ལེའུ་དྲུག་པ།

སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་གྱིས། །
དམག་ལས་དང་པོ་བདུད་བྱ་སྤུན་གསུམ་བཏུལ། །
ལྷ་སྲས་དེ་ཡི་སྐུ་རིམ་འཚོ་རྟེན་སོགས། །
ཅི་དགོས་སྐོར་ལ་གླིང་དཔོན་ཞིབ་གྲོས་བྱས། །

    དེ་ནས་བདུད་རིགས་ཡོངས་ཀྱི་བླ་སྲོག་ལྕགས་ཀྱི་བྱ་ཁྲ་སྤུན་གསུམ་ཡོད་པ་དེ་རྣམས་ཀྱིས་རིའི་རྒྱལ་པོ་རི་རབ་ཀྱི་ལོགས་སུ་ཚང་བཟོས་ཤིང༌། སྐབས་རེར་ལུས་བྲག་རྡོ་ལྟ་བུ་ཤིན་ཏུ་ཆེན་པོར་གྱུར་པ་དང༌། སྐབས་རེར་ལུས་མཐེ་བོང་ལྟ་བུའི་ཧ་ཅང་ཆུང་ངུར་གྱུར་ཏེ་ཉིན་རེ་བཞིན་འཛམ་བུ་གླིང་གི་དགེ་སེམས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཚེ་སྲོག་ལ་བར་ཆད་གཏོང་བ་དང༌། སེམས་ཅན་ཀུན་ལ་འཚེ་བའི་ལས་1མང་དུ་བྱས། ཚུལ་དེ་ནི་མི་ཕལ་པ་རྣམས་ཀྱིས་མཐོང་མི་ཐུབ་ཀྱང་དཀར་ཕྱོགས་ཀྱི་ལྷ་སྐྱོང་སྲུང་མ་རྣམས་ཀྱིས་གཟིགས་ནས་བདུད་བྱ་སྤུན་གསུམ་པོ་བར་སྣང་དུ་བཀུག་སྟེ་གང་དུ་ཡང་འགྲོ་དབང་མེད་པར་གྱུར་ཏེ་ལྡིང་སྐོར་བྱེད་བཞིན་པའི་སྐབས་སུ། གླིང་གེ་སར་གྱིས་འདུལ་བའི་དུས་ལ་བབས་པ་གཟིགས་ནས་རྫུ་འཕྲུལ་གྱིས་གཞན་ཕལ་པས་མཐོང་མི་ཐུབ་པའི་མདའ་དང་གཞུ་བཀོད་དེ་ནམ་མཁར་འཕངས་མ་ཐག་བྱ་རོ་གསུམ་ཐང་དུ་ལྷུངས་སོ། །
    དེའི་དུས་སུ་སྐུ་གཅེར་བུར་བྲག་སྟེང་དུ་བཞུགས་པས་རྡོ་ཐོག་ན་བྱིས་པ་ལོ་གསུམ་ཙམ་གྱི་བརླ་དང་མཚང་རའི་རྗེས་དུས་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་རེད། དེ་ནས་བཟུང་མི་རྣམས་ཀྱིས་ངག་རྒྱུན་དུ། ཞག་གཅིག་ཞག་ངོ་མ་ལོན་གོང༌། །གནམ་གྱི་བྱ་ནག་སྤུན་གསུམ་བཏུལ། །ཞེས་ཟེར་སྲོལ་བྱུང་བ་རེད། རྒྱ་ཚ་ཞལ་དཀར་གྱིས་སྐྱེ་བུ་དེ་པང་དུ་བླངས་ནས་དགའ་སྤོབས་ཆེན་པོས། ང་ཡི་སྤུན་ཆུང་འདིའི་འཕྲིན་ལས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག ཕྲུ་གུ་འདི་དེ་རིང་སྐྱེས་པ་ཞིག་ཡིན་ཡང་ལོ་གསུམ་གྱི་གཟུགས་ཚད་ལོངས་པ་ཞིག་འདུག འདི་ཡང་མ་བཞི་སྨུག་པོ་གདོང་གི་རྒྱུད་པ་ཁྱུང་སྒོ་ངའི་ནང་ནས་རྩལ་དྲུག་རྫོགས་པ་ཞིག་ཡིན་པ་ཐག་གིས་ཆོད། ངེད་སྤུན་གཉིས་ཀྱིས་ཅི་བྱས་ལམ་དུ་མི་འགྲོ་བའི་ཐེ་ཚོམ་མེད། སྔར་གྱི་གཏམ་དཔེར། བུ་སྤུན་གཉིས་སྒྲིག་དགྲ་ཡི་ཐོ་བ།  །རྒོད་མ་གཉིས་སྒྲིག་ཕྱུགས་ཀྱི་རུ་མ།  །ཟེར་བ་ལྟར་ཡིན།  ཕྲུ་གུ་འདི་ལ་གྱོན་པའི་གོས་དང༌། དཀར་གསུམ་ཟས་ཀྱིས་གསོ་སྐྱོང་ལེགས་པར་བྱོས།  །ཞེས་གསུངས་ཤིང་དབུ་ཐོད་གཏུགས་ཏེ་ངའི་གཅུང་པོ་འདི་ལ་རེ་ཞིག་མིང་ལ་ཇོ་རུ་ཞེས་བཏགས་རྒྱུ་ཡིན། འདི་ལ་ངོ་མཚར་བའི་རྟགས་མཚན་གསལ་པོ་འདུག འགོགས་མོ་ཁྱོད་ཀྱིས་བུ་འདི་ཉར་ཚགས་ཡག་པོ་གྱིས། ངས་སྤྱི་དཔོན་ལ་སྙན་གསེང་ཞུས་ནས་ཕྲུ་གུ་འདིའི་མ་འོས་པའི་ཆེད་གྲོས་མོལ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་ཏེ། ཤར་རེར་གླིང་དཀར་སྤྱི་དཔོན་གྱི་དྲུང་དུ་བཅར་ཏེ་ལོ་རྒྱུས་ཞུ་བའི་གླུ་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན།  །ས་འདི་ཁྲ་དཀར་གནམ་རྫོང་རེད།  །ང་ནི་རྒྱ་ཚ་ཞལ་དཀར་ཡིན། །གླིང་སྤྱི་དཔོན་གསོན་དང་ཞུ་རྒྱུ་ཡོད།  །དཔྱིད་གསུམ་སོ་ནམ་བྱས་པ་ཡི། །སྟོན་གསུམ་འབྲས་བཟང་སྙེ་མ་དེ།  །སེར་ལྡེམ་མེར་ཞིང་ཁའི་རྒྱན་དུ་བྱུང༌། །འདི་ནམ་འབྲེག་མི་ཤེས་ཁྱོད་ལ་འདྲི། །མ་ཀླུ་མོ་འགོགས་བཟའ་ལྷ་མོ་དེར། །བུ་རྨད་བྱུུང་སྐྱེས་མཆོག་ལྷ་སྲས་འཁྲུངས། །ལོ་གསུམ་གྱི་གཟུགས་ཚད་ལོངས་ནས་འདུག །དེའི་ཚེ་ལ་བར་ཆད་མི་ཡོང་སླད། །ཚེ་དབང་ཞབས་རིམ་གསོག་སྒྲུབ་དང།  །གཉིས་ནས་རྒྱལ་སར་ཆེ་འདོན་དང༌། །གསུམ་ནས་མ་འོངས་འཚོ་རྟེན་སོགས། །ཅི་བྱ་དགོས་བློ་ཐག་མ་ཆོད་པས། །གླིང་སྤྱི་དཔོན་མཆོག་གིས་བཀའ་ཞིག་སྩོལ། །
    ཞེས་པའི་གླུ་འདི་ཕུལ་བར། གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་བསམ་བློ་མང་དུ་བཏང་ནས་ཡིན་ལུགས་མིན་ལུགས་ཀྱི་གླུ་ལན་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །སྟེང་གོང་མ་ལྷ་ཡིས་བཀོད་འདྲའི་སྲས། །གཉེན་ཉེ་དུས་ཆེ་འདོན་བྱས་པ་དེ། །ཕྱོགས་མེད་པའི་འགྲོ་བས་བཀུར་ལེ་མིན། །མ་འགོགས་མོའི་སྐྱེས་མཆོག་ལྷ་སྲས་དེ། །སྟོབས་རྫུ་འཕྲུལ་གྱིས་གསེར་ཁྲིར་མ་བཞུགས་བར། །བཀུར་མི་དགོས་རང་སར་བཞག་ན་ཡང། །དབང་བཙན་པོས་གོང་ལ་ཤོར་ཏེ་འགྲོ །ཕ་ཨ་ཁུའི་དཔུང་རོགས་དགོས་དོན་མེད། །སྲས་དགུང་ལོ་བཅུ་གཉིས་མ་སོན་བར། །ལས་ཅི་མཛད་རྗེས་སུ་འབྲང་རྒྱུ་ལས། །འདི་དགོས་ཀྱི་ཁ་ཏ་དགོས་དོན་མེད། །དགྲ་བདུད་སྡེ་ཕམ་པར་མཛད་ངེས་ཡིན། །ལས་དེ་འདྲ་སྔོན་གྱིས་བསྐོས་པ་རེད། །ཡུན་མི་འགོར་སྐྱིད་པའི་ཉི་མ་ཤར། །དེ་ཨེ་གོ་ཞལ་དཀར་འབུམ་པ་དཔོན། །གླུ་དེ་ནི་ཞལ་དཀར་ཐུགས་ལ་ཟུངས། །
    ཞེས་ཕྱི་ནང་བསླབ་བྱ་སོགས་བཀའ་བགྲོས་ཞིབ་མོར་མཛད་དེ་ཐུགས་དགྱེས་པོའི་ངང་ནས་ཕྱིར་ཕེབས་སོ། །
    ཡང་སྙིང་སྲས་དེར་གནས་ཚུལ་ཇི་བྱུང་ལེའུ་ཕྱི་མར་གཟིགས་པར་འཚལ།

མཆན་འགྲེལ།

  1. འཚེ་བའི་ལས།    གཞན་ལ་གནོད་པའི་ལས་ཀ་བྱས་པ་ལ་ཟེར།

དྲི་བ།
༡།    རྒྱ་ཚས་ལྷ་སྲས་ལ་མཚན་གང་གསོལ་འདུག་གམ།
༢།    ལྷ་སྲས་དེ་སྐྱེས་པ་དང་གཞན་ཕན་གྱི་ཕྱག་ལས་བདུད་བྱ་བཏུལ་ཡོད་ན། གྲོགས་པོ་ཁྱེད་ཀྱིས་གཞན་ལ་ཕན་པའི་ལས་ཀ་གང་ཞིག་བྱེད་རྩིས་ཡོད་དམ།

ལེའུ་བདུན་པ།

ཨ་ཁུ་ཁྲོ་ཐུང་ཇོ་རུར་སྡང་སེམས་ཀྱིས། །
ཟས་དུག་བཏབ་ཀྱང་གནོད་པ་མ་འཚུག་པར། །
མཐུ་ཆེན་ཨ་མྱེས་ནོར་གྱིས་བླུས་ནས་ནི། །
གེ་སར་ནོར་བུ་དགྲ་འདུལ་བསྒྲལ་བར་མངགས། །

    དེ་ནས་གླིང་དཀར་པོའི་ཡུལ་དེར་སྐྱེས་མཆོག་ལྷ་སྲས་རྨད་དུ་བྱུང་བ་ཞིག་འཁྲུངས་པའི་གཏམ་བཟང་ལུང་པར་ཁྱབ་སྟེ་གླིང་འབངས་རྣམས་དགའ་བདེར་རོལ་བཞིན་ཡོད་པའི་སྐབས། སྟག་རོང་ཨ་ཁུ་ཁྲོ་ཐུང་དེ་གླིང་ཆེ་རྒྱུད་ཀྱི་དཔོན་ཡིན་རུང་གླིང་པ་སྤྱི་ལ་བདག་དབང་མེད་པའི་ཁར་ཆུང་རྒྱུད་ཚང་ལ་ལྷ་སྲས་སྤྲུལ་པའི་སྐུ་ཞིག་འཁྲུངས་པའི་གཏམ་དེ་ཐོས་འཕྲལ་དེ་བས་ཞེ་སྡང་དང་ཕྲག་དོག་ཆེས་ཆེར་ལངས་ཏེ། ལྷ་སྲས་དེ་གཡོ་སྒྱུས་གསོད་རྒྱུའི་བསམ་ངན་ཡིད་ལ་བཅངས་ཏེ། མར་དང། སྦྲང་རྩི་དང། བུ་རམ་སོགས་དཀར་གསུམ་ཟས་ཀྱི་བྱེ་བྲག་མང་པོ་འཁྱེར་ཏེ་ཟས་དེ་ཚོའི་ནང་རྒྱུ་དུག་ཡུ་མོ་རྒྱུག་འགྱེལ་ཞེས་པ་དེ་བཏབ་སྟེ་ལྷ་སྲས་ལ་རྐན་མར་ཀྱི་ཚབ་ཏུ་འབུལ་བར་འགོགས་མོ་མ་བུའི་རྩར་འོངས། ལྷ་སྲས་དེ་མཐོང་མ་ཐག་ཤིན་ཏུ་དགའ་བའི་རྣམ་འགྱུར་བཅོས་མ་ཞིག་བསྟན་ཏེ། ཨ་རེ་དགའ། ངའི་ཚ་པོ་འདི་དེ་འདྲའི་ཤ་ཚ་བ་ཞིག་འདུག ད་ལྟ་སྐྱེས་ནས་ཞག་གསུམ་ལས་མ་སོང་ཡང་ལོ་གསུམ་ལོན་པའི་ཕྲུ་གུའི་གཟུགས་ཚད་ཙམ་འདུག་པས་ངོ་མཚར་ཆེ། སྨུག་པོའི་རྒྱུད་པ་འདི་འདྲ་ལོས་ཡོད། ཕ་དང་ཨ་ཁུས་རྐན་མར་བྱིན་ན་དབང་ཐང་ལ་ཕན་ངེས་ཀྱང༌། སྤྱི་དཔོན་དང་ཞལ་དཀར་སོགས་དགོས་དུས་ག་ལ་ཡོད། གནའ་མིའི་གཏམ་དཔེར་འཁྱགས་དུས་གོས་ལ་ལྗིད་མེད། ལྟོགས་དུས་ཟས་ལ་བཅུད་མེད་ཟེར་བ་དེ་བདེན་ནོ། །ངས་ཀྱང་ཚ་བོ་ཁྱོད་སྐྱེས་པ་དེ་རིང་བར་མ་གོ་བས། ད་ལན་རྐན་མར་གྱི་ཚབ་ཏུ་ཟས་གཙང་མ་འདི་ཚོ་འབུལ་བར་ཡོང་བ་ཡིན་ཞེས་ཟེར་ནས་བརྩེ་བ་ཆེ་མདོག་གིས་དུག་བཏབ་པའི་ཟས་རྣམས་ལྷ་བུར་ཕུལ། ལྷ་བུས་ཀྱང་ཟས་དེ་རྣམས་ལྷག་ལུས་མེད་པར་བཟས། ཁྲོ་ཐུང་གི་སེམས་སུ་ངའི་དུག་འདི་ནི་མི་རྒན་ཐང་པོ་སུ་ཞིག་གིས་བཟས་ཀྱང་ཤི་རྒྱུ་ཁོ་ན་ལས་མེད་པས་ཕྲུ་གུ་དེ་ལྟ་བུ་ཞིག་མི་འཆི་བའི་ཐབས་ག་ལ་ཡོད་སྙམ་ནས་དགའ་བར་གནས་སོ། །
    དེ་སྐབས་ལྷ་སྲས་སྤྲུལ་སྐུ་དེས་དུག་རྣམས་རྫུ་འཕྲུལ་གྱིས་མཛུབ་མོའི་རྩེ་ནས་ནག་ཐང་ཐང་དུ་ཕྱིར་ཐོན་པས། ཁྲོ་ཐུང་གི་སེམས་པར། ལྷ་སྲས་དེའི་མ་ཀླུ་མོ་ཡིན་སྟབས་ཀླུ་དུག་གི་ཕུང་པོ་ཡིན་པས་དུག་གིས་མི་གནོད་པ་འདྲ། དེ་ལས་ལྕི་ཕུ་བྲག་ནག་ལུང་མདོར་ཞང་ཞུང་བོན་གྱི་མཐུ་མཁན་མིང་ལ་ཨ་མྱེས་སྒམ་པོ་ར་ཛ་ཟེར་བ་དེའི་མཐུ་ནི་སྐྱེ་བ་གང་འདྲ་ཞིག་ཡིན་རུང་ལྡོག་ཐབས་མེད་པས། ཨ་མྱེས་དེར་རེ་བ་བཅོལ་རྒྱུ་ལས་འོས་མེད་བསམས་ཏེ། མ་འགོགས་མོ་ལ་བུ་དེ་ནི་ཕལ་པ་ཞིག་མ་ཡིན་པར་ངོ་མཚར་འགྲན་ཟླ་བྲལ་བའི་སྐྱེས་བུ་ཞིག་ཡིན་འདུག་ཀྱང༌། སྔོན་མ་ཚེ་དབང་སོགས་གང་ཡག་མ་བྱུང་བས་ཚེ་ཡི་བར་ཆད་ཤིན་ཏུ་ཆེ། དེ་ནས་བླ་མ་ཞིག་གདན་དྲངས་ནས་ཚེ་དབང་བསྐུར་དགོས། དེའི་དབང་ཡོན་སོགས་ང་རང་གིས་འབུལ་རྒྱུ་ཡིན་ཞེས་ཟེར་ནས་མ་འགོགས་མོ་ལ་ཁྱིམ་དུ་གྲ་སྒྲིག་བྱེད་བཅུག་པ་དང༌། ཁྲོ་ཐུང་ཁོ་རང་ལྕི་ཕུ་བྲག་ནག་ལུང་མདོར་བླ་མ་གདན་འདྲེན་པར་སོང༌། ལྕེ་ཕུ་བྲག་ནག་ཏུ་ཨ་མྱེས་དེ་ཡང་མཚན་མོ་རྨི་ལམ་འཚུབས་པའི་རྐྱེན་གྱིས་གཏོར་བཟློག་འདོན་བཞིན་ཡོད་པའི་སྐབས་སྟག་རོང་ཁྲོ་ཐུང་ཡང་དེར་འབྱོར་ཏེ་ཨ་མྱེས་ལ་ཕྱག་འཚལ་ནས་གླིང་གི་ལྷ་སྲས་ཇོ་རུ་བསྒྲལ་1དགོས་ལུགས་གྱི་གླུ་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ས་འདིའི་ས་ངོ་མ་ཤེས་ན། །ལྕི་ཕུ་བྲག་ནག་ལུང་མདོ་རེད། །ཨ་མྱེས་སྒམ་པོའི་སྒྲུབ་ཕུག་རེད། །མི་ང་དང་ང་ངོ་མ་ཤེས་ན། །སྟག་རོང་མ་བཞི་ཁྲོ་ཐུང་ཟེར། །དུག་མཚོ་ཁོལ་མའི་མགོ་རྫི་ཡིན། །གཡུང་དྲུང་བོན་གྱི་སྦྱིན་བདག་ཡིན། །བུ་ཇོ་རུ་སྐྱེས་པའི་ཉིན་ནས་བཟུང༌། །བོན་སྒམ་པོ་ར་ཛཱ་གསོད་དགོས་ཟེར། །དེ་བསྒྲལ་བའི་དཔའ་བོ་ཡིན་ནོ་ཟེར། །སྡེ་སྟག་རོང་བདག་དབང་བྱེད་དགོས་ཟེར། །དུག་ནག་པོ་བྱིན་ཡང་ཚུགས་མི་ནུས། །དེ་བསྒྲལ་བའི་ནུས་མཐུ་ཁྱོད་ལ་ཡོད། །འདྲེ་ཇོ་རུ་བསྒྲལ་བའི་འབུལ་བ་2ལ། །ང་སྟག་རོང་ལྷ་ཟོག་གཡང་མཛོད་འབུལ། །བོན་ཨ་མྱེས་ཐུགས་ལ་དེ་ལྟར་ཟུངས། །
    ཞེས་མགོ་སྐོར་རྫུན་གཏམ་གྱི་གླུ་དེ་ཕུལ་བ་དང༌། ཨ་མྱེས་ཀྱིས་བསམ་བློ་མང་དུ་བཏང་སྟེ། ང་རང་གི་མཐུ་འདིས་བྲག་རྡོ་རྗེ་ཡིན་ཡང་ཐལ་བར་གཏོང༌། ལྷོ་གཡུ་འབྲུག་ཡིན་ཡང་ཐང་ལ་ཕབ་ནུས་པ་ཞིག་ཡིན་པས། གཞན་མི་ཐུབ་པ་ག་ལ་ཡོད། འོན་ཀྱང་ཁྲོ་ཐུང་ལ་ལས་དེ་བསྒྲུབ་དཀའ་བའི་འཇིགས་བསྐུལ་ཞིག་མ་བྱས་ན་རྒྱུ་ནོར་མང་ཙམ་མི་ལོན་སྙམ་སྟེ། ཁྲོ་ཐུང་ལ་གླུ་ལན་འདི་ལྟར་འབུལ་ལོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ས་འདི་ནི་ལྕི་ཕུ་བྲག་ནག་རེད། །བདུད་ཐེའུ་རང་དམ་ལ་འདོགས་ས་རེད། །དེ་ནས་གསོན་དང་སྟག་རོང་དཔོན། །རྗེ་བླ་མ་གསེར་གྱི་དབུ་ཞྭ་ཅན། །སྤྱན་ཁྲ་ཆུང་ནམ་མཁར་གཟིགས་ན་ཡང༌། །ཐུགས་དགོངས་པ་ཟང་ཟིང་རྒྱུ་ལ་ཟུག །དེ་བལྟས་པས་མ་ཤེས་དཔྱད་ན་ཤེས། །གདོང་མ་གཞི་ཁྲོ་ཐུང་གསུངས་ལུགས་ལ། །དེར་ཡོང་བ་ཨ་མྱེས་དོན་ཡིན་ཟེར། །ཐུགས་གཏད་ས་སྟག་རོང་སྡེ་དོན་དགོངས། །དེ་ཉན་པས་མི་གོ་འབུལ་བས་ཤེས། །མ་འགོགས་མོའི་བུ་སྡུག་ཇོ་རུ་དེ། །ང་ཨ་མྱེས་གསོད་མཁན་བུ་ཡིན་ན། །ང་མི་འགྲོ་ཚེ་ཟད་སྲིན་སྒོ་རེད། །ང་ཨ་མྱེས་མི་གཅིག་བྲོས་ཀྱང་ཆོག །རྒྱུ་འབུལ་བའི་མང་ཉུང་མ་ཤེས་པར། །སྲོག་དམར་པོ་འབེན་ལ་འཇོག་དོན་མེད། །དཔོན་ཁྲོ་ཐུང་ཐུགས་ལ་དེ་ལྟར་ཟུངས། །
    ཞེས་གླུ་ལན་ཕུལ་བ་དང་ཁྲོ་ཐུང་གིས་ཨ་མྱེས་ལ་བརྐྱངས་ཕྱག་སྡོང་པོ་འགྱེལ་བ་ལྟ་བུ་ཐེངས་དགུ་འཚལ་ནས་བཤད་པར། གནམ་ས་གཉིས་ཀྱི་བར་ལ་ཁྱོད་ཀྱི་མཐུས་མི་ཐུབ་པ་ཞིག་མི་སྲིད་པས་ད་རེས་ཅིས་ཀྱང་འབྱོན་པར་ཞུ། འབུལ་བ་ལ་སེམས་ཁྲལ་མི་དགོས། སྟག་རོང་གི་གཡང་ནོར་ཚང་མ་འབུལ་རྒྱུ་མ་ཟད་ཁྱོད་ཀྱི་དབྱར་དགུན་ཚང་མའི་འཚོ་བ་བདག་གིས་འབུལ་རྒྱུ་ཡིན། ཁྱོད་ཐུགས་ཡིད་མ་ཆེས་ན་སྟག་རོང་གི་ཕ་མེས་རྣམས་དཔང་དུ་བཞག་རྒྱུ་ཡིན་ཟེར། དེ་ནས་ཨ་མྱེས་ཀྱང་བློ་བདེ་པོ་བྱུང་ནས་དེ་འདྲ་ཡིན་ན་བདག་གིས་འགྲོ་ལ་སྟག་རོང་དཔོན་གྱི་བཀའ་བསྒྲུབ་ཆེད་དོ་ནུབ་ཇོ་རུའི་སྲོག་དམར་དེ་ལེན་ཨེ་ཐུབ་བལྟའོ་ཟེར། དེ་འཕྲལ་ཁྲོ་ཐུང་ཡང་ཅུང་བློ་བདེ་བར་སོང་སྟེ་བྲེལ་འཚུབ་ངང་རང་གནས་སུ་སོང་ངོ༌། །
    ཡང་སྙིང་ཨ་མྱེས་དེས་ཇོ་རུ་བསྒྲལ་ཡོད་མེད་ལེའུ་ཕྱི་མར་གཟིགས་པར་འཚལ།

མཆན་འགྲེལ།

  1. བསྒྲལ།     འདིར་གསོད་པའི་དོན་ལ་གོ དཔེར་ན། བདུད་དེ་ངེས་པར་དུ་བསྒྲལ་དགོས་ཞེས་པ་ལྟ་བུའོ། །
  2. འབུལ་བ།    ལས་ཀ་བྱས་པའི་གླ་ཆའི་མིང་སྟེ། དཔེར་ན། ཕྱག་ལས་དེ་བསྒྲུབས་ན་འབུལ་བ་ཐུགས་འདོད་ལྟར་འབུལ་ཆོག་ཅེས་པ་ལྟ་བུའོ། །

དྲི་བ།
༡།    ཁྲོ་ཐུང་གིས་ཇོ་རུ་བཀྲོངས་པའི་ལས་ངན་གང་དང་གང་བརྩམས་སམ།
༢།    ཁྲོ་ཐུང་གིས་ཇོ་རུ་བཀྲོངས་པའི་དམིགས་ཡུལ་གང་ཡིན་ནམ།

ལེའུ་བརྒྱད་པ།

ཇོ་རུས་རྫུ་འཕྲུལ་གྱིས་ནི་ཨ་མྱེས་བཏུལ། །
དེ་ཡི་གཟུགས་སུ་སྤྲུལ་ནས་ཁྲོ་ཐུང་གི།
སྒོ་རྩར་བྱོན་ཏེ་འབུལ་བ་གཡང་ནོར་བླངས། །
ཨ་ཁུ་ཁྲོ་ཐུང་སོམ་ཉིའི་དྲ་བར་ཚུད། །

    དེ་ནས་བུ་ཇོ་རུས་ཨ་མ་ལ་དེ་རིང་ཨ་མྱེས་སྒམ་པོ་ར་ཛཱ་ཟེར་བ་དེ་འདུལ་བའི་དུས་ལ་བབས་འདུག རྡེའུ་1བཞི་ཁྱེར་ཤོག་ཅེས་གསུངས་པས། མ་འགོགས་མོས་ལམ་སང་རྡེའུ་བཞི་འཁྱེར་ནས་བུའི་ཕྱག་ཏུ་ཕུལ། བུས་རྡེའུ་དེ་རྣམས་གཡས་གཡོན་མདུན་རྒྱབ་བཞིར་བཞག་ནས། ཀླུ་གཉན་དགྲ་ལྷ་ཆོས་སྐྱོང་ལ་སོགས་པའི་སོ་སོའི་རྟེན་མཁར་2གྱི་ཚུལ་དུ་བྱས་པས། དེ་དག་སོ་སོར་དགྲ་ལྷ་ཆོས་སྐྱོང་རྣམས་ཐིམས་ཏེ་བཞུགས་སོ། །དེ་སྐབས་ཨ་མྱེས་སྒམ་པོ་ར་ཛཱ་དེ་ཡང་རང་གི་སྒྲུབ་ཁང་ནས་ཐོན་ཏེ་བུ་ཇོ་རུའི་སྦྲ་གུར་གྱི་འགྲམ་དུ་མ་སླེབས་བར་ལམ་བར་དུ་ངན་སྔགས་མང་དུ་བཟླས་པས། ལྷ་ཀླུ་གཉན་སོགས་ཚང་མ་རྡེའུ་དང་དབྱེར་མེད་དུ་བཞུགས་པས་སྐུ་ལ་སྐྱོན་གང་ཡང་མ་བྱུང༌། ཨ་མྱེས་སྒམ་པོ་ར་ཛཱ་དེ་ཇོ་རུའི་སྒོ་རྩར་སླེབས་པ་དང་དུས་མཉམ་དུ་ཇོ་རུས་རྡེའུ་བཞི་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཨ་མྱེས་ཁོ་ཡོང་སའི་ཕྱོགས་ལ་གཏོར་བས། དེར་ཨ་མྱེས་ཀྱི་སྣང་བ་ལ་གསེར་ཁྲབ་དང་གཡུ་ཁྲབ་གྱོན་པའི་མཁའ་འགྲོའི་དམག་ཚོགས་འཇིགས་སུ་རུང་བས་རང་ཉིད་དེད་པའི་སྣང་བ་ཤར་ཏེ་དངངས་སྐྲག་ཆེན་པོས་ཕྱི་བལྟས་ཙམ་ཡང་མ་བྱས་པར་བྲོས། སྐབས་དེར་ཇོ་རུའི་སྤྲུལ་པ་གསུམ་བྱུང་ཞིང༌། སྤྲུལ་པ་གཅིག་གིས་མ་འགོགས་མོ་སྲུང་ནས་བསྡད། སྤྲུལ་པ་གཅིག་ཨ་མྱེས་ཀྱི་སྒྲུབ་ཁང་དུ་ཕྱིན་ནས་སྨོན་ལོག་ཁོའི་འཐུང་ཆུ་དང་འཚོ་ཆས་རྣམས་མེད་པར་བཟོས། སྤྲུལ་པ་གཞན་གཅིག་གིས་ཨ་མྱེས་རྗེས་དེད་པས་ཨ་མྱེས་དེས་རང་གི་རྗེས་འདེད་མཁན་དེར་ཁ་གཏད་གཅོག་ཆེད་རྟེན་གཏོར་རྣམས་གཡུག་དགོས་བསམ་ནས་བྲག་ཕུག་ནང་འཛུལ་ཏེ་རྟེན་གཏོར་ལེན་པར་སོང་བ་ན། ཇོ་རུ་ཡང་ཁོའི་རྗེས་བཞིན་བྲག་ཕུག་དེའི་ནང་ཡར་འཛུལ་རྗེས་རྫུ་འཕྲུལ་གྱིས་རྡོ་ཕ་བོང་གཡག་རོ་ཙམ་ཞིག་གིས་སྒྲུབ་ཁང་དེའི་སྒོ་བཀག་ནས་ཨ་མྱེས་གང་དུའང་འགྲོ་ས་མེད་པར་བཟོས། ཨ་མྱེས་ཁོས་རང་ཉིད་རྗེས་འདེད་བྱེད་མཁན་དེ་བུ་ཇོ་རུ་ཡིན་པ་ད་གཟོད་ཤེས་ནས་སྨོས་པ། འདྲེ་ཕྲུག་ཇོ་རུ་ཞག་གསུམ་ཁྱོད། །རྣ་བས་ཉོན་ལ་མིག་གིས་ལྟོས། །རིང་པོའི་གྲི་དང་ཐུང་ངུའི་ཁབ། །གྲི་ཁབ་གཉིས་ནས་སུ་བཟང་བལྟ། །ཟེར་ནས་ཞག་བསྒྲུབས་ཀྱི་གཏོར་ཆེན་འཕངས་པས་བྲག་དེ་འགུལ་ཙམ་ཞིག་ལས་མ་བྱས། ཡང་ཟླ་བསྒྲུབས་ཀྱི་གཏོར་ཆེན་དེ་ངན་སྔགས་འདོན་བཞིན་དུ་འཕངས་པས་བྲག་སེར་ཁ་ཤིག་གེར་བཏང༌། སེར་ཁའི་བར་ནས་གནམ་ལྕགས་ཐོག་དང༌། འབྲུག་སྐད་དང་གློག་དམར་བཅས་གསུམ་དུས་མཉམ་དུ་བརྒྱབས། དེ་ལྟ་བུའི་ཐོག་འབྲུག་གློག་གསུམ་གི་ནུས་པས་སྐྱེ་བོ་ཕལ་པ་ཞིག་ཡིན་ན་ཐལ་བར་གཏོང་རྒྱུ་ལས་འོས་མེད། འོན་ཀྱང༌། ཇོ་རུ་ནི་སྐབས་དེར་སྣང་སྲིད་ཟིལ་གནོན་པདྨ་དྲག་པོའི་སྐུའི་ངོ་བོར་གྱུུར་ཡོད་པས་ཁོའི་མཐུས་གནོད་ག་ལ་ཐུབ། ཨ་མྱེས་ཁོས་མཐར་ལོ་མང་བསྒྲུབས་པའི་གཏོར་ཆེན་དེ་འཕེན་རྩིས་བྱེད་སྐབས། བུ་ཇོ་རུས་རྫུ་འཕྲུལ་གྱིས་ཁོའི་ལོ་བསྒྲུབས་ཀྱི་གཏོར་ཆེན་རྣམས་དུ་བའི་ཕུང་པོར་གྱུར་པས་དུ་བ་ཁོའི་གློ་མིག་ཏུ་འཛུལ་ནས་གློ་བརྒྱབས་ཏེ་ངན་སྔགས་འདོན་མི་ཐུབ། སླར་ཡང་ཇོ་རུས་དུ་བ་མེར་གྱུར་ཏེ་སྨོན་ལོག་པ་སྒམ་པོ་ར་ཛཱ་དེ་ཐལ་བའི་རྡུལ་ཕྲན་ལྟ་བུར་བཏང་ངོ༌། །
    ཨ་མྱེས་སྒམ་པོ་ར་ཛ་བཏུལ་བའི་ཉིན་བཞི་པ་དེར། མ་འགོགས་མོའི་དྲུང་དུ་བཞུགས་པའི་ཇོ་རུའི་སྤྲུལ་པ་དེས་ཞོགས་པ་སྔ་པོར་ལངས་ཏེ་ཨ་མྱེས་སྒམ་པོ་ར་ཛཱ་དངོས་འདྲ་བ་ཞིག་ལ་སྤྲུལ་ནས་སྟག་རོང་ཁྲོ་ཐུང་གི་སྦྲ་སྒོར་སོང་སྟེ་ཨ་ཁུ་ཁྲོ་ཐུང་ལ་གླུ་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །མི་ང་འདྲ་ང་ངོ་མ་ཤེས་ན། །ཨ་མྱེས་སྒམ་པོ་ར་ཛཱ་ཡིན། །ཁྱོད་སྟག་རོང་སྐུ་བསོད་ཆེ་བ་དང༌། །ང་ཨ་མྱེས་ནུས་མཐུ་ཆེ་བས་ན། །ཁོ་བདུད་ཕྲུག་ཇོ་རུ་ཟེར་བ་དེའི། །སྲོག་དམར་པོའི་རྒྱུན་ཐག་བཅད་ནས་ཡོད། །དཔོན་སྟག་རོང་སྔར་གྱི་ཞལ་བཞེས་ལ། །འབུལ་གཡང་ནོར་མང་པོ་ཁས་བཅད་ཀྱང༌། །ནོར་མང་པོའི་དགོས་པ་ང་ལ་མེད། །དགོས་ངེས་ཀྱི་ནོར་ནི་གཉིས་རང་སྟེ། །སྡེ་སྟག་རོང་གཡང་གི་སྒྱེ་མོ་དང༌། །ཤིང་དབྱུག་པ་ལྕང་དཀར་བེར་ག་བཅས། །དེ་གཉིས་པོ་བྱུང་ན་ཆོག་པ་ཡིན། །དཔོན་ཁྲོ་ཐུང་ཐུགས་ལ་དེ་ལྟར་ཟུངས། །
    ཞེས་ཇོ་རུའི་པགས་པ་དང་འདྲ་བ་ཞིག་དཔུང་པར་གྱོན་ནས་ཁྲོ་ཐུང་ལ་བལྟས་ཏེ་བསྡད། དེར་ཁྲོ་ཐུང་གི་སེམས་སུ་ད་ཇོ་རུ་ནི་བསད་ཚར་འདུག ཨ་མྱེས་ཡང་སྔར་དང་མི་འདྲ་བའི་དབང་ཤེད་ཆེ་རུ་སོང་འདུག་མོད། འོན་ཀྱང་ཁོ་ལ་ཁག་མེད་ཇོ་རུ་དང་ཁོང་གཉིས་བར་རྫུན་ཕྲན་བུ་རེ་སོང་བས་ལན་པ་ཡིན། ད་གཡང་སྒྱེ་དང་དབྱུག་པ་གཉིས་ཀ་སྤྲད་ན་ཕངས་པོ་ཞིག་ཡིན་ཀྱང་མ་སྤྲད་ན་ག་ལ་འགྲིག འོན་ཀྱང་ཨ་མྱེས་ཁོ་རང་ལོ་ན་བགྲེས་སྟབས་ཚེ་རིང་པོ་ནི་གསོན་མི་ཐུབ་པ་ཡིན། ཁོ་ཤི་རྗེས་སྟག་རོང་རང་ནོར་རང་ལ་དབང་རྒྱུ་ཡོང་ངེས་རེད། དེའི་བར་དུ་ཨ་མྱེས་དང་སྟག་རོང་ཉེ་འབྲེལ་ཡིན་ཁུལ་བྱས་ན་ནོར་གཞན་ལག་ཏུ་མི་ཤོར་བའི་དོགས་ཟོན་བྱེད་ཐུབ་ངེས་བསམས་ཏེ་ཁྱད་ནོར་གཉིས་པོ་མ་འདོད་བཞིན་དུ་ཨ་མྱེས་དེར་སྤྲད་ནས་ད་ཁྱོད་མགྱོགས་པོ་ཕེབས་ཤིག་ཅེས་ཟེར་བས་ཨ་མྱེས་ཡང་ཁ་ཕྱིར་བསྐོར་ཏེ་སོང་ངོ༌། །
    ཁྲོ་ཐུང་གི་ངོ་གདོང་དགོད་འཚེར་རེར་ཡོད་ནའང་སེམས་ནང་རང་ནོར་གཞན་ལ་ཤོར་བའི་ཕངས་སྣང་གི་མེ་ལྕེ་དྲག་པོ་འབར་བཞིན་དུ་ཨ་མྱེས་འགྲོ་ཤུལ་དུ་ལྟ་བཞིན་བློ་མི་བདེ་བར་གནས་སོ། །
    སྟག་རོང་རང་ནོར་རང་ལ་དབང་ཡོད་མེད་ལེའུ་ཕྱི་མར་གཟིགས་པར་འཚལ།

མཆན་འགྲེལ།

  1. རྡེའུ།         རྡོ་ཆུང་ཆུང་གི་མིང་ལ་ཟེར།
  2. རྟེན་མཁར།    ལྷ་སྐྱོང་སྲུང་མ་སོགས་བཞུགས་སའི་ཁང་པར་ཟེར།

དྲི་བ།
༡།    ཨ་མྱེས་སྒམ་པོ་ར་ཛ་དེའི་ལག་ཆ་གཙོ་བོ་ག་རེ་རེད་འདུག་གམ།
༢།    གྲོགས་པོ་ཁྱེད་ལ་མི་གཞན་གྱིས་རྒྱུ་དངུལ་མང་པོ་སྤྲད་ནས་མི་ཞིག་གསོད་ཤོག་ཟེར་ན་འགྲོ་ས་རེད་དམ། ཅིའི་ཕྱིར།
 

ལེའུ་དགུ་པ།

གཡང་ནོར་བློ་ཡིས་མ་བཟོད་བརྟག་པའི་ཕྱིར། །
ཁྲོ་ཐུང་སྤྲུལ་པ་བྲག་ཕུག་ནང་འཛུལ་སྐབས།
ཇོ་རུས་སྤྲུལ་པ་བཀག་པའི་བྱིན་རླབས་པས། །
གཡོ་སྒྱུའི་རྫུན་ལྤགས་བྲག་ཕུག་ནང་དུ་བུད། །

    བུ་ཇོ་རུས་ཨ་མྱེས་སྒམ་པོ་ར་ཛར་སྤྲུལ་ནས་སྟག་རོང་གི་ཁྱད་ནོར་གཉིས་པོ་ལོན་པའི་ཞག་པོ་ཁ་ཤས་ཀྱི་རྗེས་སུ། བུས་ཨ་མ་ལ་ཞུས་པར། དེ་རིང་ངའི་རིག་པ་སྔར་བས་དྭངས་ཤིང་བློ་བདེ་བ་དང༌། བག་ཕེབས་པ་ཞིག་འདུག་གསུངས་ཏེ་དགའ་བདེར་བཞུགས་པའི་སྐབས། ནམ་མཁའ་ནས་སྤྲུལ་པའི་གཡུ་སྦྲང་ཞིག་གིས་བུ་ཇོ་རུ་ལ་ལུང་བསྟན་གྱི་གླུ་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ་མཁྱེན། །མ་ནེ་ནེར་ལུང་བསྟན་འདི་འདྲ་ཡོད། །གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་དེར། །ཕར་བལྟས་ན་སེམས་པ་གནག་དང་འདྲ། །ལས་གང་བྱས་ཇོ་རུའི་གྲོགས་སུ་འགྱུར། །ཁོའི་སྙིང་ལ་གདོན་འདྲེ་ནག་པོ་ཞུགས། །སེམས་གདོན་འདྲེ་དེ་དང་མ་བྲལ་ན། །ནམ་རྒྱུན་དུ་གླིང་དཀར་ནང་འཁྲུག་བྱེད། །ཁོའི་རྫུ་འཕྲུལ་བཀག་པའི་བྱིན་གྱིས་རློབས། །སེམས་གདོན་འདྲེ་ཁ་ནས་སྐྱུགས་སུ་ཆུགས། །ལས་ངན་པ་སྤང་པའི་མནའ་ཆུ་བླུགས། །ལས་མི་བདེ་ཌ་རུ་འདྲ་བ་དེ། །རྫོང་བཅུ་གཉིས་སྒོ་མོ་འབྱེད་ཚེ་མཁོ། །བུ་ཇོ་རུའི་ཐུགས་ལ་དེ་ལྟར་ཟུངས། །
    ཞེས་གསུངས་པ་དེ་ཐོས་པ་དང༌། དེ་མ་ཐག་ཇོ་རུས་རྫུ་འཕྲུལ་གིས་ལྕི་ཕུ་བྲག་ནག་ཏུ་ཕེབས་ཏེ་བྱ་ཁྲ་ཞིག་ཏུ་སྤྲུལ་ནས་བྲག་ལོགས་སུ་བབས་ཏེ་བཞུགས།
    དེ་ཉིན་ཁྲོ་ཐུང་ཡང་ཉིན་ཤས་གོང་རང་ནོར་གཞན་ལག་ཏུ་ཤོར་བར་བློས་མ་བཟོད་དེ་ལྕི་ཕུ་བྲག་ནག་ཏུ་ལྟ་བར་ཡོང༌། དེར་བྲག་སྒོ་ནི་རྡོ་ཕ་བོང་ཤིན་ཏུ་ཆེན་པོ་ཞིག་གིས་བཀག་ནས་འདུག་ཀྱང་དེ་ལ་ཞིབ་མོར་བལྟ་དུས་རྒྱུག་པས་ཨི་ཁུང་ཆུང་ངུ་གཉིས་ཕུག་ནས་ཡོད་པ་མཐོང༌། ཁྲོ་ཐུང་གིས་ཨི་ཁུང་ཞིག་ནས་བྲག་ཕུག་ནང་ལྐོག་བལྟ་བྱས་པས། དེའི་ནང་རྡོ་ལེབ་ཅིག་གི་སྒང་ལ་ཨ་མྱེས་སྒམ་པོ་ར་ཛཱ་མགོ་ཐུར་དུ་བསྟན་ཏེ་མགོའི་རལ་པ་ཡང་ནག་ཉིལ་ལེར་ཤི་ནས་འདུག་པ་དང༌། དེའི་རྒྱབ་ཀྱི་བྲག་ངོས་སུ་དབྱུག་པ་བེར་ཀ་དང༌། གཡང་གི་སྒྱེ་མོ་གཉིས་བཀལ་ནས་བཞག་འདུག་པ་མཐོང་མ་ཐག་ཁོ་ཤིན་ཏུ་དགའ་ནས་བྱི་བ་ཆུང་ཆུང་ཞིག་ཏུ་སྤྲུལ་ཏེ་བྲག་ཕུག་ནང་དུ་འཛུལ་ནས་བལྟ་སྐབས་སྔར་གྱི་དབྱུག་པ་དང༌། གཡང་སྒྱེ་གཉིས་མཐོང་རྒྱུ་མེད་པར་གྱུར། འོན་ཀྱང་ཁོའི་སེམས་སུ་རང་ཉིད་བྱི་བར་སྤྲུལ་ཡོད་པས་བྱི་བའི་མིག་གིས་མ་མཐོང་བ་རེད་བསམས་ནས། གཟུགས་པོ་བྱི་བ་རང་འཇགས་ལ་མགོ་བོ་ཁྲོ་རང་གི་མགོ་ལ་སྤྲུལ་ནས་ཕྱོགས་ཐམས་ཅད་ལ་ལྟ་བཞིན་པའི་སྐབས། ཇོ་རུས་མ་ནེ་ནེའི་ལུང་བསྟན་གནང་བ་ལྟར་ཁྲོ་ཐུང་གི་སྤྲུལ་པ་བཤིག་རྒྱུ་མེད་པར་བྱིན་གྱིས་བརླབས་པ་དང༌། རྫུ་འཕྲུལ་གྱིས་བྲག་ཕུག་དེའི་ནང་མི་རོ་རློན་པ་ཁོ་ནས་ཁེངས་པར་བྱས་པས། ཁྲོ་ཐུང་ནི་གཞན་དང་མི་འདྲ་བའི་སྔགས་ག་ཚོད་བཏབ་ཀྱང་སྤྲུལ་མ་ཐུབ། མགྱོགས་མྱུར་ཨི་ཁུང་ནས་དོན་སྐབས་ལུས་ཐར་ཡང་མགོ་མ་ཐར་བས་ཁོའི་རྒྱུན་བསྟེན་གྱི་ལྷ་རྟ་མགྲིན་ལ་གསོལ་བ་ག་ཚོད་བཏབ་ཀྱང་ཕན་པ་གང་ཡང་མ་བྱུང༌། སྐབས་དེར་ཇོ་རུ་བྲག་སྒོར་ཕེབས་ཏེ་ཅི་ཡང་མི་ཤེས་པའི་ཁུལ་གྱིས་གསུངས་པར། ཨ་ཁྱད་མཚར། བདུད་སྒམ་པོ་ར་ཛཱ་བཏུལ་སའི་ཕུག་པ་འདིར་གཟུགས་ཅན་མི་མ་དགོས་གཟུགས་མེད་ཀྱི་འདྲེ་ཡིན་ཡང་ཐར་ས་མེད། འོན་ཀྱང༌། དེ་རིང་བྲག་སྒོར་རྟ་ཞིག་བཏགས་འདུག་པས་དེའི་ནང་རྫུ་འཕྲུལ་ཅན་གྱི་ལྷ་འདྲེ་གང་རུང་ཞིག་སླེབས་ཡོད་པ་ཐག་གིས་ཆོད་ཟེར་ཞིང། བྲག་སྒོ་བྱིས་པ་ཐར་ཙམ་ཞིག་ཕྱེ་ནས་ནང་དུ་གཟིགས་པར་ཕེབས། སྐབས་དེར་ཁྲོ་ཐུང་མཐོང་བ་དང་ཇོ་རུས་གློ་བུར་དུ་འདྲོགས་ཁུལ་བྱས་ཏེ། ཨའོ། བདུད་མི་མགོ་རྒྱ་བོ་འདི་ཟ་འདྲེ་ཞིག་ཡིན་པ་ཐག་ཆོད། འདི་མ་བསད་ན་གནོད་པ་ཆེན་པོ་བསྐྱལ་ངེས་རེད། ཅེས་གསུངས་ནས་ལྕང་དཀར་གྱི་རྒྱུག་པ་དེ་འཕྱར་ནས་གཞུ་རྩིས་བྱས་པས། ཁྲོ་ཐུང་གི་སེམས་སུ་ད་ནི་ཞུ་བ་འབུལ་ན་མ་གཏོགས་སྲོག་མགོ་ཐར་ས་མ་རེད་བསམས་ཏེ། ལུས་འདར་སིག་སིག་ངང༌།
    ཨ་ཙི་ཇོ་རུ་རིན་པོ་ཆེ། །ཇོ་རུ་མི་མིན་ལྷ་ཡི་སྲས། །ལྷ་དང་བླ་མ་ཡི་དམ་གསུམ། ཐུགས་ཁོང་ཁྲོ་ཡོད་ཀྱང་སེམས་འཛིན་མེད། ང་མ་གསོད་སྟག་རོང་ཁྲོ་ཐུང་ཡིན། །
    ཞེས་ཞུས་པས། ཇོ་རུས་གཏམ་དེ་ཐོས་འཕྲལ་ཧང་སང་མདོག་གིས། ཨ་ཁ་ཁ། བདུད་སྒམ་པོ་ར་ཛཱ་ཟེར་བ་དེ་ངས་བཏུལ་ཟིན་ཀྱང་ཁོའི་རྣམ་གཤིས་ཟ་འདྲེ་1ཞིག་ཏུ་སྐྱེས་ནས་ངའི་ཨ་ཁུ་ལ་གནོད་པ་བྱེད་ཀྱི་འདུག ཚ་བོ་ང་དུས་ཚོད་ཏོག་ཙམ་འགོར་ན་ཨ་ཁུ་ཁྱོད་ཤི་རྒྱུ་ལས་མི་འདུག ད་ཨ་ཁུ་ཁྱོད་འདིར་སྡོད་མི་ཉན་མགྱོགས་པོ་ཡར་ཕེབས་ཤིག་གསུངས་ཏེ་བྲག་ཕུག་གི་ཕྱིར་ཡར་འཐེན་ཁུལ་བྱས་པས། བྱི་བའི་ལུས་ཀྱང་བྲག་གསེང་ནས་ཡར་མ་ཐར་བས་ཇོ་རུས། ད་དངོས་གནས་ཁྱོད་ཀྱི་ལུས་ལ་ཟ་འདྲེ་ཡ་མཚན་ཅན་ཞིག་ཞུགས་འདུག བྱི་བའི་ལུས་ཡར་ཐར་ས་ལ་མར་མ་ཐར་བ་ག་ལ་ཡོད། ད་ཁྱོད་ཀྱིས་ལྷ་རྟ་མགྲིན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་ཤིག་གསུངས་ནས་ཇོ་རུའི་ཕྱག་གཡས་ཁོའི་མགོ་ཐོག་ཏུ་བཞག་སྟེ་ཡིད་ནས་ལྷ་སྲུང་མ་འབོད། སྐབས་དེར་ཁྲོ་ཐུང་གི་ཁ་ནས་སྦྲུལ་ནག་པོ་མགོ་གཉིས་ཅན་ཞིག་བསྐྱུགས། ཇོ་རུས་སྦྲུལ་དེ་བསད་ནས་དེའི་རྣམ་ཤེས་ལྷ་ཡུལ་དུ་དྲངས་སོ། །དེ་མ་ཐག་བྱི་བའི་ལུས་ལ་མི་རྒན་གྱི་མགོ་འཁྱེར་བའི་ཨ་ཁུ་ཁྲོ་ཐུང་ནི་བྲག་ཕུག་གི་ཕྱིར་ཐོན་ཐུབ་ཙམ་བྱུང༌། ཇོ་རུས་ཁྲོ་ཐུང་ལ་ས་ཆ་འདིར་ཡུན་རིང་སྡོད་མི་ཉན་པ། ད་ཁྱོད་ཀྱི་སྤྲུལ་པ་བཤིག་སྟེ་རང་གི་ས་ཆར་ལོག་ན་བཟང༌། ང་ཡང་ལས་བྲེལ་ཆེ་བས་འགྲོ་རན་འདུག་གསུངས་སོ། །
    ཡང་སྙིང་ཁྲོ་ཐུང་གི་སྤྲུལ་པ་བཤིག་ཐུབ་ཡོད་མེད་ལེའུ་ཕྱི་མར་གཟིགས་པར་འཚལ།

མཆན་འགྲེལ།

  1. ཟ་འདྲེ།  དུས་རྟག་ཏུ་གྲོད་ཁོག་ལྟོགས་ནས་སྡོད་པའི་གདོན་འདྲེ་ཞིག

དྲི་བ།
༡།    ཁྲོ་ཐུང་གི་ལུས་བྱིས་པའི་ལུས་དེ་གང་འདྲ་བྱས་ནས་ཆགས་སམ།
༢།    གལ་སྲིད་ཁྱེད་ལ་སྤྲུལ་པ་སྟོན་རྒྱུ་ཡོད་ན་ལས་ཐོག་མ་དེ་གང་བྱེད་རྒྱུ་ཡིན་ནམ།

ལེའུ་བཅུ་པ།

ཁྲོ་ཐུང་བྱིས་པའི་སྤྲུལ་པ་མ་ཞིག་པས། །
ཇོ་རུའི་མདུན་དུ་སྔར་བྱས་ཕྱི་འགྱོད་བྱས། །
ཇོ་རུས་སྤྲུལ་པ་བཤིག་པའི་བྱིན་བརླབས་པས། །
ཁྲོ་ཐུང་བློ་བསྒྱུར་ཇོ་རུར་བརྩི་མཐོང་སྐྱེས། །

    ཁྲོ་ཐུང་གིས་ལུས་བྱི་བར་གྱུར་པ་དེ་བཤིག་དགོས་བསམས་ནས་སྤྲུལ་པ་བཤིག་པའི་སྔགས་ག་ཚོད་བཏབ་ཀྱང་མ་ཕན་པས། ཁོ་འུ་ཐུག་སྟེ་རང་གི་རྒྱུན་བསྟེན་གྱི་ལྷ་རྟ་མགྲིན་ལ་གསོལ་བ་ཤུགས་ཆེན་པོ་བཏབ། འོན་ཀྱང་བྱི་ལུས་དེ་རྩ་བ་ནས་བཤིག་མ་ཐུབ་པས། ཁོའི་སེམས་སུ་དངངས་སྐྲག་ཆེན་པོ་ཞིག་སྐྱེས་ཏེ་པུས་མོ་གཉིས་ས་ལ་བཙུགས་ནས་བུ་ཇོ་རུ་འགྲོ་སའི་ལམ་བཀག་སྟེ་ཞུ་བ་འདི་ལྟར་འབུལ་ལོ། །ངའི་ནོར་བུ་འདྲ་བའི་ཚ་བོ་ཇོ་རུ་ལགས། ཁྱོད་ཀྱི་ངའི་སྤྲུལ་པ་འདི་བཤིག་རོགས་བྱོས་དང༌། ཨ་ཁུ་ངས་ཕྱིན་ཆད་སྲོག་ལ་བབ་ཀྱང་ཁྱོད་ཀྱི་ཅི་གསུངས་བཀའ་བཞིན་བསྒྲུབ་རྒྱུ་ཡིན། ཞེས་སེམས་སྐྱོ་མདོག་གིས་བཤད། ཇོ་རུས་ཧང་སངས་མདོག་གིས་ཁོ་ལ་བལྟས་ནས་ཨ་ཁུ་ཁྱོད་དགོངས་པ་མ་ཚོམ་ངས་སྤྲུལ་པ་ག་ལ་ཤེས། གལ་སྲིད་ངས་སྤྲུལ་པ་ཤེས་ཀྱི་ཡོད་ན་ལྷོ་འཛམ་བུ་གླིང་འདི་དབང་དུ་བསྡུ་ངེས་ཡིན། ཡིན་ནའང་བྱིས་པའི་རོ་འདི་ཁྱོད་ཀྱི་དབུ་ལ་འབྱར་ཡོད་པ་འདྲ། ངས་ལུས་འདི་བཅད་ནས་ཕྱིར་གཡུགས་ན་ཨ་ཁུ་ཁྱོད་ཀྱི་ལུས་ངོ་མ་དེར་འགྱུར་བའི་རེ་བ་ཡོད་ཅེས་ཟེར་ནས་རལ་གྲི་ངར་མ་ཞིག་བཏོན་ནས་ཨ་ཁུའི་ལུས་འདི་གཅོད་གྲབས་བྱེད་སྐབས་ཁོ་ནི་དེ་བས་དངངས་སྐྲག་སྐྱེས་ཏེ། ཚ་བོ་ཇོ་རུ་ལགས། བྱི་བའི་ལུས་འདི་ཨ་ཁུའི་ལུས་ངོ་མ་ཡིན་པས་གཅོད་ག་ལ་རུང༌།  དེ་ལས་ཐབས་གཞན་ཞིག་གནང་རོགས་ཞུས་པས། ཇོ་རུས་ཐུགས་བསམ་གཏོང་ཁུལ་ཞིག་བྱས་ནས། ཡ། ཨ་ཁུ་ཁྱོད་ཀྱི་སྤྲུལ་པ་དེ་བཤིག་རྒྱུ་མེད་པའི་རྒྱུ་མཚན་ནི་ངེད་གླིང་དཀར་ལྷ་སྡེ་ལ་བསམ་པ་ནག་པོ་བྱས་པའི་ལན་ཡིན་པ་ཐག་གིས་ཆོད། གལ་ཏེ་ཁྱོད་ཀྱི་སྤྲུལ་པ་དེ་བཤིག་དགོས་ན། ད་ནས་བཟུང་གླིང་དཀར་ལྷ་སྡེ་ལ་ལྐོག་གཡོ་ངན་ཇུས་1དང་ནང་ཁུལ་དབྱེན་སྦྱོར་2དཀྲུགས་ཤིང་མི་བྱེད་པའི་མནའ་ཆུ་འཐུང་ནས་ཁས་ལེན་གཟབ་པོ་ཞིག་བྱེད་དགོས། ཞེས་གསུངས་པས། ཁྲོ་ཐུང་ནི་ཇོ་རུའི་གཏམ་དེར་ཤིན་ཏུ་ཡིད་ཆེས་པར་གྱུར་ནས་དེ་མ་ཐག་ཏུ་ལྕང་དཀར་བེར་གའི་འོག་ཏུ་འཛུལ་ཏེ་ཡ་ང་བའི་རྣམ་འགྱུར་ཞིག་སྟོན་ཞིང་སྨྲས་པ། ང་ཁྲོ་ཐུང་གིས་ད་བར་གླིང་ཆེ་འབྲིང་ཆུང་གསུམ་ནང་ཁུལ་ལ་དབྱེན་སྦྱོར་དཀྲུགས་ཤིང་ཅི་བྱས་པ་ཐམས་ཅད་མཐོལ་ལོ་བཤགས། ངེད་གླིང་དཀར་གྱི་ལྷ་ཆོས་སྐྱོང་སྲུང་མ་རྣམས་ལ་ཐུགས་ཁྲོ་བ་ཡོད་ཀྱང་སེམས་འཛིན་མེད། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་འདྲའི་ལས་ངན་མི་བྱེད་པའི་མནའ་དཔང་དང་པོ་ལྷ་རྟ་མགྲིན་དང༌། གཉིས་པ་སྟག་ལྷ་མེ་འབར་དང༌། གསུམ་པ་གླིང་དཀར་པོའི་ཕ་འབུམ་པ་བཅུ་གཉིས་བཅས་འཇོག་རྒྱུ་ཡིན་ཞེས་བརྗོད་དེ་ལུས་སྡོང་པོ་འགྱེལ་བ་ལྟ་བུའི་བརྐྱངས་ཕྱག་གསུམ་འཚལ་བ་དང་དུས་མཚུངས་ཇོ་རུས་ཁྲོ་ཐུང་གི་ལུས་སྔར་བཞིན་འགྱུར་བའི་བྱིན་གྱིས་བརླབས་ཏེ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཤར་རེར་གླིང་དཀར་གྱི་ཕྱོགས་སུ་ཕེབས་སོ། །
    ཁྲོ་ཐུང་གིས་ཇོ་རུའི་ཕེབས་ཤུལ་ལ་ལྟ་བཞིན་སེམས་སུ་ངའི་གཡང་ནོར་གཉིས་པོ་ཇོ་རུའི་ཕྱག་ལ་ཡོད་པ་དང༌། ད་ལྟ་བྲག་ཕུག་འདིའི་ནང་རང་ཉིད་སྡུག་པོ་མྱངས་དགོས་བྱུང་བ་སོགས་དེ་ཚོ་ཚང་མ་ཇོ་རུའི་ཆོ་འཕྲུལ་ཡིན་པ་དང༌། ལྷག་དོན་རང་ཉིད་ཀྱི་རྒྱུ་ནོར་ཤོར་བ་དང་བྱ་ངན་བྱས་པ་ཐམས་ཅད་ཇོ་རུས་སྔོན་ནས་ཤེས་ཀྱི་ཡོད་ཀྱང༌། རྒྱ་ཚ་དང་སྤྱི་དཔོན་སོགས་ལ་བཤད་མི་འདུག་སྙམ་ནས་ཇོ་རུ་ལ་སྔར་དང་མི་འདྲ་བའི་དགའ་སྣང་གསར་པ་ཞིག་སྐྱེས་སོ། །

    འཁྲུངས་གླིང་མེ་ཏོག་རྭ་བ་དོན་བསྡུས་ཞེས་བྱ་བའི་ལེའུ་སྔ་མ་རྫོགས་སོ། །

མདུན་ཤོག

Menu