྱི་མཚན་ཉིད་སྟོན་པའི་དེ་བྱུང་རིག་པ་མེད་པར་བརྟེན་བོད་ཀྱི་ལོ་རྒྱུས་ལ་ཆོས་ལུགས་དང༌། ལྟ་གྲུབ། དད་པ་སོགས་ཀྱི་ཆ་སྣ་ཚོགས་འདྲེས་ཏེ་ལོ་རྒྱུས་འགའ་ཤས་ལྷ་སྒྲུང་གི་རྣམ་པར་གྱུས་པས་དཔྱད་བཟོད་དཀའ་བའི་གནས་སུ་གྱར་བར་མ་ཟད། མ་ལག་ཚང་བ་དང༌། གོ་རིམ་ལྡན་པ། ཁ་གསལ་གོ་བདེ། ཞིབ་ཚགས་བཅས་ཀྱི་ལོ་རྒྱུས་ཤིན་ཏུ་དཀོན་པོར་གྱུར་པའི་སྐབས་འདིར་དེ་བྱུང་རིག་པ་ནི་ཤིན་ཏུ་མཁོ་གནད་དུ་གྱུར་པའི་རིག་གནས་ཤིག་ཏུ་གྱུར་ཡོད།
    ཆ༽ རྩིས་ཀྱི་རིག་པ། འདིར་བཤད་པའི་རྩིས་ཀྱི་རིག་པ་ནི། རྩིས་རིག་ནི་སྤྱིར་མི་ཚེའི་དགོས་མཁོ་དང༌། ལྷག་པར་ཚན་རིག་གི་སློབ་སྦྱོང་ལ་ཉེ་བར་མཁོ་བས་དེང་རབས་རྩིས་ཀྱི་སློབ་ཚན་ལྡང་ངེས་དང༌། དེ་བཞིན་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་སྔོན་འགྲོའི་ངོ་སྤྲོད་ཀྱང་སློབ་ཚན་དུ་བཞག་དགོས་ཞེས་ཤེས་ཡོན་སྲིད་བྱུས་སུ་གསལ་བར་མཛད་པ་ལྟར་ཡིན་ལ། འདི་ལྟར་ང་ཚོས་ཤེས་ཡོན་སློབ་སྦྱོང་ཡོངས་རྫོགས་བོད་རང་གི་སྲོལ་རྒྱུན་ཤེས་རིག་གི་གཞི་རྩ་མ་བརླག་པའི་ཐོག་ནས་དེང་དུས་ཀྱི་ཤེས་ཡོན་གསར་པ་ལ་སྦྱངས་པ་བྱེད་ཐུབ་ན། མི་རིགས་རང་གི་ཤེས་ཡོན་དང་ངོས་འཛིན་གྱི་རྩ་བ་བརྟན་པོ་ཚུགས་ཐུབ་པར་མ་ཟད། དེང་དུས་ཀྱི་ཤེས་ཡོན་གསར་པ་ལ་ཡང་སྲོལ་རྒྱུན་གྱིས་རམ་བཏེགས་པའི་ཁྱད་ནུས་དམིགས་བསལ་བ་ཞིག་འབྱུང་ངེས་པས། ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འདི་དག་ཕྱི་ཚུལ་གྱི་འཁྲབ་སྟོན་ཙམ་མ་ཡིན་པའི་ལག་བསྟར་མ་འཕྱུག་པ་ཞིག་བྱེད་ནུས་ཚེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ལམ་ཡག་པོ་ཞིག་དང༌། ཁྲིད་སྟངས་ཡག་པོ། སློབ་སྦྱོང་སྤྲོད་སྟངས་ཡག་པོ་ཞིག་བྱེད་ཐུབ་ན། དངོས་གནས་ང་ཚོ་བོད་ཀྱི་ལུང་པ་དེ་ཁྱད་མཚར་པོ་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཏན་ཏན་ཡོད་༥༣ཅེས་གསུངས་པ་ལྟར་སྤྱོད་ལམ་དང་རྣམ་དཔྱོད་གང་ཅིའི་ཐད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོང་ཐུབ་པའི་རེ་བ་མེད་པ་གཏན་ནས་མ་ཡིན་སྙམ།
    ཇ༽ འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། བཙན་བྱོལ་བོད་མི་རྣམས་ཀྱི་ལས་དོན་ཡོངས་རྫོགས་ཀྱི་ཁ་ཕྱོགས་སའི་དམིགས་འབེན་ནི། མ་འོངས་པའི་བོད་གངས་ཅན་ལྗོངས་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང༌། ཆོལ་གསུམ་བོད་མི་རྣམས་ཡང་དག་པའི་མང་གཙོའི་རང་བཞིན་ལྡན་པའི་བོད་མིའི་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་ཐབས་བྱ་བ་ཡིན་པས། ང་ཚོས་རེ་བཞག་བྱེད་སའི་མི་རབས་ཕྱི་མ་འདི་ཚོ་ལ། དམིགས་དོན་དེ་སྒྲུབ་ཐུབ་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པ་ད་ལྟའི་མི་རབས་ཀྱི་ལས་འགན་གཙོ་བོ་ཡིན་པར་བརྟེན། ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་གོང་འོག་བར་གསུམ་དུ་སོ་སོའི་གོ་སྟོབས་དང་མཐུན་པར་འཚེ་བ་མེད་པ་དང༌། མང་གཙོའི་ལྟ་གྲུབ་ཀྱི་ཕན་ཡོན། དེ་དག་དང་འབྲེལ་བའི་བསླབ་བྱ་དང༌། ལག་ལེན། ལོ་རྒྱུས་བཅས་རྒྱས་བསྡུས་འཚམས་པ་རེ་སློབ་ཚན་དུ་བཞག་དགོས་ཞེས་གསལ་བར་མཛད་པ་ལྟར། བཙན་བྱོལ་བོད་མི་རྣམས་ཀྱི་ལས་འགན་དང་དམིགས་དོན་གཉིས་ཐད་ནས་མི་བསླབ་མི་རུང་བའི་སློབ་ཚན་ཤ་སྟག་ཡིན།
    ཉ༽ བཟང་སྤྱོད། བོད་མི་རིགས་འཛམ་གླིང་འདིའི་ཐོག་འབུར་དུ་ཐོན་པའི་ཆེ་བ་གཅིག་ནི། ཕ་མེས་ཡང་མེས་ཀྱི་རིང་ནས་སློབ་སྤེལ་རྒྱུན་སྐྱོང་མཛད་པའི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མངོན་གྱི་ཡོད་པར་མ་ཟད། མ་འོངས་པར་ཡང་བོད་མི་རིགས་འདི་ཞི་བདེ་མཉམ་གནས་དང་མཛའ་བརྩེའི་འཆམ་མཐུན་གྱི་ངང་ནས་འཚོ་གནས་བྱེད་དགོས་ན། ཡ་རབས་བཟང་སྤྱོད་ཀྱི་གཞི་རྩ་དང་གཏན་ནས་ཁ་བྲལ་མི་རུང་བ་སྒྲུབ་བྱེད་འཕར་མ་འགོད་མ་དགོས་པར་ད་ལྟའི་མཐོང་མྱོང་གིས་གྲུབ་པས། ཤེས་ཡོན་སྲིད་བྱུས་སུ། བཟང་སྤྱོད་ནི་སློབ་ཚན་བྱེ་བྲག་པ་གཅིག་གི་ཚུལ་དུ་ཟུར་སློབ་བྱ་རྒྱུ་མ་ཡིན་པར་སྤྱིར་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དང༌། ལྷག་པར་འཛིན་གྲྭའི་ནང་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་ཡོངས་རྫོགས་ཀྱི་སྙིང་དོན་འབྲེལ་བ་ཞིག་བྱ་རྒྱུ་གལ་གནད་ཆེ་བ་ཡིན། འོན་ཀྱང་ཆོས་ལུགས་ཁག་གི་ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང༌། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་སློབ་ཚན་ཅི་རིགས་པའི་སློབ་དེབ་བམ་ཟུར་རྒྱན་གྱི་ཀློག་དེབ་ནང་གཞག་དགོས་ཞེས་བཀོད་པར་གནང་ཡོད། མི་ལ་ལས་ཡ་རབས་བཟང་སྤྱོད་ཀྱང་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བའི་སྤྱོད་ལམ་ཞིག་ཡིན་སྟབས། དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་བེད་མེད་དུ་གྱུར་ཟིན་པའི་ལྟ་ཚུལ་འཛིན་པ་ཡོད་ཀྱང༌། སྤྱི་ཚོགས་ལ་འགྱུར་བ་ཅི་ཙམ་སོང་ཡང་མིའི་བསྒྲུབ་བྱ་བདེ་སྐྱིད་ཡིན་པའི་གནས་ལུགས་ལ་འགྱུར་བ་གཏན་ནས་མེད་ཅིང༌། བདེ་སྐྱིད་ནི་མིའི་སེམས་རྒྱུད་ཀྱི་བྱམས་བརྩེ་དང་གཞན་ཕན། ཡ་རབས་བཟང་སྤྱོད་བཅས་ལ་བརྟེན་ནས་འབྱུང་དགོས་པའི་དམིགས་བསལ་བའི་ཚོར་ཤེས་ཤིག་ཡིན་པས། གཞན་ཕན་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་སློབ་སྤེལ་བྱ་མི་དགོས་ཟེར་བ་ནི། ང་ལ་འཆམ་མཐུན་གྱི་སྤྱི་ཚོགས་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མི་དགོས་ཞེས་པའི་བརྡ་མཚོན་ཞིག་ཡིན་ལ། ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང༌། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱི་བསླབ་བྱ་རྣམས་ལ་སྲོལ་རྒྱུན་དང་ཆོས་ལུགས་ཟེར་ནས་དང་ལེན་མི་བྱ་ན། སྲོལ་རྒྱུན་དང་ཆོས་ལུགས་ལ་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་སློབ་བདེ་བ་གཞན་ཅི་ཞིག་ཡོད།
    དོན་དངོས་སུ་འདི་དག་ནི་ཆོས་ལུགས་རྐྱང་པ་དང་འབྲེལ་བའི་གནས་ཚུལ་ཞིག་མིན་པར། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཟེར་བ་ནི་དེང་སང་ཡོངས་གྲགས་སུ་ཆབ་སྲིད་རིག་པ་ཟེར་བ་དང་ནང་དོན་གཅིག་ཅིང༌། ཡུལ་ལུང་སོ་སོར་དམ་པར་གྲགས་པའི་སྐྱེས་ཆེན་དག་གི་སྐུ་ཚེའི་ལོ་རྒྱུས་དང༌། ལྟ་གྲུབ་ཀྱི་ཁྱད་ཆོས་རྣམས་གཞི་རིམ་དང་མཐོ་རིམ་སློབ་གྲྭ་དག་གི་སློབ་ཚན་དུ་འདེམས་བསྒྲུགས་བྱེད་པ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེའི་ཤེས་ཡོན་ལམ་སྲོལ་དུ་གྱུར་ཡོད་པར་མ་ཟད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་ནང་བསམ་བློ་དང་ཀུན་སྤྱོད་ཀྱི་རིག་གནས་ལ་གསར་བརྗེ་བྱ་བའི་ལས་འགུལ་གྱི་ཆ་ཤས་ཤིག་ནི། དེ་སྔར་ཡོངས་གྲགས་སུ་སློབ་གསོའི་མིག་དཔེར་བཀུར་བའི་སྐྱེས་ཆེན་དག་གི་ལོ་རྒྱུས་དང་ལྟ་གྲུབ་ཀྱི་སྐོར་སློབ་ཚན་ནས་ཕྱིར་བསྡུ་བྱས་པའི་ཚབ་ཏུ་ལེ་ཧྥིན་ཟེར་བ་སོགས་སློབ་གསོའི་མི་སྣ་གསར་བསྐྲུན་གྱིས་དམར་པོའི་རིང་ལུགས་ཐོག་ནས་ཀུན་སྤྱོད་ལ་སློབ་གསོ་བྱེད་པའི་ཁུལ་བྱས་ཀྱང༌། དེ་དག་ལ་དགོས་ངེས་ཀྱི་གྲུབ་འབྲས་གཏན་ནས་མ་ཐོན་པར་བརྟེན། བར་ལམ་ནས་རྒྱ་ནག་རང་གི་སྲོལ་རྒྱུན་གྱི་ཀུན་སྤྱོད་དང་བསམ་བློའི་རིག་གནས་ཀྱི་ཐོག་ནས་ཕུལ་བྱུང་དུ་བཀུར་བའི་མི་སྣ་དག་གི་ལོ་རྒྱུས་དང་ལྟ་གྲུབ་སློབ་ཚན་དུ་བསྐྱར་བསྒྲུགས་མི་བྱ་ཐབས་མེད་ཀྱི་གནས་ཚུལ་ཞིག་བྱུང་ནས་ཡོད། མདོར་བསྡུས་ན། ང་ཚོ་ལ་བདེ་སྐྱིད་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་དགོས་ན་གཞན་ཕན་དང་བྱམས་བརྩེའི་རྩ་བ་ལ་བརྟེན་པའི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྟོན་མེད་མི་རུང་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཤད་ན་འདོད།
    གཞན་དུ་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༩༥ ལོར་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་བྱ་གཞག་དབྱར་གྱི་ཆུ་བོ་རྒྱས་པ་ནང་བཞིན་གོང་འཕེལ་འགྲོ་བཞིན་ཡོད་པ་རེད། དུས་ཚོད་འདི་འདྲ་ཞིག་གི་སྐབས་ལ་ང་ཚོ་བོད་མི་མི་རེ་ངོ་རེའི་ཆ་ནས་མཁས་བཙུན་བཟང་གསུམ་ལྡན་པ་ཞིག་བྱ་རྒྱུའི་ཕྱི་ནང་གི་ཆ་རྐྱེན་འཛོམས་ཡོང་གི་ཡོད་སྟབས་ཚང་མས་ཧུར་ཐག་བྱེད་རོགས་༥༤ཞེས་སོགས་བོད་མིའི་ཀུན་སྤྱོད་ཐོག་ལ་བདམས་པའི་བླང་བྱ་དེ་དག་ཀྱང་ཆོས་ལུགས་དང་འབྲེལ་བའི་བསླབ་བྱ་རེད་ཟེར་ནས་ཤེས་ཡོན་སྲིད་བྱུས་ཀྱི་སློབ་ཚན་དང་མཉམ་དུ་གད་སྙིགས་སུ་འཕེན་རྒྱུ་ལས་ཐབས་གཞན་མ་མཆིས།
    ཏ༽ ལུས་རྩལ་དང་རྩེད་མོ། སློབ་མའི་ལུས་སེམས་གཉིས་ཀའི་འཚར་ལོངས་ལ་ཉམ་ཉེས་མེད་པར་ཚད་ངེས་ཅན་ཞིག་ཏུ་བསྐྱེད་བསྲིང་བྱ་དགོས་པ་སློབ་གྲྭའི་འགན་གཙོ་བོ་ཡིན་པས། སློབ་གྲྭའི་ནང་དུ་སློབ་ཕྲུག་གི་སེམས་རྒྱུད་ཀྱི་འཚར་ལོངས་ལ་ཤུགས་འདོན་དགོས་པར་མ་ཟད། དེ་དང་མཉམ་དུ་སློབ་ཕྲུག་གི་ལུས་ཀྱི་འཚར་ལོངས་ལ་ཡང་འཐུས་ཤོར་མེད་པར་བྱ་དགོས། དེར་བརྟེན་ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་སློབ་སྦྱོང་དུ་ཡོད་པའི་སློབ་ཕྲུག་རྣམས་ནི་ལུས་སེམས་འཚར་ལོང་བྱེད་བཞིན་པའི་ན་གཞོན་ཡིན་སྟབས། ཤེས་ཡོན་དང་མཉམ་དུ་འཕྲོད་བསྟེན་དང་གཙང་སྦྲ། ལུས་སྟོབས་འཚར་ལོང་ལ་སྨན་པའི་ལུས་ཀྱི་རྩལ་སྦྱོང་ལ་སློབ་ཚན་གཞན་དང་མཚུངས་པའི་དོ་སྣང་དང་དུས་ཚོད་སྤྲོད་དགོས་ཤིང༌། བོད་ཀྱི་སྲོལ་རྒྱུན་གྱི་ལུས་སྦྱོང་རྣམ་པ་འདྲ་མིན་ཁག་དང༌། རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་(ཡོ་ག)དབུགས་སྦྱོང་(པྲཱཎཱཡཱམ།)སོགས་ཀྱི་སྦྱོང་བརྡར་དགོས་པའི་ཐོག འཕྲོད་བསྟེན་ལ་སྨན་པའི་རང་བཞིན་གྱི་སྨན་བཅོས་དང་འབྲེལ་བའི་ཁྲུས་རིགས་དང༌། སྐུ་མཉེ། བྱུག་པ་སོགས་ཀྱང་གཞི་རིམ་འོག་མ་ནས་འགོ་འཛུགས་དགོས། ལུས་སྦྱོང་གི་ཐབས་ལམ་གཙོ་བོ་ལས་རྩོལ་དང་འགྲོ་འཆག་གི་གོ་སྐབས་ངེས་ཅན་རྒྱུན་ལྡན་གྱི་དུས་ཚོད་རེའུ་མིག་ནང་ཚུད་དགོས། སློབ་ཕྲུག་རྣམས་ཀྱི་བག་ཡངས་དང་སྤྲོ་གསེང་སླད་རྩེད་འཇོའི་རིགས་ཀྱང་སློབ་ཚན་དུ་འཇོག་དགོས་པ་དང༌། དེའང་གནའ་རབས་བོད་མིའི་གོམས་གཤིས་སུ་ཡོད་པའི་རྩེད་རིགས་རྣམས་གཙོ་འདོན་ཐོག་དེང་དུས་ཀྱི་རྩེད་རིགས་ཀྱང་བསླབ་རྒྱུ་ཞེས་ཤེས་ཡོན་སྲིད་བྱུས་སུ་བཀོད་པར་གནང་ཡོད།
    ཐོག་མའི་སྐབས་གྲོས་ཚོགས་དང་སྤྱི་ཚོགས་གཉིས་ཀའི་ནང་ཤེས་ཡོན་སྲིད་བྱུས་སུ། རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་(ཡོ་ག)དབུགས་སྦྱོང་(པྲཱཎཱཡཱམ།)སོགས་ཀྱི་སྦྱོང་བརྡར་དགོས་པའི་ཐོག འཕྲོད་བསྟེན་ལ་སྨན་པའི་རང་བཞིན་གྱི་སྨན་བཅོས་དང་འབྲེལ་བའི་ཁྲུས་རིགས་དང༌། སྐུ་མཉེ། བྱུག་པ་སོགས་ཀྱང་གཞི་རིམ་འོག་མ་ནས་འགོ་འཛུགས་དགོས། ལུས་སྦྱོང་གི་ཐབས་ལམ་གཙོ་བོ་ལས་རྩོལ་དང་འགྲོ་འཆག་གི་གོ་སྐབས་ངེས་ཅན་རྒྱུན་ལྡན་གྱི་དུས་ཚོད་རེའུ་མིག་ནང་ཚུད་དགོས་ཞེས་གསལ་བ་ལ། ཤེས་རིག་ལས་ཁུངས་ལ་བོད་པའི་བུ་ཕྲུག་རྣམས་རྒྱ་གར་སའ་ངྷོའུ་ཞིག་བྱེད་འཇུག་འཆར་འདུག་ཟེར་བའི་ཟུར་ཟའི་སྐད་ཆ་ཞིག་གང་སར་བཤད་ཀྱང༌། དེང་སྐབས་ཟུར་ཟ་བྱེད་མཁན་ཁོང་ཚོ་ལས་མང་ཆེ་བ་རྒྱ་གར་སའ་ངྷོའུ་གྱུར་ཡོད་ཚོད་འདུག་སྟེ། རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་(ཡོ་ག)དང་དབུགས་སྦྱོང་(པྲཱཎཱཡཱམ།)སོགས་སྦྱོང་བརྡར་མི་བྱེད་མཁན་རང་རེའི་སྐྱ་སེར་གཉིས་ཀའི་ནང་མེད་པ་ལྟ་བུའི་ཚོད་དུ་དར་ཁྱབ་འགྲོ་བཞིན་ཡོད།
    ཐ༽ གཞི་རིམ་གོང་མའི་སློབ་ཚན། ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་གོང་མ་ལོ་བཞིའི་ཡུན་ཅན་གྱི་ནང་གནས་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ཆ་ཚང་གཞག་དགོས་སྨོས་མེད་ཐོག ཚན་རིག་དང༌། དེ་ལས་གཞན་པའི་སྡེ་ཚན་དབྱེ་བའི་རྗེས་སུའང༌། སྡེ་ཚན་ཚང་མར་བོད་ཀྱི་སྐད་ཡིག་དང༌། ཚད་མ་རིག་པའི་སློབ་ཚན་ངེས་པར་གཞག་དགོས་ཞེས་བཀོད་པར་གནང་ཡོད། གོང་གསལ་གྱི་སློབ་ཚན་འདི་དག་གི་ཐོག་ནས་ཞིབ་ཏུ་བལྟས་ན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སྲོལ་རྒྱུན་གྱི་སློབ་ཚན་རྐྱང་པ་མ་གཏོགས་དེང་རབས་ཀྱི་ཤེས་ཡོན་གསར་པའི་སློབ་ཚན་མེད་པའི་ཤེས་ཡོན་སློབ་སྟོན་ཕྱོགས་རེ་བ་ཞིག་ཡིན་མིན་གསལ་བར་རྟོགས་ཐུབ་ལ། གཞི་རིམ་སློབ་གྲྭ་ཐོན་པའི་རྗེས་སུ་རྒྱལ་ཕྱི་ནང་གི་དེང་རབས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ཏུ་རྒྱུགས་སྤྲོད་གཏོང་ཐུབ་པའི་འཆར་གཞི་ངེས་ཅན་ཞིག་གི་ཐོག་ནས་སློབ་ཚན་བསྒྲིགས་པར་གནང་ཞིང༌། སློབ་སྦྱོང་གི་ཐབས་ལམ་མ་འདྲ་བའི་ཁྱད་པར་ལས་ཤེས་ཡོན་སྲིད་བྱུས་གསར་པའི་འོག་ཏུ་མ་མཐའ་ཡང་དེ་སྔའི་སློབ་ཚན་ཡོངས་རྫོགས་ཤེས་ཐུབ་པའི་རིམ་པ་འཐུས་ཚང་ཞིག་ཡོད་པ་རྟོགས་ན། ད་གཟོད་ཤེས་ཡོན་སྲིད་བྱུས་འདི་བཀག་སྡོམ་ཅན་ཞིག་དང་བུ་ཕྲུག་གཏོང་རྒྱུར་དངངས་སྐྲག་བྱ་དགོས་ས་ཞིག་ཡིན་མིན་གསལ་པོ་རྟོགས་ངེས། གཞན་ཡང༌། ཤེས་ཡོན་གྱི་ལམ་སྲོལ་དང༌། གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི། སློབ་ཚན་འཆར་གཞི་དང་སློབ་དུས། རྒྱུགས་སྤྲོད། དགེ་རྒན། འཛིན་སྐྱོང༌། ཤེས་ཡོན་གྱི་ཐོབ་ཐང་བཅས་ཡོངས་རྫོགས་སྲོལ་རྒྱུན་གྱི་གཞི་རྩ་མ་བརླག་པའི་ཐོག་ནས་རྣམ་པ་དང་བྱེད་ཐབས་མང་པོ་ཞིག་དེང་རབས་ཀྱི་སློབ་གྲྭ་སྤྱི་ཡོངས་ཀྱི་འགྲོ་ལུགས་དང་མཐུན་པར་མཛད་ཡོད་པ་ལས། འཛམ་གླིང་སྤྱི་འགྲོས་ལས་ལྡོག་པའི་ལམ་ཀྱོག་ཅིག་ཏུ་བསྐྱོད་ཀྱི་མེད་པ་དང༌། སྤྱི་ཚོགས་རྙིང་པའི་དགོས་མེད་ཀྱི་ལམ་ལུགས་བསྐྱར་གསོ་བྱེད་ཀྱི་མེད་པ་ཡང་གསལ་པོར་རྟོགས་ཐུབ།

བཅུ་གསུམ་པ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་དགག་རྒྱག་གི་རྩོམ་ཡིག་སྣ་ཚོགས་བྲིས་པ་དེ་དག་དོན་ལ་གནས་པ་དང་གནད་དུ་འཁེལ་བ་ཞིག་བྱུང་ཡོད་མེད་ལ་དཔྱད་པ།

    མི་སོ་སོའི་བསམ་བློའི་གནས་སྟངས་དང་རྒྱབ་ལྗོངས་ཀྱི་རིག་པའི་གཞུང་ལུགས་མ་འདྲ་བའི་དབང་གིས་གནད་དོན་གཅིག་གི་ཐོག་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་འབྱུང་ངེས་ཡིན་པའི་གནས་ལུགས་ཀྱི་ཐོག་ནས་བལྟས་ན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་ལྟ་ཚུལ་མཐུན་མིན་སྣ་ཚོགས་བྱུང་བ་སྐྱོན་གནད་ཅིག་མིན་པར་མ་ཟད། ལྟ་ཚུལ་མི་མཐུན་པའི་བཤད་གླེང་སྣ་ཚོགས་བྱུང་བ་འདིས་རྐྱེན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་སྔར་ཤེས་ཡོན་སྲིད་བྱུས་ཐོག་དོ་སྣང་ཙམ་ཡང་བྱེད་མ་མྱོང་བའི་མི་མང་པོ་ཞིག་ལ་གོ་རྟོགས་དང་དོ་སྣང་གསར་པ་སླེབས་ཐུབ་ཡོད་ལ༑ སྤྱི་ཚོགས་ཡོངས་ལ་ཅུང་ཤུགས་ཆེ་བའི་སྒུལ་བསྐྱོད་ཅིག་ཀྱང་གཏོང་ཐུབ་ཡོད། ཕྱི་ལོ་ ༢༠༠༣ ལོ་ནས་ཕྱི་ལོ་ ༢༠༠༦ ལོ་བར་བོད་ཡིག་ཐོག་ནས་བྲིས་པའི་དགག་ཕྱོགས་ཀྱི་རྩོམ་ཡིག་ཁོ་བོའི་མཐོང་ལམ་དུ་བྱུང་བ་བསྡོམས་གྲངས་ ༡༠ ལྷག་འདུག་ཅིང༌། དེ་དག་ལས་རྩོམ་ཡིག་སྔ་ཤོས་ཅུང་རིན་ཐང་ལྡན་པ་དང་ཞིབ་ཚགས་ཀྱི་ལུགས་སུ་བྱས་པ་ནི། ཞེ་ཆེན་ཞབས་དྲུང་ཞེས་པས། ཕྱི་ལོ་ ༢༠༠༣ ལོ་ཟླ་ ༡༢ ཚེས་ ༡༠ ཉིན་དུས་བབ་གསར་ཤོག་ཐོག་ཏུ་སྤེལ་བའི་རྩོམ་ཡིག བཀའ་ཤག་གི་ཤེས་ཡོན་སྲིད་བྱུས་རགས་ཟིན་གཉིས་པར་རོབ་ཙམ་བལྟ་བ་ཞེས་པ་ཡིན་པ་ལྟ་བུར་སྣང༌། གོང་གསལ་གྱི་རྩོམ་ཡིག་བཅུ་གྲངས་ཤིག་ཡོད་པ་རེ་རེ་ལ་དགག་སྒྲུབ་བྱ་བའི་དགོས་པ་དང་རྒྱུ་མཚན་གཉིས་ཀ་མ་མཐོང་ལ། རྩོམ་ཡིག་དེ་དག་གི་ནང་དོན་ཧྲིལ་གྱིས་བསྡུས་ན་གཞི་རིམ་འོག་མ་དང་བར་མའི་སློབ་ཚན་མཐའ་དག་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་བྱ་མི་རུང་ཟེར་བ་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་སྲོལ་རྒྱུན་གྱི་ཤེས་ཡོན་ཙམ་མ་གཏོགས་དེང་རབས་ཤེས་ཡོན་སློབ་སྤེལ་དགོས་ངེས་ཤིག་བྱེད་ཀྱི་མེད་ཟེར་བ། དེ་བཞིན་ཤེས་ཡོན་སྲིད་བྱུས་འདིའི་ནང་ཆོས་ལུགས་ཀྱི་ལྟ་སྤྱོད་འདྲེས་ཚབས་ཆེ་ཟེར་བ། ཤེས་ཡོན་སྲིད་བྱུས་འདིའི་འོག་ནས་གཞི་རིམ་སློབ་གྲྭ་ཐོན་པའི་བུ་ཕྲུག་རྣམས་ཀྱིས་རྒྱ་གར་དང་ཕྱི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭར་ཡིག་རྒྱུགས་ལོན་དཀའ་ཟེར་བ། ཤེས་ཡོན་སྲིད་བྱུས་འདི་ལག་ལེན་ལས་ལྟ་གྲུབ་ཀྱི་ཆ་མང་ཟེར་བ་བཅས་ཡིན། གནད་དོན་འདི་དག་ཡོངས་རྫོགས་ཀྱི་དངོས་ཡོད་གནས་སྟངས་དེབ་འདིའི་ཐོག་མཐའ་བར་གསུམ་དུ་བཤད་དང་བཤད་འགྱུར་ལྟར་ཡིན་པས་འདིར་ཟུར་དུ་རྒྱས་བཤད་བྱ་དགོས་མ་མཆིས་མོད། དགག་ཕྱོགས་ཀྱི་རྩོམ་ཡིག་དག་གིས་བཀོད་པའི་རྒྱུ་མཚན་རྣམས་གནད་དུ་སྨིན་པ་ཞིག་ཡོང་ཡོད་མེད་ཤེས་རྟོགས་ཆེད་འདིར་ཞེ་ཆེན་ཞབས་དྲུང་ཞེས་པའི་རྩོམ་ཡིག་གི་ནང་དོན་དང་འབྲེལ་བའི་ཐོག་ནས་གླེང་མོ་མདོ་བསྡུས་ཤིག་བྱ།
    ཞེ་ཆེན་ཞབས་དྲུང་པའི་རྩོམ་ཡིག་ནང་བསྒྲུབ་བྱའི་ཉིང་དོན་ངོ་མ་དང༌། རྩལ་དུ་བཏོན་ནས་བཤད་འདོད་པ་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་གྲུབ་པའི་རྣལ་འབྱོར་པ་ཆེན་པོ་ཞིག་གི་དག་སྣང་དུ་ཤར་བའི་བར་སྣང་གི་གཞལ་ཡས་ཁང་ཞིག་དང༌། སྒེར་གྱི་ཚན་རིག་ལ་ལོག་ལྟ་བྱེད་པའི་སེམས་ཚོར་དེ་རིགས་སློབ་ཕྲུག་ཁྲི་ཕྲག་དུ་མའི་མདུན་ལམ་ལ་ཐུག་པའི་སློབ་གསོའི་སྲིད་བྱུས་ནང་འཁྱེར་འཇུག་བྱེད་པ། སློབ་ཕྲུག་ཡོངས་རྫོགས་ངྷོ་ལ་ངྷར་གྱི་རི་རྩེར་དེད་དེ་ཕྱི་ལོགས་ཀྱི་སྤྱི་ཚོགས་དང་རྦད་དེ་ཁ་བྲལ་དུ་བཅུག་ན་ལས་ལག་བསྟར་མི་ཐུབ་པ་ཞིག་ཡིན་པ། སྲིད་བྱུས་འདི་སླེབས་སྣེ་མེད་པའི་མདུན་ལམ་ཞིག་ཡིན་པ་བཅས་ཡིན། དེ་ཡང་རྩོམ་ཡིག་དེར། ༡༽ དཀའ་ངལ་ངོས་འཛིན་ཞེས་པའི་ནང་དུ། བོད་གཞིས་བྱེས་གཉིས་ཀར་བོད་ཀྱི་སྐད་ཡིག་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ཡོད་སྐོར་བཤད་ཀྱང༌། དེ་ནི་ཡོངས་གྲགས་སུ་བཤད་བཞིན་པའི་དཀའ་ངལ་ཞིག་བསྐྱར་ཟློས་ཀྱིས་བཤད་པ་མ་གཏོགས། དངོས་ཡོད་ཀྱི་དཀའ་ཁག་དང་ཉམས་ཆག་འདི་དག་ལས་ཇི་ལྟར་སྐྱོབ་ཐབས་བྱ་དགོས་པའི་ཐབས་ཤེས་གང་ཡང་བསྟན་མེད།
    ༢༽ དཀའ་ངལ་ངོས་འཛིན་ཞེས་པའི་ནང་དུ། སློབ་ཕྲུག་སྤྱིའི་གྲངས་འབོར་གྱི་ཕྱེད་ལྷག་ཟིན་པའི་ཤེས་རིག་དང༌། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཅིའི་ཕྱིར་དང་ཇི་ལྟར་ཉམས་ཆག་ཏུ་ཕྱིན་པའི་སྐོར་ལ་གསལ་བཤད་གནང་རྒྱུ་དེ་ཤེས་རིག་ལས་ཁུངས་ཀྱི་ལས་འགན་ཡིན་པ་སྨོས་མི་དགོས་ལ། ཤེས་རིག་གིས་གནད་དོན་འདི་གསལ་པོ་བཟོ་རྒྱུ་དེ་སྲིད་བྱུས་གསར་པའི་ནང་དོན་གལ་ཆེན་ཞིག་ཡིན་དགོས་ཞེས་སོགས་བཤད་ཡོད། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་སློབ་འཛིན་ཚོགས་དང༌། སམ་བྷོཊ་ཙམ་མ་ཡིན་པར་བོད་ཁྱིམ་གཉིས་དང་བཅས་པའི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཡོངས་རྫོགས་ཀྱི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཅིའི་ཕྱིར་དང་ཇི་ལྟར་ཉམས་ཆག་ཏུ་གྱུར་པའི་ཚུལ། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡ ནང་རྡ་རམ་ས་ལར་སྐོང་ཚོགས་བསྐྱངས་པའི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དབུར་བཞུགས་པའི་དྲུང་ནས་གསལ་བཤད་ཞིབ་གསལ་དོན་གནད་དུ་སྨིན་པ་ཞིག་གནང་ཡོད་པར་མ་ཟད། སྐབས་དེར་ཚོགས་ཞུགས་པ་ཡོངས་རྫོགས་ཀྱིས་བཙན་བྱོལ་གཞུང་གི་ངོས་ནས་གསལ་འདོན་གནང་བའི་ཉམས་ཆག་གི་སྐོར་དང༌། དེའི་རྐྱེན་རྩ། དེ་ཇི་ལྟར་སེལ་བའི་ཐབས་ཤེས་ཀྱི་སྒྲོམ་གཞི་བཅས་ལ་མོས་མཐུན་ཞུས་པའི་གཞི་རྩའི་ཐོག་ནས་ད་ལྟའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་གསར་རྩོམ་མཛད་པ་ཡིན། དགག་རྩོམ་འབྲི་མཁན་གྱི་ཞེ་འདོད་ལྟར་སྲིད་བྱུས་འདི་ཟམ་གདོང་རིན་པོ་ཆེ་སྒེར་པའི་ལྟ་གྲུབ་གཙོ་འདོན་བྱས་པ་ཞིག་ཡིན་པའི་དབང་དུ་བྱས་ཀྱང༌། ཁོང་གིས་ཕྱི་ལོ་ ༡༩༨༤ ལོ་དང༌། ཕྱི་ལོ་ ༡༩༩༢ བཅས་སོ་སོར་རང་རེའི་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་དང་ཀུན་སྤྱོད་ཉམས་ཆག་ཏུ་འགྲོ་བའི་རྐྱེན་རྩ་ཡོངས་གྲགས་སུ་ངོས་འཛིན་དང་གནད་དུ་ཐིངས་པའི་དགོངས་ཚུལ་ལན་མང་གསུངས་ཡོད།
    དེར་བརྟེན་ཞེ་ཆེན་ཞབས་དྲུང་ཞེས་པས་བཙན་བྱོལ་བོད་གཞུང་དང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་རང་རེའི་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་ཏུ་གྱུར་པའི་སྐྱོན་གནད་ངོས་མ་ཟིན་པ་ལྟ་བུ་དང༌། གསལ་བཤད་བྱས་མེད་པ་ལྟ་བུའི་ཟུར་ཟའི་སྐད་ཆ་འདི་འདྲ་བཤད་དགོས་པའི་རྒྱུ་མཚན་ཅང་ལྷག་མེད།
    ༣༽ དཀའ་ངལ་ལ་གདོང་ལེན་སྐོར་ཞེས་པའི་ནང་དུ། བོད་ཀྱི་སྐད་ཡིག་ཡུན་གནས་ཀྱི་ཆ་རྐྱེན་གཅིག་ནི། བོད་ཀྱི་སྐད་ཡིག་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྦྱོང་ཐུབ་ཙམ་དུ་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྤྱི་ཚོགས་དང་རང་བྱུང་ཚན་རིག་གི་ཤེས་བྱ་སློབ་སྦྱོང་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་སོགས་བཤད་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཀྱང་ངོས་འཛིན་དེ་ལྟར་གནང་བའི་གཞི་རྩའི་ཐོག་ནས། ལས་དོན་འདི་མངོན་འགྱུར་ཡོང་ཐབས་ལ་དམིགས་ཏེ་ལས་གཞི་རིམ་པར་བརྩམས་པའི་ཆ་ཤས་སུ་ཤེས་ཡོན་སྲིད་བྱུས་འདི་གསར་གཏོད་མཛད་པ་ཡིན། ཤེས་ཡོན་སྲིད་བྱུས་འདིའི་རྩ་དོན་གལ་གནད་ཆེ་ཤོས་ཤིག་ནི་བོད་རིགས་གཞོན་སྐྱེས་རྣམས་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་ཏུ་བསྐྱེད་བསྲིང་བྱ་རྒྱུ་ཡིན་ཞིང༌། བོད་རིགས་གཞོན་སྐྱེས་རྣམས་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་ཏུ་གསོ་སྐྱོང་བྱེད་པའི་ལས་གཞི་འདི་ལ་གྲུབ་འབྲས་ཐོན་པ་ཡིན་ན། བོད་ཀྱི་སྐད་ཡིག་ཀྱང་རང་བཞིན་གྱིས་ཤེས་ཡོན་གསར་རྙིང་གི་འདབ་གཤོག་གཉིས་ལྡན་ཞིག་ཏུ་འགྱུར་ངེས་ཡིན། ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་མི་བསྐྲུན་མ་ཐུབ་པའི་དབང་གིས་སྐད་ཡིག་གི་གནས་སྟངས་ཀྱང་ད་ལྟའི་ཁོར་ཡུག་འདི་ལས་བཀོལ་སྤྱོད་རྒྱ་ཁྱབ་ཏུ་འགྲོ་མ་ཐུབ་པ་ཡིན།
    གཞན་དུ་ན་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ད་ལྟའི་ཤེས་ཡོན་ལམ་སྲོལ་ལ་འགྱུར་བ་མེད་པར་མུ་མཐུད་དེ་བསྐྱར་ཟློས་བྱས་ན། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་ཐོག་རང་རྐང་ཐོན་པའི་མི་སྣ་མང་པོ་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པ་འདས་པའི་ཉམས་མྱོང་གི་ཐོག་ནས་གསལ་པོ་ཤེས་བཞིན་དུ། ཤེས་ཡོན་ལམ་སྲོལ་ལ་གསར་བརྗེ་མེད་པར་མུ་མཐུད་སྔ་མོའི་ལམ་སྲོལ་བསྐྱར་ཟློས་བྱེད་ཀྱི་ཡིན་ཟེར་ན། བོད་མི་རིགས་ཀྱི་ངོ་བོ་འཛིན་པའི་སྐད་ཡིག་དང༌། རིག་གཞུང་གོམས་གཤིས་སོགས་མི་རབས་ཕྱི་མ་འདི་ཚོའི་ཁྲག་རྒྱུད་དུ་ཡོངས་སུ་སྐམ་ནས་བོད་མིའི་རོ་སྐོག་ཙམ་ལས་ནང་དོན་གྱི་རྣམ་ཤེས་ཡོངས་སུ་བརླག་འགྲོ་བ་ཐེ་ཚོམ་མེད་པར་ཐག་གཅོད་བྱེད་ནུས་པ་ཞིག་ཡིན།
    ༢། ༡༽ སྐུ་སྒེར་གྱི་དགོངས་ཚུལ་དང་སྲིད་བྱུས་བར་གྱི་འགལ་ཟླ་ཞེས་པའི་ནང་དུ། རྨང་གཞི་སློབ་གསོ་གྲུབ་རྗེས་ཀྱི་འཛིན་གྲྭ་རིམ་འཕར་དང༌། ཤེས་ཚད་དང་སློབ་ཐོན་ལག་འཁྱེར་ངོས་ལེན། དེ་དང་ངེས་པར་མཐུན་དགོས་ངེས་ཀྱི་འཛིན་སྐྱོང་ལམ་སྲོལ། སློབ་དེབ་དང་སློབ་ཚན་བཀོད་སྒྲིག་སོགས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རང་སྐྱ་འཕེར་བའི་སྒོ་ནས་གནང་ཐུབ་པའི་ཆ་ཅི་ཙམ་ཡོད་མིན་དེ་སློབ་གསོའི་སྲིད་བྱུས་འདི་ལག་བསྟར་ཅི་ཙམ་ཐུབ་མིན་ལ་ཐུག་ཡོད་ཅེས་སོགས་ཟེར།
    སྤྱིར་གཞི་རིམ་ཤེས་ཡོན་སྲིད་བྱུས་སམ་རྨང་གཞིའི་སློབ་གསོ་དང་རྨང་གཞིའི་སློབ་གསོ་གྲུབ་པའི་རྗེས་ཀྱི་མིའི་བསམ་སྤྱོད་ལ་འབྲེལ་བ་ངེས་ཅན་ཡོད་པ་སྨོས་མ་དགོས་ཀྱང༌། ཐད་ཀར་བཤད་ན་རྨང་གཞིའི་སློབ་གསོ་གྲུབ་པའི་རྗེས་ཀྱི་སློབ་ཐོན་ལག་འཁྱེར་ངོས་ལེན་དང༌། འཛིན་སྐྱོང་ལམ་སྲོལ། སློབ་དེབ་དང་སློབ་ཚན་སོགས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཐད་ཀར་འབྲེལ་བ་མེད། རྨང་གཞིའི་སློབ་གསོ་གྲུབ་པའི་རྗེས་ཀྱི་གནས་སྟངས་གང་དུ་སློབ་ཞུགས་བྱས་པའི་མཐོ་རིམ་སློབ་གྲྭ་དང་འབྲེལ་བ་ཞིག་ཡིན། རྨང་གཞིའི་སློབ་གསོ་རང་སྐད་ཐོག་ལངས་ཐུབ་པར་ཤེས་ཡོན་པ་དང་མང་ཚོགས་ཀྱི་སེམས་ཤུགས་བརྟན་པོ་མེད་པའི་གནས་སྟངས་འདིའི་ཐོག་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་ཀྱིས་ད་ལྟའི་གནས་སྐབས་སུ་རྨང་གཞིའི་སློབ་གསོ་གྲུབ་པའི་རྗེས་ཀྱི་སློབ་གསོའི་གནས་སྟངས་གཞུང་གི་བཏང་འཛིན་འོག་ལེན་ཐུབ་ཀྱི་མེད་པ་གསལ་པོས་མཁྱེན་གྱི་ཡོད། དེར་བརྟེན་ཤེས་ཡོན་སྲིད་བྱུས་སུ་སྤྱི་འགྲེའི་གཞི་རིམ་གོང་མ་ལོ་བཞིའི་ཡུན་ཅན་གྱི་ནང་གནས་སྐབས་གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་ཆ་ཚང་གཞག་དགོས་ལུགས་གསལ་འདོན་མཛད་པར་མ་ཟད། མཐོ་རིམ་འཛིན་གྲྭ་བཅོ་ལྔ་པ་དང་བཅུ་བདུན་པ་སོགས་ཀྱི་སློབ་ཚན་རྒྱལ་སྤྱིའི་སྤྱི་འགྲེའི་ལྟར་གྱི་མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱ་དགོས་པའི་ལམ་སྲོལ་སྔ་མུས་སོར་འཇགས་བྱས་པ་ལས་བཅོས་བསྒྱུར་གང་ཡང་བྱས་མེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་རྨང་གཞིའི་སློབ་གསོ་གྲུབ་པའི་རྗེས་ཀྱི་འཛིན་སྐྱོང་སོགས་ཀྱི་གནས་སྟངས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་སྒྲུབ་བྱ་བར་གཞི་རྩ་ཅང་མེད།
    ཞེ་ཆེན་ཞབས་དྲུང་པས་མུ་མཐུད་དེ། སྲིད་བྱུས་རྣམས་སློབ་ཕྲུག་ཡོངས་རྫོགས་ངྷོ་ལ་ངྷར་གྱི་རི་རྩེར་དེད་དེ་ཕྱི་ལོགས་ཀྱི་སྤྱི་ཚོགས་དང་རྦད་དེ་ཁ་བྲལ་དུ་བཅུག་ན་ལས་ཇི་ལྟར་ལག་བསྟར་བྱ་ཐུབ་བམ་ཟེར། ཚིག་དུམ་འདིའི་ཐོག་ནས་ཁོང་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་ངོས་འཛིན་གང་འདྲ་བྱེད་ཀྱིན་ཡོད་མེད་དང༌། གོ་རྟོགས་ཀྱི་ཚད་གཞི་ཡང་རྟོགས་ཐུབ་ལ། ཁོང་གི་སྐད་ཆ་ཡོངས་རྫོགས་མདོ་བསྡུས་ནས་བཤད་ན། གཡོ་སྒྱུ་ཁྲམ་གསུམ་མེད་པའི་མི་བཟང་པོ་ཞིག་དང༌། བུ་ཕྲུག་ཅིག་གི་མི་ཚེའི་འགོ་འཛུགས་དང་པོ་བྱེད་པའི་སྔོན་འགྲོ་དང་པོ་ནས་བཟུང་དབྱིན་ཇིའི་སྐད་ཡིག་དང༌། དེའི་བརྒྱུད་ལམ་ནས་དེང་རབས་ཤེས་ཡོན་ལ་སློབ་སྦྱོང་བྱེད་པའི་འགོ་འཛུགས་མ་བྱས་པའི་མི་ཞིག་དེང་རབས་ཀྱི་འཇིག་རྟེན་ནང་དུ་གསོན་པོར་འཚོ་སྡོད་མི་ཐུབ་ལུགས་བཤད་ཀྱི་ཡོད། འཇིག་རྟེན་སྤྱིའི་མགོན་སྐྱབས་དང་མདུན་ལམ་སློབ་སྟོན་དུ་བཀུར་བཞིན་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་སྲོལ་ལ་བརྟེན་ནས་འཚར་ལོངས་བྱུང་བ་རེད་ལ། བོད་ཕྱི་ནང་གཉིས་སུ་གནའ་དེང་གི་ཤེས་ཡོན་ཀུན་ལ་མཁས་པའི་ཕུལ་བྱུང་དུ་གུས་བརྩི་བྱེད་བཞིན་པའི་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་ལམ་སྲོལ་གྱི་འོག་ནས་མཁས་པར་གྱུར་པ་ཞིག་ཡིན་ལ། ཁོང་དང་ཁོང་དག་གིས་རྨང་གཞིའི་ཤེས་ཡོན་ནས་བཟུང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གཞི་རྩ་ལ་བརྟེན་པ་མ་གཏོགས། བྱིས་དུས་ནས་དབྱིན་ཇིའི་སྐད་ཡིག་བསླབས་པ་མེད་ཀྱང་དེང་རབས་མཁས་པའི་དཀྱིལ་འཁོར་གདན་འཛོམས་པའི་ཁྲོད་དུ་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་ཕམ་ཁ་ཁུར་བའི་ལོ་རྒྱུས་གཏན་ནས་མེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཁོང་དག་ཕྱི་ལོགས་ཀྱི་སྤྱི་ཚོགས་དང་ཁ་བྲལ་དགོས་པའི་གནས་སྟངས་ཤིག་འདུག་གམ།
    ༢༽ དམིགས་ཡུལ་དང་ལས་རིམ་གྱི་འགལ་ཟླ་ཞེས་པའི་ནང༌། སྲིད་བྱུས་འདིའི་ནང༌། ད་ལྟའི་བཙན་བྱོལ་གྱི་སློབ་གསོའི་གནས་སྟངས་ངོས་འཛིན་གང་ཡང་བྱས་མེད་པ་སྟེ། འཕྲད་བཞིན་པའི་དཀའ་ངལ་གཙོ་ཕལ་དང༌། བེད་སྤྱོད་བྱེད་རུང་གི་མཐུན་རྐྱེན། འབྱུང་སྲིད་པའི་ཉེན་ཁ། འགྲུབ་སྲིད་པའི་དམིགས་ཚད་བཅས་ལ་འགྲེལ་བརྗོད་གང་ཡང་བྱས་མེད་ཟེར། སྲིད་བྱུས་འདིར་གཉེན་པོ་དང་སྤང་བྱ་ཁ་འཐབ་ནས་རྒྱས་བཤད་མཛད་མེད་པ་བདེན་ཡང༌། གཉེན་པོ་གསལ་བར་བསྟན་པ་ལས་སྤང་བྱའི་ཕྱོགས་རྟོགས་ཐུབ་ལ། སྒྲུབ་ཕྱོགས་བསྟན་པ་ལས་དགག་ཕྱོགས་རང་བཞིན་གྱིས་གསལ་པོར་འབྱུང་བས། རྩ་དོན་གྱི་རྣམ་པ་བརླགས་ནས་རྒྱས་འགྲེལ་གྱི་ཕུང་པོ་ཞིག་ཏུ་མ་མཛད་པ་ནི་སྲིད་བྱུས་འདིའི་དགེ་མཚན་ལས་སྐྱོན་གནད་ཅིག་གཏན་ནས་མིན།
    ༣༽ སློབ་གསོ་བཅོས་བསྒྱུར་གྱི་ཞིབ་ཕྲའི་ལས་གཞི་ཁ་མི་གསལ་ཞེས་པའི་ནང་དུ། སློབ་གསོ་ནི་མ་ལག་ཚང་བའི་ལས་གཞི་ཞིག་ཡིན་སྟབས། དེར་དགོས་པ་དམིགས་ཡུལ་དང་ངོ་བོ་ངེས་ཚིག་གི་རྣམ་གྲངས་བཀར་བགོས་བྱས་པ་ཙམ་གྱིས་མི་ཆོག་པར། འགྲུབ་པར་བྱེད་པའི་ཆ་ལག་ཡོངས་རྫོགས་ནས་རྐང་པ་སྤོ་དགོས་ཞེས་སོགས་ཟེར། གོང་དུ་བཤད་པ་ལྟར་རྩ་འཛིན་ཡིག་ཆ་འདིའི་ནང་དུ་གཞི་རྩའི་སྒྲོམ་གཞི་ཙམ་མ་གཏོགས་སློབ་གསོའི་མ་ལག་ཆ་ཚང་ཞིབ་རྒྱས་སུ་འབྲི་དགོས་པའི་ངེས་པ་མེད། གང་ཡིན་ཟེར་ན། འདི་ནི་ཤེས་ཡོན་སློབ་གསོའི་རྣམ་བཤད་མིན་པར་ཕྱོགས་སྟོན་རྩ་འཛིན་གྱི་ཡིག་ཆ་ཡིན་པས་ཡིན། འོན་ཀྱང་སྲིད་བྱུས་འདིའི་རྒྱས་བཤད་དུ་ཡུལ་མིའི་སློབ་གསོ་དང༌། སྔོན་འགྲོའི་སློབ་གསོ། དགེ་རྒན་གྱི་ནུས་པ་ཇི་ལྟར་སྤེལ་བའི་འོས་སྦྱོང་གི་ལམ་ལུགས། ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་ཇི་ལྟར་བྱེད་པའི་སྲོལ་ཡིག དགེ་རྒན་བསྐོ་བཞག་དང་སྤོ་འཕྲི་བརྗེ་ལེན་སོགས་གནད་དོན་ཡོངས་རྫོགས་གསལ་བའི་ལྷན་ཐབས་ལྟ་བུའི་ཡིག་ཆ་ཞིག་ད་དུང་ཡང་ཐོན་ཐུབ་མེད་པ་ནི་ཁོ་བོས་ཀྱང་འབྲེལ་ཡོད་ཚོའི་ཞན་ཆ་དང་འཐུས་ཤོར་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

བཅུ་བཞི་པ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་ཤེས་ཡོན་སློབ་སྟོན་ཞིག་ཡིན་མིན་ལ་དཔྱད་པ།

    ཕྱི་ལོ་ ༡༩༩༢ ལོར་བོད་ཕྲུག་ཁྱིམ་སྡེ་ཚུགས་ཏེ་ལོ་ཧྲིལ་པོ་ ༣༢ འཁོར་བའི་དུས་སྟོན་མཛད་སྒོའི་ཐོག སྐབས་དེའི་སྤྱི་འཐུས་ཚོགས་གཙོ་དང་ད་ལྟའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས། སྔ་ལོ་ཡང་ངོས་ནས་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་སྲུང་བརྩིའི་སྐབས་གསལ་འདེབས་ཞུས་པ་ཡིན། འདས་པའི་ལོ་སུམ་ཅུ་སོ་གཅིག་སོ་གཉིས་རིང་ང་ཚོའི་བོད་པའི་ན་གཞོན་ཚང་མས་རྒྱ་གར་ནང་དུ་ནུབ་ཕྱོགས་རྒྱལ་ཁབ་ནས་དར་བའི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་སྒྲིག་འཛུགས་ཤིག་གི་འོག་ལ་སློབ་སྦྱོང་བྱས་ཏེ་བསྡད་ཡོད། སློབ་སྦྱོང་དེ་ལ་མ་འོངས་པར་བོད་མི་རིགས་དང༌། ཆབ་སྲིད། འཛམ་གླིང་གི་ནང་འགྲོ་བ་མི་སྤྱི་ཡོངས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་བཅས་ཀྱི་ང་ཚོའི་ལས་འགན་ཐོག་ཕན་ཐོགས་ཆེ་ཆུང་གང་འདྲ་ཞིག་ཡོང་གི་ཡོད་ད་ལྟ་ང་ཚོས་ཚོད་དཔག་བྱེད་དཀའ་བ་ཞིག་དང༌། ལྷག་པར་ད་ལྟའི་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་གནས་སྐབས་འདིར་མ་འོངས་བོད་ཀྱི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དེ་གང་འདྲ་ཞིག་གི་ཐོག་ལ་འགྲོ་དགོས་ཀྱི་ཡོད་མེད་ྋསྐྱབས་མགོན་རིན་པོ་ཆེས་སྔ་ཕྱིར་བར་གསུམ་དུ་བསྩལ་པའི་བཀའ་སློབ་ཁག་གཞིར་བཟུང་ནས་ང་ཚོས་བསམ་བློ་གཟབ་གཟབ་གཏོང་དགོས་པའི་དུས་ལ་སླེབས་ཡོད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ནུབ་ཕྱོགས་ནས་དར་བའི་ཤེས་ཡོན་སློབ་སྦྱོང་གི་སྒྲོམ་གཞི་དེའི་འོག་སློབ་སྦྱོང་བྱེད་བཞིན་པའི་སློབ་གྲྭ་པ་དེ་ཚོའི་ཤེས་ཡོན་གནས་ཚད་ལོ་རེ་ནས་ལོ་རེར་ཇེ་དམའ་རུ་འགྲོ་བའི་དཀའ་ངལ་ཞིག་ཡོང་གི་ཡོད་པ་ཚང་མས་མིག་མཐོང་ལག་ཟིན་ཡོད་པར་བརྟེན། དེ་ཡང་སེམས་ཁྲལ་བྱེད་དགོས་པའི་གནས་ཚུལ་ཞིག་ཏུ་ཆགས་ཀྱི་ཡོད་ཅེས་སོགས་དང༌། ཡང༌། རང་གཞན་རོགས་གསུམ་ཚང་མར་ངེས་པར་དུ་འབོད་སྐུལ་ཞུ་དགོས་པ་ཞིག་ལ། དང་པོ། ད་ལྟ་ང་ཚོའི་སློབ་སྦྱོང་གི་སྒྲོམ་གཞི་འདིའི་ནང་བོད་ཕྲུག་ཁྲི་ཕྲག་མང་པོ་ཞིག་ང་ཚོས་ཁྲིད་བཞིན་པ་འདི་དག་ཡང་དག་པའི་ལམ་སྟོན་ཞིག་ཡིན་དང་མིན། གཉིས་པ། ལམ་སྲོལ་དེ་གའི་ནང་ལ་གནས་ཚད་ལོངས་པ་ཞིག་ཡོང་བར་ང་ཚོས་ཐོག་མའི་འབད་བརྩོན་གང་འདྲ་ཞིག་བྱ་དགོས། གསུམ་པ། མ་འོངས་པར་ལམ་སྲོལ་དེ་རང་འོག་ཕྱིན་པ་ཡིན་ན། ང་ཚོའི་མང་ཚོགས་ཀྱི་ཤེས་ཡོན་དེ་ཏན་ཏན་ལམ་ཡང་དག་པ་ཞིག་ཐོག་སླེབས་ཐུབ་ཀྱི་ཡོད་དང་མེད་བཅས་ལ་བསམ་བློ་གཟབ་གཟབ་གཏོང་དགོས་པའི་དུས་ལ་སླེབས་ཡོད་༥༥ཅེས་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་དགོས་ངེས་ཀྱི་གསར་བརྗེ་བྱ་དགོས་པའི་གཏམ་བཤད་སྤེལ་བར། ཚོགས་ཐོག་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། གོང་དུ་ཚོགས་གཙོས་གསུངས་པ་བཞིན་སྤྱིར་རྒྱ་གར་ནང་གི་ཤེས་ཡོན་སློབ་སྦྱོང་གི་འགྲོ་སྟངས་འདི་གཞི་རྩ་དབྱིན་ཇིས་སྲོལ་གཏོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤེས་ཡོན་སློབ་སྦྱོང་གི་འགྲོ་སྟངས་ཤིག་ཡིན། དེ་རྒྱ་གར་ལ་རན་དང་མ་རན་བསམ་བློ་གཏོང་དགོས་པ་ཆགས་ཀྱི་ཡོད་ལ། ཡང་སྒོས་ང་རང་ཚོ་བོད་པའི་ཐོག་ལ་ཏན་ཏན་རན་དང་མ་རན་དེ་ཡང་བསམ་བློ་གཏོང་དགོས་པ་ཡིན། དེ་ཚོའི་ཐོག་ལ་དངོས་གནས་རིགས་གཅིག་རྐང་འཛིན་པ་ཚོས་གོ་བསྡུར་དང༌། བརྟག་དཔྱད་ཚོད་བལྟ། ཉམས་མྱོང་གསོག་པ་བཅས་བྱས་ཏེ་གཏན་འཁེལ་བྱེད་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན་༥༦ཞེས་ཟམ་གདོང་རིན་པོ་ཆེའི་གཏམ་བཤད་ལ་རྟིང་གནོན་མཛད་ཡོད།
    སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་བརྒྱད་པའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། ཐུགས་རྒྱུས་ཡོད་མདོག་ཁ་པོའི་ཐོག་ནས་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ལ་ྋགོང་ས་ཆེན་པོ་མཆོག་ལ་བཀའ་ཁྲོལ་ཞུས་ཀྱང་བཀའ་ཁྲོལ་མ་ཐོབ་པར་བརྟེན། གྲོས་ཚོགས་སུ་འཁྱེར་ཡོང་བ་རེད་ཅེས་བཀའ་གནང་སོང༌། དེ་ལ་ང་ཚོ་ཧ་ཅང་ཡ་མཚན་པོ་བྱུང་སོང་ཞེས་སོགས་དང༌། ཡང་ཁོང་གིས། བཀའ་ཤག་གིས་རགས་ཟིན་དང་པོ་མ་བཀོད་པའི་གོང་སྲིད་བྱུས་ཀྱི་ནང་དོན་རོབ་ཙམ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་གསན་ཞུས་ཡོད་པར་མ་ཟད། རགས་ཟིན་དང་པོའང་ྋགོང་ས་མཆོག་ལ་གཟིགས་འབུལ་ཞུས་ཡོད། ྋགོང་ས་མཆོག་ཐུགས་སུན་ཉུང་སླད་རགས་ཟིན་གཉིས་པ་སྤྱན་འབུལ་ཞུས་མེད། མཐའ་མའི་ཟིན་བྲིས་གཏན་འཁེལ་བ་དང་ཆབས་ཅིག་ཏུ་ྋགོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་༥༧ཅེས་གསལ་བཤད་གནང་བ་དང༌། ཡང་ཁོང་གིས། ཆོས་ལུགས་ཁག་ནས་བསྟན་པའི་ནང་དོན་རིག་པའི་རྨང་གཞིའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་འཇིག་རྟེན་སྤྱི་དང༌། ཁྱད་པར་བོད་མིའི་ཤེས་ཡོན་སྐོར་བཀའ་སློབ་སྔ་རྗེས་སུ་ཕེབས་པ་རྣམས་སྙིང་དོན་དུ་བཟུང་༥༨ཞེས་དང༌། ཡང་ཁོང་གིས། ཁོ་བོར་གནའ་དེང་གི་ཤེས་ཡོན་གྱི་ལམ་སྲོལ་ཁག་ལ་ཅུང་ཟད་དཔྱོད་པའི་རྣམ་དཔྱོད་དང་གོ་སྐབས་གང་ཉིད་ཀྱི་དྲིན་ལས་རྙེད་པའི་ཡབ་རྗེ་ཆོས་ཀྱི་རྒྱལ་པོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་སྲིད་བྱུས་འདིའི་ཟིན་བྲིས་དང༌། བགྲོ་གླེང་གི་ལས་རིམ་གྱི་ཐོག་མཐའ་བར་གསུམ་དུ་བརྩེ་བ་ཆེན་པོས་ལམ་སྟོན་ཡང་ཡང་གནང་བའི་བཀའ་དྲིན་གྱི་ཕུང་པོ་ནི་བྱང་ཆུབ་མ་ཐོབ་བར་དུ་གཞལ་བར་མི་ནུས་༥༩ཞེས་ཤེས་ཡོན་སྲིད་བྱུས་འདི་ཐོག་མའི་ཟིན་བྲིས་དང༌། བར་གྱི་བགྲོ་གླེང་གི་ལས་རིམ་སོགས་ཐོག་མཐའ་བར་གསུམ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་ཁ་བྲལ་མ་མྱོང་བའི་ངང་ཚུལ་ཡོངས་གྲགས་སུ་གསལ་བར་མཛད་འདུག
    ཡོངས་གྲགས་ཀྱི་གསུང་ཚིག་རིམ་པ་འདི་དག་གི་ཐོག་ནས་བལྟས་ན། ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མི་མཐུན་པའམ། ཁོང་གིས་རྒྱབ་སྐྱོར་མེད་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པའི་དོགས་པ་ཤེས་ཡོན་ལྡན་པའི་གང་ཟག་ཅིག་གི་དྲན་ཡིད་ཙམ་ལ་འཆར་བའི་གཞི་རྩ་མ་མཆིས་པ་ལྟ་བུ་ཡིན། འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་མིན་ལ་དོགས་པ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་ལ། དོགས་པ་འདི་ལྟར་འབྱུང་བའི་གཞི་རྩ་ནི། རང་སྐྱོང་སྡེ་ཚན་གྱི་སློབ་གྲྭ་འགའ་ཤས་ཀྱི་ནང་དུ་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་མི་བྱེད་པའི་རྒྱུ་མཚན་དུ་ཤེས་ཡོན་སྲིད་བྱུས་འདི་ྋརྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཞིག་ཡིན་མིན་ཐེ་ཚོམ་ཡོད་ཟེར་ནས་བཤད་བཞག་པའི་སྐད་ཆ་འདི་ལ་གཏུགས་བཞིན་པར་སྣང༌།
    དེར་བརྟེན་དོན་དངོས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློམ་སྟོན་གྱི་དགོངས་གཞི་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གཉིས་ལ་འགལ་བ་དང་མི་མཐུན་པའི་དོན་གནད་རིགས་ཡོད་མེད་བདར་ཤ་བཅད་ནས་ཐག་གཅོད་བྱ་དགོས་པ་དང༌། མང་ཚོགས་སྤྱི་བྱིངས་ལ་གོ་རྟོགས་དང༌། འཇུག་ལྡོག་མ་འཕྱུག་པ་ཞིག་དགོས་པ་གཞུང་སྒེར་གཉིས་ཐད་ནས་ཤིན་ཏུ་གལ་གནད་དུ་གྱུར་པས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གཉིས་ཁ་འཐབ་པའི་དཔྱད་ཞིབ་ཀྱི་དུམ་བུ་ཞིག་གཤམ་དུ་འགོད་པར་བྱ།
    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གང་དུ་ཕེབས་ཀྱང་མིའི་ཤེས་ཡོན་རིག་གནས་དང༌། དཔལ་འབྱོར་ཡར་རྒྱས་ཀྱི་གཞི་རྩ་ལ་ཆོས་ལུགས་ཀྱི་གཞན་ཕན་བྱམས་བརྩེ་དང༌། ཡ་རབས་བཟང་སྤྱོད་ལྡན་པའི་ཀུན་སྤྱོད་དགོས་སྐོར་ཤིན་ཏུ་དོ་གལ་ཆེན་པོ་མཛད་ནས་གསུང་གི་ཡོད་ལ། བོད་མིའི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། དེ་ཡང་སོ་སོའི་མི་རིགས་ཀྱི་རྣམ་པ་དང༌། ཁྱད་ཆོས་ཆ་ཚང་བ་ཡོད་པའི་ཐོག་ལ། དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་ཡོང་ཐབས་བྱ་རྒྱུ་གལ་ཆེར་བརྩི་དགོས༦༠། ཞེས་དང༌། བོད་སྤྱི་པའི་དོན་དག་དང༌། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དང༌། བོད་མི་རིགས་ཀྱི་རྣམ་པ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཞིག་དགོས་ཀྱི་འདུག་ཟེར་ནས་སློབ་སྦྱོང་སྤྲད་པ་ཡིན་དུས། ཤེས་ཡོན་སྦྱངས་པའི་འབྲས་བུ་སྨིན་ས་གང་དང་གང་གི་སྒང་ལ་སྨིན་དགོས་ཀྱི་ཡོད་པ་རེད་ཟེར་ན། བོད་ཀྱི་རྣམ་འགྱུར་ཤུགས་ཆེན་པོ་ཐོན་ཐུབ་ཡག་དང༌། བོད་ཀྱི་བསམ་བློ་ཤུགས་ཆེན་པོ་ཞིག་ཐོན་ཐུབ་པ་ཞིག་བྱེད་དགོས་པ་ཡིན་༦༡ཞེས་དང༌། དོན་སྙིང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང༌། གཟི་འོད་མ་ཉམས་པའི་བོད་ཕྲུག་འཚར་ལོངས་ཡོང་བའི་ཆེད་དུ་སློབ་གྲྭ་འདི་འདྲ་བཙུགས་པ་རེད་༦༢ཅེས་སོགས་གསུངས་པ་ལྟར་བོད་པའི་སློབ་ཕྲུག་ཚོར་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པ་རང་གི་སྐད་ཡིག་དང༌། ཤེས་ཡོན་རིག་གནས་གཞི་རྩར་བཟུང་ནས་བསླབ་དགོས་པ་གལ་ཆེན་དོན་ཆེན་དུ་གསལ་འདོན་མཛད་ཡོད།
    ༡༽ ཤེས་ཡོན་གྱི་ངོ་བོའི་ཐད། ཤེས་ཡོན་སྲིད་བྱུས་སུ། ཤེས་ཡོན་ཞེས་པ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང༌། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་སྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱེད་པའི་ནུས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཞེས་སོགས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་ཡོན་ནི་མིའི་རང་བཞིན་གྱི་རྣམ་དཔྱོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན་ཞེས་དང༌། སློབ་སྦྱོང་གིས་མིའི་རང་བཞིན་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་བའི་ལྡེ་མིག་ལྟ་བུ་སྦྱིན་གྱི་ཡོད། ལྡེ་མིག་དེ་ལ་བརྟེན་ནས་ཆོས་དང་འཇིག་རྟེན་གྱི་བྱ་གཞག་གང་དང་གང་གི་དཀའ་གནད་ཀྱི་སྒོ་མོ་དབྱེ་དགོས་༦༣ཞེས་སོགས་གསུངས།
    ༢༽ ཤེས་ཡོན་གྱི་དགོས་པའི་ཐད། ཤེས་ཡོན་སྲིད་བྱུས་སུ། ཤེས་ཡོན་གྱི་དགོས་པ་ནི་མིའི་ཁྱད་ཆོས་ཤེས་རབ་དང་བྱམས་བརྩེ། དེ་དག་ལ་བརྟེན་པའི་བཟང་པོའི་ལྟ་སྤྱོད། གསར་གཏོད་སྒྱུ་རྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཞེས་སོགས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཤར་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌། ནུབ་ཕྱོགས་ཀྱི་ཡོན་ཏན་ཟེར་ནའང་རུང༌། ཕྱི་རོལ་གྱི་ཡོན་ཏན་ཟེར་ནའང་རུང༌། ནང་གི་ཡོན་ཏན་ཟེར་ནའང་རུང༌། གང་ལྟར་ཡང་སྙིང་ཤེས་ཡོན་གྱི་རིགས་ཚང་མའི་རྩ་བའི་སྙིང་པོ་དེ་མི་ལ་བདེ་སྐྱིད་ཡོང་བའི་དོན་དུ་ཕལ་ཆེར་རེད་༦༤ཅེས་སོགས་གསུངས།
    བོད་མིའི་ཕུགས་ཀྱི་བསྒྲུབ་བྱའི་ཐད། ཤེས་ཡོན་སྲིད་བྱུས་སུ། བོད་མིའི་ཕུགས་ཀྱི་བསྒྲུབ་བྱ་ནི། ཆོལ་གསུམ་ཡོངས་སུ་རྫོགས་པའི་བོད་ཡུལ་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུ་དང༌། བོད་མིའི་སྤྱི་ཚོགས་འཚེ་མེད་ཞི་བའི་སྤྱི་ཚོགས་སུ་བསྒྱུར་རྒྱུ་ཞེས་སོགས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བོད་འདི་མ་འོངས་པར་ཞི་བདེའི་བསྟི་གནས་དང་འབྲེལ་བའི་ཐོག་ནས་ཕྱིའི་སྣོད་ཀྱི་བཀོད་པ་དང༌། ནང་བཅུད་ཀྱི་སེམས་ཅན་བཅས་པ་ཚང་མ་ཞི་བདེའི་བསྟི་གནས་མིང་དོན་མཚུངས་པ་ཞིག་ཡོང་བར་བྱེད་དགོས་པའི་སྐོར་ང་ཚོས་བཤད་ཡོད། དེ་དོན་མེད་སྟོང་བཤད་བྱས་པ་ལྟ་བུ་མ་ཡིན་པར་ང་ཚོས་འབད་བརྩོན་བྱས་ནས་འགྲུབ་ཐུབ་པ་བྱེད་དགོས་ཞེས་སོགས་གསུངས༦༥
    ༣༽ ཤེས་ཡོན་གྱི་ངོས་འཛིན་ཐད། ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་ཞེས་སོགས་དང༌། དེང་རབས་ཀྱི་ཤེས་ཡོན་ནི། སྲོལ་རྒྱུན་གྱི་ཤེས་ཡོན་ལྟར་ཆོས་ལུགས་སམ་གནའ་བོའི་རིག་གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་པ་མ་ཡིན་པར། ཉེ་བའི་དུས་རབས་ནང་སྐྱེ་བོ་རང་བཞིན་པས་གཙོ་བོ་མངོན་གྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང༌། རིམ་པས་གོང་འཕེལ་དང་དར་རྒྱས་སུ་ཕྱིན་པ་ཞིག་ཡིན་ཞེས་སོགས་གསལ།
    སྲོན་རྒྱུན་གྱི་ཤེས་ཡོན་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོའི་མེས་པོའི་ཆོས་ནི་བོན་ཡིན་ཞེས་དང༌། ཤེས་བྱ་ཡོན་ཏན་ལ་རིགས་གཉིས་ཡོད། ནང་ཆོས་ཀྱི་ཤེས་བྱ་ཡོན་ཏན་འདི་ང་ཚོ་བོད་མི་རིགས་ལ་གནའ་རབས་ནས་ཡོད་པའི་མི་རིགས་ཀྱི་སྟོབས་ཤུགས་སམ། ཡང་ན་མི་རིགས་ཀྱི་རིག་གཞུང་གི་གཞི་རྩ་དང༌། མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་ཞེས་སོགས་དང༌།
    དེང་རབས་ཀྱི་ཤེས་ཡོན་ཐད། ཁོང་གིས། དེང་དུས་ཀྱི་ཤེས་ཡོན་ག་ཚོད་ཀྱི་ཡག་པོ་ཡོད་པ་ཡིན་ན་ཡང༌། དེས་སེམས་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། དེས་ད་དུང་འདོད་རྔམ་དང་ང་རྒྱལ། ཕྲག་དོག་ཆེ་རུ་ཕྱིན། འགྲན་སེམས་དེ་ཡང་རྒྱུ་མཚན་ལྡན་པ་དང་ཡང་དག་པའི་འགྲན་སེམས་ཡོང་གི་རེད་དེ། ཡང་མ་དག་པའི་འགྲན་སེམས་ཤུགས་ཆེན་པོ་སླེབས་ཀྱི་འདུག རང་ཉིད་གོང་ནས་གོང་དུ་འཕེལ་ཐུབ་པ་ཞིག་ཡོང་བར་གཞན་ལ་གནོད་པ་བསྐྱེལ་རྒྱུ་སོགས་ཡོང་གི་ཡོད། ཅེས་དང༌། ཡང༌། དེང་འཛམ་གླིང་ནང་ཡོངས་སུ་གྲགས་པའི་ཤེས་ཡོན་འདིས་སེམས་འདུལ་རྒྱུར་ཕན་གྱི་མི་འདུག དེང་དུས་ཀྱི་ཤེས་ཡོན་ལ་ཚད་གཞི་ཞིག་ཡོད། ཚད་གཞི་ཡོད་པར་བརྟེན་མ་འདང་བའི་ས་དེར་ཆོས་ལུགས་གཞན་གྱིས་ཕན་ཐོགས་བྱེད་ཀྱི་ཡོད༦༦ཅེས་དང༌། དེང་དུས་འཛམ་གླིང་གི་ཤེས་ཡོན་འདི་དག་གིས་གཙོ་བོ་གང་ཤོད་ཀྱི་ཡོད་དམ། སློབ་སྦྱོང་ག་རེ་སྤྲོད་ཀྱིན་ཡོད་དམ་ཟེར་ན། སྙིང་དོན་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་ཇི་ལྟར་གཏོང་ལུགས་ཐབས་ལམ་གང་འདྲ་ཞིག་གི་ཐོག་ལ་འགྲོ་དགོས་ཀྱི་ཡོད་མེད། རྒྱུ་རྐྱེན་གང་འདྲ་ཡིན་མིན་དེ་དག་ཞིབ་ཚགས་པོའི་སྒོ་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་༦༧ཅེས་སོགས་གསུངས།
    ༤༽ ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་གྱི་ཐད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ནི༑ རང་དབང་དང༌། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་བྱེད་ནུས་པའི་ཡུལ་མི་ཚད་ལྡན་ཞིག་བསྐྲུན་རྒྱུ་ཡིན་ཞེས་སོགས་གསལ།
    རང་དབང་དང་གསར་གཏོད་ཀྱི་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་ཐོག མི་ལ་རང་དབང་ཡོད་ན༑ གསར་གཏོད་ཀྱི་ནུས་པ་འདོན་ཐུབ་ཀྱི་རེད། མིའི་བསམ་བློར་རང་དབང་མེད་པར་བཅིངས་བསྡད་ཡོད་ན་གསར་གཏོད་ཀྱི་ནུས་པ་འདོན་མི་ཐུབ། སློབ་སྦྱོང་བྱེད་དུས་གསར་གཏོད་ཀྱི་ནུས་པ་ཆ་ཚང་བེད་སྤྱོད་བྱས་ནས་ཐོན་པ་ཡིན་ན་སློབ་སྦྱོང་དངོས་གནས་ཡག་པོ་ཡོང་གི་རེད། གསར་གཏོད་བྱེད་པའི་ནུས་པ་ཆ་ཚང་བེད་སྤྱོད་བྱེད་མ་ཐུབ་ན། བསམ་ཚུལ་ཚིག་ཐོག་ལ་ཕབ་པ་ལྟ་བུ་ཞིག་རེད་མ་གཏོགས་དེ་ལས་ལྷག་པའི་ནུས་པ་ཐོན་ཐུབ་ཀྱི་མ་རེད་༦༨ཅེས་རང་དབང་དང་གསར་གཏོད་ཀྱི་ནུས་ཤུགས་ལྡན་པའི་མི་རབས་གསོ་སྐྱོང་བྱེད་དགོས་པའི་གལ་གནད་དང༌།
    གཞན་ཕན་གྱི་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༧༥ ལོར་རྡོར་གླིང་བོད་རིགས་སློབ་གྲྭར། གཞན་ཕན་གྱི་བསམ་བློ་དེ་དངོས་གནས་དྲང་གནས་གལ་ཆེན་པོ་དང༌། ཕན་ཐོགས་ཡོད་པ་ཞིག་རེད། གཞི་རྩ་དེ་ང་ཚོས་གསར་དུ་བཟོ་མི་དགོས་པར་ང་ཚོར་ཡོད་ཡོད་པ་ཆགས་ཡོད་ཙང༌། དེ་དག་ཉམས་སུ་མ་བཅུག་པར་མུ་མཐུད་ཐབས་དང༌། ཡར་རྒྱས་གཏོང་ཐབས་ལ་བསམ་བློ་གཏོང་དགོས་པ་མ་གཏོགས། ང་ཚོར་སྔར་མེད་ཅིག་གསར་དུ་སྒྲུབ་དགོས་པ་ལྟ་བུ་མ་རེད་༦༩ཅེས་སོགས་ཀྱིས་རང་རེའི་སློབ་གྲྭ་ཁག་ཏུ་གསོ་སྐྱོང་བྱེད་བཞིན་པའི་བུ་ཕྲུག་ཚོའི་སེམས་རྒྱུད་དུ་གཞན་ཕན་གྱི་བསམ་བློ་ཤུགས་ཆེན་པོ་བསྐྲུན་དགོས་པའི་གལ་གནད།
    རྒྱུན་འཛིན་དང་གསར་གཏོད་ཀྱི་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༧༥ ལོར་རྡོར་གླིང་དུ། འགའ་ཞིག་གིས་ང་ཚོ་བོད་པའི་ལུགས་སྲོལ་ལས་ལེགས་པ་མེད། བོད་པས་ནུབ་ཕྱོགས་པས་ཤེས་ཡོན་སྦྱངས་ཏེ་ཕན་ཐོགས་ཡོད་པ་མ་རེད་ཅེས་ཤོད་མཁན་ཡོང་གི་འདུག དེ་ཕྱོགས་གཅིག་ཏུ་ལྷུང་བའི་སྐད་ཆ་རེད། ཡང་འགའ་ཞིག་ནས་ང་ཚོས་ནུབ་ཕྱོགས་པའི་ལད་མོ་བྱེད་ཐུབ་པ་ཞིག་བྱུང་ན་དེ་ལས་ལྷག་པ་མེད་ཚུལ་ཤོད་མཁན་ཞིག་ཡོང་གི་འདུག དེ་ཡང་མཐའ་ལ་ལྷུང་བ་ཡིན་གྱི་རེད། གཉིས་ཀར་ལེགས་ཆ་ཡོད་པས་ང་རང་ཚོ་ཁ་ཡོད་ལག་ཡོད་ཉམས་མྱོང་གི་ཐོག་ནས་ཡོད་པའི་ལེགས་ཆ་དེ་དག་དང༌། གསར་པའི་ཕྱོགས་སུ་ལེགས་ཆ་ཡོད་པ་དེ་ཟུང་འབྲེལ་དུ་སྤེལ་ཏེ་མིའི་སྤྱི་ཚོགས་ནང་གང་འདྲ་བྱས་ནས་ཞབས་འདེགས་ཡག་པོ་ཞུ་ཐུབ་པ་འདུག བེད་སྤྱོད་ཡག་པོ་བྱེད་ཐུབ་པ་འདུག བསམ་བློ་བཏང་ན་ཡག་པོ་མིན་ནམ་སྙམ་ཞེས་དང༌། མིའི་བསམ་བློའི་བདེ་བ་ཡོང་བའི་ཆ་རྐྱེན་ཞིག་ང་ཚོར་གོམས་གཤིས་རྙིང་པ་ཡོད་པ་དེའི་ཐོག་ནས་བྱུང་བའི་གཞི་རྩ་ཆགས་འདུག་ན༑ ཡོད་ཡོད་པ་དེ་གཟུང་རྒྱུ་རེད་མ་གཏོགས་གསར་པ་བཟོ་དགོས་པའི་དཀའ་ངལ་གང་ཡང་མེད་༧༠ཅེས་སོགས་ཀྱིས་གསར་གཏོད་དང་རྒྱུན་འཛིན་ཕྱོགས་རེ་བའི་དབང་དུ་མ་སོང་བར། སྲོལ་རྒྱུན་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་ནས་དགོས་ངེས་ཀྱི་གསར་གཏོད་བྱ་དགོས་པའི་གལ་གནད་བཅས་གསལ་བར་མཛད་ཡོད།
    ༥༽ ཤེས་ཡོན་ལམ་སྲོལ་ཐད། ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོ་དང༌། དེང་རབས་ཀྱི་ཤེས་ཡོན་དེའི་དགོས་ངེས་ཀྱི་ཟུང་ཟླར་བཟུང་བའི་ཤེས་ཡོན་གྱི་ལམ་སྲོལ་ལག་བསྟར་བྱ་རྒྱུ་ཞེས་སོགས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། རྡོ་དོན་ཡང་སྙིང་བོད་པར་རང་ཉིད་ཀྱི་ཤེས་ཡོན་རྩ་ཆེན་ཞིག་ཡོད་པ་འདི་མ་རྩར་བཞག་ནས། དེ་ལ་མ་ཚང་བ་ཁ་བསྐོང་སྣོན་མ་བྱ་རྒྱུའི་དོན་ལ་དེང་དུས་ཀྱི་ཤེས་ཡོན་སྦྱང་དགོས་བཤད་པ་མ་གཏོགས། སྣོན་མ་རྒྱག་སའི་གཞི་མ་ནས་མེད་པར་དེང་དུས་ཀྱི་ཤེས་ཡོན་གཅིག་བུ་སློབ་སྦྱོང་བྱེད་རྒྱུའི་སྐད་ཆ་མིན་༧༡ཞེས་སོགས་གསུངས།
    ཤེས་ཡོན་སྲིད་བྱུས་སུ། ཤེས་ཡོན་སློབ་སྤེལ་གྱི་ལས་དོན་ནང་དགེ་རྒན་དབུས་བཞག་དང༌། དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་འཇོག་དགོས་ཞེས་སོགས་གསལ་བའི་ཐད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བསྟན་པའི་ཐ་མ་ལ་གང་ཕན་དང༌། ཐད་ཀར་དོན་དུ་གང་འགྱུར་ཞེས་གསུངས་པ་ནང་བཞིན་དེ་འདྲའི་ཐོག་ནས་འཁྲིད་པ་དང༌། ཉན་མཁན་ཚོ་ཡིན་ན་ཡང་དེ་འདྲའི་ཐོག་ནས་ཉན་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད་༧༢ཅེས་སོགས་དང༌།
    ཤེས་ཡོན་སློབ་སྟོན་གྱི་བརྒྱུད་ལམ་སྐད་ཡིག་ཐད། ཤེས་ཡོན་སྲིད་བྱུས་སུ། སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོར་འཛིན་པའི་ཤེས་ཡོན་ལམ་སྲོལ་ནང༌། སྲོལ་རྒྱུན་གྱི་ཤེས་ཡོན་གང་དུ་གནས་པའི་སྐད་ཡིག་དེ་ཉིད་ཤེས་ཡོན་སྤྱིའི་སློབ་སྟོན་བརྒྱུད་ལམ་དུ་བཟུང་འོས་ལྟར། བོད་ཀྱི་ཤེས་ཡོན་སློབ་ཁང་ཁག་ཏུ་སློབ་སྟོན་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ཐོག་ཏུ་རིམ་བཞིན་བསྒྱུར་ཐབས་བྱ་རྒྱུ་ཞེས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། སྔོན་ལ་མཐོ་རིམ་གྱི་སློབ་ཚན་ལྟ་བུ་འགྲུབ་མིན་གང་ལྟར་ཡང་འཛིན་གྲྭ་གང་འཚམས་བར་དུ་བོད་སྐད་ཁོ་ནའི་ཐོག་ནས་སློབ་སྦྱོང་སྤྲོད་ཐུབ་པ་དགོས་གལ་ཆེན་པོ་འདུག་༧༣ཅེས་དང༌། ང་ཚོས་མཐོ་རིམ་སློབ་གྲྭའི་གནས་ཚད་བར་དུ། སློབ་ཚན་ཚང་མ་བོད་ཡིག་ནང་ལ་བསླབ་ཐུབ་པ་བྱེད་དགོས། སློབ་ཚན་རྣམས་སྔོན་ལ་བོད་ཡིག་ཐོག་བསྒྱུར་ཏེ་གཏན་འབེབས་བྱས་ན། སློབ་དེབ་འདྲ་ཆགས་པོ་མ་དགོས་པར། སང་ཉིན་སློབ་ཚན་སྤྲོད་རྒྱུ་དེ་རིང་དགོང་དྲོ་སྒྱུར་གྱིན་སྒྱུར་གྱིན་བྱས། སྔོན་ལ་སྣུམ་པར་ཞིག་ལས་མ་བྱུང་ནའང་བེད་སྤྱོད་བྱེད་ཀྱིན་བྱེད་ཀྱིན་ཉམས་མྱོང་གསོག་གིན་གསོག་གིན་བྱེད་དགོས། སྤུས་དག་ཏུ་ག་ལེར་བཏང་ཆོག་༧༤ཅེས་དང༌། ཡང༌། ཁོང་གིས། ཐོག་མའི་བསམ་བློར་སློབ་གྲྭའི་ནང་འཛམ་བུ་གླིང་པའི་ཆེས་མཐོའི་ཤེས་རིག་རྣམས་རང་སྐད་ཐོག་སློབ་ཐུབ་པ་བྱུང་ན་བསམ་བྱུང་ཡང༌། སྐབས་དེར་ཆ་རྐྱེན་མ་ཚང་བས་དབྱིན་ཡིག་ཐོག་སློབ་རྒྱུ་བྱས་པ་བཞིན། དེང་སང་དབྱིན་སྐད་ཐོག་ནས་སློབ་མུས་ལ་མ་འོངས་པར་དེ་དག་ཀྱང་ངེས་པར་དུ་ང་རང་ཚོའི་སྐད་ཡིག་ཐོག་བསྒྱུར་དགོས་༧༥ཞེས་སོགས་གསུངས།
    ༦༽ ཤེས་ཡོན་གྱི་སློབ་ཚན་ཐད། ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་སྐད་ཡིག རིག་པའི་གཞུང་ལུགས་གང་དུ་གནས་པའི་རྟེན་གཞི་དང༌། དེར་འཇུག་པའི་སྒོ་གཉིས་ཀ་བརྡ་སྤྲོད་ཀྱི་རྣམ་གཞག་ཉིད་ཡིན་པས། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པ་དང༌། རྩོམ་རིག་བཅས་སྔོན་འགྲོ་ནས་བཟུང་གཞི་རིམ་གོང་མ་བར་སློབ་ཚན་གྱི་གཙོ་བོར་གཞག་དགོས་ཞེས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། དབུས་བོད་སློབ་འཛིན་ཚོགས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བདུན་པའི་ཐོག ང་ཚོ་བཙན་བྱོལ་བའི་ཉི་མ་དང་པོ་ནས་བཟུང་ང་ཚོ་འགྱེལ་ས་ནས་ལངས་རྒྱུའི་དམིགས་ཡུལ་བཟུང་ཡོང་དུས་ང་རང་ཚོ་བོད་པའི་སྐད་ཡིག་འདི་ཕྱུག་པོ་བཟོ་རྒྱུ་དང༌། བོད་པའི་སྐདཡིག་གི་ཐོག་ནས་ལས་རིགས་ཆ་ཚང་བྱེད་ཐུབ་པ་ཞིག་ང་ཚོས་བྱེད་དགོས་ཀྱི་ཡོད་པ་རེད། རྒྱ་གར་ནང་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་བོད་ཡིག་གི་ཐོག་ནས་ཤུགས་རྒྱ་དགོས་དོན་མེད། ང་ཚོའི་དམིགས་ཡུལ་འགྱེལ་ས་ནས་ལངས་དགོས་པ་ཡིན་དུས་བོད་པའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་འདི་དཔེ་མི་སྲིད་པའི་གལ་ཆེནཔོར་ཆགས་ཡོད་༧༦ཅེས་ཉིན་རེའི་སློབ་ཐུན་གྱི་སློབ་ཁྲིད་ཙམ་མ་ཡིན་པར་བོདཀྱི་སྐད་ཡིག་ཐོག་ནས་ལས་དོན་ཡོངས་རྫོགས་བྱ་ཐུབ་ཐབས་དགོས་སྐོར་གྱི་ཐུགས་རེ་དང་བཀའ་སློབ་ལན་མང་བསྩལ་ཡོད།
    ཚད་མ་རིག་པ། ཤེས་ཡོན་སྲིད་བྱུས་སུ། ཤེས་བྱའི་གནས་གང་ལའང་གཞན་ཟེར་རྗེས་འབྲངས་མ་ཡིན་པར་རང་སྟོབས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་བྱེད་པའི་ནུས་པ་རིགས་ལམ་ལས་བྱུང་བ་ཡིན་པས། ཚད་མ་རིག་པའི་རྣམ་གཞག་གཞི་རིམ་གོང་མ་བར་རྩལ་དུ་བཏོན་ཏེ་བསླབ་རྒྱུ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱ་རྒྱུ་ཞེས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༦༤ ལོར། མ་འོངས་པར་བོད་མི་རིགས་སེར་སྐྱ་ཕོ་མོ་དབྱེར་མེད་ཚང་མར་མཚན་ཉིད་ཀྱི་རིག་པའི་རྣམ་གཞག་གི་འགྲོ་ལུགས་སློབ་དགོས། རྣམ་འགྲེལ་ལེའུ་བཞིའི་བདག་ཉིད་ཅན་ལྟ་བུ་ཆ་ཚང་མིན་ན་ཡང༌། ཚུལ་གསུམ་ལ་སོགས་པའི་འགྲོ་ལུགས་རྣམས་ངེས་པར་བསླབ་དགོས་༧༧ཞེས་དང༌། ཕྱི་ལོ་ ༡༩༩༤ ལོར་དབུས་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ཏུ། ང་ཚོའི་སློབ་གྲྭ་ཁག་གི་ནང་ལ་ཡང་ནང་པའི་གཞུང་གི་ཚད་མ་རིག་པའི་སྐོར་སློབ་སྦྱོང་བྱེད་རྒྱུས་མཚོན་པའི་དེ་འདྲའི་ཐོག་ལ་དོ་སྣང་ཆེ་ཙམ་བྱེད་རྒྱུ་འདི་གལ་ཆེན་པོར་ཆགས་ཀྱི་འདུག་ཅེས་སོགས་གསུངས།
    སྐད་ཡིག་དང་ཚད་མ་རིག་པ་གཞན། ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་སྐབས་རང་སྐད་ལས་གཞན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གང་ཡང་རུང་བ་ཞིག་ལ་བྱང་ཆུབ་པ་དང༌། སྐད་ཡིག་གསུམ་པ་ཞིག་འབྲི་ཀློག་འཕེར་ངེས་བཅས་བསླབ་དགོས་ཞེས་སོགས་གསལ། ཕྱི་ལོ་ ༡༩༦༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཡོན་ཏན་ངེས་པར་ཤེས་དགོས་པར་མ་ཟད། ཧིན་རྡི་དང༌། དབྱིན་ཇིའི་སྐད་ཡིག དུས་བསྟུན་ཕྱི་རྒྱལ་གྱི་ཤེས་རིག་མཁོ་ངེས་བཅས་ངེས་པར་སློབ་སྦྱོང་བྱེད་དགོས་༧༨ཞེས་སློབ་གྲྭ་ཐོག་མ་གསར་འཛུགས་གནང་བའི་སྐབས་ནས་བཟུང་བཀའ་སློབ་ཡང་ཡང་ནན་པོ་ཕེབས་པར་མ་ཟད། དེང་རབས་ཀྱི་ཚད་མ་རིག་པ་དང༌། ཚོད་ལྟའི་ཐབས་ལམ། སྤྱི་ཚོགས་ཚན་རིག་རྣམས་སུ་དར་བའི་གྲུབ་མཐའི་རྣམ་གཞག དེ་བྱུང་རིག་པའི་བརྟག་ཐབས་བཅས་ལ་ཡང་སློབ་སྦྱོང་གི་རྨང་གཞི་ཙམ་མ་ཡིན་པར། སློབ་ཚན་དེ་དག་གི་ཐོག་རིགས་གཅིག་རྐང་འཛིན་བྱེད་མཁན་ཡོད་དགོས་པའི་གལ་གནད་རང་བཞིན་གསལ་འདོན་མཛད་ཡོད།
    འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་གོང་འོག་བར་གསུམ་དུ་སོ་སོའི་གོ་སྟོབས་དང་མཐུན་པར་འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ་ཀྱི་ཕན་ཡོན་དང༌། བསླབ་བྱ། ལག་ལེན། ལོ་རྒྱུས་བཅས་རྒྱས་བསྡུས་འཚམས་པ་རེ་སློབ་ཚན་དུ་གཞག་དགོས་ཞེས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ལྷན་སྐྱེས་སུ་ཡོད་པའི་མི་རིགས་ཀྱི་རླབས་ཆེན་ནུས་པ་འདོན་སྤེལ་དང༌། འཚེ་བ་མེད་པའི་བསམ་བློ། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་དགོས་ཞེས་སོགས་ཤིན་ཏུ་རྒྱ་ཆེར་གསུངས།
    བཟང་སྤྱོད། ཤེས་ཡོན་སྲིད་བྱུས་སུ། བཟང་སྤྱོད་ནི་སློབ་ཚན་བྱེ་བྲག་པ་གཅིག་གི་ཚུལ་དུ་ཟུར་སློབ་བྱ་རྒྱུ་མ་ཡིན་པར་སྤྱིར་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་དང༌། ལྷག་པར་འཛིན་གྲྭའི་ནང་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་ཡོངས་རྫོགས་ཀྱི་སྙིང་དོན་དང་འབྲེལ་བ་ཞིག་བྱ་རྒྱུ་གལ་གནད་ཆེ་བ་ཡིན། འོན་ཀྱང་ཆོས་ལུགས་ཁག་གི་ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང༌། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་སློབ་ཚན་ཅི་རིགས་པའི་སློབ་དེབ་བམ་ཟུར་རྒྱན་གྱི་ཀློག་དེབ་ནང་གཞག་དགོས་ཞེས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕལ་ཆེ་བས་བོད་མི་སེམས་བག་ཕེབས་པོ་དང༌། ཞི་དུལ། ལྷོད་ལྷོད། གཤིས་ཀ་དལ་པོ། ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག དེ་འདྲའི་གཤིས་ཀ་དེ་དངོས་གནས་རྩ་ཆེན་པོ་རེད། དེ་ལ་བོད་ཀྱི་ཤེས་རིག་གམ། གཤིས་ཀ་ཞེས་མིང་གང་བཏགས་རུང༌། རྡོ་དོན་དེ་འདྲའི་གོམས་གཤིས་དེ་དངོས་གནས་རྩ་ཆེན་པོ་འདྲ། སློབ་གྲྭ་ B.A hP.།  M.Aཐོན་ཀྱང༌། དེ་འདྲའི་གོམས་གཤིས་ཀྱི་དྲི་མ་སློབ་གྲྭའི་ནང་སློབ་རྒྱུ་ཡོད་མེད་མི་ཤེས། ང་ཚོར་སྤྱིར་བཏང་གོམས་གཤིས་འདི་མིག་འདྲིས་ཐོག་ནས་འཇགས་ཡོད་པ་ཡིན་སྟབས། མ་འོངས་པར་ཡང་དེ་འདྲའི་གོམས་གཤིས་ལ་སློབ་གཉེར་དང་སྲུང་སྐྱོབ་ཀྱིས་བོད་མི་མང་པོ་ཡོད་པའི་སྤྱི་ཚོགས་ཐོག་འཇགས་ཐབས་དང༌། དེ་མ་བརླགས་པར་སྲུང་བརྩི་བྱ་རྒྱུ་གལ་ཆེན་པོ་མིན་ནམ་སྙམ། མིག་ལྟོས་དེ་སྤྱི་ཚོགས་ཀྱི་ཐོག་ནས་མ་གཏོགས་མི་གཅིག་གིས་སློབ་སྦྱོང་བྱ་རྒྱུ་མེད་པ་ལྟ་བུ་རེད་༧༩ཅེས་དང༌། སྤྱོད་བཟང་ནི་སེམས་ཀྱི་གཏིང་ནས་ཡོང་གི་ཡོད་པ་དང༌། ཚིག་གཞན་ཞིག་ནས་བརྗོད་ན་ཆོས་ཕྱོགས་ཀྱི་ཐོག་ནས་ཡོང་དགོས་༨༠ཞེས་སོགས་གསུངས།
    ཤེས་ཡོན་གྱི་ཐོབ་ཐང་ཐད། ཤེས་ཡོན་སྲིད་བྱུས་སུ། གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་པའི་རྗེས་འབྲེལ་ཡོད་དགེ་རྒན་གྱི་སྙན་ཐོ་དང་རྒྱུགས་སྤྲོད་ཀྱི་གྲུབ་འབྲས། སློབ་ཕྲུག་རང་གི་དོན་གཉེར་དང་རིགས་སྟོབས་བཅས་ལ་ཞིབ་འཇུག་ནན་ཏན་གྱིས་ཤེས་ཡོན་ཐོག་ཕུགས་རེ་ཡོད་ངེས་རྣམས་མ་གཏོགས་གཞི་རིམ་གོང་མར་མུ་མཐུད་སློབ་འཇུག་མི་དགོས་པ་གཙོ་འདོན་བྱ་རྒྱུ་ཞེས་དང༌། འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་བྱིངས་རང་རང་གི་འདོད་མོས་དང་འཚམས་པའི་ལས་རིགས་སྦྱོང་བརྡར་ལོ་གཉིས་རིང་བྱེད་ཆོག་པ་དང༌། དེ་དག་གི་ནང་འཛིན་རིམ་བཅུ་པ་ཐོན་པ་ཡོངས་རྫོགས་འཛུལ་ཞུགས་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་སོགས་གསལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ལས་རིགས་གཅིག་ལ་སོ་སོར་མ་རན་བཞིན་དུ་ཨུ་ཚུགས་རྒྱག་མ་དགོས་པར། སོ་སོའི་ཁམས་དང་བསམ་པ། མོས་པ་དང་འཚམས་པའི་ལས་རིགས་ཤིག་གི་ཐོག་ལ་ལས་ཀ་བྱེད་སའི་གཞི་རྩ་ཡོད་པ་ཡིན་ཙང་བསམ་བློ་གཏོང་ཆོག་གི་རེད་མ་གཏོགས་སྦུག་སུབ་དོག་པོ་བྱེད་དགོས་དོན་མི་འདུག་༨༡ཅེས་སོགས་གསུངས།
    གཞན་ཡང༌། སྲིད་བྱུས་སུ་སློབ་སྦྱོང་སྤྲོད་པའི་བརྒྱུད་རིམ་ནང་སློབ་ཕྲུག་ལ་རེ་དོགས་དང་འཇིགས་ཞུམ་མེད་པའི་ཐོག་ནས་ཤེས་ཡོན་དང་ཀུན་སྤྱོད་འཇགས་ཐབས་བྱ་དགོས་པ་གལ་གནད་དུ་བཟུང་ཡོད་ལ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། འཕྲལ་ཕུགས་ཀུན་ཏུ་ཕྲུ་གུའི་བསམ་བློའི་ནང་ཞི་བདེ་སྤྲོད་ཐུབ་པ་ཞིག་དང༌། ཞི་བདེའི་ངང་ནས་སློབ་སྦྱོང་བྱས་པ་ཡིན་ན། བརྩེ་མེད་རྨ་མེད་ཅིག་ཡིན་བསམ་པའི་བསམ་བློ་དེ་འདྲའི་འོག་ནས་སློབ་སྦྱོང་བྱས་པ་གཉིས་ཁྱད་པར་ཏན་ཏན་ཡོང་མདོག་ཁ་པོ་རེད། དེ་ཉི་མ་གཅིག་དང༌། ཟླ་བ་གཅིག་གི་བྱ་བ་མིན་པར། ལོ་ནས་ལོ་བསྟུད་དེ་ཕྱིན་དུས་ཕྲུ་གུའི་ཤེས་ཚད་དང་ཀུན་སྤྱོད་སོགས་མང་པོ་ཞིག་གནས་ཚུལ་དེའི་འོག་ནས་འཚར་ལོངས་བྱས་ཡོང་དུས་ཏན་ཏན་མི་ཚེའི་རྐང་ཚུགས་པར་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཡོང་༨༢ཞེས་སོགས་གསུངས།
    དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་ལག་ལེན་དངོས་ཀྱི་ནང་དུ་བྱིས་པ་ཉེས་རྡུང་གཏོང་མི་རུང་བ་གཙིགས་འཛིན་ཆེན་པོ་གནང་གི་ཡོད་ལ།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། འཚར་ལོངས་ཡོང་བཞིན་པའི་ཕྲུ་གུ་ཚོའི་བསམ་བློ་ཤིན་ཏུ་སླ་པོ་ཡོད་པ་འདི་དག་ས་བོན་གྱི་མྱུ་གུ་ཇི་བཞིན་སྐྱེས་འཚར་ཡོང་བའི་སྐབས་ལ། ཁོང་ཚོའི་བསམ་བློའི་འཕེལ་ཤུགས་དང་བསྟུན་ནས་མུ་མཐུད་བསམ་བློ་འཕེལ་རྒྱས་ཡོང་ཐབས་བྱེད་དགོས་པ་ལས། ཞེད་སྣང་དང༌། དངངས་སྐྲག འཚེར་སྣང་སྐྱེས་པ་བཅས་ཀྱི་བྱ་ཐབས་བཟུང་ན་ཁོ་ཚོའི་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་རིམ་པས་སྦུབས་བཀག་ཐེབས་ན་ཡག་པོ་མེད་ཅེས་༨༣གསུངས།
    འདི་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་བཀའ་སློབ་ཁག་དང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཁ་སྦྱར་ནས་ཞིབ་བསྡུར་བྱས་ན། ད་གཟོད་སྲིད་བྱུས་འདི་ྋགོང་ས་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་དང་མཐུན་པ་ཞིག་ཡིན་མིན་གསལ་པོ་རྟོགས་ཐུབ་ངེས་ལ། ཕྱོགས་སུ་མ་ལྷུང་བར་དྲང་པོ་བཤད་ན། ཁོ་བོས་ཉམས་ཞིབ་ཕྲན་བུ་བྱས་པའི་གོ་རྟོགས་ནང་ཤེས་ཡོན་སྲིད་བྱུས་སུ་གང་གསལ་བའི་དོན་ཚན་ཡོངས་རྫོགས་མགོན་པོ་གང་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་དང་མཐུན་པ་ཤ་སྟག་ཡིན་པ་རིགས་ལམ་གྱིས་ཐད་སྒྲུབ་བྱེད་ནུས་པར་མ་ཟད། ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་རེ་རེ་ྋགོང་ས་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་བཀའ་སློབ་ཁག་ལས་དྲངས་པའི་ལུང་ཁུངས་འཕྱུག་མེད་དུ་སྟོན་རྒྱུ་ཡོད་པའི་ངེས་ཤེས་གསལ་པོ་བྱུང༌། དེ་ཙམ་མ་ཟད་ཤེས་ཡོན་ལས་དོན་རྐྱང་པ་ལ་མཚོན་ན་ཡང༌། ཨ་མདོ་པའི་བླ་རྒན་འདིས་ལོ་ནས་ལོ་བསྟུད་བོད་མི་རིགས་ཀྱི་ཆེད་དུ་ཅི་ཙམ་སྐུ་ལས་བསྐྱོན་ཡོད་མེད་གསལ་པོ་རྟོགས་ཐུབ་ཀྱི་འདུག་ཀྱང༌། བོད་མིའི་དངོས་ཡོད་ལག་ལེན་གྱི་ཐོག་ནས་འདས་པའི་ལོ་རྒྱུས་ནང་མགོན་པོ་གང་གི་ཐུགས་རེའི་ལམ་སྟོན་ལྟར་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ལེན་ཐུབ་མེད་པ་ལ་བསམས་ན་མིག་ཀོང་མཆི་མས་ཁེངས་པའི་སྐྱོ་སྣང་མ་བཅོས་པ་ཞིག་འབྱུང༌།
    གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སླར་ཡང་ཚིག་ནག་ཏུ་ཕབ་སྟེ་བཤད་ན། ྋགོང་ས་མཆོག་གིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་བོད་རིགས་གཞོན་སྐྱེས་རྣམས་བོད་རང་གི་སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་དགོས་སྐོར་སྔ་མོ་ནས་ཤུགས་ཆེན་པོ་གསུངས་དང་གསུང་མུས་ཡིན་ལ། ཤེས་ཡོན་སྲིད་བྱུས་ཀྱི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་གཙོ་འདོན་བྱེད་ཀྱི་ཡོད།
    ཡང༌། ྋགོང་ས་མཆོག་གིས། བོད་མི་ཡོངས་རྫོགས་ཀུན་སྤྱོད་དང་ཤེས་ཡོན་གཉིས་ལྡན་ཞིག་ཡོང་བར་སྔ་ནས་ད་བར་ཐུགས་བརྩོན་ཤུགས་ཆེན་པོ་གནང་དང་གནང་མུས་ཡིན་ལ། ཤེས་ཡོན་སྲིད་བྱུས་སུ་ཡང༌། བོད་མི་རྣམས་རང་བཞིན་གྱིས་ཀུན་སྤྱོད་དག་པ་དང་ཕུལ་དུ་བྱུང་བའི་རྣམ་དཔྱོད་ལྡན་པ་ཞིག་ཡོང་བ་ཐོག་མཐའ་བར་གསུམ་གྱི་གནད་དོན་གཙོ་བོར་བཟུང་ཡོད།
    ཡང༌། ྋགོང་ས་མཆོག་གིས། མ་འོངས་པའི་བོད་གངས་ཅན་ལྗོངས་འཚེ་མེད་ཞི་བའི་བསྟི་གནས་དང༌། གངས་ཅན་པ་རྣམས་འཚེ་མེད་ཞི་བའི་བསམ་བློ་དང་ཀུན་སྤྱོད་ལྡན་པ་ཤ་སྟག་ཡོང་བར་ཐུགས་བརྩོན་ཆེན་པོ་གནང་མུས་ཡིན་ལ། ཤེས་ཡོན་སྲིད་བྱུས་སུ། དེ་ལྟར་ཡོང་བ་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་དོན་གཙོ་བོར་ངོས་འཛིན་གྱིས་ཤེས་ཡོན་གྱི་སྒྲོམ་གཞི་དང་སློབ་ཚན་ཡོངས་རྫོགས་གནད་དོན་འདི་འགྲུབ་ཐབས་གཙོ་བོ་མཛད་ཡོད།
    ཡང༌། ྋགོང་ས་མཆོག་གིས། ཧིན་རྡི་དང་དབྱིན་ཇི་ནི་སྐད་ཡིག་རང་གི་ངོ་བོའི་ཐོག་ནས་སྦྱངས་པ་ལས་སློབ་ཚན་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་དགོས་པའི་སྐོར་བཀའ་སློབ་སྔ་མོ་ནས་གནང་ཡོད། བོད་པས་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཙམ་མ་ཡིན་པར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོགས་ཐོག་ཏུ་ཡང་དེ་ལྟར་གསུངས་ཡོད། ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་སྐད་ཡིག་གཙོ་བོ་བྱས་ནས་སློབ་ཚན་ཕལ་ཆེར་བོད་ཀྱི་སྐད་ཡིག་བརྒྱུད་ལམ་ཐོག་ནས་སློབ་ཐབས་བྱ་དགོས་པ་རྩལ་དུ་བཏོན་ནས་བཤད་ཡོད།
    ཡང༌། ྋགོང་ས་མཆོག་གིས། བོད་རང་གི་སྲོལ་རྒྱུན་ཤེས་ཡོན་གྱི་རྨང་གཞི་མ་བརླག་པའི་ཐོག་དེང་རབས་ཤེས་ཡོན་གསར་པ་ཡང་རྗེས་ལུས་མ་ཐེབས་པའི་སློབ་སྦྱོང་དགོས་སྐོར་གསུངས་ཡོད། ཤེས་ཡོན་སྲིད་བྱུས་སུ་ཡང་དེང་རབས་ཀྱི་སློབ་ཚན་བཞག་པར་མ་ཟད། ད་ལྟའི་ལམ་སྲོལ་འདིའི་ཐོག་ནས་ཐོན་པ་དག་ལས་ཀྱང་ཚད་མཐོ་བོ་ཐོན་པའི་ཐབས་ཤེས་གཙོ་བོ་བྱེད་ཀྱི་ཡོད།
    བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། སྤྱི་ཚོགས་ནང་ཡོད་པའི་སྦིར་གྲགས་དང༌། སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་གསུང་ཕྱོགས། ཚོགས་ཆུང་ཁག་གིས་དྲི་བ་གནང་བའི་ནང་བལྟས་སྐབས་ཤེས་ཡོན་སྲིད་བྱུས་འདི་དེང་རབས་ཀྱི་ཤེས་ཡོན་ཅམ་བཞག་བྱས་ནས་ནང་དོན་རིག་པ་རྐྱང་པ་བསླབ་སའི་དགོན་སྡེ་འཛུགས་རྒྱུའི་སྲིད་བྱུས་འདྲ་བ་ཞིག་གཟིགས་མཁན་བྱུང་ཡོད་ཚུལ་འདུག ཤེས་ཡོན་སྲིད་བྱུས་འདིའི་ནང་ཚད་དང་ལྡན་པའི་ཚན་རིག་པ་དང༌། འཕྲུལ་ལས་པ། སྨན་པ་སོགས་ཐོན་དགོས་ཀྱི་འདུག དེང་རབས་ཀྱི་མི་ཚོས་གང་བྱས་པ་དེ་ཚོ་ཚད་ལྡན་ཤེས་པའི་ཐོག་ནས་མཉམ་འགྲོ་ཐུབ་པ་ཞིག་དགོས་ཀྱི་འདུག དེའང་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་གཞི་རྩ་དང་ལྡན་པའི་ཐོག་ནས་དགོས་ཀྱི་འདུག་ཅེས་དེང་སང་མང་པོས་གསུང་སྲོལ་ལྟར་གཤོག་པ་གཉིས་ལྡན་ཡོང་ཐབས་དམིགས་ཡུལ་དུ་བཟུང་ནས་བཟོས་པ་ཞིག་རེད། གཤོག་པ་གཅིག་གིས་འཕུར་མི་ཐུབ་པ་ཤེས་ཀྱི་ཡོད་༨༤ཅེས་གསལ་བཤད་གནང༌།
    འདི་ལྟར་བསྡུར་ནས་བལྟས་ན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་གཞི་རྩར་བཞག་པའི་ཤེས་ཡོན་སྲིད་བྱུས་རྨ་མེད་པ་ཞིག་ཡིན་པ་ཟེར་རྗེས་ཙམ་མ་ཡིན་པའི་ངེས་ཤེས་གསལ་པོ་འདྲོངས་ངེས་ལ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས། སྤྱི་ཚོགས་ནང་དུ་མི་ལ་ལས་ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མ་མཐུན་པ་ཞིག་ཡིན་རབས་བཤད་ཀྱི་ཡོད་ཚོད་འདུག གལ་སྲིད་བཙན་བྱོལ་བོད་གཞུང་གིས་སློབ་གྲྭ་ཁག་ཏུ་ལག་བསྟར་བྱས་དང་བྱེད་བཞིན་པའི་ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་དང་མ་མཐུན་པ་ཞིག་ཡིན་ན། བཀའ་ཤག་གིས་ྋགོང་ས་མཆོག་གིས་དབུ་སྐོར་བ་དང་བཀའ་མ་རྩིས་པར་ཆགས་ཀྱི་ཡོད་པ་རེད་ལ། གཉིས་ནས་ཤེས་ཡོན་སྲིད་བྱུས་འདི་ྋགོང་ས་མཆོག་གི་དགོངས་པ་དང་མི་མཐུན་པའི་ཤེས་ཡོན་སྲིད་བྱུས་ནོར་འཁྲུལ་ཅན་ཞིག་ཡིན་ན། ྋགོང་ས་མཆོག་བོད་མི་རིགས་ལ་ཐུགས་བརྩེ་ལྷད་མེད་པ་ཞིག་ཡིན་པས། མཁྱེན་བཞིན་དུ་མ་མཁྱེན་མདོག་མདོག་གིས་བཀའ་མ་ཕེབས་པར་གཞན་གྱི་ངོ་བསྲུངས་ནས་བཞུགས་མི་སྲིད་ཅེས་དང༌། ཡང༌། ཁོང་གིས། ངས་ས་རཱར་དགེ་རྒན་འོས་སྦྱོང་པ་སྐོར་ཞིག་ལ། ཁྱེད་ཚོས་སྲིད་བྱུས་འདིའི་ཐོག་མཐར་བར་གསུམ་དུ་ྋསྐྱབས་མགོན་རིན་པོ་ཆེའི་ཤེས་ཡོན་སློབ་སྟོན་གྱི་དགོངས་པ་དང་མི་མཐུན་པའི་ཆ་ཤས་ཕྲ་མོ་ཙམ་ཞིག་མཐོང་བ་ཡིན་ན། ཁྱེད་ཚོ་དེ་རིང་འདིར་ཡར་ལངས་ནས་ཤེས་རིག་ལས་ཁུངས་ལ་ངོ་རྒོལ་བྱེད་པའམ། ཟབ་སྦྱོང་གི་ར་བ་ནས་ཕྱི་ལ་འགྲོ་སོང་བ་ཡིན་ན་ཡང་ང་ཚོར་བསམ་འཆར་གཏན་ནས་མེད་ཅེས་བཤད་པ་ཡིན་ཞེས་སོགས་གསུངས། འདི་ནི་ཤིན་ཏུ་ཐག་ཆོད་པོ་དང་གདེང་ཚོད་ལྡན་པའི་སྐད་ཆ་ཞིག་རེད་ལ། ཡིད་ཆེས་ཀྱིས་ཕྱུག་པའི་སྐད་ཆ་འདི་ལ་ལུང་རིགས་ཀྱི་རྒྱབ་དཔུང་ཡང་ཤིན་ཏུ་བཙན། ཉེ་ཆར་ལྷོ་ཕྱོགས་སུ་བོད་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡུའི་ཚོགས་ཐོག་ཏུ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བོད་པ་རང་གི་ལག་པར་སྐད་ཡིག་གཞན་བརྒྱུད་མ་དགོས་པར་ཆ་ཚང་བ་ཞིག་ཤེས་ཐུབ་པ་ཞིག་ཡོད་པ་འདི་བདག་པོ་བརྒྱག་དགོས་པ་གལ་ཆེན་པོ་ཡིན་དུས་ང་ཚོའི་སློབ་གྲྭ་ཁག་ཏུ་བར་ལམ་ཤེས་ཡོན་སྲིད་བྱུས་སོགས་སྒོ་གང་ས་ནས་ཡར་རྒྱས་འགྲོ་བར་འབད་བརྩོན་བྱེད་ཀྱི་ཡོད། བོད་ཡིག་དང་བོད་སྐད་ཐོག་ཡོད་བསྡད་པའི་ཤེས་ཡོན་དེ་དེང་དུས་ཀྱི་ཤེས་ཡོན་དང་དོ་མཉམ་པ་ཞིག་ཡོང་བར་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་པ་འདིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཤེས་ཡོན་སྲིད་བྱུས་འདི་ལ་ཐུགས་མོས་མེད་པ་རེད་ཅེས་པ་གཞི་མེད་ཀྱི་རྣམ་རྟོག་ལས་འཕྲོས་པའི་རྫུན་གཏམ་ཞིག་ཡིན་པ་ཤིན་ཏུ་གསལ་པོར་གྱུར༨༥
    མདོར་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཤེས་ཡོན་སློབ་སྟོན་གྱི་དགོངས་གཞི་གཙོ་བོ་ཞིག་ནི། དེང་སང་གི་ཤེས་ཡོན་ཤིན་ཏུ་དར་ཆེས་པས་འཁྲུག་ཆ་དོག་པོར་གྱུར་པའི་འཛམ་གླིང་འདིའི་འགྲོ་བ་རྣམས་ཚན་རིག་སོགས་ཕྱི་དོན་གྱི་རིག་གནས་ཙམ་མ་ཡིན་པར། རིག་གནས་དེ་ལ་བསམ་བློའི་ཤེས་ཡོན་གྱི་གཞི་རྩ་ལྡན་པ་ཞིག་དང༌། ནང་པའི་ཆོས་གཞུང་ནས་བཤད་པའི་ལྟོས་གྲུབ་དང་བྱམས་བརྩེའི་རིན་ཐང་ཀུན་ཁྱབ་ཏུ་གོ་བར་བྱས་ནས། འཛམ་གླིང་གི་ཤེས་ཡོན་གྱི་རིགས་སུ་གཏོགས་པ་ཡོངས་རྫོགས་ལྟོས་གྲུབ་དང་བྱམས་བརྩེའི་རྨང་གཞི་ལ་བརྟེན་པ་སྟེ། ཅུང་ཁ་གསལ་པོས་བཤད་ན། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཤིན་ཏུ་དར་ཁྱབ་ཏུ་འགྲོ་བཞིན་པའི་ཚན་རིག་སོགས་ཕྱི་དོན་གྱི་རིག་གནས་འདི་དག་ལ། ནང་པའི་སེམས་ཁམས་ཚན་རིག་དང་ལྟོས་གྲུབ་ཀྱི་ལྟ་བས་ཕྱག་གདང་སྦྲེལ་ནས་ཀུན་ཁྱབ་ཕན་པའི་རང་བཞིན་ཅན་དུ་སྣེ་ཁྲིད་དང་ཁ་ཕྱོགས་སྟོན་ཐུབ་པ་ཞིག་དང༌། མིའི་འགྲོ་བ་ཡོངས་རྫོགས་སེམས་དོན་རིག་པ་དང༌། ཀུན་སྤྱོད་རིག་པ། ཕྱི་དོན་རིག་པ་བཅས་ཀྱི་དཔལ་ཡོན་ལྡན་པ་ཞིག་ཏུ་བསྐྱེད་བསྲིང་ཡོང་བར་ཐུགས་བརྩོན་གནང་དང་གནང་མུས་འདི་ལྟར་ལ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱིས་ཀྱང་རླབས་ཆེན་གྱི་བསྒྲུབ་བྱ་འདི་གཞི་རྩར་བཟུང་ནས་ལྟ་གྲུབ་དང་ལག་ལེན་གྱི་ཆ་ལག་ཡོངས་རྫོགས་དམིགས་པ་འདི་འགྲུབ་པའི་ཐབས་སུ་གཞོལ་བ་ཤ་སྟག་ཡིན་པ། སྲིད་བྱུས་ཉིད་གུང་བསྒྲིགས་ནས་བལྟས་ན་ཤིན་ཏུ་གསལ་བར་རྟོགས་ཐུབ།

ལུང་འདྲེན་བྱ་ཡུལ།

༥༣༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༥༥ ན་གསལ།
༥༤༽ ཕྱི་ལོ་ ༡༩༩༥ ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་བོད་མིའི་རང་དབང་གསར་ཤོག་ལས་དྲངས།
༥༥༽ ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༡༡ པའི་ཤེས་བྱ་དུས་དེབ་ལས་དྲངས།
༥༦༽ ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༡༡ པའི་ཤེས་བྱ་གསར་དེབ་ལས་དྲངས།
༥༧༽ སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་ལན་དང་གསལ་བཤད་གལ་ཆེ་ཁག་ཕྱོགས་བསྡུས་ཞེས་པའི་ཤོག་གྲངས་ ༩༤༢ ན་གསལ།
༥༨༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཤོག་གྲངས་ ༧ ན་གསལ།
༥༩༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཤོག་གྲངས་ ༡༡ ན་གསལ།
༦༠༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༡༢༠ ན་གསལ།
༦༡༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༡༧༥ ན་གསལ།
༦༢༽ སློབ་སྦྱོང་སྐོར་བཀའ་སློབ་པོད་དང་པོའི་ཤོག་གྲངས་ ༥༨ ན་གསལ།
༦༣༽ ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡༢ ཤེས་བྱ་གསར་དེབ་ལས་དྲངས།
༦༤༽ ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༡ ཤེས་བྱ་གསར་དེབ་ལས་དྲངས།
༦༥༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༢༥༦ ན་གསལ།
༦༦༽ ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༨ པའི་ཤེས་བྱ་དུས་དེབ་ལས་དྲངས།
༦༧༽ སློབ་སྦྱོང་སྐོར་བཀའ་སློབ་སྟོད་ཆའི་ཤོག་གྲངས་ ༣༧༡ ན་གསལ།
༦༨༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༡༨༤ ན་གསལ།
༦༩༽ ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༨ ཤེས་བྱ་གསར་དེབ་ལས་དྲངས།
༧༠༽ ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༨ ཤེས་བྱ་གསར་དེབ་ལས་དྲངས།
༧༡༽ ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ལས་དྲངས།
༧༢༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༨༠ ན་གསལ།
༧༣༽ སློབ་སྦྱོང་སྐོར་གྱི་བཀའ་སློབ་ཀྱི་དེབ་སྟོད་ཆའི་ཤོག་གྲངས་ ༣༩༡ ན་གསལ།
༧༤༽ སློབ་སྦྱོང་སྐོར་བཀའ་སློབ་ཀྱི་དེབ་སྟོད་ཆའི་ཤོག་གྲངས་ ༤༠༧ ན་གསལ།
༧༥༽ སློབ་སྦྱོང་སྐོར་བཀའ་སློབ་ཀྱི་ཤོག་གྲངས་ ༥༧ ན་ལགས།
༧༦༽ ཤེས་ཡོན་ལམ་སྟོན་ཤོག་གྲངས་ ༤༤༤ ན་གསལ།
༧༧༽ སློབ་སྦྱོང་སྐོར་བཀའ་སློབ་པོད་དང་པོའི་ཤོག་གྲངས་ ༦༩ ན་གསལ།
༧༨༽ སློབ་སྦྱོང་སྐོར་བཀའ་སློབ་པོད་དང་པོའི་ཤོག་གྲངས་ ༨ ན་གསལ།
༧༩༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༤༤ ན་གསལ།
༨༠༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༡༠༧ ན་གསལ།
༨༡༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༧༠ ན་གསལ།
༨༢༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༡༦༨ ན་གསལ།
༨༣༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༤༠༤ ན་གསལ།
༨༤༽ སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་ལན་དང་གསལ་བཤད་གལ་ཆེ་ཁག་ཕྱོགས་བསྡུས་ཞེས་པའི་ཤོག་གྲངས་ ༩༤༧ ན་གསལ།
༨༥༽ བོད་གཞུང་ཤེས་བྱ་དུས་དེབ་འདོན་ཐེངས་དགུ་པར་གསལ།

མདུན་ཤོག

Menu