སྤྱིར་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་ཀྱང་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ནས་མི་རིགས་དང་སྤྱི་ཚོགས་སོ་སོའི་དངོས་ཡོད་དགོས་མཁོ་དང་བསྟུན་པའི་ཤེས་ཡོན་དར་འཕེལ་བྱུང་ཞིང༌། རིམ་པས་མིའི་བསམ་སྤྱོད་དང༌། ཤེས་ཡོན། དངོས་པོ་གསར་བའི་འཕེལ་རིམ་གྱི་འགྱུར་འགྲོས་བཅས་ཕྱོགས་མང་པོའི་གནས་སྟངས་ལ་གཞིགས་ཏེ་འགྱུར་བ་སྣ་ཚོགས་བྱུང་བའི་མཐའ་མ་ཤེས་ཡོན་གྱི་ལམ་སྲོལ་ཡང་མ་འདྲ་བ་སྣ་ཚོགས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད། བོད་ལ་དེ་སྔར་དགོན་པ་སོ་སོར་གཙོ་བོར་ནང་དོན་རིག་པར་གསན་བསམ་གྱི་འགྲིགས་སྲོལ་ལམ་སློབ་སྦྱོང་གི་བཅའ་ཡིག་རེ་ཡོད་པ་ལས། བོད་ཀྱི་སློབ་གྲྭ་སྤྱི་ཡོངས་ལ་ཁྱབ་པའི་ཤེས་ཡོན་ལམ་སྲོལ་གཏན་ལ་ཕབ་པ་ཞིག་མེད། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་ཐོག་མའི་སྐབས་ནས་བཟུང་ད་བར་གནས་ཚང་གི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་བཞིན་པའི་དབྱིན་ཇིའི་ལམ་སྲོལ་གྱི་ཤེས་ཡོན་སྲིད་བྱུས་ཉིད་ལག་བསྟར་བྱས་པ་ལས། བོད་མི་རིགས་རང་ཉིད་ཀྱི་དོན་དམ་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་བྱ་ཐུབ་མེད།
    ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་ཏུ་ཕྱིན་པའི་རྐྱེན་རྩ་ལ་ཕྱིས་སུ་ངོས་འཛིན་མི་འདྲ་བ་སྣ་ཚོགས་བྱུང་ཞིང༌། སྐབས་སོ་སོར་འཛིན་སྐྱོང་རིམ་པས་ནད་རྟགས་ལྟ་བུའི་རྣམ་འགྱུར་འགའ་ཤས་ལ་འགྱུར་བ་གཏོང་བའི་འབད་བརྩོན་ཕྲན་བུ་རེ་བྱས་ཡོད་ཚོད་འདུག་ཀྱང༌། དེ་ཙམ་གྱིས་ཉམས་ཆག་བསྐྱར་གསོ་ཐུབ་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་ཐུབ་མེད། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ནད་རྟགས་ཀྱི་རྣམ་འགྱུར་རགས་པ་རེ་བཅོས་པས་ཕན་ཐོགས་མེད་པར། ནད་ཀྱི་རྩ་བ་ངོས་ཟིན་པ་དང་གཏིང་ལོན་པ་བྱ་དགོས་པའི་བྱེད་ཐབས་བཟུང་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་གསར་རྩོམ་གནང་བ་ཡིན་འདུག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནི་ཤེས་ཡོན་གྱི་ངོ་བོ་དང༌། ཤེས་ཡོན་གྱི་དགོས་པ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་ཀྱི་ལག་ལེན། ཤེས་ཡོན་གནས་ཚད་ལ་ཚད་འཇལ་བྱེད་སྟངས་བཅས་ཕྱོགས་གང་ཐད་ནས་དབྱིན་ཇི་པས་རྒྱ་གར་ཐོག་ལག་བསྟར་གྱི་སྲོལ་བཙུགས་པའི་ཤེས་ཡོན་ལམ་ལུགས་དང་གཞི་རྩའི་ལྟ་གྲུབ་དང་ལག་ལེན་གཉིས་ཐད་ནས་ཡོངས་སུ་ཐ་དད་དུ་གྱུར་པ་ཞིག་ཡིན་པར་ངོས་འཛིན་གནང་ཡོད།
    བཀའ་ཤག་གི་ཤེས་ཡོན་གྱི་ལྟ་བའི་རྒྱབ་ལྗོངས་སུ་ཆོས་ལུགས་དང༌། མི་རིགས་ཀྱི་ཞེན་ཁོག་འདྲེས་པའི་ལྟ་ཚུལ་ཞིག་རང་རེའི་སྤྱི་ཚོགས་ནང་ཅུང་ཁྱབ་ཆེའི་རང་བཞིན་དུ་ཡོད་ཀྱང༌། ང་ཚོས་གནས་སྟངས་ངོ་མའི་ཐོག་ནས་བལྟས་ན། འཆི་ལམ་འགྲིམ་བཞིན་པའི་བོད་མི་རིགས་ཀྱི་ཚེ་སྲོག་ཆད་མཐུད་སྒོས། དེང་དུས་ཀྱི་དཔལ་ཡོན་ནང་མི་རིགས་གཞན་དག་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་བསྐྱོད་ཐུབ་པའི་ཤེས་ཡོན་དང་ཤེས་ཡོན་སྲིད་བྱུས་ཤིག་ང་ཚོར་ཁ་ཚ་དགོས་གཏུགས་སུ་གྱུར་ཀྱང༌། ཆོས་ལུགས་ཀྱི་སྲོལ་རྒྱུན་དང་མི་རིགས་ཀྱི་ལྟ་བ་མ་འདྲེས་པའི་གསར་ལུགས་རྐྱང་པས་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་རྒྱུན་འཛིན་བྱེད་མི་ཐུབ་པ་གནས་ལུགས་ཀྱིས་ར་འཕྲོད། དངོས་ཡོད་ཀྱི་གནས་སྟངས་འདི་གཞི་ལ་བཞག་པའི་ཐོག་ནས་བཀའ་ཤག་གིས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་ཤེས་ཡོན་སྲིད་བྱུས་འདི་འདྲ་ཞིག་གསར་གཏོད་མཛད་པ་ཡིན་ངེས་ཤིང༌། བཀའ་ཤག་གིས་དེ་སྔ་རང་རེའི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་ལག་བསྟར་བྱས་པའི་ཤེས་ཡོན་ལམ་ལུགས་ལ་སྐྱོན་ཅན་དུ་ལྟ་བའི་གཞི་རྩ་ཡང་འདི་ཡིན། ལྟ་ཚུལ་འདི་ཡང་དག་ཏུ་ཁས་ལེན་ཐུབ་མིན་དབྱིན་ཇི་པས་རྒྱ་གར་ནང་ལག་བསྟར་གྱི་སྲོལ་བཙུགས་པའི་ཤེས་ཡོན་ལམ་སྲོལ་འདིས་རང་རེའི་མངོན་འདོད་ཀྱི་དགོས་དོན་བསྒྲུབས་ཡོད་མེད་དང༌། སྒྲུབ་ཐུབ་མིན་ལ་གཏིང་ཕྱིན་པར་རྟོག་དཔྱོད་གནང་ཐུབ་མིན་ལ་ཐུག
    འདས་པའི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ནང་ལག་བསྟར་བྱས་པའི་ཤེས་ཡོན་སྲིད་བྱུས་འདིའི་ཐོག་ནས་བོད་མི་རིགས་ཀྱི་ཕུགས་རེ་དང་མཐུན་པའི་ཤེས་ཡོན་དང་ཀུན་སྤྱོད་ལྡན་པའི་མི་རབས་ཤིག་བསྐྱེད་བསྲིང་བྱ་ཐུབ་ཀྱི་འདུག་ན། ལམ་སྲོལ་འདི་ཐོག་མ་དབྱིན་ཇི་པས་བཟོས་པ་དང༌། རྒྱ་གར་པས་ལག་བསྟར་བྱས་མྱོང་བ་ཙམ་གྱིས་བོད་མིའི་ཤེས་ཡོན་སློབ་སྦྱོང་ནང་ལག་བསྟར་བྱེད་མི་རུང་བའི་རྒྱུ་མཚན་གཏན་ནས་མེད། འདས་པ་དང་ད་ལྟའི་གནས་བབ་ཀྱི་ཐོག་ནས་བོད་ཀྱི་རིག་གཞུང་གི་རྩ་བ་རྒྱ་གར་བར་ཟུག་ནས་ཡོད་ལ། མགོ་སེར་པོའི་དེང་རབས་རིག་གནས་ཀྱི་ཁྲོད་ནས་ང་ཚོར་དགོས་མཁོ་ཤིན་ཏུ་མང་བ་བཤད་མ་དགོས། འོན་ཀྱང་ལོ་ངོ་ལྔ་བཅུ་ཙམ་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ཀྱི་ཐོག་ནས་ཤེས་ཡོན་ལམ་སྲོལ་འདི་ལ་བོད་མི་རིགས་མཚན་ཉིད་ཚང་བ་ཞིག་གསོ་སྐྱོང་བྱེད་པ་དང༌། བོད་མི་རིགས་ལ་མདུན་ལྗོངས་ཡངས་པའི་ལམ་སྟོན་གྱི་ནུས་པ་མེད་པ་གསལ་པོར་གྱུར་པས། བོད་མི་རིགས་ཀྱི་གཞི་རྩའི་དགོས་མཁོའི་ངོས་ནས་ཤེས་ཡོན་ལམ་ལུགས་འདི་སྐྱོན་ཅན་དུ་ལྟ་བའི་ངོས་འཛིན་བྱུང་བ་ཡིན་ངེས།
    དབྱིན་ཇི་པས་རྒྱ་གར་ནང་དམིགས་ཡུལ་གང་འདྲ་ཞིག་བསྒྲུབ་པའི་ཆེད་དུ་བྱེད་ཐབས་གང་འདྲ་ཞིག་བཟུང་ནས་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱས་པའི་ཚུལ་རགས་ཙམ་རྟོགས་ན། གཞི་ནས་ཤེས་ཡོན་སྲིད་བྱུས་འདིས་ང་ཚོར་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ངེས་པའི་གནས་ལུགས་ཀྱི་གོ་བ་ངོ་མ་རྙེད་ཐུབ།
    ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་རྒྱ་གར་ནི་འཛམ་གླིང་གི་བསམ་བློའི་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་གྲས་ཤིག་ཡིན་ཅིང༌། རྒྱ་གར་པའི་མཁས་གྲུབ་གོང་མ་ཚོའི་བསམ་རྒྱ་དང་མཁྱེན་དཔྱོད་བསམ་གྱིས་མི་ཁྱབ་པའི་དབང་གིས། ད་ལྟར་ཡང་འཛམ་གླིང་ཐོག་ཁོང་ཚོའི་ཤུལ་བཞག་གནའ་བོའི་རྒྱ་གར་པའི་སྲོལ་རྒྱུན་རིག་གཞུང་ལ་གུས་བརྩི་དང་རིན་ཐང་གི་ཚད་གཞི་ཤིན་ཏུ་མཐོ་བར་མ་ཟད། ཏུ་རུ་ཁ་དང་དབྱིན་ཇིའི་དབང་ཤུགས་མ་སླེབས་པའི་གོང་དུ་རྒྱ་གར་ནི་མང་ཚོགས་ཀྱི་ཤེས་ཡོན་དང༌། གྲལ་རིམ་བྱེ་བྲག་པའི་ཤེས་ཡོན་གཉིས་ཆ་ཤིན་ཏུ་ཚད་མཐོན་པོ་ཡིན་པ་ལོ་རྒྱུས་ཀྱི་བཤད་སྒྲོས་སུ་ཡོད་པར་མ་ཟད། གནའ་བོའི་རྒྱ་གར་གྱི་ཕྱི་ནང་མཁས་པའི་གཞུང་ལུགས་ཀྱི་ཟབ་ཚད་དང༌། གང་ཟག་གི་ཚུལ་ཁྲིམས་དག་པའི་ཉམས་ལེན་བཅས་ཀྱི་ཐོག་ནས་ར་སྤྲོད་གསལ་པོ་འབྱུང༌།
    འོན་ཀྱང་དབྱིན་ཇིས་རྒྱ་གར་ཐོག་བཙན་འཛུལ་བྱེད་པའི་སྐབས་དབང་བསྒྱུར་སྟབས་བདེ་དང་སྲ་བརྟན་ཡོང་ཆེད་རྒྱ་གར་པའི་སྤྱི་ཚོགས་ནང་ཧིན་རྡི་དང་ཁ་ཆེའི་བར་ཆོས་ལུགས་ཀྱི་རྙོག་གླེང་དང༌། ཧིན་རྡུ་ནང་ཁུལ་ལ་ཡང་རིགས་རུས་ཀྱི་འགལ་བ་ཤུགས་ཆེན་སྤེལ་ཏེ་རྒྱ་གར་གྱི་གོང་བུའི་ནུས་པ་ཚབས་ཆེའི་ཉམས་དམས་སུ་བཏང་བར་མ་ཟད། ཕྱི་ལོ་ ༡༨༣༥ ལོ་ཡས་མས་ནས་རྒྱ་གར་པའི་བསམ་བློའི་གཏིང་རིམ་ལ་བཙན་འཛུལ་བྱ་བའི་སླད་དུ། དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་རྒྱ་གར་པའི་སྲོལ་རྒྱུན་རིག་གཞུང་དང་མ་འབྲེལ་བའི་དེང་རབས་ཀྱི་སློབ་སྦྱོང་རྐྱང་པ་སྤྲད་པའི་མི་རབས་ཤིག་གསོ་སྐྱོང་བྱས་འདུག་ལ། མི་རབས་འདི་ནི་ཁྲག་དང་ཤ་མདངས་ཙམ་རྒྱ་གར་པ་ཡིན་པ་མ་གཏོགས། དེ་མིན་བསམ་བློའི་ལྟ་བ་དང༌། འདུན་པ་བྱེད་སྟངས། བཟང་ངན་དང་དགེ་སྡིག་གི་དབྱེ་འབྱེད་སོགས་མདོར་ན་བསམ་བློའི་གཞི་རྩ་མ་ལག་དང་བཅས་པ་མཐའ་དག་དབྱིན་ཇི་པ་ངོ་མ་ཞིག་དང༌། དབྱིན་ཇི་པའི་སྐད་ཡིག་དང་རིག་གཞུང་དར་སྤེལ་གྱི་ཆེད་དུ་རྒྱ་གར་རང་གི་སྲོལ་རྒྱུན་རིག་གཞུང་ལ་ཅི་མི་སྙམ་པར་གཏོར་ཤིག་གཏོང་ཐུབ་མཁན་ཞིག་ཡོང་ཐུབ་པ་དམིགས་ཚད་ལ་བཟུང་བའི་གོ་རིམ་ངེས་ཅན་གྱི་ལས་འགུལ་ཞིག་ཡིན། དོན་དངོས་སུ་ཡང་བྱེད་ཐབས་དེ་ལམ་ལྷོང་བྱུང་སྟེ་དབྱིན་ཇི་པས་ལོ་ངོ་གཉིས་བརྒྱ་ལྷག་རིང་རྒྱ་མཚོའི་ཕ་རོལ་ནས་ཤིན་ཏུ་མི་འབོར་ཆེ་བའི་རྒྱ་གར་ཐོག་དབང་བསྒྱུར་སྲ་བརྟན་དུ་གནས་ཐུབ་པ་བྱུང་བར་མ་ཟད། དབྱིན་ཇིའི་སྐད་ཡིག་དང་ཤེས་ཡོན་དར་སྤེལ་སོང་བ་དང་མཉམ་དུ་རྒྱ་གར་རང་གི་མ་སྐད་སྐད་ཡིག་གཉིས་པའི་གནས་རིམ་དུ་ལྷུང་སྟེ། མ་སྐད་ལ་བརྟེན་པའི་སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པ་མང་པོ་ཞིག་མི་རིགས་དེའི་ཉིན་རེའི་འཚོ་བ་དང་ཁ་བྲལ་ཏེ༑ གདོས་བཅས་ཀྱི་གླེགས་བམ་ཙམ་དུ་གྱུར་ནས་བེད་མེད་རྡུལ་ཁྲོད་དུ་བསྐྱུར་དགོས་བྱུང་བ་འདི་ཡིད་ཕངས་དགོས་པའི་གནས་ཚུལ་ཡིན་ལ། རྒྱ་གར་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཙམ་མ་ཡིན་པར་སྐད་ཡིག་དང་ཤེས་ཡོན་གྱི་རང་དབང་དང་སྟོབས་ཤུགས་ཀྱང་དབྱིན་ཇི་པའི་དབང་འོག་ཏུ་ཤོར་ནས་ད་ལྟར་ཡང་བསྐྱར་གསོ་བྱེད་ནུས་མེད།
    ཕྱི་ལོ་ ༡༨༥༣ ལོར་འཆར་ཅན་ལྟར་དབྱིན་ཇིའི་གྲོས་ཚོགས་ཀྱིས་བཙུགས་པའི་ཆེས་མཐོའི་ཤེས་ཡོན་ཚོགས་ཆུང་ཞིག་གིས་ཤེས་ཡོན་སྲིད་བྱུས་འདི་ལ་དབྱིན་ཇིའི་དབང་བསྒྱུར་བྱེད་པོའི་གཞུང་གི་དགོས་མཁོ་དང་འཚམས་པའི་གྲུབ་འབྲས་ཆེན་པོ་ཐོབ་པར་ངོས་འཛིན་གྱིས་བསྒྱུར་བཅོས་བྱེད་མི་དགོས་པར་རང་སོར་བསྐྱར་དུ་གཏན་འབེབས་བྱས། འོ་ན་ཤེས་ཡོན་ལམ་ལུགས་འདིས་རྒྱ་གར་པ་ལ་ཕན་ཏིལ་འབྲུ་ཙམ་ཡང་མ་ཐོགས་པ་རེད་དམ་ཞེ་ན། དེང་རབས་ཀྱི་ཤེས་ཡོན་ཡར་རྒྱས་ཐད་ཤེས་ཡོན་སྲིད་བྱུས་འདིས་རྒྱ་གར་པ་ལ་ཕན་ནུས་ངེས་ཅན་ཞིག་ཐོན་ཡོད་ཀྱང༌། ཤེས་ཡོན་སློབ་སྟོན་འདི་ལ་བརྟེན་ནས་རྒྱ་གར་གྱི་གནའ་བོའི་རིན་ཐང་འགྲན་ཟླ་མེད་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང༌། དགོས་ངེས་ཀྱི་འཚོ་སྤྱོད་གོམས་གཤིས་སྣ་མང་ཞིག་རྩ་མེད་དུ་གྱུར་པ་རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་ཀྲ་གྷོར་གྱིས། ང་ཚོའི་མི་རབས་ནས་མི་རབས་བར་བརྒྱུད་པའི་སློབ་ཕྲུག་རྣམས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་འདས་པའི་ལོ་རྒྱུས་དང་དཔལ་ཡོན་གྱི་རིན་ཐང་ཐོག་གོ་རྟོགས་ཅུང་ཟད་ཀྱང་མེད་པའི་གནས་བབ་འོག་འཚར་ལོངས་ཡོང་གི་ཡོད། དེའི་རྐྱེན་གྱིས་ང་ཚོའི་སེམས་ཁོང་དུ་སྦས་པའི་ཚུལ་དུ་འབྲེལ་ཐག་ཆད་པ་ཙམ་དུ་མ་ཟད་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་སྲི་ཞུ་བསྒྲུབ་རྒྱུའི་གཟི་བརྗིད་རང་བཞིན་གྱི་བྱ་བཞག་གི་གོ་སྐབས་བརླགས་པ་རེད་ཅེས་གསུངས་པས་གསལ་བར་མཛད།
    སྐད་ཆ་དུམ་བུ་འདིའི་ཐོག་ནས་ང་ཚོས་ཤེས་དགོས་པའི་གནད་དོན་གལ་ཆེ་ཤོས་ནི། དབྱིན་ཇི་པས་བྱེད་ཐབས་གང་སྤྱད་ནས་རྒྱ་གར་པ་ལོ་གཉིས་བརྒྱའི་རིང་བྲན་གཡོག་ཏུ་བཀོལ་བ་ཡིན་པ་འདི་ཡིན། དབྱིན་ཇི་མ་སླེབས་པའི་ལོ་སྟོང་ཕྲག་ཙམ་གྱི་གོང་དུ་གྷི་རུ་སི་དང༌། ཨི་ཊ་ལི། ཨུ་རུ་སུ་སོགས་ནུབ་གླིང་དང་ཡུ་རོབ་ཀྱི་ཚོང་པ་མང་པོ་ཞིག་རྒྱ་གར་ས་ཐོག་ཏུ་འབྱོར་མྱོང་བར་མ་ཟད། ཕྱི་ལོ་ ༡༤༨༧ ལོ་ཡས་མས་སུ་པོར་ཅུ་གལ་གྱི་རྒྱལ་སྲས་ཧེན་རི་ཟེར་བ་གྲུ་ལམ་བརྒྱུད་རྒྱ་གར་དུ་ཡོང་སྟེ་ཚོང་ལས་ཀྱི་ལྟེ་གནས་བཙུགས་ཡོད་འདུག་ལ། ཕྱི་ལོ་ ༡༦༠༢ ལོར་ཧོ་ལེན་ཊའི་གཞུང་གིས་བཀའ་འཁྲོལ་གནང་བ་ལྟར་ཌག་ཆེས་ཤར་ཕྱོགས་རྒྱ་གར་ཚོང་ཚོགས་(Dutch East Insia Cpmpany)ཟེར་བ་བཙུགས་ཤིང༌། དེ་བཞིན་ཕྱི་ལོ་ ༡༦༦༤ ལོར་ཧཕ་རན་སི་ཤར་ཕྱོགས་རྒྱ་གར་གྱི་ཚོང་ཚོགས་(French East Insia Cpmpany) ཟེར་བ་བཙུགས་པར་མ་ཟད། དམག་གི་སྒྲིག་འཛུགས་ཀྱང་ཅུང་བརྟན་པོ་ཞིག་བཙུགས་ཡོད། ཕྱི་ལོ་ ༡༦༠༠ ལོར་དབྱིན་ཇི་པས་ཤར་ཕྱོགས་རྒྱ་གར་གྱི་ཚོང་ལས་ཚོགས་པ་( East Insia Cpmpany)ཞིག་བཙུགས་པ་དེ་རིམ་པས་ཡར་རྒྱས་བཏང་སྟེ། མཐའ་མ་ཚོང་ལས་དང་དམག་ཤུགས་ཙམ་མ་ཡིན་པར་སྐད་ཡིག་དང་རིག་གཞུང་གིས་རྒྱ་གར་པའི་བསམ་བློའི་གཏིང་རིམ་ལ་བཙན་འཛུལ་བྱས་པ་དེ་ནུས་པ་ཆེ་ཤོས་སུ་གྱུར་ནས་ད་དུང་ཡང་རྒྱ་གར་པ་དབྱིན་ཇིའི་སྐད་ཡིག་དང་རིག་གཞུང་གི་བཙན་འཛུལ་ལས་ཡོངས་སུ་བཅིངས་གྲོལ་ཐུབ་མེད་པ་འདི་ཡིན།
    ལོ་རྒྱུས་ཀྱི་ཉམས་མྱོང་འདིའི་ཐོག་ནས་བལྟས་ན་མི་རིགས་རང་གི་སྐད་ཡིག་དང་སྐད་ཡིག་དེ་ལ་བརྟེན་པའི་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱ་འདོད་པ་སྤྱི་དང༌། ལྷག་པར་འཆི་གསོན་ཆགས་འཇིག་གི་འགག་འཕྲང་དུ་གྱར་བའི་བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ཐོག་ནས་བཤད་ན། མ་འོངས་པའི་བོད་ཀྱི་བདག་པོ་དང་ཆོས་སྤྱོད་ཞི་བའི་ས་བོན་དུ་རེ་བཞག་བྱེད་སའི་གཞོན་སྐྱེས་རྣམས་ལམ་སྲོལ་འདི་འདྲ་ཞིག་གི་འོག་ནས་བསྐྱེད་བསྲིང་བྱ་མི་རུང་བ་གསུངས་པ་བཀའ་ཤག་ལ་རྒྱུ་མཚན་ཤིན་ཏུ་མང༌། བོད་ནང་དུ་རྒྱའི་བཙན་དབང་གིས་བོད་རིགས་གཞོན་སྐྱེས་རྣམས་སྐད་རིགས་གཞན་པའི་སློབ་སྦྱོང་གི་བརྒྱུད་ལམ་ཐོག་ནས་དོན་ལྔ་སྣོད་དྲུག་ཡོངས་རྫོགས་རྒྱ་མི་འབུ་གཟན་ངོ་མ་ཞིག་ཏུ་གསོ་སྐྱོང་བྱས་དང་བྱེད་བཞིན་པའི་ཐོག ཕྱི་ཕྱོགས་རང་དབང་ལུང་པའི་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོས་ཀྱང་བསམ་བཞིན་ཡིན་མིན་གང་ལྟར་ཡང་ལམ་སྲོལ་འདི་འདྲ་ཞིག་གི་འོག་ནས་རང་ཉིད་ཁྲག་དང་ཤ་མདངས་ཙམ་མ་གཏོགས། དེ་མིན་བསམ་བློ་གཏོང་སྟངས་དང༌། སྤྱོད་པ་འཁྱེར་ལུགས། འདུན་པ་བྱེད་སྟངས་སོགས་བསམ་སྤྱོད་ཡོངས་རྫོགས་ནང་བོད་རིགས་ཀྱི་ཞག་རྩི་ཡེ་ནས་མེད་པའི་དབྱིན་ཇི་པ་ངོ་མ་ཞིག་ཏུ་འཚར་འདོད་པ་ནི། རིག་གནས་དཔལ་འབྱོར་ཅན་གྱི་ཤེས་ཚད་ལྡན་པ་དང༌། རྒྱས་སྤྲོས་ཀྱི་འཚོ་བ་ཞིག་ལ་ལོངས་སྤྱོད་པའི་ཆེད་དུ་ཡིན་སྲིད་ཀྱང༌། འཇིག་རྟེན་སྤྱི་དང་བོད་མི་རིགས་ཀྱི་ངོས་ནས་བཤད་ན། རིག་གཞུང་ཕུན་སུམ་ཚོགས་པའི་མངའ་བདག་ཏུ་གྱུར་པའི་མི་རིགས་འདིའི་ངོ་བོ་འཛིན་པའི་སྐད་ཡིག་དང༌། རིག་གཞུང་གོམས་གཤིས་ཡོངས་རྫོགས་འཆི་ལམ་དུ་འདེད་པའི་མངོན་མེད་ཀྱི་བཙན་འཛུལ་ཞིག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད།
    བཀའ་ཤག་གིས་ཕྱི་དགྲ་ལས་ཀྱང་ཚབས་ཆེ་བའི་ནང་ཁུལ་གྱི་བཙན་འཛུལ་དང་གཏོར་བཅོམ་འདི་རིམ་པ་མཐོ་བའི་བྱེད་ཐབས་ཤིག་གིས་སེལ་དགོས་པ་གལ་གནད་དུ་བཟུང་ནས། ཕྱི་ལོ་ ༡༩༧༥ ལོར་ྋགོང་ས་མཆོག་གིས། ད་ལྟ་སོ་སོས་ལས་ཀ་བྱེད་བཞིན་པ་འདིའི་ཉམས་མྱོང་ལ་གཞིགས་པའི་ང་ཚོ་རྒྱ་གར་ནང་སྡོད་པའི་རིང་ལ་སློབ་སྦྱོང་སྤྲོད་སྟངས་ད་ལྟའི་འདི་མུས་ཡག་པོ་འདུག་གམ། འདིའི་སྒང་ལ་སྣོན་འཕྲི་བྱེད་དགོས་པ་ག་རེ་འདུག ད་དུང་དེ་ཙམ་དུ་མ་ཟད། མ་འོངས་པར་ང་རང་ཚོ་བོད་དུ་སླེབས་པའི་མཚམས་ལ་བྱེད་སྟངས་ག་འདྲ་ཞིག་དགའ་བ་འདུག་གམ་༤༨ཞེས་སོགས་གསུངས་པ་ལྟར་འདས་པའི་ལོ་ལྔ་བཅུའི་རིང་གི་ཉམས་མྱོང་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱིའི་བཀའ་སློབ་ལམ་སྟོན། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན། ཕྱི་ལོ་ ༢༠༠༣ ལོར་བསྐྱངས་པའི་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཅར་བའི་གཞི་རིམ་སློབ་གྲྭ་ཁག་གི་དབུ་འཛིན་དང༌། དགེ་ཆེ། དགེ་རྒན་བཅས་ཀྱིས་འདས་པའི་ནང་སློབ་གྲྭ་ཁག་གི་སློབ་སྦྱོང་དང་ཀུན་སྤྱོད་ཉམས་ཆག་ཏུ་གྱུར་པའི་རྐྱེན་རྩ་དང༌། མ་འོངས་པར་དེ་དག་ཉམས་པ་སླར་གསོ་དང་གོང་སྤེལ་ཇི་ལྟར་བྱ་བའི་ཐད་བགྲོ་གླེང་གནང་བའི་མཐའ་མའི་གྲུབ་དོན་བཅས་གཞི་རྩར་བཞག་པའི་ཐོག་ནས་ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་བྱུང་བ་ཞིག་ཡིན།
    དེ་ཡང༌། ཕྱི་ལོ་ ༡༩༩༧ ལོར་སྐབས་བཅུ་གཅིག་པའི་བཀའ་ཤག་གི་བཀོད་ཁྱབ་ལྟར་ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་ཚོགས་ཆུང་ཞིག་ཟུར་འཛུགས་མཛད་འདུག་ཅིང༌། ཚོགས་ཆུང་དེས་དངོས་ཡོད་གནས་སྟངས་ཐོག་རྟོག་ཞིབ་དང་ཕྱི་ནང་གི་མཁས་མྱོང་ཅན་ཚོར་ལམ་སྟོན་ཞུ་ལེན་གྱིས། ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༨ ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཞེས་པའི་བོད་དབྱིན་ཤན་སྦྱར་གྱི་ཟིན་བྲིས་ཤིག་བཀའ་ཤག་ཏུ་ཕུལ་འདུག་ཀྱང༌། སྐབས་དེར་བཀའ་ཤག་རྙིང་པའི་ལས་དུས་རྫོགས་མཚམས་སུ་གཏུགས་པས་བསྐྱར་ཞིབ་དང་མཇུག་གནོན་བྱ་རྒྱུ་མ་བྱུང་བར་ལུས།
    ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡ ཚེས་ ༢ ནས་ཚེས་ ༤ བར་རྡ་རམ་ས་ལར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། བཀའ་ཤག་གི་དགོངས་གཞིར་ཡོད་པའི་ཤེས་ཡོན་སྲིད་བྱུས་ཀྱི་སྒྲོམ་གཞིའི་སྐོར་གསུང་བཤད་ཞིབ་རྒྱས་གནང་བར་བགྲོ་གླེང་དང་དྲི་བ་དྲིས་ལན་གང་མང་མཛད་པའི་མཐའ་མ་སྤྱི་མོས་ཀྱིས་རྒྱབ་སྐྱོར་བྱུང་འདུག
    ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༧ ཚེས་ ༦ ཉིན་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ཤེས་ཡོན་གྱི་སྲིད་བྱུས་ཚོགས་ཆུང་གསར་པར་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཚོགས་གཙོ་དང༌། ཚོགས་མི་བོད་ཁྱིམ་དགེ་ཟུར་ཌོར་ཊར་བུ་མོ་ཚེ་རིང་ཡེ་ཤེས། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་གྱི་འགན་འཛིན་ངག་དབང་རྡོ་རྗེ། རིགས་སློབ་དགེ་རྒན་བློ་བཟང་རིན་ཆེན། ཤེས་རིག་ལས་ཁུངས་ཤེས་ཡོན་ཉམས་ཞིབ་ལས་བྱེད་ཆུང་ཚེ་རིང་བཅས་བསྐོ་བཞག་དང་འབྲེལ། ཚོགས་ཆུང་དེར་ཤེས་རིག་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཀའ་ཤག་གི་གསུང་བཤད་ལམ་སྟོན་གཞི་རྩར་བཟུང་བའི་ཤེས་ཡོན་གྱི་སྲིད་བྱུས་ཟིན་བྲིས་ཤིག་གང་མྱུར་འགོད་དགོས་བཀོད་ཁྱབ་གནང་འདུག་ལ། ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༨ ཚེས་ ༢༠ ཉིན་ཤེས་ཡོན་གྱི་ཟིན་བྲིས་ཚོགས་ཆུང་གིས་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་དང་པོ་ཟུར་རྒྱན་དང་བཅས་པ་ཞིག་བཀའ་ཤག་ཏུ་ཕུལ་འདུག
    ཕྱི་ལོ་ ༢༠༠༣ ལོའི་ཟླ་ ༡༠ ཚེས་ ༡༣ ཉིན་བཀའ་ཤག་གིས་རགས་ཟིན་དང་པོར་བསྒྱུར་བཅོས་གང་དགོས་གནང་རྗེས་རགས་ཟིན་གཉིས་པ་གཏན་འབེབས་གནང་སྟེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱབ་འགྲེམས་རྒྱ་གང་ཆེ་བྱས་འདུག་ཅིང༌། ཤེས་རིག་ལས་ཁུངས་ཀྱིས་ཕྱོགས་ཁག་ནས་བསམ་ཚུལ་ཅི་འབྱོར་ཕྱོགས་བསྡོམས་ཀྱིས་བཀའ་ཤག་དང༌། ཟིན་བྲིས་ཚོགས་ཆུང༌། བོད་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་བཅས་སུ་ཕུལ།
    ཕྱི་ལོ་ ༢༠༠༤ ལོའི་ལོ་འགོར་ལྡི་ལིར་རྒྱ་གར་མཁས་པའི་ཚོགས་འདུ་དང༌། ཌེ་ར་ཌུན་དུ་བོད་ཀྱི་མཁས་པ་དང་ཤེས་ཡོན་འཛིན་སྐྱོང་མི་སྣའི་བགྲོ་གླེང་ཚོགས་འདུ་བཅས་རིམ་བཞིན་སྐོང་འཚོགས་བསྐྱངས། ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་གིས་ཚོགས་འདུ་སྔ་ཕྱིའི་ལམ་སྟོན་དང་མང་ཚོགས་ཀྱི་དགོངས་འཆར་བཅས་ལ་བསམ་གཞིགས་ཀྱིས་སྲིད་བྱུས་ཀྱི་རགས་ཟིན་གསུམ་པ་བཟོས་ཏེ་བཀའ་ཤག་ཏུ་ཕུལ།
    ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༦ ཚེས་ ༢༨ ནས་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་རགས་ཟིན་གསུམ་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེང་རབས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་ཞུས།
    ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༧ པའི་ནང་བཀའ་ཤག་གིས་གོང་གསལ་མཁས་པའི་བགྲོ་གླེང་གསུམ་པའི་སྐབས་བྱུང་བའི་དགོངས་ཚུལ་དཔྱད་ཞིབ་དང་འབྲེལ་རགས་ཟིན་གསུམ་པར་བསྐྱར་ཞིབ་ཀྱིས་བཟོ་བཅོས་གང་དགོས་གནང་སྟེ། ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་མཐའ་མ་གཏན་འབེབས་གནང༌།
    ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༩ པའི་ནང་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་འགྲེམས་འབུལ་གནང་བར་སྤྱི་འཐུས་ལྷན་ཚོགས་ནས་བགྲོ་གླེང་ཞིབ་རྒྱས་དང་སྣོན་འཕྲི་ཅུང་ཟད་བཅས་སྤྱི་མོས་ཀྱི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་གཏན་འབེབས་མཛད་པ་བཅས་ནི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བའི་ལོ་རྒྱུས་མདོ་བསྡུས་ཙམ་ཡིན།
    འོན་ཀྱང་རང་རེའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་འདི་སྒེར་བའི་བཙན་ཤེད་དང་ལྟ་བའི་སྒེར་གཅོད་ཀྱི་རྣམ་པ་ལྡན་པར་མ་ཟད། མཁས་པའི་ཚོགས་འདུ་ཟེར་བ་མང་ཆེ་བ་ཕྱི་ཚུལ་གྱི་འཁྲབ་སྟོན་ཙམ་ལས་ནང་དོན་ཅི་ཡང་མེད་པར། ཐག་བཅད་ཟིན་པའི་ལས་དོན་ལ་རྒྱབ་སྐྱོར་བསྡུ་བའི་ཆབ་སྲིད་ཀྱི་ལས་འགུལ་ཤ་སྟག་ཡིན་ཟེར་བའི་ལྟ་ཚུལ་ཞིག་དང་བཤད་ཚུལ་ཞིག་འདུག་ལ། ཕྱི་ལོ་ ༢༠༠༤ ལོའི་ཟླ་བ་དང་པོའི་ནང་ལྡི་ལིར་འཚོགས་པའི་རྒྱ་གར་མཁས་པའི་ཚོགས་འདུ་ཟེར་བའི་ཐོག་རྒྱ་གར་གྱི་རྒན་པོ་འགའ་ཞིག་བསྡུས་པ་དེ་དག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་ལ་ལེགས་སོ་བསྔགས་བརྗོད་བྱེད་པ་ལས། ལྡོག་ཕྱོགས་ཀྱི་བསམ་ཚུལ་བཤད་མཁན་གཅིག་ཀྱང་བྱུང་མེད་རབས་བཤད་པར་མ་ཟད། བོད་པའི་མཁས་པ་དང་ཤེས་ཡོན་པའི་ཚོགས་འདུ་དག་ཏུ་ཡང་བསམ་ཚུལ་བཤད་ཀྱང་གཉའ་གནོན་དང་རྩིས་མེད་གཏོང་རྐྱང་བྱེད་པ་མ་གཏོགས། ཚོགས་ཞུགས་པའི་བསམ་ཚུལ་ལ་གཞི་བཅོལ་ནས་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ལ་འགྱུར་བ་གཏོང་རེ་མེད་པའི་རྣམ་འགྱུར་བསྟན་རབས། མདོར་ན། ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་འབྲེལ་བའི་སྔ་ཕྱིའི་ཚོགས་འདུ་འདི་དག་ནི་སྙིང་པོ་མེད་པའི་འཁྲབ་སྟོན་ཤ་སྟག་རེད་ཅེས་མི་ལ་ལས་གོ་སྐབས་ནམ་བྱུང་ལ་བརྒྱུད་སྒྲོགས་བྱེད་ཀྱིན་འདུག གཏམ་འདི་བདེན་པ་ཡིན་ན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཡང་དག་ཡིན་མིན་ལ་མ་ལྟོས་པར་ཐག་གཅོད་ཀྱི་རིམ་པ་ཚད་ལྡན་ཞིག་ཏུ་མ་གྱུར་པས། གཞིས་བྱེས་བོད་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་གནས་སྟངས་ངོ་མའི་བཞིན་རས་མཐོང་དགོས་པ་ཕྱོགས་མང་པོ་ནས་ཤིན་ཏུ་གལ་གནད་དུ་གྱུར་པར་བརྟེན། ཁོ་བོའི་འབྲེལ་ཡོད་ཇི་སྙེད་བརྒྱུད་ནས་བགྲོ་གླེང་ཚོགས་འདུ་སྔ་ཕྱིའི་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་གང་ཐུབ་བྱས་པ་ཡིན་ལ། ཤིན་ཏུ་ཁུངས་བཙན་པ་ཞིག་ནི་ཕྲན་ལ་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ས་ནས་རྒྱ་གར་མཁས་པའི་ཚོགས་འདུའི་ཟིན་བྲིས་ཡིག་ཆ་ཞིག་ལག་སོན་བྱུང༌། ཡིག་ཆ་འདི་ལྟར་ན་ཚོགས་འདུ་འདིའི་ཐོག་ Dr.Satish Inamdhar. Sh.Sulak sivaraksa. Sh.Rajiv Vora. Prof.Pkrishna. Prof.Kristnanath. Dr.Ramu Manivanan. Dr.Jyoti Bai Desai. Sh.Kishore Saint. Sh.S.Sirasaksa. Dr. Pawan Gupta.  Ms. Radha Bhatt. Dr. Neru Vora. Sh. Ravi Gukati. Sh. Sulak Sivaroksa. Prof. P. Krishna. Sh. Rajiv Vora. སོགས་རྒྱ་གར་གྱི་མཁས་པ་བཅུ་ཕྲག་གཉིས་ཙམ་ཚོགས་ཞུགས་གནང་འདུག་པ་ལས། མཁས་པ་མང་པོ་ཞིག་གིས་རང་གི་ལྟ་ཚུལ་གྱི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ལ་བསྟོད་བསྔགས་མཛད་འདུག་པ་དངོས་ཡོད་གནས་ཚུལ་རེད། གསུང་བཤད་ཟིན་འདེབས་ཀྱི་ཡིག་ཆ་ལས་ཤེས་པ་ལྟར་ན། ཚོགས་ཞུགས་རྒྱ་གར་གྱི་མཁས་པ་ཚོས་རང་ཉིད་ཀྱི་གཞི་རྩའི་ཤེས་ཡོན་གྱི་ལྟ་བ་དང༌། གནས་ལུགས། རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བ་ལས། གནས་ལུགས་མེད་པའི་སྤྲེལ་ལད་ཅིག་གཏན་ནས་ཡིན་ཚོད་མི་འདུག ལར་ནས་མཁས་པ་འདི་དག་གིས་རང་གཞུང་བཀའ་ཤག་ལ་ངོ་བསྟོད་བྱ་དགོས་པའི་རྒྱུ་མཚན་མེད་ཅིང༌། གཉིས་ནས་རང་དབང་གི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་རྒྱ་གར་མཁས་པ་ཚོའི་མི་གཤིས་ལ་མི་འདོད་བཞིན་དུ་མི་གཞན་ལ་ངོ་བསྟོད་བྱེད་པའི་གཤིས་ཀ་མེད་པ། གསུམ་ནས་མཁས་པ་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་མང་པོ་ཞིག་ལ་བརྩི་བཀུར་དང་ཚད་མཐོའི་གདེངས་འཇོག་བྱེད་པ་འོལ་ཚོད་ཀྱིས་མིན་པ་རང་རང་གིས་བཀོད་པའི་རྒྱུ་མཚན་ལ་གཟིགས་ན་ངེས་པ་རྙེད་པ་ཞིག་འོང༌། དེར་མ་ཟད་ཚོགས་ཞུགས་པའི་མཁས་པ་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བསྟོད་བསྔགས་བྱས་པ་མིན་པར་ཚོགས་བཅར་པ་ Dr.Satish Inamdhar. hP.། Prof.Kristnanath.  Sh.Rajiv Vora. Dr.Jyoti Bai Desai. སོགས་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ཀྱི་དོན་ཚན་གང་མང་ཞིག་གི་ཐད་སྣོན་འཕྲི་དང་བཅོས་བསྒྱུར་ཅི་རིགས
་དགོས་སྐོར་རང་ཉིད་ཀྱི་དགོངས་འཆར་ཡང་བཏོན་འདུག་པ་མཁས་པའི་གསུང་བཤད་ཟིན་འདེབས་ཡིག་ཆ་ཁག་ཏུ་གསལ།
    དེ་བཞིན་ཕྱི་ལོ་ ༢༠༠༤ ལོའི་ཟླ་བ་གཉིས་པའི་ནང་ཌེ་ར་ཌུན་དུ་ཚོགས་པའི་བོད་ཀྱི་མཁས་པ་དང་ཤེས་ཡོན་པ། ཤེས་ཡོན་འཛིན་སྐྱོང་གི་འབྲེལ་ཡོད་མི་སྣའི་བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་པ་བརྒྱ་ཆ་དགུ་བཅུ་གོ་ལྔས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་ལ་ངོས་ལེན་བྱེད་ཀྱི་མི་འདུག འོན་ཀྱང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་སྐབས། ཤེས་ཡོན་སྲིད་བྱུས་ཀྱི་རྩ་དོན་ལ་གཏན་ནས་འགྱུར་བ་མེད་སྐོར་གསུངས་བྱུང་བས། ཚོགས་ཞུགས་པ་རྣམས་ཀྱིས་བསམ་འཆར་བཤད་ཀྱང་ཟུག་ས་ཞིག་གཏན་ནས་མི་འདུག་ཅེས། ཤེས་ཡོན་སྲིད་བྱུས་འདི་གང་ཟག་སྒེར་བའི་རང་ཤེད་མ་གཏོགས་མང་ཚོགས་ཀྱིས་བློ་གྲོས་བསྡུར་བའི་ཐག་གཅོད་ཅིག་མ་ཡིན་པའི་བསམ་ཚུལ་སྤྱི་ཚོགས་ནང་བརྒྱུད་སྒྲོགས་བྱེད་མཁན་ཡང་འདུག་པས། འདིའི་ཐད་སྐབས་དེའི་ཚོགས་ཞུགས་པ་དང༌། འབྲེལ་ཡོད་རྒྱུས་མངའ་ཅན་དུ་མ་བརྒྱུད་ནས་ཉམས་ཞིབ་བྱས་པར། དང་ཐོག་ཚོགས་ཞུགས་པའི་ནང་ནས་ཤེས་ཡོན་སྲིད་བྱུས་ཀྱི་རགས་ཟིན་ཐོག་དགག་པ་གཏོང་མཁན་མང་པོ་བྱུང་བ་དངོས་ཡོད་གནས་ཚུལ་ཡིན་འདུག་ཀྱང༌། ཁོང་ཚོས་དགག་པ་གཏོང་སྟངས་ལ་རིགས་མི་འདྲ་བ་འགའ་ཤས་བྱུང་འདུག རིགས་གཅིག་ཤེས་ཡོན་སྲིད་བྱུས་འདིར་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཙམ་ལས་མེད་པས། གཞི་རིམ་སློབ་གྲྭ་ཐོན་པའི་རྗེས་སུ་མཐོ་རིམ་སློབ་སྦྱོང་གི་གནས་སྟངས་གང་འདྲ་ཆགས་འགྲོ་བའི་སེམས་ཁྲལ་གཅིག་གི་ཐོག་ནས་ཡོང་བ་དང༌། རིགས་གཅིག་ད་ལྟའི་སྐབས་འདིར་བོད་ཀྱི་མ་སྐད་ལ་བཀོལ་སྤྱོད་ཀྱི་ཁོར་ཡུག་མེད་ལ། བཙན་བྱོལ་ནང་གི་ཆབ་སྲིད་དང༌། དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་ལས་ཀ་ཡོངས་རྫོགས་བོད་ཀྱི་མ་སྐད་ལ་བརྟེན་ནས་བྱེད་ཐུབ་ཀྱི་མེད་པས། མ་སྐད་ལས་བཀོལ་རྒྱ་ཆེ་བའི་དབྱིན་ཇིའི་སྐད་ཡིག་ལྟ་བུ་རྩ་འཛིན་བྱ་དགོས་པའི་བསམ་ཚུལ་གྱི་ཐོག་ནས་བྱུང་འདུག་ལ། རིགས་གཅིག་གིས་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་བཙན་བྱོལ་བོད་མི་འབའ་ཞིག་དང་ད་ལྟའི་འཕྲལ་གྱི་དགོས་མཁོ་ཙམ་གྱི་ཆེད་དུ་གཏན་འབེབས་བྱས་པ་མིན་པར། བོད་མི་རིགས་སྤྱིའི་འབྱུང་འགྱུར་གྱི་གནས་སྟངས་ལ་དགོངས་པ་བཞེས་པའི་ཐོག་ནས་བཟོས་པ་ཡིན་པས། ཚིག་གི་རྩོད་པ་ཙམ་མ་ཡིན་པར་དངོས་ཡོད་གྲུབ་འབྲས་ལ་གཏིང་དཔོག་པའི་རྒྱུས་ལོན་ཐུབ་ཆེད། ད་ཡོད་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ལྔ་པ་མན་ཆད་ལ་ཤེས་ཡོན་སྲིད་བྱུས་འདི་ལག་ལེན་བསྟར་ནས་ཚོད་ལྟ་བྱ་དགོས་ཞེས། ཤེས་ཡོན་སྲིད་བྱུས་འདི་ལ་ལག་ལེན་གྱི་ཐོག་ནས་ཚོད་ལྟ་བྱ་དགོས་པའི་དགོངས་ཚུལ་ཡང་བཏོན་འདུག
    དེ་བཞིན་སྐབས་དེར་ཚོགས་ཞུགས་པའི་ཁྲོད་ནས་མ་ཤེས་པའི་དྲི་བ་དང༌། ཐེ་ཚོམ་དང་དོགས་པའི་དྲི་བ། འདོད་བློ་མེད་པའི་རྣམ་འགྱུར་སྟོན་པའི་དྲི་བ་སོགས་དྲི་བ་སྣ་ཚོགས་ཤིག་དྲིས་འདུག་པར། བཀའ་ཁྲིས་དྲི་བ་ཡོངས་རྫོགས་ལ་རྒྱུ་མཚན་དང་བཅས་པའི་སྒོ་ནས་གཅིག་གཅིག་གཉིས་གཉིས་བྱས་ནས་ལན་གནང་རྗེས། མ་ཤེས་པར་དྲིས་པ་དང་དོགས་པའི་ཐོག་ནས་དྲི་བ་འདྲི་མཁན་ཚོའི་མ་ཤེས་པ་དང་དོགས་པ་སེལ་ནས་དེ་ལྟར་ཡིན་ན་འགྲིགས་འདུག་ཅེས་རང་གི་ཐོག་མའི་ལྟ་ཚུལ་ལ་འགྱུར་བ་ཐེབས་འདུག་ཀྱང༌། མི་འདོད་པའི་རྣམ་འགྱུར་སྟོན་རྒྱུའི་ཆེད་དུ་དྲི་བ་འདྲི་མཁན་ཚོར་བཀའ་ཁྲིའི་དྲིས་ལན་ལ་རང་ངོས་ནས་འགལ་ཕྱོགས་ཀྱི་ལྟ་ཚུལ་འདོན་པ་དང༌། གནོད་བྱེད་ཀྱི་གཏན་ཚིགས་བརྗོད་རྒྱུ་མེད་བཞིན་ཅུང་མཁྲེགས་ཞད་ཀྱི་རྣམ་འགྱུར་སྟོན་པར་མ་ཟད། ཕྱིས་སུ་སྤྱི་ཚོགས་ནང་དུ་འགྲེལ་བཤད་ལོག་པ་སྣ་ཚོགས་བརྒྱབས་ནས་མང་ཚོགས་ལ་འདྲོགས་མགོ་སླང་གང་ཐུབ་བྱེད་མཁན་ཡང་བྱུང་དང་འབྱུང་བཞིན་པ་འདི་ཡིན།
    ཐོག་མའི་སྐབས་དགག་པ་བྱེད་མཁན་མང་པོ་ཞིག་འདྲོགས་མགོ་ལངས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་གི་གཞི་རྩ་བརྟན་པོ་མ་ཆགས་པའི་བར་དུ་དབྱིན་ཇིའི་སྐད་ཡིག་བསླབ་ན་མི་འགྲིགས་ཟེར་བའི་སྐད་ཆ་འདི་ཡིན་འདུག བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཚོགས་ཞུགས་པ་ཚོས་དཀའ་རྙོག་ཏུ་མཐོང་བའི་གནད་དོན་ཡོངས་རྫོགས་ཐོག་གསལ་བཤད་མཐིལ་ཕྱིན་པར་གནང་རྗེས་ཁོང་ཚོའི་དོགས་པ་རྣམ་རྟོག་སངས་ནས་དེ་ལྟར་ཡིན་ན་ཡག་པོ་འདུག་ཅེས་ཚོགས་ཞུགས་པ་བརྒྱ་ཆ་མང་ཤོས་ཤེས་ཡོན་སྲིད་བྱུས་ལ་ཅུང་གོ་རྟོགས་ཡོད་པའི་ཐོག་ནས་ཐོག་མའི་རྒྱབ་སྐྱོར་བྱེད་མཁན་དུ་གྱུར་འདུག
    བགྲོ་གླེང་འདིའི་མགོ་མཇུག་གི་གནས་སྟངས་ལ་ཞིབ་ཏུ་བསམས་ན། ཉིན་དང་པོའི་ཉིན་ཤེས་ཡོན་སྲིད་བྱུས་ཐོག་བགྲོ་གླེང་བྱེད་པའི་སྐབས་ཚོགས་ཞུགས་པ་བརྒྱ་ཆ་མང་ཆེ་བས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཇི་བཞིན་རྟོགས་ཐུབ་པ་བྱུང་མེད་ཚོད། རྒྱུ་མཚན་ནི། སྐྱོན་བརྗོད་བྱེད་མཁན་མང་ཆེ་བས་འཛིན་གྲྭ་བཞི་པ་བར་དུ་དབྱིན་ཇིའི་སྐད་ཡིག་མ་སྦྱངས་ན་མི་འགྲིག་ཟེར་བ་ལྟ་བུའི་སྐད་ཆ་འདི་འདྲ་ལ་འཇུས་ནས་ངོ་རྒོལ་བྱས་འདུག་ལ། དེ་བས་ཀྱང་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་གསར་པ་འདིའི་ནང་དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཤེས་ཡོན་ཚད་འཕེར་བ་སློབ་སྦྱོང་སྤྲོད་རྒྱུ་མིན་པའི་སྐྲག་སྣང་གི་ཐོག་ནས་སྐྱོན་བརྗོད་བྱས་འདུག
    ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་རྡ་ལམ་ས་ལར་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་གསུམ་པའི་ཐོག་ཕྱི་རྒྱལ་པ་དང་རྒྱ་གར་པའི་མཁས་པ། བོད་རིགས་ཕྱི་སྡོད་མཁས་པ། རྒྱ་གར་ནང་དུ་ཡོད་པའི་བོད་རིགས་མཁས་པ་དང་ཤེས་ཡོན་པ། བོད་ཀྱི་ཤེས་ཡོན་གྱི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འཚོགས་ཞུས་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་དང་བཀའ་སློབ་བཀའ་དྲིན་བསྩལ་ཅིང༌། ཉིན་གཉིས་རིང་མཁས་པ་ཚོས་དགོངས་ཚུལ་གསོང་པོར་གསུང་རེས་ཀྱིས་བགྲོ་གླེང་གནད་དུ་སྨིན་པ་ཞིག་བསྐྱངས་འདུག
    ཁོ་བོའི་མཐོང་ཚུལ་དངོས་ནི། སྐབས་བཅུ་གཉིས་པའི་བཀའ་ཤག་གིས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་སྡོང་བུ་ལས། བྱེ་བྲག་ཕྱེད་པའི་བློ་ལྡན་ཡང༌། །བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ། །འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི། །མ་གྲུབ་ན་ཡང་མཛེས་པ་ཡིན༤༩། །ཞེས་གསུངས་པ་བཞིན་སྤྱི་བའི་འདུན་མ་མཐའ་དག་གྲོས་ཀྱི་སྒོ་ནས་ཐག་གཅོད་མཛད་དགོས་པའི་མང་གཙོའི་ལེགས་བྱང་ལ་བརྟེན་པ་ཆོས་སྲིད་གཉིས་ཐད་ནས་ཤིན་ཏུ་གལ་གནད་དུ་གཟིགས་ཏེ། ཁ་ཚ་དགོས་གཏུགས་སུ་གྱུར་པའི་རང་རེའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་བརྒྱ་ཁ་གཅིག་ཆོད་དང༌། རལ་གྲི་གནམ་གཡུག་ལྟ་བུས་ཐག་གཅོད་མ་མཛད་པར། རིམ་པས་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་ཅན་དང༌། བོད་རིགས་མཁས་དབང་དང་ཆེད་ལས་པ། བོད་ཀྱི་གཞི་རིམ་མང་ཚོགས་བཅས་སུ་གྲོས་བསྡུར་དང་དཔྱད་གླེང་གཏིང་ཕྱིན་པ་མཛད་པའི་བརྒྱུད་རིམ་ནང་དོགས་འདྲི་རེ་རེར་དངོས་ལུགས་ཀྱི་རྒྱུ་མཚན་དང༌། དགག་བྱའི་སྐྱོན་གནད། མིག་སྔའི་མདུན་ལྗོངས། དངོས་མཐོང་དཔེ་འདྲེན་བཅས་ཞལ་གསལ་ཞིང་ཞིབ་ཚགས་པའི་ལན་གྱིས་གཟུར་གནས་བློ་ལྡན་རྣམས་ཀྱི་དོགས་པ་དང་ཐེ་ཚོམ་གྱི་རིགས་མཐའ་དག་ཡོངས་སུ་གསལ་བར་མཛད་པར་མ་ཟད། སྤྱི་འཐུས་གྲོས་ཚོགས་སུ་ཡང་སྔར་ཕྱི་ཀུན་ཏུ་ཚིག་འཇམ་རྩུབ་དང་གནས་ཚད་མི་འདྲ་བའི་དོགས་འདྲི་གང་འདྲ་ཞིག་གནང་ཡང༌། སྐྱོ་ངལ་དང༌། བསུན་སྣང༌། འཇིགས་ཞུམ་གང་ཡང་མེད་པར། ཤིན་ཏུ་གུ་ཡངས་པོ་དང་རྣམ་དཔྱོད་ལྡན་པའི་སྒོ་ནས་གནད་དུ་འཁེལ་བའི་རྒྱུ་མཚན་གྱིས་ལན་འདེབས་གནང་བའི་མཛད་སྤྱོད་ཀྱི་ཐོག་ནས་བཀའ་ཤག་གི་མཁྱེན་དཔྱོད་དང༌། ལྷག་བསམ། དམིགས་ཚད་བཅས་ཤིན་ཏུ་གསལ་པོར་གྱུར་པར་མ་ཟད། བོད་ཀྱི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་རྒྱབ་གནོན་ལྡན་པའི་ཤེས་ཡོན་སྲིད་བྱུས། རིགས་པའི་གཞུང་ལུགས་རང་བཞིན་ལྡན་པ་དང་པོ་འདི་ཉིད་ཡིན་པར་ངེས་ལ། འདིའི་བྱུང་རབས་ནང་གང་ཟག་སྒེར་བའི་བཙན་ཤེད་དང༌། གཡོ་ཐབས། འཚེ་བའི་ལས་རིགས་བཅས་ཀྱི་དྲི་མ་ཙམ་ཡང་མེད་པར་ནན་ཏན་དང༌། ཞིབ་ཚགས། དཔྱད་བསྡུར་གྲོས་མོལ་བཅས་ཞི་འཇམ་བབ་བསྟུན་གྱི་བྱེད་ཐབས་འབའ་ཞིག་གིས་མཐའ་མ་གྲོས་ཚོགས་ནང་སྤྱི་མོས་ཀྱིས་ཐག་གཅོད་བྱུང་བའི་ལོ་རྒྱུས་དཀར་གཙང་ཅན་ཞིག་ཏུ་གྲུབ་པས་ཤིན་ཏུ་གཟི་བརྗིད་ཆེ་བར་ཚོར།
    འོན་ཀྱང་བར་ལམ་ནས་བཙན་བྱོལ་བོད་མིའི་གཞུང་མང་གཉིས་ཀའི་ནང་རང་རེའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྦྱོང་དང་ཀུན་སྤྱོད་འཕེལ་མེད་ཉམས་ཆག་ཏུ་གྱུར་པའི་རྐྱེན་རྩ་ནི། རང་རེའི་དོན་དམ་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྲིད་བྱུས་ཤིག་གསར་གཏོད་བྱེད་མ་ཐུབ་པས་རེད་ཅེས་ཁག་འདོགས་བྱེད་ས་ལྟ་བུ་ཞིག་ཏུ་གྱུར་འདུག་ཀྱང༌། དོན་དངོས་ཀྱི་ཐོག་ནས་བསམས་ན་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཤེས་ཚད། བཟང་སྤྱོད་གོམས་གཤིས་བཅས་ཉམས་ཆག་ཏུ་གྱུར་པ་རང་རེའི་སློབ་གྲྭ་ཁག་གི་ནང་རྒྱ་ཁྱབ་ཏུ་ལག་བསྟར་བྱས་པའི་དབྱིན་ཇིའི་མཁས་པ་ལོར་ཌ་མེ་ཁོ་ལིའི་ཤེས་ཡོན་སློབ་སྟོན་ལ་ལྟོས་ཚབས་ཀྱི་འབྲེལ་བ་ཡོད་ངེས་ཀྱང༌། དབྱིན་ཇིའི་སྐད་ཡིག་དང་དེང་རབས་ཀྱི་ཤེས་ཡོན་གྱི་ཚད་གཞིའི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་གཞན་དག་དང་དོ་མཉམ་པའི་འཕེལ་རྒྱས་ཡོང་མི་ཐུབ་པ་ཤེས་ཡོན་སྲིད་བྱུས་འདི་རྐྱང་པ་ལ་ཁག་འདོགས་བྱེད་ཐུབ་པའི་གཞི་རྩ་གཏན་ནས་མེད། རྒྱུ་མཚན་ནི། ཤེས་ཡོན་སྲིད་བྱུས་འདི་རྒྱ་གར་ནང་ལག་བསྟར་བྱས་པའི་རྐྱེན་པས་རྒྱ་གར་པའི་མ་སྐད་དང༌། སྲོལ་རྒྱུན་རིག་གཞུང༌། བཟང་སྤྱོད་གོམས་གཤིས་བཅས་ལ་ཚབས་ཆེའི་ཉམས་ཆག་བྱུང་ཡོད་ཀྱང༌། དེང་རབས་ཤེས་ཡོན་གྱི་ཚད་གཞིའི་ཐོག་ནས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་རྒྱ་གར་པའི་མཁས་པ་མང་པོ་གསོ་སྐྱོང་བྱེད་ཐུབ་པའི་གྲུབ་འབྲས་ཤིན་ཏུ་ཆེན་པོ་ལོན་ཡོད། དཔེར་ན༑ ཨ་རི་རྐྱང་པར་མཚོན་ན། དེང་རབས་གསོ་རིག་ལག་རྩལ་ཚད་མཐོ་ཤོས་བརྒྱ་ ༣༢ དང༌། ཚན་རིག་ལག་རྩལ་ཚད་མཐོ་ཤོས་བརྒྱ་ཆ་ ༦༢ རྒྱ་གར་པ་ཡིན་ཚོད་འདུག་ལ། ཨེང་ལེན་སོགས་སྔོན་ཐོན་རྒྱལ་ཁབ་མང་པོའི་ནང་གནས་སྟངས་འདི་དང་གཅིག་མཚུངས་ཡིན་འདུག་ཅིང༌། དབྱིན་ཇི་ནས་སྐྱེས་ཤིང་ཨེ་ཀྲ་ལེར་དགེ་རྒན་གྱི་ལས་ཀ་ལོ་མང་རིང་བྱེད་མྱོང་བའི་རྨོ་བོ་ཞིག་གིས། རྒྱ་གར་དབྱིན་ཇིའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་ཀྱིས་རྒྱ་གར་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། འཛམ་གླིང་གི་ཁྲིམས་དཔོན་མཁས་པ་དང༌། གློག་ཀླད་མཁས་པ་སོགས་དེང་རབས་ཤེས་ཡོན་ཐོག་འགྲན་ཟླ་མེད་པའི་མཁས་པ་ཕོན་ཆེན་ཞིག་རྒྱ་གར་ནས་ཐོན་གྱི་ཡོད། དེ་ཤེས་ཡོན་སྲིད་བྱུས་འདིའི་བཀའ་དྲིན་གྱིས་རེད་ཅེས་བཤད་བྱུང་བར་རྒྱུ་མཚན་མེད་པ་གཏན་ནས་མིན།
    ཤེས་ཡོན་སྲིད་བྱུས་འདི་ལ་བརྟེན་ནས་རྒྱ་གར་པར་ཐེབས་པའི་གྱོང་གུད་དེ་ང་ཚོར་ཕོགས་ཡོད་ཀྱང༌། རྒྱ་གར་པས་ཤེས་ཡོན་སྲིད་བྱུས་འདིའི་ཐོག་ནས་བླངས་པའི་དེང་རབས་ཤེས་ཡོན་གྱི་ཚད་གཞི་མཐོ་བོའི་ཁེ་བཟང་དེ་ང་ཚོས་ལེན་ཐུབ་མེད། དེར་བརྟེན་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ནང་རྩིས་རིག་དང༌། དངོས་ཁམས། རྫས་འགྱུར། འཕྲུལ་ལས་སོགས་དེང་རབས་ཤེས་ཡོན་ཐོག་རང་མགོ་ཐོན་པ་ཞིག་བྱུང་ཐུབ་མེད་པ་འདི་ཤེས་ཡོན་ཤེས་ཡོན་སྲིད་བྱུས་མ་འགྲིགས་པ་ཡིན་ནམ། ཡང་ན། སྲིད་བྱུས་དེ་ལག་བསྟར་བྱེད་མཁན་གྱི་འཛིན་སྐྱོང་དང་དགེ་རྒན་གྱི་ངོས་ནས་མ་ཡོང་བ་ཡིན། དཔལ་འབྱོར་སོགས་སྤྱི་ཚོགས་ཀྱི་གནས་སྟངས་གཞན་དག་དང་ཡང་འབྲེལ་བ་ཡོད་ངེས་པས། དེ་སྔའི་འཐུས་ཤོར་དང་ཉམས་ཆག་ཡོངས་རྫོགས་ཤེས་ཡོན་སྲིད་བྱུས་ཀྱིས་མ་འགྲིགས་པ་རེད་ཅེས་པའི་སྐད་ཆ་དུམ་བུ་གཅིག་གིས་བཤད་ཐུབ་པ་ཞིག་གཏན་ནས་མ་རེད་སྙམ།
    ཡང་ལ་ལས་རྒྱ་གར་ནང་དབྱིན་ཇིའི་སྐད་ཡིག་སྤྱི་སྐད་དུ་བེད་སྤྱོད་བྱེད་བཞིན་པ་འདི་ཡང་དབྱིན་ཇི་པས་རྒྱ་གར་ནང་ལག་བསྟར་གྱི་སྲོལ་བཙུགས་པའི་ཤེས་ཡོན་སྲིད་བྱུས་འདིས་རྐྱེན་པས་རེད་ཟེར་བ་ཡོད་ཀྱང༌། དེ་ཙམ་མ་ཡིན་པར་དེ་ལ་གཙང་སེལ་དཀའ་བའི་ནང་རྐྱེན་རྙིང་པ་ཞིག་ཀྱང་ཡོད་པར་སྣང་སྟེ། ཧིན་རྡི་པ་ཚོས་རྒྱ་གར་རྒྱལ་ཡོངས་སུ་ཧིན་རྡིའི་སྐད་ཡིག་བེད་སྤྱོད་བྱེད་དགོས་པའི་འདོད་པ་བྱེད་ཀྱི་ཡོད་མོད། དངོས་ཡོད་གནས་ཚུལ་ལ་རྒྱ་གར་ནང་ཧིན་རྡིའི་སྐད་ཡིག་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༤༠ ཙམ་དང༌། དེ་ལས་བརྒྱ་ཆ་ ༦༠ སྐད་ཡིག་གཞན་དག་བེད་སྤྱོད་གཏོང་མཁན་ཡིན། དཔེར་ན། རྒྱ་གར་ལྷོ་ཕྱོགས་ཤི་རུ་གླིང་ག་(Hsrilanka)དང་ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་པ་མང་ཆེ་བས་ཀོ་ཀོ་ནའི་(Konkoni)སྐད་ཡིག་བྱེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། རྒྱ་གར་བྱང་ཕྱོགས་ཀ་ཤི་མི་རིའི་ (Kashmir) ཁ་ཆེ་མང་པོ་ཞིག་གིས་ཨུར་ཏུ་ (Urdu) སྐད་ཡིག་བེད་སྤྱོད་གཏོང་གི་ཡོད། འདི་དག་གིས་རང་རང་གི་སྲོལ་རྒྱུན་གྱི་སྐད་ཡིག་མཁྲེགས་འཛིན་བྱེད་པ་ལས་ཧིན་རྡིའི་སྐད་ཡིག་སྤྱི་སྐད་དུ་བེད་སྤྱོད་བྱེད་པར་མོས་མཐུན་གཏན་ནས་མེད་སྟབས། དེ་སྔར་ནས་རྒྱ་གར་ནང་ཅུང་དར་ཁྱབ་ཆེ་བ་དང་རྒྱ་གར་རང་གི་མངའ་སྡེ་བྱེ་བྲག་པ་གང་གི་ཡང་ཡུལ་སྐད་མིན་པའི་དབྱིན་ཇིའི་སྐད་ཡིག་སྤྱི་སྐད་ལྟ་བུར་རང་བཞིན་གྱིས་བེད་སྤྱོད་བྱུང་བ་ཞིག་ཡིན་སྙམ།

བཅུ་པ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བསྒྲུབ་བྱའི་དམིགས་དོན་རྒྱས་བཤད།

    དུས་རབས་མང་པོའི་གོང་ནས་རྒྱལ་ཁབ་དང་མི་རིགས་གང་ཟག་སྒེར་བ་བཅས་ཕྱོགས་ཡོངས་ནས་ཤེས་ཡོན་སློབ་སྦྱོང་ཐོག་དོ་སྣང་ཤུགས་ཆེན་པོ་ཞིག་རང་བཞིན་གྱིས་བྱུང་དང་འབྱུང་བཞིན་པ་འདི་ཤིན་ཏུ་དགའ་སྤྲོ་འོས་པའི་གནས་ཡིན་པ་སྨོས་མེད་ཀྱང༌། སློབ་སྦྱོང་གི་འདུན་པ་འདྲེན་བྱེད་ཀྱི་བསམ་བློའི་དམིགས་ཚད་མ་འདྲ་བའི་དབང་གིས་སློབ་སྦྱོང་གི་རྗེས་འབྲས་ཞི་བདེ་བག་ཕེབས་ཀྱི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་པ་ལས་ལྡོག་སྟེ། འཇིག་རྟེན་སྤྱྀ་ཡོངས་ལ་བག་མི་ཕེབས་པའི་ཉེན་ཁ་ཞིག་རང་བཞིན་གྱིས་བྱུང་དང་འབྱུང་བཞིན་པ་ནི། འཇིག་རྟེན་སྤྱིའི་ཕུགས་རྒྱང་རིང་པོའི་བདེ་སྡུག་ལ་དགོངས་བཞེས་གཙོ་བོ་མཛད་པའི་ཤེས་ཡོན་སློབ་སྟོན་འཐུས་སྒོ་ཚང་བ་ཞིག་མེད་པའི་སྐྱོན་གནད་ལ་ཐུག སྟབས་བདེ་བོའི་ཐོག་ནས་བཤད་ན་མི་ནི་འཇིག་རྟེན་འདིའི་དུས་ཐུང་གི་འགྲུལ་བཞུད་པ་ཞིག་ཡིན་སྟབས། དུས་ཐུང་གི་འགྲུལ་བཞུད་དེ་རང་ཉིད་སྤྲོ་སྐྱིད་ལྡན་པ་དང་ཞབས་ཤུལ་དུ་གཟི་རླབས་འཕྲོ་བའི་མཚར་སྡུག་གི་མེ་ཏོག་ལྡན་པར་བྱེད་དམ། ཡང་ན། རང་ཉིད་ཀྱི་འགྲུལ་བཞུད་མུན་ནག་གི་ལོ་ཟླའི་ཕྲེང་ཐག་ཏུ་ཟད་པར་བྱེད་པར་མ་ཟད། ཕྱི་ཤུལ་དུ་མི་བཟད་པའི་དཀའ་ཁག་དང་རྙོག་འཛིང་གི་ས་བོན་འདེབས། འདི་ནི་མི་ཞིག་གི་མི་ཚེའི་གདམ་ག་དང་བླང་དོར་གྱི་འཇུག་སྒོ་ཉིད་དུ་ངེས་པས། བློ་རིག་གྲུང་པོ་དང་བསམ་གཞིག་ནན་པོས་མི་ཚེའི་གདམ་ག་མ་འཕྱུག་པར་བྱ་དགོས།
    མཐར་གཏུགས་ནས་བཤད་ན་རང་སྟོབས་ཀྱིས་སྤང་བླང་གི་གནད་མ་འཁྲུལ་བར་འབྱེད་པའི་ཤེས་རབ་ནི། མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་ཁྱད་ཆོས་དང་བདེ་སྐྱིད་ཀྱི་འབྱུང་རྩར་རིགས་པས་གྲུབ། ཐུབ་པ་སངས་རྒྱས་ཀྱིས། རང་ཉིད་རང་གི་མགོན་གསུངས་པ་ཡང་དོན་གྱི་གནད་འདི་ལ་དགོངས་པ་ལོས་ཡིན། གནས་ལུགས་འདི་ལ་གོ་བ་གཏིང་ཟབ་མོ་བརྙེས་ན་ཕྱིའི་དངོས་པོའི་གནས་ལུགས་ཀྱི་ཤེས་ཡོན་ཏེ༑ ཚན་རིག་དང༌། འཕྲུལ་རིག་བཟོ་ལས། རྩིས་རིག སྤྱི་ཚོགས་དང་དཔལ་འབྱོར་རིག་པ། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། དམག་དོན་རིག་པ་སོགས་རིག་པའི་རྣམ་གྲངས་མང་པོ་ཡོད་པ་དེ་དག་གི་ཤེས་ཡོན་གྱི་བཀོལ་སྤྱོད་མ་ནོར་བ་དང༌། འགྲོ་བ་སྤྱི་དང་བྱེ་བྲག་མིའི་ཕན་བདེའི་གཞི་རྩར་འགྱུར་བའི་ཐབས་སུ་ནང་དོན་རིག་པའི་(འདིར་བཤད་པའི་ནང་རིག་པ་ཞེས་པ་ཆོས་ལུགས་ཙམ་ལ་གོ་བ་མིན་པར་སེམས་ཀྱི་རྣམ་གཞག་མ་འཁྲུལ་བར་སྟོན་པའི་གཞུང་ལུགས་སྤྱི་ལ་གོ་དགོས།)ལྟ་བ་དང་ནང་སེམས་ཀྱི་གནས་ལུགས་རྟོགས་པའི་ཤེས་ཡོན་ལ་དོ་གལ་ཆེན་པོའི་ངོས་འཛིན་ཞིག་རང་བཞིན་གྱིས་འབྱུང་ངེས་པ་ཡིན།
    གཞན་དུ་ནང་དོན་རིག་པའི་ཤེས་ཡོན་གྱི་གཞི་རྩ་དང་བྲལ་ན། དེང་རབས་ཀྱི་ཚན་རིག་སོགས་ཕྱིའི་དངོས་པོའི་གནས་ལུགས་ཀྱི་ཤེས་ཡོན་རྣམས་འགྲོ་བ་མིས་མཚོན་པའི་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་ཀྱི་མཐུན་རྐྱེན་དུ་འགྱུར་བའི་ངེས་པ་མེད་པ་ནི་འདས་པའི་བྱུང་རབས་དང༌། ད་ལྟའི་གནས་བབ་ཀྱི་ཐོག་ནས་ཤིན་ཏུ་གསལ་བ་འདི་ཡིན། དཔེར་ན། ཚན་རིག་པ་དང་འཕྲུལ་ལས་པས་རང་གི་ཤེས་ཡོན་དང་ལག་རྩལ་གྱི་འབྲས་བུ་སྤྱི་ཚོགས་ནང་མངོན་འགྱུར་བྱེད་ཐབས་གཙོ་འདོན་བྱས་པ་མ་གཏོགས། མངོན་གྱུར་བྱས་པའི་ལག་རྩལ་གྱི་འབྲས་བུ་ལ་ཀུན་སྤྱོད་ཀྱི་འགན་ཁུར་མེད་པའམ་མ་འདང་བའི་དཀའ་ངལ་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། འདི་ནི་རང་ཉིད་རྐྱང་པ་མ་གཏོགས་གཞན་པའི་བདེ་སྡུག་ལ་འགན་ལེན་དང་ཚོར་བ་མེད་པའི་མངོན་རྟགས་གསལ་ཤོས་དེ་ཡིན། ཁ་གསལ་པོ་བྱས་ནས་བཤད་ན་རིག་གནས་དེའི་རྒྱབ་ལོགས་སུ་བརྩེ་བ་མེད་པའི་ཉེས་པ་འབའ་ཞིག་ཡིན། མི་ཞིག་གི་རྒྱུད་ལ་ཕན་སེམས་དང་བྱམས་བརྩེ་གཏན་ནས་མེད་པ་ནི་མི་དེར་རང་ཉིད་ཀྱི་བདེ་སྐྱིད་ཀྱང་ཕན་སེམས་དང་བྱམས་བརྩེ་ལ་བརྟེན་ནས་འབྱུང་བའི་ཤེས་རྟོགས་གཏན་ནས་མེད་པའམ་ཤིན་ཏུ་སྐྱོ་བས་ཡིན་པ་སྨོས་མ་དགོས། དེ་ཡང་མཐར་གཏུགས་ན་སེམས་དོན་རིག་པའི་སློབ་སྦྱོང་མེད་པ་ལ་ཐུག དེར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདི་འཕྲུལ་ཆས་ལྟ་བུར་བཟུང་བའི་འདུ་ཤེས་ལ་བརྟེན་ནས་རང་བྱུང་ཁམས་ཆེན་པོར་བཤུ་གཞོག་བྱེད་པ་རྒྱུན་སྲོལ་ཆགས་པའི་བཟོ་ལས་གསར་བརྗེ་བྱུང༌། གང་ལྟར་ཀུན་སྤྱོད་རིག་པ་ནི་ཚན་རིག་ལག་བསྟར་བྱེད་པ་ལ་འབྲེལ་བ་ཡོད་པ་ཙམ་ལས་ཚན་རིག་གི་ཤེས་བྱ་གསར་པའི་འཚོལ་ཞིབ་དངོས་ལ་འབྲེལ་བ་མེད་པའི་སྤྱིར་བཏང་གི་བདེན་འཛིན་ཞིག་ཁྱབ་ཡོད། བསམ་ཚུལ་འདི་གཞི་ལ་བཞག་ན་སྤྱིར་བཏང་ཚན་རིག་པ་སྒེར་དང་ཚན་རིག་པའི་ཚོགས་སྡེ་གཉིས་ཀྱིས་གསར་རྙེད་ཤེས་བྱའི་མཇུག་འབྲས་ལ་འགན་ཁུར་གྱི་མེད་༥༠ཅེས་སོགས་གསུངས། རང་ཉིད་ཀྱི་ཀུན་སྤྱོད་ལ་འགན་ཁུར་མེད་པ་འདིའི་དབང་གིས་ཚན་རིག་པ་དང་འཕྲུལ་ལས་པའི་བྱེད་པ་ལ་བརྟེན་ནས་འཇིག་རྟེན་འདིར་ཆག་སྒོ་སྣ་ཚོགས་བྱུང་ཞིང་འབྱུང་བཞིན་པ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཚན་རིག་དང་འཕྲུལ་ལས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བའི་ཡ་ང་བའི་དོན་རྐྱེན་དང་ཆག་སྒོ་གང་མང་བྱུང༌། ངའི་མི་ཚེའི་ནང་དུའང་རྡུལ་ཕྲན་མཚོན་ཆ་དང་རྫས་འགྱུར་གྱི་ཆག་སྒོ་ནི། ཧེ་རོད་ཤི་མ་དང༌། ཆར་ནོ་བྷད་ལི། ལེ་བར་གསུམ་གྱི་གླིང་ཕྲན། བྷོད་ཕ་ལི་བཅས་ན་བྱུང་བ་དང༌། རླུང་གི་དཀྱིལ་འཁོར་གྱི་འོ་རྫོང་བང་རིམ་བརྟོལ་བ་ལྟ་བུ་སྐྱེ་ཁམས་གནས་སྟངས་དང་འབྲེལ་བའི་ཁོར་ཡུག་གི་ཉམས་ཆག་ཀྱང་མང་པོ་བྱུང་ཞེས་གསུངས་པ་ལྟར་ལགས།
    དེར་བརྟེན་འཇིག་རྟེན་འདི་ཞི་བདེ་དང་འཚེ་མེད་ཀྱི་ལྟ་སྤྱོད་བཟང་པོ་ལ་དགའ་བ་ཙམ་མིན་པར། ལྟ་སྤྱོད་བཟང་པོ་དེ་དག་རང་ངོས་ནས་ཉམས་ལེན་ཐུབ་པའི་རྣམ་དཔྱོད་ཀྱི་ཤེས་རབ་དང༌། ལྷག་པའི་བསམ་པ་བཟང་པོའི་སྲོག་སྙིང་རྒྱ་ཁྱབ་ཏུ་འཕེལ་བའི་སློབ་གསོའི་བྱ་བ་བརྩམ་དགོས་ཤིང༌། བསམ་བློའི་ཡར་རྒྱས་གཞི་རྩ་འདི་དང་མ་བྲལ་བའི་ཐོག ཤ་ཁྲག་གི་ཕུང་པོ་འཚོ་བའི་རྟེན་དངོས་པོ་ཡར་ལྡན་དུ་སྤེལ་བའི་ལས་དོན་རྩོམ་པ་རིགས་ཤིང་ཤིན་ཏུ་འོས་པ་ཡིན། མདོར་ན། བསམ་བློ་དང་དངོས་པོ་དོ་མཉམ་པའི་ཡར་རྒྱས་སུ་སྐུལ་འདེད་བྱེད་པ་ནི་འཇིག་རྟེན་སྤྱིའི་ཕན་བདེའི་རྩ་བ་བླ་ན་མེད་པར་ངེས། གནད་དོན་འདི་དག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གདམས་པའི་ཞལ་བཅུད་དེ། འཛམ་གླིང་དང་འཇིག་རྟེན་ཧྲིལ་པོ་ལ་ཞལ་ཕྱོགས་པའི་སློབ་གསོའི་རྩ་དོན་ཡིན་པར་མ་ཟད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་བའི་སྒྲོམ་གཞི་དང༌། ལག་ལེན་གྱི་བྱེད་ཐབས། དམིགས་ཚད་ཀྱི་སྐྱ་ཐིག་འབྲི་བའི་གཞི་རྩ་ཡང་འདི་ལས་མ་འདས་པ་ཡིན།
    དེང་རབས་ཀྱི་སྤྱི་ཚོགས་ནང་སློབ་གྲྭ་ཁག་ཏུ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་ནི། སྒོ་ལྔའི་དབང་པོའི་ཤེས་པ་དང་འབྲེལ་བའི་འགུལ་སྐྱོད་ཀྱི་རིམ་པ་ཙམ་མ་གཏོགས། མིའི་བདེ་སྐྱིད་དང་རིན་ཐང་གི་གཞི་རྩ་ངོ་མར་གྱུར་པའི་ཤེས་རབ་དང་ལྷག་བསམ་སོགས་སེམས་རྒྱུད་ཀྱི་ཡོན་ཏན་འཕེལ་རྒྱས་དང་འབྲེལ་བའི་ཤེས་ཡོན་ལམ་སྲོལ་ཕལ་ཆེར་མེད། དོན་གྱི་གནད་འདི་ལ་དགོངས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༨༠ ལོར་ད་ལྟ་ནས་ང་ཚོས་འཛམ་གླིང་སྤྱི་ཡོངས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ལ་ལེགས་བཅོས་བྱེད་འགོ་མ་བཙུགས་ན་རེ་བ་སྟོང་པ་རེད་༥༡ཅེས་སོགས་གསུངས། དེང་སང་མི་སྤྱིའི་དངོས་མྱོང་གི་ཚོར་བའི་ཐོག་ནས་རྒྱལ་ཁབ་དང་མི་རིགས་སྤྱི་ཡོངས་ཀྱི་སློབ་གསོའི་ལམ་སྲོལ་འདི་ལ་འདོད་རྔམ་ཅན་དང༌། འགྲན་རྩོད་ཅན། གཏོར་བཅོམ་ཅན་གྱི་མི་རབས་ཤིག་ཆར་དུས་ཀྱི་ཤ་མོ་ལྟར་འཇིག་རྟེན་འདིར་བསྐྲུན་པར་བྱེད་པ་ལས། བྱམས་བརྩེ་དང་ཕན་སེམས་ཀྱི་ཐོག་ནས་བཟང་པོ་རྒྱུན་འཛིན་དང༌། གསར་གཏོད། ཁོར་ཡུག་གཅེས་གཉར་བདག་སྐྱོང་བྱེད་པའི་མི་རྣམ་དཔྱོད་དང་བྱམས་བརྩེའི་སྟོབས་ཤུགས་ལྡན་པ་ཞིག་སྲིད་མཐའ་ཙམ་ལས་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པའི་སྐྱོ་གནད་ངོས་འཛིན་གསལ་པོ་ཐོབ་ཀྱི་ཡོད།
    བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་བསྒྲུབ་བྱའི་དམིགས་དོན་ནི། ཆོས་སྤྱོད་ཞི་བའི་ས་བོན་དུ་རེ་བཞག་བྱེད་སའི་ད་ལྟ་དང་མ་འོངས་པའི་བོད་ཕྲུག་གཞོན་སྐྱེས་རྣམས་རང་དབང་དང༌། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་འཕགས་ཆོས་བཞི་དང་ལྡན་པའི་བོད་ཀྱི་ཡུལ་མི་ཚད་ལྡན་ཞིག་བསྐྲུན་ཐུབ་པར་བྱ་བ་སྟེ། མི་རིགས་ཤིག་གི་མ་འོངས་པའི་ཡར་རྒྱས་ཀྱི་མདུན་ལམ་དང་འབྲེལ་བའི་ཐག་གཅོད་གལ་ཅན་ཞིག་མཛད་ཡོད་ཀྱང༌། རང་རེའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་དང་མི་རིགས་ཀྱི་རྩ་དོན་བར་ལ་འབྲེལ་བ་ཅི་ཙམ་གཏིང་ཟབ་པོ་ཡོད་མེད་དང༌། མ་འོངས་པའི་མི་རབས་དང༌། ཐ་ན་རང་གི་ཉིན་རེའི་འཚོ་བའི་ནང་ཤེས་ཡོན་སྲིད་བྱུས་ཀྱིས་ཤུགས་རྐྱེན་ཅི་ཙམ་འབྱུང་ངེས་པའི་ཐད་བསམ་གཞིག་དང་དོ་སྣང་ཙམ་ཡང་བྱེད་མཁན་དཀོན་པོར་སྣང༌།
    ༡༽ རང་དབང༌། རང་དབང་ལ་གུ་ཡངས་དོག་དང་ཚད་དང་ལྡན་མིན་གྱི་ངོས་འཛིན་སྣ་ཚོགས་ཤིག་ཡོད་ཀྱང༌། བོད་རང་གི་སྲོལ་རྒྱུན་གྱི་ངོས་འཛིན་དང་འབྲེལ་བའི་ཐོག་ནས་བལྟས་ན། རང་དབང་ཞེས་པ་ནི་རང་ཉིད་རང་ལ་དབང་བ་སྟེ་རང་གི་སྒོ་གསུམ་གཞན་གྱི་བཅིངས་པ་ལས་གྲོལ་བར་གོ་བ་ཡིན་ལ། རང་ཉིད་འཆིང་བྱེད་ཀྱི་དྲ་བ་ནི་ཕྱིའི་ཚུལ་མིན་གྱི་ཁྲིམས་ལུགས་དང༌། དབང་ཤུགས། གཡོ་ཐབས། བཙན་ཤེད་ཙམ་དུ་མ་ཟད། ནང་སེམས་རྒྱུད་ཀྱི་མི་ཤེས་པ་དང༌། ཁོང་ཁྲོ། འདོད་ཆགས། ཞེ་སྡང་སོགས་ཀྱི་འཆིང་བ་བཅས་ལས་གྲོལ་བ་ལ་རང་དབང་དུ་ངོས་འཛིན་བྱེད། གོ་དོན་འདིའི་ཐོག་ནས་བལྟས་ན་རང་དབང་ནི། ཕྱི་རོལ་ཡུལ་ངོས་ནས་ཚུར་བསྐྲུན་པའི་གོ་སྐབས་དང་ཐོབ་ཐང་རྐྱང་པ་ཞིག་མིན་པར། གང་ཟག་རང་གི་ནང་སེམས་རྒྱུད་ཀྱི་སྨིན་ཚད་དང་འབྲེལ་བའི་ཚད་མཐོ་བའི་བསམ་བློའི་ལོངས་སྤྱོད་ཅིག་ཀྱང་ཡིན། ང་ཚོའི་འབད་བརྩོན་གྱི་དམིགས་པ་དང་ཁ་ཕྱོགས་ཚད་གཞི་འདི་འདྲ་ཞིག་ལ་གཏད་ཐུབ་ན་རང་དབང་ལ་གོ་བ་གཏིང་ཟབ་ས་ནས་རྙེད་པ་དང༌། རང་དབང་གི་ཆེད་དུ་རང་ཉིད་ལ་ལས་འགན་ཅི་ཙམ་འཁྲི་བའི་གནས་ལུགས་རྟོགས་ཐུབ་པར་མ་ཟད། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱིས་མི་ཆོས་ཁྲིམས་ལུགས་ཐོག་ནས་གཏན་འབེབས་བྱས་པའི་རང་དབང་ཉི་ཚེ་བ་རྣམས་ཀྱང་མིའི་རྣམ་དཔྱོད་དང་སྟོབས་ཤུགས་འཕེལ་བའི་ཆོས་སུ་རིག་ནས་བཅོས་མིན་གུས་ཞབས་དང་བརྩི་མཐོང་གི་བསམ་བློ་ཞིག་འབྱུང་ངེས་ཡིན། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། སློབ་ཕྲུག་རྣམས་རང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཡོངས་སུ་སད་དེ་བླང་དོར་གྱི་གནས་ལ་རང་སྟོབས་ཀྱིས་ལེགས་ཉེས་འབྱེད་ནུས་པ་དང༌། དེ་ལ་བརྟེན་ནས་ཐག་གཅོད་ནུས་པའི་བསམ་སྤྱོད་ཀྱི་རང་དབང་དང༌། འཚོ་བ་དགོས་མཁོ་དང་འཚམས་པའི་ཐོག་གཞན་ཁོ་ནར་བརྟེན་པའམ་གཞན་ལ་བཤུ་གཞོག་བྱེད་མ་དགོས་པར། རང་གི་འབད་བརྩོན་གྱིས་བསྒྲུབས་པའི་ཐོན་སྐྱེད་ཀྱི་སྒོ་ནས་ཡང་དག་པར་འཚོ་ནུས་པའི་འཚོ་བའི་རང་དབང༌། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་སྲུང་སྐྱོབ་ཀྱི་རང་དབང་ཞེས་བཀོད་པའི་དོན་ཚན་རྣམས་ཀྱི་རིན་ཐང་ངོ་མ་ཚོར་ཐུབ།
    དེང་སྐབས་རང་རེའི་སློབ་ཕྲུག་རྣམས་ཀྱི་དངོས་ཡོད་གནས་སྟངས་ནི། རང་གི་མི་ཚེའི་ལས་དོན་མ་ཟད་ཐ་ན་ཉིན་རེའི་འཚོ་བའི་འཇུག་ལྡོག་ཙམ་ཡང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་རང་སྟོབས་ཀྱིས་ལེགས་ཉེས་ཐག་གཅོད་བྱེད་མི་ནུས་པར། གྲགས་པ་དང༌། ཟེར་རྗེས། ལད་ཟློས་འབའ་ཞིག་གི་རྗེས་སུ་འབྲངས་ནས་རང་གི་མི་ཚེ་ཡོངས་རྫོགས་ལད་མོ་ཞིག་ཏུ་གྱུར་ནས་ཡོད། དཔེར་ན། ཤེས་ཡོན་སློབ་སྦྱོང་ནི་རང་གི་མི་ཚེའི་ཧྲིལ་པོའི་འགྱུར་བ་དང་འབྲེལ་བའི་དོན་གནད་གལ་ཆེན་ཞིག་ཡིན་ཡང༌། ད་ལྟའི་སློབ་ཕྲུག་མང་ཆེ་བར་ཤེས་ཡོན་སློབ་སྦྱོང་བྱ་བར་རང་ངོས་ནས་ཐག་བཅད་པའི་རྩ་དོན་ཞིག་མེད་ལ། ཐ་ན་སློབ་ཚན་གང་འདྲ་ཞིག་བདམ་དགོས་མིན་ཡང་རང་གིས་ཐག་གཅོད་བྱེད་ཐུབ་ཀྱི་མེད། གནའ་མིའི་ཁ་རྒྱུན་དུ། གཏོར་མ་ཁྱིས་ཟོས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་བསད་ན་འཛུམ་དམུལ་དམུལ། ཞེས་པ་ལྟར་རང་ཉིད་ཀྱིས་བསམ་བློ་བཏང་ནས་ཐག་བཅད་པའི་ཁ་ཕྱོགས་གང་ཡང་མེད་པར་གཞན་གྱིས་ཡིན་ལུགས་མིན་ལུགས་དང་བསམ་སྤྱོད་གང་བྱས་པ་དེའི་རྗེས་སུ་འབྲངས། མ་མཐའ་ཡང་སློབ་ཚན་གང་ཞིག་བདམ་དགོས་མིན་རང་ཉིད་ཀྱི་གནས་སྟངས་དང༌། དགའ་ཕྱོགས། ཁོར་ཡུག་བཅས་ལ་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས་ངེས་ཀྱང༌། མོ་ལུང་ཞུས་པའི་ཐོག་ནས་སློབ་ཚན་གྱི་གདམ་ག་ཐག་གཅོད་བྱེད་མཁན་ཡང་མི་ཉུང་བ་མཆིས། ངས་འདིར་རང་གི་ལས་དོན་རང་ཉིད་ཀྱིས་འགན་བླངས་ནས་ཐག་གཅོད་བྱ་ཐབས་བྱེད་ཀྱི་མི་འདུག་ཅེས་བཤད་ཀྱི་ཡོད། རང་གི་ལས་དོན་ཆུང་ཚགས་རིགས་རང་ངོས་ནས་ཐག་གཅོད་བྱེད་པའི་རྣམ་དཔྱོད་དང་གོམས་གཤིས་མེད་མཁན་ཞིག་སྤྱི་བའི་ལས་རིགས་ཆེ་ས་ལ་ཞུགས་པའི་སྐབས་མིའི་བློ་གྲོས་བསྡུར་ནས་ཐག་གཅོད་བྱེད་པའི་བསམ་བློའི་ནུས་པ་དང་གོམས་གཤིས་གཉིས་ཀ་ཡོང་མི་ཐུབ། གནའ་མིའི་གསུང་རྒྱུན་དུ་གྲོས་གཞན་ལ་དྲིས། །ཐག་རང་གིས་ཆོད་ཅེས་པ་ནི་དོན་གནད་ལ་བབ་པའི་བསླབ་བྱ་རིན་ཐང་ཅན་ཞིག་རེད།
    རང་དབང་མེད་ན་བསམ་གཞིག་དང་བགྲོ་གླེང་ཡོང་མི་སྲིད་ལ། བསམ་གཞིག་དང་བགྲོ་གླེང་མེད་ན་ཡར་རྒྱས་དང་གསར་གཏོད་ཡོང་ཐབས་མེད་པའི་གནས་ལུགས་ལ་བསམས་ན། རང་རེའི་སློབ་གྲྭ་ཁག་གི་ནང་དུ་སྦྱང་བྱའི་སློབ་ཚན་གྱི་ནང་དོན་གྱིས་མཚོན་པའི་གནད་དོན་ཆེ་ཕྲ་མཐའ་དག་གི་ཐོག་རང་དབང་དང་རང་སྟོབས་ཀྱིས་བསམ་གཞིག་དང་རྟོག་དཔྱོད་བྱེད་པའི་བསམ་སྤྱོད་ཀྱི་ནུས་པ་དང་གོམས་གཤིས་འཇགས་ཐུབ་མེད་པ་ནི། རང་ཚུགས་ཐུབ་པ་དང་གདེང་ཚོད་ལྡན་པའི་མི་རབས་ཤིག་བསྐྲུན་མི་ཐུབ་པའི་སྐྱོན་གནད་ཆེ་ཤོས་ཤིག་ཡིན། འོ་ན་སློབ་ཕྲུག་ཚོར་རང་སྟོབས་ཀྱིས་ཐག་གཅོད་ཐུབ་པའི་བསམ་སྤྱོད་ཀྱི་རང་དབང་ཇི་ལྟར་བསྐྲུན་དགོས་ཤེ་ན། ཉེས་རྡུང་བཏང་མ་བཏང་གི་གནད་དོན་རྐྱང་པ་མིན་པར་རྒྱུན་ལྡན་གྱི་སློབ་ཚན་ནང་རང་དབང་གི་ངོ་བོ་དང༌། རང་དབང་གི་རྩ་དོན། རང་དབང་གི་ས་མཚམས། མིའི་མི་ཚེའི་ནང་རང་དབང་ཅི་ཙམ་གལ་ཆེན་པོ་ཡིན་པའི་སྐོར་བཅས་ཡོད་དགོས་པར་མ་ཟད། སློབ་ཕྲུག་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཕ་མ་དང་དགེ་རྒན་གཉིས་ཐད་ནས་བུ་ཕྲུག་ལ་བསམ་གཞིག་དང༌། ཐག་གཅོད་ཀྱི་ལས་འགན་སྤྲོད་པ་དང༌། དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་ཚིག་ནག་འབྲུ་འདེད་བྱས་པ་ཙམ་མ་ཡིན་པར། སློབ་ཚན་གྱི་དགག་ཕྱོགས་དང་སྒྲུབ་ཕྱོགས་ནས་དྲི་བ་སྣ་ཚོགས་དྲིས་ཏེ་སློབ་མ་རང་ངོས་ནས་རྣམ་དཔྱོད་ཀྱི་རྩལ་འདོན་འཇུག་པ། བུ་ཕྲུག་ཆུང་དུས་ནས་བསམ་མེད་དུ་ངོས་འཛིན་གྱིས་མཐོང་ཆུང་དང་བསམ་སྤྱོད་བཀག་སྡོམ་མི་བྱེད་པར། མིའི་རིན་ཐང་དང་ཆ་འཇོག་ངོ་མ་སྤྲད་ནས་སྐད་ཆ་ཡོངས་རྫོགས་གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་བཤད་པའི་གོམས་གཤིས་འཇགས་ཐུབ་ན་རང་བཞིན་གྱིས་སྐྱེས་བུ་རང་ཚུགས་པ་ཞིག་དང༌། རང་སྟོབས་ཀྱིས་ཐག་གཅོད་ཐུབ་པའི་བསམ་སྤྱོད་རང་དབང་བ་ཞིག་ཏུ་བསྐྱེད་བསྲིང་ཐུབ་ངེས་སྙམ།
    ད་ལྟའི་ང་ཚོའི་སྤྱི་ཚོགས་ཧྲིལ་པོ་དང་སློབ་གྲྭ་ཁག་གི་ནང་འཚོ་བའི་མཐུན་རྐྱེན་དགོས་མཁོའི་ཚད་གཞི་ལས་བརྒལ་ནས་བག་མེད་ལོངས་སྤྱོད་དང༌། དེ་ཡང་གཞན་བརྟེན་དང་བཤུ་གཞོག་འབའ་ཞིག་བྱེད་པ་མ་གཏོགས། རང་ཉིད་ཀྱི་ངལ་རྩོལ་དང་འཇོན་ཐང་ལ་བརྟེན་ནས་འབད་བརྩོན་གྱིས་བསྒྲུབས་པའི་ངལ་རྩོལ་ཐོན་སྐྱེད་ཀྱི་སྒོ་ནས་རང་གི་འཚོ་བའི་དགོས་མཁོ་སྒྲུབ་པའི་རང་ཚུགས་ཀྱི་གོམས་གཤིས་གཏན་ནས་འཇགས་ཐུབ་མེད་ལ། ཕ་མ་དང་དགེ་རྒན་མང་ཆེ་བ་མགོ་སེར་པོའི་སྦྱིན་བདག་ལ་བརྟེན་ནས་རང་ཉིད་བུ་ཕྲུག་དང་བཅས་པ་འཚོ་དགོས་པའི་གཞན་བརྟེན་གྱི་བསམ་སྤྱོད་ཀྱི་ཤུགས་རྐྱེན་ངན་པ་བུ་ཕྲུག་གི་བསམ་བློའི་གཏིང་རིམ་ལ་སླེབས་ནས་ཡོད། ཕ་མ་མང་པོ་ཞིག་གིས་བུ་ཕྲུག་གི་སློབ་སྦྱོང་གི་མཐུན་རྐྱེན་ཆེད་དུ་རང་གིས་ངལ་རྩོལ་སྣོན་མ་བྱེད་མ་དགོས་པར་མགོ་སེར་པོ་ཞིག་གི་སྦྱིན་བདག་ལ་བརྟེན་ཐུབ་པ་རང་ཉིད་ཀྱི་འཇོན་ཐང་དུ་བསམས་ནས་ཡོད་ངེས་ཀྱང༌། བྱེད་ཕྱོགས་འདིའི་ཐོག་ནས་བུ་ཕྲུག་ལ་གཞན་བརྟེན་གྱི་ཤུགས་རྐྱེན་ངན་པ་ཐེབས་བཞིན་པར་མ་ཟད། བུ་ཕྲུག་གི་བསམ་བློའི་ནང་ཕ་མའི་ལྗིད་ཁོག་དང་དྲིན་ཅན་དུ་ཚོར་བའི་ངོས་འཛིན་ཉམས་དམས་སུ་གཏོང་བཞིན་ཡོད། བོད་ནང་དང་བཙན་བྱོལ་ནང་གི་ཕ་མ་བུ་ཕྲུག་བར་གྱི་མཛའ་བརྩེ་ལ་ཅིའི་ཕྱིར་ཁྱད་པར་བྱུང་བ་རེད། རྐྱེན་གཙོ་བོ་གཅིག་ནི་བོད་ནང་དུ་བུ་ཕྲུག་གི་དགོས་མཁོའི་མཐུན་རྐྱེན་ཡོངས་རྫོགས་ཕ་མ་རང་གི་ངལ་རྩོལ་འབའ་ཞིག་ལ་བརྟེན་ནས་བསྒྲུབ་པ་མ་གཏོགས་འདི་ལྟར་སྦྱིན་བདག་ལ་བརྟེན་པའི་གོམས་གཤིས་མི་སྲིད་པ་ལྟ་བུ་ཡིན། ཕ་མས་བུ་ཕྲུག་གི་ཆེད་དུ་དཀའ་སྡུག་ཅི་ཙམ་མྱོང་བ་དེའི་ཚོད་ཀྱིས་བུ་ཕྲུག་གི་བསམ་བློའི་ནང་ཕ་མའི་ལྗིད་ཁོག་དང་དྲིན་ཅན་དུ་ཚོར་བའི་ངོས་འཛིན་གཏིང་ཟབ་ཏུ་འགྲོ་ལ། དེའི་ཚོད་ཀྱིས་ཕ་མ་བུ་ཕྲུག་གིས་གཞི་མ་བྱས་ནས་གྲུབ་པའི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འབྲེལ་བ་མཛའ་བརྩེའི་གཞི་མ་ཅན་དུ་འགྱུར་བར་ཕན་ཐོགས་ངེས་ཅན་འབྱུང༌།
    འཚོ་བ་ལ་རང་དབང་མེད་པའི་གང་ཟག་སྒེར་བ་དང་རྒྱལ་ཁབ་མི་རིགས་སུ་འདྲ་ཞིག་ཡིན་ཡང༌། དེ་ལ་བསམ་བློའི་རང་དབང་དང༌། ཆབ་སྲིད་ཀྱི་རང་དབང༌། འཛིན་སྐྱོང་གི་རང་དབང༌། མཐའ་མ་རིག་གཞུང་གི་རང་དབང་ཡང་རྒྱུན་འཛིན་མི་ཐུབ་པར་སྦྱིན་བདག་གི་ངོ་སོའི་ཆེད་རང་གི་སེམས་རྒྱུད་ནས་འདོར་དགོས་པའི་དུས་སྐབས་འབྱུང་ཉེན་ཤིན་ཏུ་ཆེ། དེར་བརྟེན་ང་ཚོར་རང་སྟོབས་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་ཐུབ་པའི་མི་རབས་ནུས་ལྡན་ཞིག་དགོས་ན། ཐོག་མའི་འཚོ་བ་ནས་བཟུང་རང་དབང་གི་བསམ་བློ་དང་གོམས་གཤིས་འཇགས་ཐབས་བྱ་དགོས་པ་ཤིན་ཏུ་གལ་གནད་དུ་གྱུར་ཡོད། འདི་ཡང་རྒྱུན་ལྡན་གྱི་བསླབ་བྱའི་ནང་འཚོ་བ་རང་དབང་དང་རང་རྐང་གི་ཐོག་ནས་ལངས་ཐུབ་དགོས་པའི་རྒྱུ་མཚན་དང༌། བྱེད་ཐབས། ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཅས་གནད་འགག་འཛོམས་པ་ཞིག་ཡོད་དགོས་པར་མ་ཟད། ཕ་མས་ཁྱིམ་ཚང་གི་རྒྱུན་ལྡན་གྱི་འཚོ་བའི་དགོས་མཁོ་རྣམས་གཞན་བརྟེན་དང་བཤུ་གཞོག་གི་གཡོ་ཐབས་ལ་བརྟེན་པ་མིན་པར། རང་གི་ནུས་པ་དང་འབད་བརྩོན་ལ་བརྟེན་ནས་སྒྲུབ་དགོས་པ་དང༌། སྒྲུབ་ཐུབ་པ། སྒྲུབ་པའི་དགེ་མཚན་བཅས་ཉིན་རེའི་ལག་ལེན་གྱི་ཐོག་ནས་བུ་ཕྲུག་ལ་དམར་ཁྲིད་བྱ་དགོས། བུ་ཕྲུག་གི་བསམ་བློའི་ནང་འདི་གཞན་ལ་སློང་བས་ཆོག་སྙམ་པའམ། འདི་གཞན་ལ་བྱེད་བཅུག་པས་ཆོག་སྙམ་པའི་གནད་དོན་ཆུང་ཚགས་ཀྱི་རིགས་ཀྱང་གཞན་ལ་སློང་བ་དང་སྐུལ་མ་བྱེད་མི་འཇུག་པར། ཕ་མས་རྒྱུ་མཚན་དང་བཅས་རང་ཉིད་ཀྱིས་སྒྲུབ་པའམ་ཡང་ན་བུ་ཕྲུག་ལ་སྒྲུབ་ཏུ་བཅུག་ན་བུ་ཕྲུག་གི་བསམ་བློའི་ནང་རྒྱུན་ལྡན་དང་མ་འདྲ་བའི་བག་ཆགས་འཇོག་ཐུབ་ངེས་ཡིན། མདོར་ན། དགེ་རྒན་དང་ཕ་མ་གཉིས་ཀས་བུ་ཕྲུག་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་ལས་དོན་རང་ཉིད་ཀྱི་ངོས་ནས་བསྒྲུབ་དགོས་པའི་རིན་ཐང་དང་གལ་གནད་ལག་ལེན་གྱི་ཐོག་ནས་ངོ་འཕྲོད་པ་བྱ་དགོས།
    དེང་སྐབས་བོད་མི་རིགས་ཀྱི་ཁ་སྟབས་འདི་འདྲ་ལ་གཏུགས་པ་ནི་འདས་པའི་བྱུང་རབས་ནང་གི་དཔོན་འབངས་མང་པོ་ཞིག་ལ་རང་དབང་སྲུང་སྐྱོབ་བྱེད་པའི་གོ་རྟོགས་མ་ཡོད་པས་རེད་ལ། རང་དབང་རང་སྐྱོབ་བྱེད་པའི་གོ་རྟོགས་མེད་མཁན་གྱི་མི་རིགས་ཤིག་ལ་རང་དབང་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་མེད་པ་བཤད་མ་དགོས་པར་ས་རིས་ཐང་གསལ་གྱི་ངང་ཚུལ་དུ་གྱུར་ཡོད། དུས་ད་ལྟར་ཡང་ང་ཚོའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ལ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་ཀྱི་རང་དབང་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་ནུས་པའི་གདེང་ཚོད་དང་ཡིད་ཆེས་གཉིས་ཀ་ཡོང་གི་མེད་ལ། འདི་ང་ཚོའི་འཐབ་རྩོད་ལ་དགོས་ངེས་ཀྱི་གྲུབ་འབྲས་མི་ཐོན་པའི་རྐྱེན་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེར་བརྟེན་ང་ཚོས་རེ་བཞག་བྱེད་སའི་མི་རབས་ཕྱི་མ་ད་ལྟ་གཞི་རིམ་སློབ་གྲྭ་འགྲིམས་བཞིན་པ་རྣམས་ཀྱི་བསམ་བློའི་ནང་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་རང་གི་སྤྱི་ཚོགས་གཉིས་ཀའི་རང་དབང་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་ཐུབ་པའི་གནས་ལུགས་གཞི་རྩ་བྱས་པའི་ཐོག་ནས་གདེང་ཚོད་དང་ཡིད་ཆེས་བསྐྲུན་ཐུབ་མིན། མ་འོངས་པར་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་ཐོན་ཐུབ་མིན་དང༌། གྲུབ་འབྲས་གཅེས་ཉར་སྲུང་སྐྱོབས་བྱེད་ཐུབ་མིན་གྱི་གནད་འགག་ལ་ཐུག་ཡོད། སློབ་ཕྲུག་རྣམས་རང་དབང་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་ཏུ་ཇི་ལྟར་བསྐྱེད་བསྲིང་བྱ་དགོས་ཤེ་ན། རྒྱུན་ལྡན་གྱི་བསླབ་བྱའི་ནང་རང་དབང་གི་གོ་དོན་དང༌། རིན་ཐང༌། རང་དབང་བེད་སྤྱོད་གཏོང་སྟངས་བཅས་ཀྱི་གལ་གནད་ཡོད་དགོས་པར་མ་ཟད། ཕ་མ་དང་དགེ་རྒན་རང་ངོས་ནས་བུ་ཕྲུག་བསྐྱེད་བསྲིང་བྱེད་པའི་བརྒྱུད་རིམ་ནང་བུ་ཕྲུག་གི་བསམ་བློར་རང་དབང་གི་རིན་ཐང་དང་གལ་གནད་ཚོར་ཐུབ་པའི་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱ་དགོས།
    ༢༽ གཞན་ཕན། བསམ་བློའི་གཞི་རྟེན་སའི་རིག་གཞུང་དང༌། ལྟ་གྲུབ། ཆོས་ལུགས་ཀྱི་ཁྱད་པར་མ་འདྲ་བ་གང་འདྲ་ཞིག་ཡིན་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་གཞན་ཕན་གྱི་བསམ་སྤྱོད་ལ་རང་ངོས་ནས་ཉམས་ལེན་བྱེད་ཐུབ་མིན་དང༌། ཚད་གཞི་མཐོ་དམའི་ཁྱད་པར་ཙམ་མ་གཏོགས། འགྲོ་བ་སྤྱིའི་བདེ་སྐྱིད་ཀྱི་གཞི་རྩ་ལ་ངོས་འཛིན་བྱེད་པར་མ་མཐུན་པའི་ཁྱད་པར་མེད་ལ། གཞན་ཕན་ནི་སྤྱི་ཚོགས་འཆམ་མཐུན་མཉམ་གནས་དང་ཞི་བདེ་བག་ཕེབས་ཀྱིས་གནས་ཐུབ་པར་སྲོག་དབང་ལྟ་བུའི་ནུས་ཤུགས་ཐོན་མཁན་ཞིག་ཏུ་མ་ཟད། ཚད་ལས་བརྒལ་བའི་གྲལ་རིམ་དང༌། དབུལ་ཕྱུག མཁས་བླུན། དྲག་ཞན་བཅས་ཀྱི་ཁྱད་པར་མེད་པར་སྤྱི་ཚོགས་ཧྲིལ་པོ་ཁོད་སྙོམ་པོས་ཡར་རྒྱས་ལ་སྐུལ་འདེད་བྱེད་པར་ནུས་པ་ཆེ་བའི་སྒུལ་ཤུགས་སྟོབས་ལྡན་ཞིག་ཀྱང་ཡིན། གལ་གནད་འདི་དག་ལ་གཟས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་དོན་དུ་རང་ཉིད་བློས་བཏང་ནས་སྲི་ཞུ་སྒྲུབ་ནུས་པའི་གཞན་ཕན་ཞེས་གཞན་ཕན་ནི་ཤེས་ཡོན་སློབ་སྦྱོང་སྤྲད་པའི་དགོས་དོན་གཉིས་པར་བཀོད་པར་ངེས།
    སྲིད་བྱུས་སུ་བཀོད་པའི་དོན་ཚན་འདི་ཡིག་ཐོག་ཙམ་དུ་མ་ལྷག་པར་སློབ་མའི་སེམས་རྒྱུད་ལ་འགོ་ཐབས་ཇི་ལྟར་བྱ་དགོས་ཤེ་ན། གོང་དུ་བཤད་པ་ལྟར་བསླབ་བྱའི་ནང་གཞན་ཕན་གྱི་ངོ་བོ་དང༌། གལ་གནད། གཞན་ཕན་ཡོད་མེད་ཀྱི་མི་དང་སྤྱི་ཚོགས་ཀྱི་འཚོ་བའི་དངོས་ཡོད་ཀྱི་ཁྱད་པར། གཞན་ཕན་དང་འབྲེལ་བའི་དངོས་ཡོད་བྱུང་རབས་བཅས་ཁ་གསལ་ཞིང་དོན་གནད་དུ་བབ་པ་ངེས་པར་ཡོད་དགོས་པའི་ཐོག ཕ་མ་དང་དགེ་རྒན་རྣམ་པས་རང་གཞན་གྱི་ལས་དོན་ཆེ་ཕྲ་གང་གི་སྐབས་སུ་ཡང་གཞན་ཕན་གྱི་ཀུན་སློང་དང་རྣམ་འགྱུར་ལྡན་པའི་ཐོག་ནས་བྱེད་དགོས་པ་དང༌། ལྷག་པར་དུ་བུ་ཕྲུག་གི་མིག་སྔར་གཞན་པའི་ལས་དོན་གྱི་ཆེད་དུ་ཕ་མ་དང་དགེ་རྒན་གྱིས་འགན་ལེན་པ་དང་སེམས་ཁུར་ཡོད་པའི་རྣམ་འགྱུར་བཅོས་མ་མ་ཡིན་པ་རང་གི་བསམ་སྤྱོད་ཀྱི་ཐོག་ནས་ཐོན་ཐུབ་ན། བུ་ཕྲུག་གི་ཁ་ནས་ཚིག་ཐོན་མིན་གང་ལྟར་ཡང་བསམ་བློའི་ནང་ཤུགས་རྐྱེན་དང་བག་ཆགས་ཆེ་ཤོས་ཐེབས་ངེས་ཡིན།
    མི་མང་པོ་ཞིག་ལ་གཞན་ཕན་ནི་རང་དོན་མི་འགྲུབ་པའི་གེགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་པའི་ལོག་རྟོག་ངན་པ་ཞིག་ཡོད་ཀྱང༌། གཞན་ཕན་བསམ་ཞིང་སྒྲུབ་པའི་ཞར་ལ་རང་དོན་ཇི་ལྟར་འགྲུབ་པའི་ཚུལ་དང༌། གཞན་ཕན་ནི་བདེ་སྐྱིད་འདོད་པའི་མིའི་སྲོག་དབང་ལྟ་བུ་ཡིན་པའི་ཚུལ་རྩོམ་ཡིག་གཞན་དག་ཏུ་ཡང་བྲིས་ཟིན་པས་འདིར་ཚིག་ཚོགས་ལ་འཇིགས་ནས་སྤྲོས་པ་མ་བྱས།
    ༣༽ རྒྱུན་འཛིན། རྒྱུན་འཛིན་ཞེས་པ་ནི་མིའི་འཚོ་གནས་ལ་མེད་མི་རུང་བའི་རང་བྱུང་འབྱུང་ཁམས། རྒྱུ་མཚན་དང་ཉམས་མྱོང་གི་ཐོག་ནས་ཕན་བདེའི་གཞི་རྩར་ངེས་པ་རྙེད་པའི་སྲོལ་རྒྱུན་གྱི་ལྟ་གྲུབ་དང་སྤྱོད་པའི་ཉམས་ལེན་བཅས་ཉམས་དམས་འཐོར་ཤིག་ཏུ་མི་འགྲོ་བར་འཇིག་རྟེན་སྤྱི་ཡོངས་ཀྱི་འཚོ་གནས་དང་ཕན་བདེའི་ལམ་སྟོན་དུ་གཅེས་ཉར་བརྒྱུད་འཛིན་བྱ་བར་གོ་བ་ཡིན། དེང་གི་འཇིག་རྟེན་འདིར་འབྱུང་བཞིན་པའི་དཀའ་ངལ་ཕལ་མོ་ཆེ་ཡང་དག་པའི་སྲོལ་རྒྱུན་གྱི་ལམ་སྲོལ་རྒྱུན་འཛིན་བྱེད་མ་ཐུབ་པ་དང༌། དངོས་ཡོད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་འཚམས་པའི་ལམ་སྲོལ་གསར་གཏོད་བྱེད་མ་ནུས་པའི་བར་བརྒལ་གྱི་གནས་སྟངས་ཤིག་གི་ཐོག་ནས་ཡོང་གི་ཡོད་པ་ར་འཕྲོད་གསལ་པོ་འབྱུང་བཞིན་ཡོད། དོན་གྱི་གནད་འདི་འདྲ་ལ་གཟས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བར་ས་ཡི་གོང་བུ་འདི་ཞི་བདེ་རྒྱུན་གནས་ཐུབ་པ་དང༌། རང་གི་ཕ་མེས་ནས་བྱུང་བའི་རིག་གཞུང་བཟང་པོ་རྣམས་བརྒྱུད་འཛིན་བྱེད་ནུས་པའི་རྒྱུན་འཛིན་ཞེས་རྒྱུན་འཛིན་ནི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་གསུམ་པར་བཀོད་གནང་ཡོད།
    འོ་ན་སློབ་ཕྲུག་ཚོའི་བསམ་བློའི་ནང་འདི་ལྟ་བུའི་རྒྱུན་འཛིན་གྱི་གོ་རྟོགས་དང་སྤོབས་པ་ཇི་ལྟར་བརྙེས་པར་བྱ་དགོས་ཤེ་ན། རྒྱུན་ལྡན་གྱི་བསླབ་བྱའི་ནང་དུ་རྒྱུན་འཛིན་བྱ་རྒྱུའི་ཁོར་ཡུག་གི་གནད་དོན་དང་ད་ལྟའི་ཉེན་ཚབས་ཀྱི་རང་བཞིན། ཁོར་ཡུག་དང་མིའི་འཚོ་གནས་བར་གྱི་འབྲེལ་བ། ཁོར་ཡུག་གཅེས་ཉར་ཇི་ལྟར་བྱ་བའི་བྱེད་ཐབས། དེ་བཞིན་སྲོལ་རྒྱུན་གྱི་ལྟ་གྲུབ་དང་སྤྱོད་པའི་ཉམས་ལེན་ལ་མིའི་འཚོ་བ་བདེ་སྐྱིད་ལྡན་པར་སྐུལ་འདེད་ཀྱི་ནུས་པ་དང༌། སྤྱི་ཚོགས་འཆམ་མཐུན་མཉམ་གནས། མཛའ་བརྩེ་ཡིད་ཆེས། བརྟན་ལྷིང་བབ་གསུམ་བཅས་ཀྱི་སྒོ་ནས་འཚོ་བའི་ལམ་སྟོན་གྱི་རིན་ཐང་གང་ཡོད་བཅས་སློབ་མའི་སེམས་ལ་ཟུག་ངེས་ཀྱི་སློབ་སྟོན་དང༌། གཞན་ཡང༌། གསར་གཏོད་ལ་ཡང་རྒྱུན་འཛིན་གྱི་གཞི་རྩ་དགོས་པ་དང༌། རྒྱུན་འཛིན་ནི་མི་རིགས་གསོན་གནས་ཀྱི་ཚེ་སྲོག་ལ་འབྲེལ་བ་གཏིང་ཟབ་ཡོད་པ་བཅས་གནས་ལུགས་དང་བྱུང་རབས་ཀྱི་ཐོག་ནས་སློབ་ཁྲིད་གནད་དུ་གཞོལ་བ་ཞིག་དགོས་པར་མ་ཟད། ཕ་མ་དང་དགེ་རྒན་སུ་འདྲ་ཞིག་ཡིན་ཡང་རྒྱུན་ལྡན་དུ་ཁོར་ཡུག་དང་ཐོན་ཁུངས་ལ་གནོད་སྐྱོན་མི་གཏོང་བ་སྲུང་བྱའི་གནས་རིམ་མཐོ་གྲས་སུ་ལག་བསྟར་བྱ་བ་དང༌། སྲོལ་རྒྱུན་གྱི་ལྟ་གྲུབ་དང་སྤྱོད་པའི་ཉམས་ལེན་ལ་རྒྱུན་འཛིན་བྱེད་རིན་ཡོད་པའི་ངོས་འཛིན་འབྲེལ་ཡོད་དང་སྤྱི་ཚོགས་ཀྱི་བསམ་སྤྱོད་ཐོག་ནས་སློབ་མའི་བསམ་བློའི་གཏིང་རིམ་ལ་ཞོགས་ཐབས་ཀྱི་གལ་ཆེའི་ཁོར་ཡུག་ཅིག་ཀྱང་ངེས་པར་བསྐྲུན་དགོས།
    ༤༽ གསར་གཏོད། གསར་གཏོད་ནི་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རིག་རྩལ་ལ་བརྟེན་པའི་ཤེས་རབ་ཀྱི་ཐོན་རྫས་ཤིག་དང༌། མིའི་རིག་རྩལ་གྱི་ཚད་གཞི་ངེས་ཅན་དུ་སླེབས་པའི་འབྲས་རྟགས་ཤིག་ཀྱང་ཡིན། འདིར་ཡང་གོང་གི་རྒྱུན་འཛིན་དང་འདྲ་བར་སྔར་མེད་གསར་ལུགས་ཀྱི་སྲོལ་གཏོད་པ་ཙམ་མ་ཡིན་པར་འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་ངེས་པར་དགོས་པའི་ཚད་གཞིར་བཀར་བ་ནི། ཤེས་ཡོན་སྲིད་བྱུས་འདིའི་ཀུན་སློང་དང༌། རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས། འཆར་སྣང་དུ་བཟུང་བའི་འཇིག་རྟེན་བཅས་ཀྱི་རང་བཞིན་གསལ་བར་མཛད་པ་ཡིན་ལ། དོན་སྙིང་ལྡན་པའི་གསར་གཏོད་ནི་མི་རིགས་ཀྱི་དཔལ་འབྱོར་དང༌། ཤེས་ཡོན། ཆབ་སྲིད། འཛིན་སྐྱོང་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་དང་མི་ཚེའི་རིན་ཐང་ཡང་ཡིན་པས། རང་རེའི་མི་རབས་ཕྱི་མ་རྣམས་གསར་གཏོད་ཀྱི་རྣམ་དཔྱོད་དང་རིག་རྩལ་ལྡན་པ་ཞིག་ཡོང་ཐུབ་པ་ཤིན་ཏུ་གལ་གནད་དུ་བཟུང་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། འཇིག་རྟེན་སྤྱིའི་ཕན་བདེ་དང་འབྲེལ་ཞིང་ཡུལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལྟ་གྲུབ་དང་ལམ་ལུགས། དངོས་པོ། ལས་འགུལ་སོགས་གསར་གཏོད་བྱེད་ནུས་པའི་གསར་གཏོད་ཅེས་གསར་གཏོད་ནི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོན་དོན་བཞི་པར་བཀོད་པར་གནང་ཡོད།
    སློབ་མ་རྣམས་གསར་གཏོད་ཀྱི་རྣམ་དཔྱོད་ལྡན་པ་ཞིག་ཏུ་བསྐྱེད་བསྲིང་བྱ་ཐུབ་མིན། རྒྱུན་ལྡན་གྱི་བསླབ་བྱའི་ནང་གསར་གཏོད་ཀྱི་རང་བཞིན་དང་རིན་ཐང༌། བསམ་གཞིག ཚོད་ལྟ། བརྟག་དཔྱད། དོགས་འདྲི། བརྒལ་བརྟག་གི་རིགས་སོགས་གང་མང་ཡོད་དགོས་ལ། ལྷག་པར་དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སྐབས་ཀུན་ཏུ་སློབ་མ་རང་ལ་བསམ་གཞིག་དང༌། ཚོད་ལྟ། འགན་ལེན་བཅས་བྱེད་འཇུག་པ་ཁྲིད་ཐབས་ཀྱི་གཙོ་བོར་འཛིན་དགོས་པ་ཤིན་ཏུ་གལ་གནད་དུ་གྱུར། གསར་གཏོད་ཀྱི་སྔོན་འགྲོའི་སློབ་སྦྱོང་གི་བརྒྱུད་རིམ་ནང་ཚོད་ལྟ་དང་བརྟག་དཔྱད་ཡོད་ཚད་ལ་གྲུབ་འབྲས་བཟང་པོ་ཐོན་པའི་ངེས་པ་མེད་སྟབས། ཕ་མ་དང་དགེ་རྒན་གཉིས་ཐད་ནས་སློབ་ཕྲུག་ལ་མུ་མཐུད་མདུན་བསྐྱོད་ཀྱི་སྐུལ་འདེད་བྱེད་པ་ལས་བློ་ཕམ་དང་ཡིད་ཆད་ཀྱི་རིགས་སུ་འགྲོ་བའི་ཚིག་དང་རྣམ་འགྱུར་ཐོན་མི་རུང་བ་ཤིན་ཏུ་གལ་གནད་དུ་གྱུར།
    འདི་དག་ནི་བཙན་བོད་གཞུང་གིས་ད་ལྟར་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་གྱི་དམིགས་ཚད་དང༌། ད་ལྟ་འཚར་ལོངས་བྱེད་བཞིན་པའི་བཙན་བྱོལ་ནང་གི་མི་རབས་གསར་པ་འདི་ཚོ་ལ་བསྐྱངས་པའི་རེ་བ་ཡིན་ལ། མ་འོངས་པར་གཞིས་བྱེས་ལྷན་འཛོམས་བྱུང་བའི་སྐབས་བོད་ནང་དུ་བོད་རིགས་གཞོན་སྐྱེས་རྣམས་སྐྱེས་བུ་གང་འདྲ་ཞིག་ཏུ་བསྐྱེད་བསྲིང་བྱ་བའི་ཕུགས་རེའི་འཆར་སྣང་ཡང་ཡིན། མ་ཟད་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དོན་ཚན་བཅོ་ལྔའི་བདག་ཉིད་ཅན་འདིའི་ལྟ་གྲུབ་དང་ལག་ལེན་གྱི་རྣམ་གཞག་ཡོངས་རྫོགས་ཀྱང་སྒྲུབ་དོན་འདི་དག་གི་རྒྱབ་ལྗོངས་དང་བྱེད་ཐབས་སུ་དམིགས་པ་ཤ་སྟག་ཡིན་པས། སྲིད་བྱུས་འདིར་སློབ་སྦྱོང་དང༌། ཉམས་ཞིབ། དགག་བཞག་གང་འདྲ་ཞིག་བྱེད་འདོད་ཀྱང་རྩ་དོན་འདིའི་གཞི་རྟེན་དང་མ་བྲལ་བའི་ཐོག དགོས་སོགས་ཆོས་བཞི་ཁ་འཐབ་ནས་ལྟ་ཐུབ་དགོས་པ་འདིའི་སྐོར་ལ་ལྟ་ཞིབ་ཕྲན་བུ་བྱས་པའི་མཐོང་ཚུལ་ངོ་མ་ཞིག་ཡིན།

བཅུ་གཅིག་པ། རྒྱུ་མཚན་མདོར་བསྡུས་དང་བཅས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་སྤྱི་དོན་རགས་བཤད།

    དང་པོ། ཤེས་ཡོན་གྱི་ངོ་བོ། ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང༌། ནང་གི་ཤེས་པའི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ་ཞེས་སོགས་དོན་ཚན་དྲུག་གི་ཐོག་ནས་ཤེས་ཡོན་གྱི་ངོ་བོ་ངོས་འཛིན་མཛད། ཤེས་ཡོན་གྱི་ངོ་བོ་འདི་ལྟར་ངོས་འཛིན་བྱེད་པ་ནི། ཤེས་ཡོན་གྱི་རང་བཞིན་དང་ཤེས་ཡོན་བཀོལ་སྤྱོད་ཀྱི་ངོས་འཛིན་མ་འདྲ་བའི་ཁྱད་པར་ལ་བརྟེན་ནས་བྱུང་ཞིང༌། འདིར་བཤད་པའི་ཤེས་ཡོན་གྱི་རང་བཞིན་ནི་གཞན་ལས་ཐོས་པས་སྒྲ་སྤྱིའི་གོ་བ་ཆགས་པའམ་ཕྱིའི་ཡུལ་ལ་གོ་བའི་མཐོང་རྒྱ་བསྐྱེད་པ་ཙམ་མིན་པར་ནང་ཤེས་རྒྱུད་ཀྱི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པ་ཞིག་དང༌། ཤེས་ཡོན་གྱི་བཀོལ་སྤྱོད་ནི་རང་གི་མི་ཚེ་འཚོ་བའི་མཐུན་རྐྱེན་དུ་ལྟོ་གོས་བཟའ་བཏུང་འཚོལ་སྒྲུབ་བྱེད་པའི་ཐབས་ཚུལ་ཙམ་མིན་པར། ཚུལ་མིན་གྱི་བྱ་སྤྱོད་ཞི་དུལ་བག་ཡོད་དུ་སྒྱུར་བ། འདོད་པ་བདེ་བ་དང་མི་འདོད་པ་སྡུག་བསྔལ་གྱི་རྒྱུའི་དགེ་སྡིག་གི་ངོས་འཛིན་མ་ནོར་བའི་ཐོག་ནས། རང་གཞན་ལ་འཕྲལ་ཕུགས་གཉིས་སུ་དོན་དམ་པའི་ཕན་བདེ་སྒྲུབ་ཐུབ་པའི་ནུས་པ་ཞིག་ཡིན་དགོས།
    ཤེས་ཡོན་གྱི་ངོ་བོ་འདི་ལྟར་འཇོག་པའི་རྒྱབ་ལྗོངས་ནི། ཤེས་བྱ་ཞིག་ངོ་འཕྲོད་པའི་ཐབས་སམ་ནུས་པ་ཙམ་ཤེས་ཡོན་དུ་མི་འཇོག་པར། གནས་ལུགས་ཕྲ་རགས་ཤིག་ར་འཕྲོད་པ་བརྒྱུད་ནས་དེའི་གྲུབ་དོན་གྱིས་སེམས་རྒྱུད་ཀྱི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པ་དང༌། སྒོ་གསུམ་ཞི་བ་དང་བག་ཡོད་པའི་ཚུལ་ཁྲིམས་ལ་ངང་གིས་གནས་པར་བྱེད་པའམ། བླང་དང་དོར་བྱའི་དེ་ཉིད་མ་འཁྲུལ་བར་འབྱེད་པའི་ཐབས་སམ་ནུས་པ་ཁྱད་པར་ཞིག་ཡིན་དགོས་པ་དང༌། དེ་ལས་ལྡོག་པ་རྣམས་ཤེས་ཡོན་ལྟར་སྣང་བ་དང་ཕྱོགས་རེ་བ་ལ་ངོས་འཛིན་མཛད་རུང་བ་ཡིན། འདི་ལྟར་ཤེས་ཡོན་གྱི་ངོ་བོ་ལ་ཡང་དག་པའི་ངོས་འཛིན་ཞིག་བྱུང་ན། ཤེས་ཡོན་ནི་གཞན་གནོད་གཞི་དང་བཅས་པ་སྤངས་པའི་ཐོག་ནས་རང་གཞན་ལ་འཕྲལ་ཕུགས་ཀུན་ཏུ་བདེ་སྐྱིད་བསྐྲུན་པའི་ནུས་པ་ཞིག་ཏུ་ངོས་འཛིན་མ་འཕྱུག་པ་འབྱུང་ངེས་པར་མ་ཟད། རིག་གནས་ཀྱི་མིང་ཙམ་ཐོགས་པའི་ཤེས་ཡོན་ལྟར་སྣང་བ་སྤྱི་དང༌། ལྷག་པར་མིའི་སེམས་རྒྱུད་ཉོན་མོངས་པར་བྱེད་པ་དང༌། ལུས་ངག་སྤོང་བ་བདུན་ལྡན་གྱི་ཚུལ་ཁྲིམས་ལས་ཉམས་པར་བྱེད་པའི་ཤེས་རབ་ཉོན་མོངས་ཅན་རྣམས་འགོག་པའི་རྩོལ་བ་བསྟེན་ཞིང༌། མ་མཐའ་ཡང་ཤེས་ཡོན་གྱི་མིང་གིས་བཏགས་པའི་ཚབས་ཆེའི་ཉེས་སྤྱོད་ངན་པ་འདི་རིགས་རང་རེའི་སྤྱི་ཚོགས་ཁྲོད་དུ་གཏན་ནས་མི་འབྱུང་བ་དང་བརྒྱ་ལ་བྱུང་ཡང་དར་ཁྱབ་ཏུ་མི་འགྲོ་བའི་ཐབས་ཤེས་བྱེད་ངེས་ཡིན། དེར་བརྟེན་ཤེས་ཡོན་གྱི་ངོ་བོ་ལ་ལོག་པར་རྟོག་ན་ལོག་རྟོག་དེའི་དབང་གིས་ཤེས་ཡོན་གྱི་ལམ་སྲོལ་དང་དགོས་པ་མཐའ་དག་ཕྱིན་ཅི་ལོག་ཏུ་འགྱུར་བར་ངེས་པས། དེ་དག་ཀུན་གྱི་གཞི་རྩར་ཤེས་ཡོན་གྱི་ངོ་བོ་ངོས་འཛིན་མ་འཕྱུག་པ་དགོས་པ་ཤིན་ཏུ་གལ་གནད་དུ་གྱུར།
    གཉིས་པ། ཤེས་ཡོན་གྱི་དགོས་པ། སྤྱིར་ཤེས་ཡོན་གྱི་དགོས་པ་ནི། མིའི་ཁྱད་ཆོས་ཤེས་རབ་དང་བྱམས་བརྩེ། དེ་དག་ལ་བརྟེན་པའི་བཟང་པོའི་ལྟ་སྤྱོད། གསར་གཏོད་དང་སྒྱུ་རྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཞེས་སོགས་དོན་ཚན་གསུམ་དང༌། བྱེ་བྲག་བོད་མིའི་ཤེས་ཡོན་གྱི་དགོས་པ་ནི། འཇིག་རྟེན་སྤྱི་ཡོངས་ལ་བོད་མིའི་ངོས་ནས་འཁྲི་བའི་ལས་འགན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ལེགས་བྱང་གི་ཁྱད་ནོར་བཟང་པོ་རྒྱུན་འཛིན་དང་ཁྱབ་སྤེལ་གྱིས་འཇིག་རྟེན་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་བའི་ལྷག་བསམ་རྒྱ་ཆེར་བསྐྲུན་སྤེལ་ཐུབ་པ་བྱ་རྒྱུ་ཡིན་པས། དེ་དག་སྒྲུབ་ཐུབ་པ་བྱ་རྒྱུ་ཞེས་སོགས་དོན་ཚན་ལྔའི་སྒོ་ནས་གསལ་བར་མཛད་ཡོད།
    ཤེས་ཡོན་གྱི་དགོས་པ་ངོས་འཛིན་བྱེད་ལུགས་ལ་མ་འདྲ་བ་མང་ཡང༌། འདིར་བཤད་པའི་ཤེས་ཡོན་གྱི་དགོས་པ་ནི་བོད་མི་རིགས་རླབས་ཆེན་མི་རིགས་ཀྱི་ངོ་བོ་མ་ཉམས་པའི་ཐོག་ནས། འཛམ་གླིང་གི་གཅེས་ནོར་གཅིག་པུར་གཞན་ཕན་གྱི་འོད་སྣང་དང་བཅས་འཚོ་གནས་བྱེད་ཐུབ་པ་དང༌། ནང་དུ་ཆོས་སྲིད་རིག་གཞུང་གི་ཟུངས་བཅུད་ལྡན་ཞིང༌། ཕྱི་རུ་སྔོ་ལྗང་ཁོར་ཡུག་གི་མཛེས་སྡུག་ལྡན་པ་ཞིག་ཏུ་གནས་ཐུབ་པར་ནུས་པ་བསྐྲུན་པར་བྱེད་པ་ཡིན་ལ། མིའི་མི་ཚེའི་རིན་ཐང་གི་རྩ་དོན་མ་འཕྱུག་པ་ཞིག་དང་གདམ་གའི་ཁ་ཕྱོགས་མ་ནོར་བ་ཞིག་ཡོང་ཐུབ་མིན་ཡང་ཤེས་ཡོན་གྱི་དགོས་པ་ངོས་འཛིན་བྱེད་ལུགས་དང་འབྲེལ་བ་ངེས་ཅན་ཡོད། སྤྱིར་ཤེས་ཡོན་གྱི་མིང་ཐོགས་པ་ཀུན་ལ་མིའི་སྒོ་གསུམ་ཅི་རིགས་པར་ཉམས་འགྱུར་གསར་པ་ཞིག་བསྐྲུན་པའི་ནུས་པ་གཅིག་མཚུངས་སུ་ཡོད་ངེས་ཀྱང༌། ནུས་པ་དེ་གང་ཟག་སྒེར་པའི་མི་ཚེ་དང་འཇིག་རྟེན་སྤྱི་ཡོངས་ལ་ཕན་གནོད་ཅིར་འགྱུར་རིག་གནས་དེའི་སྟེང་གི་དགོས་པ་ལ་རག་ལུས་པས། ཤེས་ཡོན་སློབ་སྦྱོང་བྱས་པར་དགོས་དོན་མ་འཕྱུག་པ་ཞིག་ཐོབ་དགོས་ན་ཤེས་ཡོན་དེའི་དགོས་པའི་ངོས་འཛིན་མ་ནོར་བ་ཞིག་ངེས་པར་དགོས།
    གསུམ་པ། ཤེས་ཡོན་གྱི་ངོས་འཛིན། ཀ༽ བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན། (སྐབས་འདིའི་སྲོལ་རྒྱུན་ཞེས་པ་གནའ་རབས་ནས་གོམས་གཤིས་སུ་འཇགས་པའི་རྒྱུན་ཡོད་ཙམ་ཐམས་ཅད་མིན་པར། འབྱུང་ཁུངས་ཡང་དག་ལས་བྱུང་བ་དང༌། བརྒྱུད་པ་བར་མ་ཆད་དུ་གནས་པ། རིགས་པ་ཡང་དག་ལ་བརྟེན་པ་སྟེ་ཁྱད་ཆོས་གསུམ་ལྡན་པ་དང༌། དུས་དང་གནས་སྐབས་ཀྱི་འགྱུར་འགྲོས་ལ་མི་ལྟོས་པར་རྟག་ཏུ་ཕན་བདེའི་འབྱུང་གནས་སུ་གནས་པའི་རིག་པའི་རྒྱུད་ཅིག་ལ་གོ་དགོས།)སྲོལ་རྒྱུན་གྱི་ཤེས་ཡོན་ནི། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་པས། དེ་དག་ནས་གསུངས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གཙོ་ཆེ་བ་ཞེས་སོགས་དང༌། 
    ཁ༽ དེང་རབས་ཀྱི་ཤེས་ཡོན་ནི། སྲོལ་རྒྱུན་གྱི་ཤེས་ཡོན་ལྟར་ཆོས་ལུགས་སམ་གནའ་བོའི་རིག་གཞུང་གང་རུང་གི་འབྱུང་ཁུངས་ལ་བརྟེན་པ་མ་ཡིན་པར། ཉེ་བའི་དུས་རབས་ནང་སྐྱེ་བོ་རང་བཞིན་པས་གཙོ་བོ་མངོན་གྱུར་ཤེས་བྱའི་གནས་ལ་དཔྱད་པ་དང་ཚོད་བལྟ་བྱས་པ་ལས་བྱུང་ཞིང༌། རིམ་པས་གོང་འཕེལ་དང་དར་རྒྱས་ཕྱིན་པ་ཞིག་ཅེས་སོགས་དོན་ཚན་ལྔའི་སྒོ་ནས་ངོས་འཛིན་གསལ་བར་མཛད་ཡོད། ཤེས་ཡོན་གྱི་ངོས་འཛིན་འདི་ལྟར་མཛད་པ་ནི་ལྟ་གྲུབ་ཀྱི་རྒྱབ་རྟེན་བཙན་པར་མ་ཟད་དོན་དངོས་ལ་གཞིགས་པའི་དབྱེ་ཞིབ་གཏིང་ཟབ་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་ཡིན། དེ་ཡང་སྲོལ་རྒྱུན་ཤེས་ཡོན་གྱིས་གཙོ་བོ་ནང་ཤེས་རྒྱུད་ཀྱི་ནུས་པ་སད་ཅིང་སྨིན་པར་བྱེད་པ་དང༌། ཤེས་རབ་འཕེལ་བ་ལ་བརྟེན་ནས་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ཞི་ཞིང་ཤེས་རྒྱུད་ལས་རུང་དུ་བཅོས་པས་ནང་དུ་སེམས་ཀྱི་བདེ་དྲོད་འབར་བ་དང༌། ཕྱི་ལུས་ངག་གི་སྤྱོད་ལམ་སྡོམ་པའི་ཚུལ་ཁྲིམས་ལ་གནས་པས་ལུས་ངག་གཙང་ཞིང་དག་པ། འདོད་བསོད་དང་ངལ་དུབ་ཀྱི་མཐའ་གཉིས་སྤོང་བའི་དངོས་པོའི་མཐུན་རྐྱེན་གྱིས་མ་འཕོངས་པ་བྱེད་པ་སྟེ། བསམ་བློ་དང་དངོས་པོ་གཉིས་ཆ་དོ་མཉམ་པར་ཡར་ལྡན་དུ་སྤེལ་བར་བྱཻད།
    དེང་རབས་ཤེས་ཡོན་(སྲོལ་རྒྱུན་གྱི་གཞི་རྩ་དང་བྲལ་བའི་དེང་རབས་རྐྱང་རྐྱང་གི་ཤེས་ཡོན།)གྱིས་འཕྲལ་དུ་ལུས་ཚོར་རགས་པའི་བདེ་བ་དང་སྒོ་ལྔའི་དབང་ཤེས་ལ་མཚར་སྣང་གི་མཛེས་སྡུག་ཅིག་བསྐྲུན་ཀྱང༌། དོན་དམ་པར་སྲོལ་རྒྱུན་གྱི་གཞི་རྩ་མེད་པའི་དེང་རབས་ཀྱི་ཚན་རིག་དང༌། འཕྲུལ་རིག རྩིས་རིག སྤྱི་ཚོགས་དང་དཔལ་འབྱོར་རིག་པ། འཛིན་སྐྱོང་རིག་པ། འཆར་འགོད་རིག་པ། སྒྱུ་རྩལ་རིག་པ་སོགས་ཕལ་མོ་ཆེ་ཀུན་སློང་རང་དོན་ཡིད་བྱེད་འབའ་ཞིག་པ་དང༌། སྦྱོར་བ་འཚེ་བ་དང་རྣམ་པ་འགྱུར་བའི་འཚེ་བ་ཅན། མཇུག་འབྲས་རྒྱལ་ཁབ་དང་མི་རིགས་ཡུལ་ལུང་ཕན་ཚུན་བཅས་ཀྱི་བར་འཁོན་འཛིན་དང་འགྲན་སེམས། དགྲ་འཛིན་གྱི་ལྟ་བ་ཤུགས་ཆེར་འཕེལ་ནས་གོ་ལ་ཧྲིལ་པོ་ཞི་དུལ་དང་ལྷིང་འཇགས་མེད་པའི་མངོན་པ་དང་མི་མངོན་པའི་གཡུལ་སའི་འཐབ་ར་ཞིག་ཏུ་འགྱུར་བ་ཡིན། འདི་སྲོལ་རྒྱུན་ཕྱོགས་འཛིན་པའི་སྲོལ་རྒྱུན་གྱི་ཞེན་ཁོག་དང་ཀླད་རྙིང་གི་ལྟ་ཚུལ་རྐྱང་པས་བཤད་པའི་ཕྱོགས་རིས་ཀྱི་འཆལ་གཏམ་ཞིག་ཡིན་ན་འདུག་མི་ཐུབ་པར་འཕག་འཚག་བྱེད་དགོས་དོན་མ་མཆིས་ཀྱང༌། དེ་ལྟར་མིན་པར་གནས་ཚུལ་འདི་འཇིག་རྟེན་གྱི་མི་ཕལ་མོ་ཆེས་ཉིན་རེའི་འཚོ་བའི་ནང་མྱོང་བཞིན་པའི་དོན་དངོས་ཤིག་ཡིན། དེར་བརྟེན་ང་ཚོས་བསམ་བློ་དོན་ཐོག་ཏུ་བབས་ནས་དཔྱད་པ་གནས་ལུགས་ལ་གཞོལ་ཐུབ་པ་ཡིན་ན། གཞི་ནས་ང་ཚོར་བདེན་པའི་གོ་བ་ངོ་མ་ཞིག་རྙེད་ངེས།
    དེང་རབས་ཤེས་ཡོན་ལ་དགེ་མཚན་གཏན་ནས་མེད་པ་མིན་པར་མ་ཟད། མིའི་འཚོ་བའི་མཐུན་རྐྱེན་དང་གསར་རྟོགས་ཀྱི་ནུས་པ་མང་པོ་ཞིག་ཤེས་ཡོན་འདི་ལ་བརྟེན་ནས་ཡོང་གི་ཡོད་ལ། མིའི་དུས་ཚོད་དང་ངལ་རྩོལ་སྲུང་སྐྱོབ་ལ་ཕན་པའི་འཕྲུལ་ཆས་མང་པོ་ཞིག་ཀྱང་ཤེས་ཡོན་འདིའི་ཐོག་ནས་ཐོན་སྐྱེད་བྱེད་ཐུབ་ཡོད། དཔེར་ན། ངས་བེད་སྤྱོད་བྱེད་བཞིན་པའི་མདུན་ངོས་ཀྱི་གློག་ཀླད་དང༌། གདོང་ཁུག་གི་མིག་ཤེལ། ལག་ཐོགས་ཁ་པར། གཅེས་སྤྲས་བྱེད་བཞིན་པའི་དཔེ་དེབ་སོགས་མང་དག་ཅིག་དེང་རབས་འཕྲུག་རིག་གི་ཐོན་སྐྱེད་འབྲས་བུ་ཡིན། འོན་ཀྱང་ཤེས་ཡོན་འདི་དང་ལྷན་དུ་བྱུང་བའི་གོད་ཆག་དང་ཕུང་སྦྱོར་རིགས་ཀྱི་ཚབས་ཆེའི་ནོར་འཁྲུལ་འདི་དག་གང་ལས་བྱུང་བའི་རྒྱུ་རྐྱེན་ཐོག་བསམ་བློ་ཞིབ་ཏུ་བཏང་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་འདིའི་ཤེས་ཡོན་ལས་རིགས་ཀྱི་བྱེད་སྒོ་མཐའ་དག་ནང་སྲོལ་རྒྱུན་དང་དེང་རབས་ཀྱི་འདབ་གཤོག་གཉིས་ལྡན་ཞིག་ངེས་པར་དགོས་པའི་བཀའ་སློབ་ཀྱི་དགོངས་དོན་ལ་གཏིང་ཟབ་ས་ནས་གོ་བ་ཞིག་འབྱུང་ངེས་ལ། རང་གི་མི་ཚེའི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ནང་དུ་སྲོལ་རྒྱུན་གྱི་ནང་དོན་དང༌། དེང་རབས་ཀྱི་རྣམ་པ་གཉིས་ལྡན་ཞིག་དགོས་པའི་གལ་ཆེའི་རྩ་གནད་ཀྱང་རྟོགས་ཐུབ།
    དེ་ལ་སྲོལ་རྒྱུན་པས་དེང་རབས་ཤེས་ཡོན་གྱི་ཀུན་སློང་དང་སྦྱོར་བ་ལ་དགག་པ་བྱེད་པར་བསམ་བློའི་རྒྱབ་ལྗོངས་ཅི་ཞིག་ཡོད་ཅེ་ན། རྒྱུའི་རྟགས་ཀྱིས་འབྲས་བུ་ལ་རྗེས་དཔོག་བྱེད་པ་དང༌། འབྲས་བུའི་རྟགས་ཀྱིས་རྒྱུ་ལ་རྗེས་སུ་དཔོག་པ་གཉིས་ལས། དེང་རབས་ཤེས་ཡོན་དར་འཕེལ་གྱི་མཇུག་འབྲས་མིའི་མངོན་འདོད་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་དངོས་ཡོད་གནས་ལུགས་ཀྱི་ཐོག་ནས། དེ་སྒྲུབ་པའི་ཐབས་ཀྱི་སྦྱོར་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་ཡིན་པ་རྗེས་དཔོག་བྱེད་ནུས་ལ། དེ་ལས་ཐབས་དེ་བསླང་སའི་སྒྲོམ་གཞིའི་ཀུན་སློང་མ་དག་པ་ཡིན་པ་རྗེས་དཔོག་བྱེད་ཐུབ། གོ་སླ་བོའི་ཐོག་ནས་བཤད་ན་དེང་རབས་ཤེས་ཡོན་རྐང་རྐྱང་གིས་བསྐྱེད་བསྲིང་བྱས་པའི་མི་ཕལ་མོ་ཆེར་སེམས་རྒྱུད་ཀྱི་ཆགས་སྡང་ཉོན་མོངས་དང༌། ཕྱིའི་ལུས་ངག་གི་རྩིང་སྤྱོད་རང་ངོས་ནས་སྡོམ་སེམས་ཀྱི་ཚུལ་ཁྲིམས་མེད་ཅིང༌། རྒྱལ་ཁྲིམས་ཀྱི་མདུན་སར་ཚུལ་འཆོས་པའི་རྟུལ་ཞུགས་ཙམ་མ་གཏོགས་སེམས་རྒྱུད་ལ་ཞི་བ་དང་བྱམས་བརྩེའི་ཡོན་ཏན། རང་ཉམས་ལ་དཔག་སྟེ་གཞན་གྱི་བདེ་སྡུག་དང་རང་དབང་ལ་བཅོས་མིན་བརྩི་སྲུང་མེད་པ་སོགས། མདོར་ན། ཕལ་མོ་ཆེར་སེམས་རྒྱུད་སྦྱངས་པས་དུལ་བའི་ཡོན་ཏན་དང༌། གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་མེད་པར་རང་ཉིད་དང་རང་ཉིད་ཀྱི་ཁེ་ཕན་རྐྱང་པ་གཅེས་འཛིན་བྱེད་པའི་སྒེར་སེམས་དཀྱིལ་སྙིང་དུ་བྱེད། ལྷག་བསམ་དང་ཕན་སེམས་ཀྱི་གཞི་རྩ་མེད་པའི་ལས་རིགས་ལ་དྲང་བདེན་དང་འདྲ་མཉམ་འབྱུང་བ་གཏན་ནས་མི་སྲིད་པར་མ་ཟད། གཡོ་སྒྱུ་དང་འགྲན་སེམས། བག་མེད་ལོངས་སྤྱོད། གོ་ལ་གཅིག་གྱུར་སོགས་འཇིག་རྟེན་གྱི་ཞི་བདེ་དང་གཅེས་ནོར་གཏོར་བརླག་བྱེད་པའི་སྦྱོར་བ་ནག་པོའི་དུག་སྡོང་ཡོད་ཚད་འདི་ལས་འབྱུང་བ་རང་བཞིན་གྱི་གནས་སྟངས་ཤིག་ཡིན། ནོར་འཁྲུལ་གྱི་བྱ་སྤྱོད་འདི་རིགས་ཡོངས་སུ་མཚམས་གཅོད་ཐུབ་པ་སུ་ཡིས་ཀྱང་དཀའ་མོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། རང་བྱུང་གི་མཐའ་མཚམས་ལས་བརྒལ་འདོད་པའི་འདུན་སེམས་དེ་ནི་མཚམས་རེར་གདུག་རྩུབ་ཆེ་བའི་བྱ་ངན་གྱི་རྒྱུ་རྐྱེན་དུ་འགྲོ་ཞེས་དང༌། ཡང༌། ཚན་རིག་དང་མིའི་བྱ་འགུལ་གཞན་གང་ཡིན་ཡང་འགྲོ་བ་མིའི་ཚུལ་མཐུན་གྱི་མཐའ་མཚམས་ལས་བརྒལ་ཚེ། དེར་ཞེན་པ་ལོག་པའི་འདུན་པ་ཞིག་རང་ཉིད་ལ་ངེས་པར་ཡོད་དགོས་༥༢ཞེས་གསུངས་པ་ལྟར་མ་མཐའ་ཡང་རང་ཉིད་ཉེས་སྤྱོད་དེ་རིགས་ཀྱི་ཕྱོགས་སུ་མ་ལངས་པ་ཞིག་ངེས་པར་དགོས།
    སྲོལ་རྒྱུན་ཤེས་ཡོན་གྱི་ལྟ་གྲུབ་ཐོག་ནས་བལྟས་ན་རིག་གནས་ཀྱི་མིང་ཐོགས་ཚད་ལ་ཤེས་ཡོན་གྱིས་མ་ཁྱབ་ཅིང༌། དེང་རབས་པས་ཤེས་ཡོན་གྱི་མིང་གིས་བསྙད་པ་འགའ་ཞིག་ཤེས་པའི་ནུས་པ་སད་པའི་རྐྱེན་དུ་འགྱུར་བ་ལྟ་ཞོག ཤེས་པའི་ནུས་པ་སད་ཅིང་སྨིན་པ་ལ་མི་མཐུན་པའི་འགལ་རྐྱེན་དུ་འགྱུར་བར་མ་ཟད། དོན་ལ་ཡང་རིག་པའི་མིང་གིས་བསྙད་པ་མང་པོ་ཞིག་ཤེས་པས་ཡུལ་གྱི་བདེན་དོན་རིག་པ་ལ་སྒྲིབ་པའི་བྱེད་པ་ཅན་དུ་འགྱུར་བ་ཤ་སྟག་ཡིན་པ་དངོས་ཡོད་གཟུགས་གྲུབ་ཏུ་གྱུར་པའི་གནས་ཚུལ་ཞིག་ཡིན། (གོ་བདེ་བའི་ཕྱིར་ཡོངས་གྲགས་ཀྱི་ཐ་སྙད་བཀོལ་སྤྱོད་ལྟར་རིག་གནས་ཀྱི་རིགས་མང་པོ་ཞིག་ལ་ཤེས་ཡོན་ཟེར་ནས་བྲིས་ཡོད།)
    བཞི་པ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། དམིགས་ཡུལ་གྱི་རྩ་དོན་བཞི་གོང་དུ་རོབ་ཙམ་བཤད་པ་ལྟར་ཡིན་ལ། མིའི་བདེ་སྐྱིད་ནི་རང་དབང་དང༌། གཞན་ཕན། བཟང་པོའི་རིག་གཞུང་དང་བྱ་གཞག་རྒྱུན་འཛིན། སྐབས་དང་དུས་ལ་མཁོ་བའི་ཡང་དག་པའི་གསར་གཏོད་བཅས་ལ་བརྟེན་ནས་འབྱུང་དགོས་པས། བདེ་སྐྱིད་འདོད་པའི་མིས་རང་གི་བདེ་སྐྱིད་སྒྲུབ་པའི་བྱེད་ཐབས་མ་ནོར་བ་ཞིག་ཤེས་ཤིང་ལག་བསྟར་བྱ་དགོས་པ་སྨོས་མེད་ཡིན། འོན་ཀྱང་དེང་སྐབས་གསར་ལུགས་སུ་གྲགས་པའི་ཤེས་ཡོན་སློབ་སྦྱོང་བྱེད་པའི་དམིགས་ཡུལ་མངོན་དུ་གྱུར་པས་ཀྱང་མི་དེ་ལ་དུད་འགྲོ་སེམས་ཅན་དང་ཐུན་མོང་དུ་གྱུར་པའི་ལུས་ཚོར་རགས་པའི་བདེ་བ་བསྒྲུབ་ནུས་ཙམ་མ་གཏོགས། མཐའ་མེད་དུ་འཕེལ་རུང་བའི་ནང་ཤེས་རྒྱུད་ཀྱི་ཡོན་ཏན་དང་བཟང་པོའི་སྤྱོད་ལམ་ཡར་ལྡན་དུ་སྤེལ་བའི་ནུས་པ་མེད་པར་མ་ཟད་གྲུབ་འབྲས་ལྡོག་ཕྱོགས་ནས་འབྱུང་བཞིན་ཡོད།
    ད་ལྟའི་སློབ་སྦྱོང་གི་སྒོ་མོ་ནས་ཐོན་པའི་མཁས་པ་དང་ཤེས་ཡོན་ཅན་དུ་གྲགས་པ་ཕལ་མོ་ཆེ་གཞན་པའི་ཕམ་ཁ་དང་སྐྱོ་སྡུག་གི་ས་གཞིའི་སྟེང་ན་རང་ལ་བདེ་སྐྱིད་ཀྱི་མྱུག་སོ་སྨིན་པར་རེ་བའི་ཀུན་ཏུ་མནར་སེམས་པ་ཤ་སྟག་ཡིན་ཞིང༌། མ་རུང་ཁོག་བཅུག་གི་བསམ་བློ་ངན་པ་དེ་ལ་སྦྱོར་བ་ཞི་འཇམ་ཞིག་ཡོང་མི་སྲིད་པ་མ་བཤད་ཀྱང་ཤེས་ཐུབ།
    དེས་ན་མི་ཞིག་ཤེས་ཡོན་ལྡན་པར་བྱ་བའི་དགོས་དོན་མཐར་ཐུག་ནི། སྡུག་བསྔལ་ཐམས་ཅད་ཡོངས་སུ་ཟད་པའི་ཐར་པ་མཆོག་གི་གོ་འཕང་ལ་འགོད་པ་ཡིན་མོད། འོན་ཀྱང་ཐར་པ་མཆོག་གི་གོ་འཕང་མ་ཐོབ་བར་རང་གཞན་གྱི་མི་ཚེ་གནས་དགོས་ཀྱི་ཡོད་སྟབས་མི་ཚེ་ཟས་གོས་ཀྱི་འཚོ་ཐབས་ལ་བསྟེན་དགོས་པ་ཕུང་པོ་གྲུབ་སྟངས་ཀྱིས་ཐག་བཅད་པའི་གནད་དོན་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་ཤེས་ཡོན་ལྡན་པར་བྱ་བའི་འཕྲལ་གྱི་དགོས་དོན་ནི། མི་ཚེའི་འཚོ་གོས་དང་བྱ་གཞག་དོན་སྙིང་ལྡན་པ་བྱ་བ་དང༌། གང་ཟག་སོ་སོའི་སྒོ་གསུམ་རང་དབང་དང་རང་སྲུང་གྱི་སྟོབས་ཤུགས་ལྡན་པ༑ མི་ཚེ་འཚོ་བའི་རིང་ཡིད་བློ་སྒོ་ལྔའི་གཞན་དབང་དུ་མ་སོང་བར་ཤེས་རྒྱུད་ཀྱི་དྭངས་མའི་ནུས་པ་སྦྱངས་ཤིང་བསྐྱེད་བསྲིང་བར་བྱ་བ་ཡིན་ལ། བྱ་ཐབས་འདི་རང་གི་བདེ་སྐྱིད་འཚོལ་སྒྲིག་བྱེད་པའི་མ་རྩ་ལྟ་བུ་ཞིག་ཀྱང་ཡིན།
    འདི་ལྟར་བཤད་པ་མི་འགའ་ཤས་ཀྱིས་དངོས་ཡོད་ལག་ལེན་དུ་མི་འཁེལ་བའི་ལྟ་གྲུབ་ཀྱི་བཤད་ཚུལ་ཙམ་ཡིན་པ་ལས། མིའི་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་དང་མ་འབྲེལ་བ་རེད་སྙམ་པ་ཡོད་ཅིང་བསམ་ཚུལ་འདིའི་ཐོག་ནས་དགག་པ་གཏོང་མཁན་ཡང་ཇི་སྙེད་ཡོད་ཀྱང༌། བསམ་བློ་ཞིབ་ཏུ་བཏང་ན་འདི་དག་ནི་རིག་པའི་གཞུང་ལུགས་ཤིག་གིས་ཁ་གཡང་སྒྲོག་པ་ཙམ་མིན་པར། འགྲོ་བ་མིའི་ཁམས་དང་རང་བཞིན་ལ་བརྟེན་པའི་དངོས་ཡོད་གྲུབ་དོན་ཞིག་ཡིན། མིའི་རང་བཞིན་ནི་ཚེ་འདིའི་བདེ་སྐྱིད་ཕྲ་མོ་ཞིག་ནས་བཟུང་སྟེ་སྡུག་བསྔལ་ཐམས་ཅད་ཡོངས་སུ་ཟད་པའི་ཐར་པ་མཆོག་གི་གོ་འཕང་ལ་རེ་བ་ཤ་སྟག་ཡིན་པ་སྨོས་མེད་དུ་གྲུབ། ང་ཚོས་རང་ཉིད་ཕྱིན་ཅི་ལོག་པའི་འདུ་ཤེས་འཛིན་སྟངས་ཀྱི་འགག་སྒོ་ཞིག་ལས་བཅིངས་གྲོལ་གཏོང་ནུས་ན་ཕུགས་ཀྱི་འདུན་པ་མངོན་འགྱུར་བྱེད་ནུས་པར་མ་ཟད། འཕྲལ་དུ་ཡང་མི་རབས་འདི་ད་ལྟའི་ཚབས་ཆེའི་ཉམས་ཆག་(ད་ལྟའི་གཞོན་སྐྱེས་རྣམས་ཤེས་ཡོན་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་གཞུང་ལུགས་ཀྱི་ཤེས་ཡོན་ཚད་གཞི་ཤིན་ཏུ་དམན་པར་མ་ཟད། བོད་པ་རང་གི་བཟང་པོའི་ལྟ་སྤྱོད་རྒྱུན་འཛིན་བྱེད་ཐུབ་མཁན་ཤིན་ཏུ་དཀོན་པའི་གནས་སུ་གྱུར་ནས་ཡོད་པ།)ལས་སྐྱོབ་ཐུབ་ལ། ཕ་མ་དང་དགེ་རྒན་སློབ་གྲྭའི་ཁོར་ཡུག་བཅས་ཀྱི་ཐོག་ནས་བུ་ཕྲུག་གིས་སློབ་སྦྱོང་བྱེད་པའི་དགོས་དོན་མཐའ་ཐུག སྒེར་བ་རང་གི་མི་ཚེ་གཅིག་གི་ལྟོ་གོས་གཏམ་གསུམ་དང༌། ཕོགས་མཐོ་བའི་ལས་ཀ་ཐོབ་རྒྱུ་འབའ་ཞིག་གི་ཆེད་ཡིན་སྙམ་པའི་ནོར་འཁྲུལ་གྱི་བསམ་བློ་དང༌། དྲི་མ་ཅན་གྱི་བསམ་བློ་དེ་དྲིལ་སྒྲོག་བྱེད་པའི་སློབ་གསོ་ངན་པའི་བྱེད་སྒོ་རྒྱུན་ལྡན་དུ་སྤེལ་བ་དེ་ཡང་འགོག་ཐུབ་པའི་རེ་བ་གཏན་ནས་མེད་པ་ཞིག་མིན། 
     རྒྱུ་མཚན་དང་ཤེས་རབ་ཀྱི་ཐོག་ནས་རྟོག་དཔྱོད་བྱེད་འདོད་པ་རྣམས་ཀྱིས་གཏན་ལ་ཕབ་པའི་དགོས་དོན་དེ་རང་གི་བློ་ངོར་གཤོང་མིན་དང་འཇུག་བདེ་མིན་ལ་མ་ལྟོས་པར། འཇིག་རྟེན་སྤྱི་དང་མི་རིགས་ཤིག་གི་མ་འོངས་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་རྒྱ་ཆེན་པོ་དང་གཏིང་ཟབ་མོའི་དགོངས་པ་བཞེས་དགོས་པ་ལས། བརྟག་པ་སྔོན་དུ་སོང་བའི་ཤེས་རབ་ཅང་མེད་པའམ་ཡོད་ཀྱང་སྒེར་པའི་ཁེ་ཕན་མཐོ་གང་ཙམ་གྱི་ཆེད་དུ་འཇིག་རྟེན་སྤྱི་དང་མི་རིགས་ཤིག་གི་མི་རབས་མང་པོའི་ཁེ་ཕན་ལ་ཅི་སྙམ་པར་འགན་མ་བླངས་པའི་སྐད་ཆ་སྣ་ཚོགས་བཤད་པ་ནི་ཤིན་ཏུ་སྐྱུགས་བྲོ་བ་ཞིག་ཡིན།
    ལྔ་པ། ཤེས་ཡོན་གྱི་ལམ་སྲོལ། བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོ་དང༌། དེང་རབས་ཀྱི་ཤེས་ཡོན་དེའི་དགོས་ངེས་ཀྱི་ཟུང་ཟླར་བཟུང་བའི་ཤེས་ཡོན་གྱི་ལམ་སྲོལ་ལག་བསྟར་བྱ་རྒྱུ་ཞེས་སོགས་དོན་ཚན་བརྒྱད་ཀྱི་ཐོག་ནས་ཤེས་ཡོན་ལམ་སྲོལ་ཇི་ལྟར་ཉམས་ལེན་བྱ་དགོས་མིན་གསལ་བར་མཛད་ཡོད།
    ཤེས་ཡོན་གྱི་ལམ་སྲོལ་ཇི་ལྟར་གཏན་འབེབས་བྱ་བ་ནི། ཤེས་ཡོན་ཅན་དུ་བསྐྱེད་བསྲིང་བྱས་པའི་མིར་རང་ཉིད་དང་སྤྱི་ཚོགས་ལ་འགན་ཁུར་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི་གང་འདྲ་ཞིག་དགོས་མིན་གྱི་གནད་འགག་ལ་ཐུག མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་ངོ་གདོང་གི་འགྱུར་བའི་དགོས་མཁོ་དང་དངོས་པོ་གསར་སྤེལ་འཛུགས་བསྐྲུན་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་པ་ཙམ་ཤེས་ཡོན་ལམ་སྲོལ་གསར་གཏོད་བྱེད་པའི་རྩ་དོན་དུ་བཟུང་ནས་ལས་གཞི་སྤེལ་གྱིན་ཡོད་སྟབས། སྤྱི་ཚོགས་སྟེང་གི་ཤེས་ཡོན་ལམ་སྲོལ་མང་པོ་ཞིག་ལ་མིའི་ཤེས་རབ་དང་ཀུན་སྤྱོད་ལ་བཙོ་སྦྱོང་ཉེས་སེལ་བྱེད་པའི་ནུས་པ་མེད་པར། ཤེས་ཡོན་ལམ་སྲོལ་ཡང་གཡང་ཁ་འགྲིམ་བཞིན་པའི་མིའི་གོམ་ཤུལ་བསྙེགས་ནས་ཚབས་ཆེའི་ཉེན་ཁའི་གནས་སུ་བསྐྱོད་བཞིན་མཆིས། འདི་ལྟ་བུའི་ཤེས་ཡོན་ལམ་སྲོལ་གྱིས་མི་ཚེ་ཐོག་མ་འགོ་འཛུགས་བྱེད་བཞིན་པའི་དྭངས་གཙང་གི་བུ་ཕྲུག་རྣམས། ཆོས་ལུགས་དང༌། སྲིད་དོན་ཚོགས་པ། ཁེ་ལས་སྡེ་ཁག་སོགས་ཀྱི་མིག་སྔའི་དགོས་མཁོ་དང་བསྟུན་ལྟ་གྲུབ་དང་ལམ་ལུགས་བྱེ་བྲག་པའི་འོག་ཏུ་བཙན་ཚུགས་ཀྱིས་ཚ་འདེད་བྱེད་པ་ནི་མགར་པའི་ཐོ་འོག་གི་ལྕགས་དུམ་དང་མཚུངས་པར་གྱུར་པར་མ་ཟད། མི་ཡོངས་རྫོགས་ལ་བསམ་གཞིག་དང་གདམ་གའི་རང་དབང་གཏན་ནས་མེད་པར་འདོད་རྔམ་གཞི་རྩར་བཟུང་ནས་བཟོས་པའི་ལམ་སྲོལ་དེར་འདེད་བཞིན་པ་ནི། མི་སྤྱི་ཡོངས་ཀྱི་སེམས་རྒྱུད་དང་ཀུན་སྤྱོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་དཀའ་བའི་རྐྱེན་རྩ་གཙོ་བོ་ཡིན།
    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིག་ཐོག་ལག་འཁྱེར་རྫིག་པོ་དང༌། ཨང་ཀི་མཐོན་པོ། སློབ་ཚན་སྣ་ཁ་མང་པོ། མིང་གནས་ཆེན་པོ། ཁ་བདེ་པོ། དྲན་རྒྱུ་རྒོད་པོ་བཅས་ཡོད་ཀྱང༌། དོན་དངོས་མིའི་གཤིས་སྤྱོད་མ་རབས། གཡོ་སྒྱུ་ཁྲམ་གསུམ་དང༌། ངོ་ཚ་མེད་པ། རང་ཤེད་ཚ་པོ། ལས་རྒྱུ་འབྲས་ལ་མི་བརྩི་བ། མགོ་བདེ་དྲན་འཕྲུལ་བྱེད་པ་བཅས་བསམ་བློ་གཏོང་སྟངས་ཧ་ཅང་ཞན་པོ་དེ་འདྲ་ཡོང་གི་འདུག་པ་དེ་དག་ནི་ཆུང་དུས་ནས་ཕ་མ་དང༌། དགེ་རྒན་གྱི་བྱམས་བརྩེའི་སྐྱོང་སྟངས་ཀྱིས་ཕོངས་པའམ། རང་གནས་སའི་ཁོར་ཡུག་ལ་ཡ་རབས་བཟང་པོའི་མིག་ལྟོས་བྱེད་ཡུལ་མེད་པ། ཡ་རབས་ཀུན་སྤྱོད་ཀྱི་བསླབ་བྱ་ཉུང་དྲགས་པ་བཅས་ཀྱི་སྐྱོན་རེད་ཅེས་གསུངས་པའི་དགོངས་པ་རྩ་དོན་དུ་བཟུང་ནས་བཀའ་ཤག་གིས། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་ཤེས་ཡོན་ལམ་སྲོལ་གཏན་འབེབས་མཛད་པའི་སྐབས་མིའི་རང་བཞིན་གྱི་ནུས་པ་དང༌། བཟང་པོའི་སྤྱོད་ལམ་གསལ་ཐབས་གཙོ་བོར་མཛད་པ་ལས། སྤྱི་ཚོགས་ཀྱི་ངོ་གདོང་གི་འགྱུར་བ་ཙམ་དང་ཕྱིའི་ཅ་དངོས་བཟོ་བསྐྲུན་གྱི་ནུས་པ་བསྐྱེད་བསྲིང་བྱེད་པ་རྩ་དོན་དུ་བཟུང་མེད་པ་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་མིའི་རང་དབང་དང་དོན་དམ་གྱི་བདེ་སྐྱིད་ལ་ཁ་ཕྱོགས་པའི་མངོན་རྟགས་ཁྱད་འཕགས་ཤིག་ཡིན།
    ལྷག་པར་ཤེས་ཡོན་སློབ་སྤེལ་གྱི་ལས་རིམ་ནང་འཆད་བྱེད་སློབ་དཔོན་གལ་གནད་ཆེ་ཤོས་ཡིན་པས་སློབ་དཔོན་དབུས་སུ་འཇོག་པ་དང༌། སློབ་དཔོན་གྱི་ངོས་ནས་ཉིན་རེར་འཆད་ཁྲིད་མཛད་པའི་སྐབས་སློབ་ཕྲུག་གི་གནས་ཚད་དང་བློ་མོས་སོགས་དང་བསྟུན་ཏེ། བྱེད་ཐབས་ཡོངས་རྫོགས་སློབ་མའི་བསམ་སྤྱོད་ཡར་རྒྱས་ཀྱི་ཐབས་སུ་འགྱུར་བ་ཞིག་ཡིན་དགོས་པས། དངོས་གཞིའི་འཆད་ཁྲིད་སོགས་ཀྱི་སྐབས་སློབ་མ་གཙོ་བོར་བལྟ་བའི་ལམ་སྲོལ་མཛད་པར་མ་ཟད། ལམ་སྲོལ་དེའི་གཞི་རྩ་བྱམས་བརྩེ་དང་ཕན་སེམས། ཡིད་ཆེས་དང་གུས་ཞབས་བཅས་ལ་བརྟེན་པ་ནི་སྲོལ་རྒྱུན་གྱི་ཤེས་ཡོན་ལྟ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།
    དེང་རབས་ཀྱི་ཤེས་ཡོན་སྒྲིག་འཛུགས་ཁག་ཏུ་དར་ཆེ་བའི་ལུགས་སྲོལ་ལྟར་དགེ་སློབ་ཀྱི་འབྲེལ་བ་ནི། འཆད་བྱེད་སློབ་དཔོན་ཟླ་ཕོགས་ཙམ་ལ་རེ་བའི་ཤེས་ཡོན་འཚོང་མཁན་དང༌། འཆད་ཡུལ་སློབ་མ་དགེ་རྒན་གྱི་ཤེས་ཡོན་ཉོ་མཁན་གྱི་འབྲེལ་བའི་འདུ་ཤེས་ཙམ་ལས་མེད་པར་གྱུར་ན། དགེ་རྒན་གྱིས་སློབ་མ་ལ་དེབ་ཐོག་གི་ཤེས་ཡོན་སྐམ་པོ་ཙམ་ལས་སེམས་རྒྱུད་ཀྱི་ཡོན་ཏན་དང་ལུས་ངག་གི་ཀུན་སྤྱོད་བཟང་པོའི་སློབ་སྟོན་འབྱུང་བ་མི་སྲིད། རང་རེའི་སྲོལ་རྒྱུན་གྱི་རིག་གཞུང་འདི་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་སུ་གྱུར་པ་ཡང༌། འདིའི་འཆད་ཐབས་དང་འཆད་བྱའི་རིག་གཞུང་གཉིས་ཆ་བྱམས་བརྩེ་དང་ཤེས་རབ་ཀྱི་གཞི་རྩ་ལ་བརྟེན་པ་ལས་བྱུང་བ་ལ་གོ་བ་བརྙེས་ན། གཞི་ནས་དགོན་པ་དང་ཆོས་སྒར་ཙམ་མ་ཡིན་པར་སློབ་གྲྭ་ཁག་གི་ནང་དུ་ཡང་ཤེས་ཡོན་སློབ་སྤེལ་གྱི་གཞི་རྩ་ཕན་སེམས་དང་ཡིད་ཆེས་ལ་བརྟེན་དགོས་པའི་གལ་གནད་རང་བཞིན་གྱིས་རྟོགས་ངེས་སྙམ།
    དྲུག་པ། གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞི། སྤྱིར་ཤེས་ཡོན་ལམ་སྲོལ་ལ་སྒྲོམ་གཞི་ཡོད་མེད་གཉིས་ལས། བཙན་བྱོལ་བོད་ཀྱི་ཡུལ་མི་སྤྱི་ལ་ཁྱབ་པའི་སྒྲོམ་གཞི་ལྡན་པའི་ཤེས་ཡོན་ལམ་སྲོལ་ཞིག་གཏན་ལ་འབེབ་དགོས་པ་ལོ་རྒྱུས་ཀྱི་མཁོ་གནད་དུ་གྱུར་པས། བཙན་བྱོལ་བོད་གཞུང་གིས་སྒྲོམ་གཞི་ལྡན་པའི་གཞི་རིམ་ཤེས་ཡོན་ལམ་སྲོལ་འདི་གཏན་འབེབས་མཛད། དེ་ཡང་བྱིས་པ་ལོ་གསུམ་གྱི་ཐོག་སྔོན་འགྲོའི་ཛིན་གྲྭ་དང་པོར་སློབ་འཇུག་བྱས་པའི་དབང་དུ་བཏང་ན། ལོ་གསུམ་ནས་ལྔ་བར་སྔོན་འགྲོའི་འཛིན་གྲྭ་དང༌། ལོ་དྲུག་ནས་དགུའི་བར་གཞི་རིམ་འོག་མའི་འཛིན་གྲྭ། ལོ་བཅུ་ནས་བཅུ་གསུམ་བར་གཞི་རིམ་བར་མའི་འཛིན་གྲྭ ལོ་བཅུ་བཞི་ནས་བཅུ་བདུན་བར་གཞི་རིམ་གོང་མའི་འཛིན་གྲྭ་སྟེ་བསྡོམས་སྔོན་འགྲོ་ནས་བཟུང་སློབ་ཡུན་ལོ་བཅོ་ལྔའི་རིང་སློབ་སྦྱོང་བྱས་པའི་མིའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་ཚད་གཞི་ནི། གཙོ་བོ་བོད་ཀྱི་སྐད་ཡིག་གི་བརྒྱུད་ལམ་ནས་བསམ་བློའི་གཞི་རྩ་ཞོག་སྟེ་སློབ་སྦྱོང་གི་ཁ་ཕྱོགས་ལ་རང་རྐང་ཚུགས་པ་ཞིག་དང༌། རང་སྐད་ལས་གཞན་པའི་ཕྱི་རྒྱལ་གྱི་སྐད་ཡིག་གང་ཡང་རུང་བ་ཞིག་ལ་བྱང་ཆུབ་པ་དང༌། སྐད་ཡིག་གསུམ་པ་ཞིག་ལ་འབྲི་ཀློག་འཕེར་ངེས་བཅས་སྐད་ཡིག་གསུམ་དང་ལྡན་པ། སྦྱངས་སྟོབས་ཀྱིས་སྒོ་གསུམ་པོའི་ཀུན་སྤྱོད་མི་ཆོས་དང་མཐུན་པའི་ཞི་དུལ་བག་ཡོད་ལྡན་པ་ཞིག་འོང་བའི་ཕུགས་རེ་བཅངས་ཡོད་པར་མ་ཟད། ྋགོང་ས་མཆོག་གི་དགོངས་གཞི་ལྟར་གྱི་འདབ་གཤོག་གཉིས་ལྡན་གྱི་བོད་རིགས་གཙང་མ་ཞིག་འོང་བའི་དམིགས་ཚད་བཟུང་ཡོད།
    འོན་ཀྱང་དགོན་སྡེ་དང་ཆོས་སྒར་སོགས་སྲོལ་རྒྱུན་ནང་དོན་རིག་པ་གཙོ་བོར་བཟུང་བའི་ཤེས་ཡོན་གྱི་བསྟི་གནས་རྣམས་སུ་གཞུང་གིས་གཏན་ལ་ཕབ་པའི་སྒྲོམ་གཞིས་ཁྱབ་མི་དགོས་པ་མཛད་པ་ནི། གཞི་རྩ་དགོན་པ་དང་སློབ་གྲྭའི་ཤེས་ཡོན་ལམ་སྲོལ་དང༌། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། ཤེས་ཡོན་སློབ་ཚན་བཅས་ལ་མ་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ཅིང༌། དགོན་པ་དང་ཆོས་སྒར་ཁག་ལ་ཁྱབ་པའི་གཅིག་གྱུར་གྱི་ཤེས་ཡོན་ལམ་སྲོལ་གཏན་འབེབས་མཛད་དཀའ་བར་མ་ཟད། དེ་སྔའི་སྲོལ་རྒྱུན་ཤེས་ཡོན་ལམ་སྲོལ་གྱི་རྩ་བའི་སྒྲོམ་གཞི་ལ་གསར་བརྗེ་ཞུ་དགོས་མ་གཟིགས་པ་དང༌། དགོན་པའི་འཛིན་སྐྱོང་དང་གསན་བསམ་སྒོམ་པའི་ལམ་སྲོལ་ལ་སྲིད་གཞུང་གིས་ཚུལ་བཞིན་སྟངས་འཛིན་བྱེད་ཐུབ་མིན་དང་དགོས་གལ་མེད་པ་བཅས་ལ་དགོངས་པ་ཡིན་ངེས།
    བདུན་པ། ཤེས་ཡོན་གྱི་སློབ་ཚན། ཤེས་ཡོན་གྱི་ངོ་བོ་དང༌། ཤེས་ཡོན་གྱི་དགོས་པ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་སོགས་མ་འཕྱུག་པར་བྱ་བ་ཤིན་ཏུ་གལ་གནད་དུ་གྱུར་པ་སྨོས་མ་དགོས་ཀྱང༌། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་སྒྲུབ་ཐུབ་མིན་གྱི་གནད་འགག་གཅིག་ནི། སློབ་ཚན་གྱི་ནང་དོན་དང་རིམ་པ་སྒྲིག་སྟངས་ལ་རག་ལུས་ཀྱི་འབྲེལ་བ་ཆེན་པོ་གྲུབ། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དགོས་དོན་དང་ཤེས་ཡོན་སློབ་ཚན་གཉིས་འཕལ་ག་མ་འཕྲོད་ན། ས་སྐྱ་པཎ་ཆེན་གྱིས་དེའི་རྩ་བ་སེམས་མི་འཁྲུད་པར་འབྲེལ་མེད་ཀྱི་ལུས་འཁྲུད་པ་འགལ་ཏེ། རྒྱ་མཚོའི་སྲོག་ཆགས་གསོད་པ་ལ་ནགས་ལ་མེ་སྤོར་བ་བཞིན་ནོ། །ཞེས་གསུངས་པ་དང་མཚུངས་པར་འགྱུར་བས་ཤེས་ཡོན་གྱི་སློབ་ཚན་དང་རིམ་པ་སྒྲིག་སྟངས་ཤིན་ཏུ་གལ་གནད་དུ་གྱུར་པ་ཞིག་ཡིན་ཀྱང༌། དེ་སྔར་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཚན་གྱི་ནང་དོན་དང་རིམ་པ་སྒྲིག་སྟངས་འཐུས་སྒོ་ཚང་བ་ཞིག་མ་ཡོང་བའི་དབང་གིས་ཐོག་མའི་རེ་བ་ལྟར་གྱི་མི་ཚེ་དང༌། སྤྱི་ཚོགས། ཆབ་འབངས་རང་བཞིན་གྱི་འཇོན་ཐང་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་མེད་པར་མ་ཟད། ཐ་ན་སྐད་ཡིག་གི་གནས་ཚད་རང་སྐྱ་བ་འཕེར་བ་ཞིག་ཀྱང་མང་པོ་གསོ་སྐྱོང་བྱ་ཐུབ་མེད།
    འདས་པའི་ཉམས་མྱོང་དང་ད་ལྟའི་དངོས་ཡོད་དགོས་མཁོའི་ཐོག་ནས་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་སྐད་ཡིག་དང༌། ཚད་མ་རིག་པ། སྐད་ཡིག་དང་ཚད་མ་རིག་པ་གཞན། བཟོ་རིག་པ། ཚན་རིག་དང་སྒྱུ་རྩལ། རྩིས་ཀྱི་རིག་པ། འཚེ་བ་མེད་པ་དང་མང་གཙོའི་ལྟ་གྲུབ། བཟང་སྤྱོད། ལུས་རྩལ་དང་རྩེད་མོ་བཅས་ཚན་པ་བཅུ་གསུམ་གྱི་ཐོག་ནས་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་སློབ་ཚན་གཏན་འབེབས་གནང་ཡོད།
    བརྒྱད་པ། སློབ་ཚན་འཆར་གཞི་དང་སློབ་དུས། སློབ་ཚན་འོག་མ་འོག་མ་གོང་མ་གོང་མའི་ལམ་སྟེགས་སུ་འགྱུར་བའམ། འོག་མ་གོང་མའི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་དགོས་པ་ལས། གཞི་རིམ་འོག་མ་དང་གོང་མའི་སློབ་ཚན་འབྲེལ་མེད་ཡ་བྲལ་དུ་གྱུར་ན། གཞི་རིམ་གོང་མ་ཐོན་པའི་སློབ་ཕྲུག་རྣམས་ད་ལྟའི་ཤེས་ཡོན་སྲིད་བྱུས་ཀྱི་ཕུགས་རེ་བཞིན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་གཞི་རྩ་ཚུགས་པ་དང༌། བླང་དོར་འབྱེད་པའི་བློ་ནུས་ལྡན་པ། སྲོལ་རྒྱུན་དང་དེང་རབས་ཀྱི་འདབ་གཤོག་གཉིས་ལྡན་ཞིག་ཡོང་ཐབས་མེད་པར་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་གཞི་རིམ་གོང་མའི་རྒྱུགས་སྤྲོད་ཀྱི་སློབ་ཚན་རྣམས་ཀྱང་བྱང་ཆུབ་པ་ཡོང་བ་ཤིན་ཏུ་དཀའ། གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞི་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་ཐུབ་པར་བྱ་བའི་ཆེད་དུ་གཅིག་གྱུར་གྱི་སློབ་ཁྲིད་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུའི་རིམ་པ་ཞིག་ཤེས་ཡོན་སྲིད་བྱུས་སུ་ལམ་སྟོན་མཛད་ཡོད། ལམ་སྟོན་འདིའི་འོག་ཕྱི་ལོ་ ༢༠༠༦ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཅིག་གྱུར་གྱི་སློབ་ཁྲིད་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་མི་བརྒྱད་ལས་གྲུབ་པ་ཞིག་གསར་འཛུགས་བསྐྱངས་འདུག་ལ། ཚོགས་ཆུང་འདིས་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༥ ནང་གཏན་འབེབས་གྲུབ་པའི་རགས་ཟིན་(སྔོན་འགྲོ་ལོ་རིམ་གསུམ་དང༌། གཞི་རིམ་འོག་མའི་འཛིན་གྲྭ་དང་པོ་ནས་ལྔ་པའི་བར།)བཀའ་ཤག་ལ་ཕུལ་བ་བཀའ་ཤག་གིས་ཐུགས་ཞིབ་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༧ ནང་ནས་དངོས་སུ་ལག་བསྟར་གྱི་དབུ་ཚུགས་འདུག དགེ་རྒན་གྱིས་ཉིན་རེར་སློབ་ཁྲིད་གནང་བའི་སྐབས་རྩ་འཛིན་བྱེད་སའི་སློབ་དེབ་ཟུར་པ་ཞིག་མེད་པའམ་མི་དགོས་པ་ཤེས་ཡོན་སྲིད་བྱུས་འདིའི་ཁྱད་ཆོས་ཤིག་ཡིན།
    དགུ་པ། རྒྱུགས་སྤྲོད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་ཆུ་ཚོད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་ད་ལྟའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བཞག་སྟེ་འཛིན་རིམ་བརྒྱད་པའི་བར་དེང་ལུགས་ཀྱི་རྒྱུགས་སྤྲོད་ཟུར་དུ་མ་དགོས་པར་ཕྲུ་གུའི་རྒྱུན་སྤྱོད་དང་འཛིན་གྲྭའི་ནང་གི་དྲི་བ་དྲིས་ལན། ཁྱོན་ཡོངས་ཀྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་འཛིན་གྲྭ་གོང་མར་འཕོ་འོས་མིན་དགེ་རྒན་རྣམས་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། འོན་ཀྱང་གནས་སྐབས་དུས་ཡུན་གང་འཚམས་བར་ད་མུས་བཞིན་འབྲི་རྒྱུགས་བརྒྱ་ཆ་ ༥༠ ཡོད་པ་བྱ་རྒྱུ། གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུའང་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་དུ་ཞུགས་དགོས་རིགས་མ་གཏོགས། སློབ་གྲྭའི་ནང་གི་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་ཐབས་ཀྱི་ལམ་སྲོལ་ཚད་ལྡན་གསར་གཏོད་བྱ་རྒྱུ། ཞེས་བཀོད་གནང་བ་ལྟར། འཛིན་གྲྭ་གོང་མར་འཕོ་འོས་མིན་འོག་མའི་རང་སྐལ་གྱི་སློབ་ཚན་རྣམས་བྱང་ཆུབ་པ་ཤེས་མ་ཤེས་ལ་ཚད་འཇོག་བྱེད་དགོས་ཤིང༌། འོག་རིམ་གྱི་སློབ་སྦྱོང་གི་གཞི་རྩ་བརྟན་པོ་མ་ཚུགས་པར་གོང་མར་འཕོས་ན་སློབ་མའི་སྤུས་ཚད་ལ་སྐྱོན་ཆག་ཆེན་པོ་འབྱུང་བར་མ་ཟད། མི་རིགས་སྤྱིའི་སློབ་སྦྱོང་གི་གནས་སྟངས་ལ་ཡང་དོ་ཕོག་ཚབས་ཆེན་འབྱུང་ངེས་པས། སློབ་མའི་ཤེས་ཚད་ལ་ཚད་འཇལ་མ་ནོར་བ་བྱེད་ཐུབ་པ་དགོས་པ་གལ་ཆེའི་དོན་གནད་དུ་གྱུར། ཡིག་རྒྱུགས་རྐྱང་པའི་ལམ་ནས་སློབ་ཕྲུག་གི་ཤེས་ཚད་ཚད་འཇོག་བྱེད་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་པར་བརྟེན། དེང་སང་དར་སྲོལ་ཆེ་བའི་ཡིག་རྒྱུགས་མིན་པའི་ཐབས་ལམ་གཞན་དག་ཅིག་ངེས་པར་བསྟེན་དགོས། ཕྲན་གྱིས་དེ་སྔ་ལོ་བཅུ་གྲངས་ཤིག་ལ་དགེ་རྒན་གྱི་མིང་འཁྱེར་བའི་ཉམས་མྱོང་གི་ཐོག་ནས་བལྟས་ན། དགེ་རྒན་གྱིས་རྒྱུན་ལྡན་གྱི་སློབ་ཁྲིད་དང་འབྲེལ་ནས་སློབ་མ་ཚོར་དགག་ཕྱོགས་དང་སྒྲུབ་ཕྱོགས་ནས་དྲི་བ་སྣ་ཚོགས་འདོན་པ་དང༌། བརྗོད་གཞི་སྣ་ཚོགས་པའི་ཐོག་ཚིགས་བཅད་ལྷུག་སྤེལ་མ་ཅི་རིགས་ཀྱི་རྩོམ་ཡིག་འབྲི་འཇུག་པ། བརྗོད་གཞི་བྱེ་བྲག་པའི་ཐོག་གཏམ་གླེང་བཅས་བྱེད་དུ་བཅུག་སྟེ་སློབ་མའི་གོ་སྟོབས་རིག་རྩལ་དང༌། འབྲི་རྩལ། འཆད་རྩལ་བཅས་རྟོགས་ཐབས་བྱ་བ་ནི་ཤེས་ཡོན་ཚད་འཇལ་བྱེད་པའི་ཐབས་ལམ་ལེགས་ཤོས་ཡིན་པའི་སྣང་ཚུལ་བྱུང༌། འོན་ཀྱང་བཀའ་ཤག་གིས་གྲོས་ཚོགས་སུ་ཕུལ་བའི་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་མའི་ཟིན་བྲིས་ནང༌། ཚོུད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་འགྲན་བསྡུར་གྱི་རྨང་གཞི་ལ་བརྟེན་པའི་ད་ལྟའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བཞག་སྟེ་འཛིན་རིམ་བརྒྱད་པའི་བར་དེང་རབས་ལུགས་ཀྱི་རྒྱུགས་སྤྲོད་ཟུར་དུ་མ་དགོས་པར་ཕྲུ་གུའི་རྒྱུན་སྤྱོད་དང་འཛིན་གྲྭའི་ནང་གི་དྲི་བ་དྲིས་ལན། ཁྱོན་ཡོངས་ཀྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་ཐག་གཅོད་བྱ་རྒྱུ་དང༌། གཞི་རིམ་གོང་མའི་འཛིན་གྲྭ་རྣམས་སུའང་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་དུ་ཞུགས་དགོས་རིགས་མ་གཏོགས། སློབ་གྲྭའི་ནང་གི་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱ་ཐབས་ཀྱི་ལམ་སྲོལ་ཚད་ལྡན་གསར་གཏོད་བྱ་རྒྱུ་ཞེས་འཁོད་ཀྱང༌། སྤྱི་འཐུས་གྲོས་ཚོགས་ནང་མཐའ་གཅིག་ཏུ་དགག་པ་མཛད་ནས་མོས་མཐུན་མ་བྱས་པར་བརྟེན། སྲིད་བྱུས་དངོས་ཀྱི་ནང་དུ། འོན་ཀྱང་གནས་སྐབས་དུས་ཡུན་གང་འཚམས་བར་ད་མུས་བཞིན་འབྲི་རྒྱུགས་བརྒྱ་ཆ་ ༥༠ ཡོད་པ་བྱ་རྒྱུ་ཞེས་པ་ཁ་སྣོན་མཛད་ཡོད། གྲོས་ཚོགས་ནང་འདི་ལྟར་དགག་པ་གནང་བ་ནི། རང་རེའི་སྤྱི་ཚོགས་ནང་ཡིག་རྒྱུགས་ལྟ་བུའི་སྐུལ་འདེད་གཏོང་བྱེད་ཅིག་མེད་ན་སློབ་མ་ཚོ་རང་འགུལ་གྱིས་ཤེས་ཡོན་སློབ་
སྦྱོང་ཐོག་དོ་སྣང་བྱེད་མཁན་དཀོན་པ་དང༌། སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ནང་དུ་ཡང་དྲང་ཚུགས་ཀྱི་ལས་ཀ་བྱེད་མི་ཐུབ་མཁན་ཡང་སྲིད་སྟབས། སློབ་མ་འདེམས་སྒྲུག་སྐབས་མ་དྲང་བའི་རྙོག་ཟིང་འབྱུང་སྲིད་པ། སློབ་མ་རྣམས་ཀྱང་སློབ་ཚན་མཐའ་དག་གི་ཐོག་གནས་ཚད་མཉམ་པོ་མིན་པས་མིའི་མཐོང་ཚུལ་གྱི་ཐོག་ནས་དབྱེ་འབྱེད་ཕྲ་མོ་བྱེད་དཀའ་བ་སོགས་ལ་དགོངས་པ་ཡིན་སྲིད་ཀྱང༌། ད་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཤེས་ཡོན་ལམ་སྲོལ་ལ་གསར་བརྗེ་ཆེན་པོ་ཞིག་བྱས་ཏེ་གཞི་རིམ་འཛིན་གྲྭ་བཅུ་པ་བར་ཡིག་རྒྱུགས་མི་དགོས་པ་གཏན་འབེབས་གནང་ཡོད། གནད་དོན་འདིའི་ཐོག་ནས་ང་ཚོའི་ཤེས་ཡོན་པ་དང་གྲོས་དབང་པ་མང་པོ་ཞིག་སྤྱི་ཚོགས་ཀྱི་འགྱུར་བའི་རྗེས་ཟིན་གྱི་མེད་པ་དང༌། ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཚད་དང་དགོངས་དོན་ཇི་བཞིན་རྟོགས་ཐུབ་ཀྱི་མེད་པ་གསལ་པོར་གྱུར། གང་ལྟར་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་མང་པོ་ཞིག་གིས་རྒྱུགས་སྤྲོད་ཀྱི་སྐར་གྲངས་གཙིགས་སུ་བྱེད་པའི་ལམ་སྲོལ་ལ་འགྱུར་བ་བཏང་དང་གཏོང་བཞིན་འདུག་ལ། བོད་ནང་དུ་ཡང་སློབ་གསོ་པ་མཁས་ཅན་གཅན་རོང་བསྟན་འཛིན་སོགས་ཀྱིས། ཤེས་རིག་གམ་སྐར་གྲངས་ཀྱིས་ཕྱོགས་ཡོངས་ཀྱི་ཚབ་བྱས་པ་ལ་བརྟེན་ནས་སློབ་མའི་རྩལ་ནུས་ཞན་པའི་མཇུག་འབྲས་འདི་བྱུང་ཞེས་སོགས་ཀྱིས་སློབ་གྲྭའི་ནང་ཡིག་རྒྱུགས་ཀྱི་སྐར་གྲངས་གཙིགས་སུ་བྱེད་པའི་གོམས་སྲོལ་ངན་པ་ལ་གསར་བརྗེ་དགོས་པའི་བསམ་ཚུལ་འདོན་བཞིན་ཡོད།
    གཞི་རིམ་སློབ་གྲྭ་ཁག་ཏུ་རྒྱུགས་སྤྲོད་ཀྱི་ཨང་གྲངས་གཙིགས་སུ་བྱེད་པའི་གོམས་སྲོལ་ངན་པ་འདི་ལ་རིམ་པས་འགྱུར་བ་ཡང་དག་པ་ཞིག་གཏོང་མ་ཐུབ་ན། ཕུགས་བརྟན་པའི་སློབ་སྦྱོང་སྤུས་གཙང་ཤིན་ཏུ་ཡོང་དཀའ་བར་སྣང་སྟེ། རྒྱུགས་སྤྲོད་ལ་ཐོབ་པའི་སྐར་གྲངས་ཀྱིས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ཚད་འཇལ་བྱེད་མི་ཐུབ་པར་མ་ཟད། ལམ་སྲོལ་འདིའི་འོག་གི་སློབ་ཕྲུག་ཕལ་མོ་ཆེས་སློབ་སྦྱོང་ནི་རང་གི་སེམས་རྒྱུད་ཀྱི་ནུས་པ་སད་སྨིན་རྫོགས་གསུམ་བྱེད་པའི་ཆེད་དུ་མིན་པར་སྐར་གྲངས་ཐོབ་པའི་སླད་དུ་བྱེད་ཀྱི་ཡོད་སྟབས། སློབ་ཚན་གང་ཞིག་རང་ཉིད་ཀྱིས་ངེས་པ་རྙེད་པ་ཤེས་ཐབས་མི་བྱེད་པར་རྒྱུགས་སྤྲོད་ཀྱི་སྐར་གྲངས་ལོན་པ་གནད་འགག་ཏུ་བཟུང་ནས་ཚིག་རིས་ཀྱི་ངེས་ཆ་ཐོབ་པ་ཙམ་གཙོ་བོར་བྱེད་པའི་སློབ་སྦྱོང་གི་གོམས་གཤིས་ངན་པ་ཞིག་རྒྱ་ཁྱབ་ཏུ་འཕེལ་བཞིན་ཡོད་ལ། ཚིག་རིས་ཀྱི་ངེས་ཆ་དེ་ཡང་བསམ་བློའི་འཕེན་པ་གཏོང་སྟངས་ཀྱི་དབང་གིས་རྒྱུགས་སྤྲོད་གྲུབ་པ་དང་རང་བཞིན་གྱིས་བརླག་འགྲོ་བའི་དངོས་ཡོད་དཀའ་ངལ་ཞིག་སློབ་ཕྲུག་ཕལ་མོ་ཆེར་འབྱུང་བཞིན་ཡོད།
    བཅུ་པ། དགེ་རྒན། མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་ཤེས་ཡོན་ལ་རག་ལུས་ཤིང༌། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང༌། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས་ཞེས་སོགས་དོན་ཚན་བཅུ་གཉིས་ཀྱི་ཐོག་ནས་དགེ་རྒན་གྱི་ཁྱད་ཆོས་དང༌། དགེ་རྒན་གྱི་ལས་འགན། དགེ་རྒན་གྱི་མཐུན་རྐྱེན། དགེ་རྒན་གསོ་སྐྱོང་བྱ་ཐབས་བཅས་གསལ་བར་མཛད་ཡོད། མི་རིགས་ཤིག་གི་འབྱུང་འགྱུར་གྱི་ལོ་རྒྱུས་འོད་སྟོང་ལྡན་པར་ཆགས་ཐུབ་མིན་མི་རིགས་དེའི་ཤེས་ཡོན་སློབ་སྤེལ་གྱི་སྤུས་ཚད་ལ་རག་ལུས་ཤིང༌། མི་རིགས་དེའི་ཤེས་ཡོན་སློབ་སྤེལ་གྱི་སྤུས་ཚད་ནི་དགེ་རྒན་གྱི་ཤེས་འཇོན་ལྷག་བསམ་ལ་རག་ལུས་པས། དགེ་རྒན་ནི་སློབ་གྲྭ་དང་སྤྱི་ཚོགས་གང་ཐད་ནས་གལ་གནད་ཆེ་ཤོས་སུ་གྱུར་པའི་མི་སྣ་ཞིག་ཡིན་པ་དེ་ལྟར་ཡང༌། རང་རེའི་སྤྱི་ཚོགས་ཀྱི་ངོས་འཛིན་ལ་དགེ་རྒན་ནི་དབང་ཤུགས་དང་དཔལ་འབྱོར་གྱི་རྒྱབ་ལྗོངས་མེད་པའི་སྐྱེས་བུ་ཉམ་ཐག་ཅིག་ལས་མཐོང་མེད་པར་བརྟེན། ཕ་མས་བུ་ཕྲུག་ལ་ཆེད་དུ་དགེ་རྒན་ཞིག་ལ་དམིགས་ཡུལ་དང་འཆར་གཞི་འཛིན་དགོས་པའི་སློབ་སྟོན་གནང་མཁན་དཀོན་ལ། བུ་ཕྲུག་སློབ་མཐའ་ཕྱིན་ནས་དངོས་སུ་སྤྱི་ཚོགས་ཀྱི་ལས་དོན་ལ་ཞུགས་པའི་སྐབས་སུ་ཡང་དགེ་རྒན་གྱི་ལས་ཀ་ནི་མཐའ་མའི་ཨུ་ཐུག་གི་གདམ་ག་ལ་འཇོག འདི་ནི་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ཡིན།
    ནོར་འཁྲུལ་ཅན་གྱི་ལྟ་ཚུལ་འདིའི་རྩ་བ་དྲུངས་ནས་འབྱིན་པ་ལ་གཙོ་བོ་གང་ཟག་སྒེར་པ་དང་སྤྱི་ཚོགས་ཀྱི་ངོས་ནས་འདོད་རྔམ་དང་རྒྱས་སྤྲོས་ལ་རང་གཅུན་གྱིས་ཚོད་འཛིན་ཐུབ་པའི་ཆོག་ཤེས་ཀྱི་ཉམས་ལེན་བསྟེན་རྒྱུ་ཉིད་ཡིན། འཛིན་སྐྱོང་གི་ངོས་ནས་སྒྲུབ་ཐུབ་པ་ནི། བཅུ་གཅིག་པ་དགེ་རྒན་སྐོར་གྱི་ཚན་པ་དང་པོར། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོང་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས་ཞེས་དང༌། ཚན་པ་གཉིས་པར། སྤྱི་ཚོགས་ཞབས་ཞུ་པའི་ནང་ཤེས་ཡོན་དང་འབྲེལ་བའི་ལས་བྱེད་པའི་སྒྲིག་གྲལ་ཟུར་དབྱེ་དགོས་པ་དང༌། ལས་ཚན་དེའི་གནས་རིམ་དང་མཚན་མཐོང་ལས་ཚན་གཞན་ལས་ཁྱད་པར་དུ་འཕགས་པ་དགོས་ཞེས་དང༌། ཚན་པ་བརྒྱད་པར། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ནས་ལོ་ལྔ་རེའི་དུས་ཡུན་ཅན་གྱི་དགེ་རྒན་ལས་སྒོར་ཞུགས་ཆོག་པའི་ལག་འཁྱེར་ཞུ་དགོས་པ་བཟོ་རྒྱུ། ལོ་ལྔ་རེའི་མཚམས་སུ་ལག་འཁྱེར་བསྐྱར་ལེན་བྱེད་པར་དུས་ཡུན་དེའི་ནང་རང་གི་ཁྱད་ལས་གོང་འཕེལ་གཏོང་བའི་ཟབ་སྦྱོང་གསར་པ་གྲངས་ཚད་ངེས་ཅན་རེ་འགྲིམས་དགོས་པའི་ཆ་རྐྱེན་གཏོད་རྒྱུ་ཞེས་དང༌། ཚན་པ་དགུ་པར། དགེ་རྒན་འདེམས་སྒྲུག་དང༌། གླ་ཕོགས་མཐུན་རྐྱེན། གནས་སྤར་གནས་སྤོ། རྒྱུན་འཕར་ལས་འགན། སྒྲིག་ལམ་ཀུན་སྤྱོད། བདེ་དོན་ལྟ་རྟོག གྲུབ་འབྲས་ཞིབ་བཤེར་སོགས་ཀྱི་སྐོར་ཁྲིམས་ལུགས་དང་སྒྲིག་གཞི་ཞིབ་གསལ་བཟོ་རྒྱུ་ཞེས་དང༌། ཚན་པ་བཅུ་པར། དགེ་རྒན་གྱི་བསམ་བློའི་རང་དབང་དང༌། རྣམ་དཔྱོད་འཕེལ་རྒྱས། གསར་གཏོད་སྒྱུ་རྩལ་འགོག་མེད་དུ་འཕེལ་ཐུབ་པའི་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་རྒྱུ་ཞེས་སོགས་དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བསྐྲུན་ཕྱོགས་ཀྱི་ཁྲིམས་དང་སྒྲིག་གཞི་གཏན་འབེབས་གནང་བ་ལྟར་ལག་བསྟར་བྱ་བ་ཡིན།
    བཅུ་གཉིས་པ། འཛིན་སྐྱོང༌། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་དང༌། སྒྲོམ་གཞི། སློབ་ཚན། རྒྱུགས་སྤྲོད། དགེ་རྒན། འཛིན་སྐྱོང་བཅས་ཀྱི་སྐོར་སྲིད་བྱུས་དང༌། དེ་དག་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་བཅས་དུས་ནས་དུས་སུ་གཏན་ལ་ཕབ་པ་ལྟར་བཙན་བྱོལ་གཞུང་གིས་ངོས་འཛིན་ཡོད་པའི་བོད་མིའི་སློབ་གྲྭ་ཡོངས་ཀྱིས་གཅིག་གྱུར་ཏུ་ལག་བསྟར་དགོས་པ་ཞེས་སོགས་ཚན་པ་བདུན་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དབང་ཚད་དང༌། མཛད་འགན། བྱེད་ཐབས་བཅས་གསལ་བར་མཛད་ཡོད།
    བཅུ་གསུམ་པ། ཤེས་ཡོན་གྱི་ཐོབ་ཐང་ནི། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ། བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་ཞིག་ཡིན་ཕྱིན་སེར་སྐྱ་དང༌། ཕོ་མོ། རིགས་རུས། ཆོས་ལུགས། ལུང་ཚན། དབུལ་ཕྱུག་གི་དབྱེ་བ་མེད་པར་གཞི་རིམ་འཛིན་གྲྭ་ཅུ་གཉིས་པའི་བར་གྱི་སློབ་སྦྱོང་གི་ཐོབ་ཐང་ཡོད་ཅིང༌། དེ་བར་སློབ་སྟོན་གླ་ཡོན་འབུལ་མི་དགོས་ཞེས་སོགས་ཚན་པ་བརྒྱད་ཀྱི་ཐོག་ནས་གཞི་རིམ་ཤེས་ཡོན་དང༌། རང་སྦྱོང་གི་ལམ་ནས་སློབ་སྦྱོང༌། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་བཅས་ཀྱི་ཤེས་ཡོན་ཐོབ་ཐང་གསལ་བར་མཛད་ཡོད།

ལུང་འདྲེན་བྱ་ཡུལ།

༤༨༽ ཤེས་ཡོན་ལམ་སྟོན་གྱི་ཤོག་གྲངས་ ༥༤ ན་གསལ།
༤༩༽ ལེགས་བཤད་བསྟན་བཅོས་ཕྱོགས་བསྒྲིགས་ཀྱི་དེབ་དང་པོའི་ཤོག་གྲངས་ ༢༢༣ ན་གསལ།
༥༠༽ རྡུལ་ཕྲན་གཅིག་ཁོ་ནིའི་སྟེང་གི་འཇིག་རྟེན་གྱི་ཤོག་གྲངས་ ༡༣ ན་གསལ།
༥༡༽ ཆབ་སྲིད་ལམ་སྟོན་དེབ་གཉིས་པའི་ཤོག་གྲངས་ ༧༡ ན་གསལ།
༥༢༽ རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་ཤོག་གྲངས་ ༢༦༢ ༢༧༣ ལས་དྲངས།

མདུན་ཤོག

Menu