ལེའུ་དང་པོ།

སེང་བློན་གྱིས་ནི་རྒྱ་བཟའ་ཁབ་ཏུ་བཞེས། །
དེ་ཡི་སྲས་སུ་རྒྱ་ཚ་ཞལ་དཀར་འཁྲུངས། །  
སྤྱི་དཔོན་ལ་སོགས་གླིང་དཀར་དཔོན་འབངས་ཀྱིས། །
དགའ་སྤྲོའི་ངང་དུ་བཙས་སྟོན་ཟབ་རྒྱས་བྱས། །

༄༅། །དེ་ཡང་འཛམ་གླིང་གེ་སར་རྒྱལ་པོ་འཇིག་རྟེན་མི་ཡུལ་འདིར་མ་བྱོན་པའི་ལོ་མང་པོའི་སྔོན་ལ་ཁྲ་མོ་གླིང་གི་ཡུལ་དེར། མ་བཞི་སྨུག་པོ་གདོང་གི་མི་རྒྱུད་ལས། ཕ་གཅིག་པ་ལ་ཨ་མ་མི་གཅིག་པའི་བུ་སྤུན་གསུམ་བྱུང་ཞིང༌། ཁོང་གསུམ་ནི་ཁྲ་མོ་གླིང་གི་རྒྱུད་པ་ཆེ་འབྲིང་ཆུང་གསུམ་དུ་གྲགས། རྒྱུད་པ་ཆུང་བའི་མི་རྒྱུད་ལས་ཆོས་ལྷ་འབུམ་ཟེར་བ་ཞིག་གིས་རོང་བཟའ་དང༌། སྒ་བཟའ། རྨུ་བཟའ་ཞེས་པའི་བཙུན་མོ་གསུམ་ཁབ་ཏུ་བཞེས། རོང་བཟའ་ལ་བུ་ཞིག་བྱུང་བ་དེ་ནི་ཆུང་དུས་ནས་བློ་རིག་པ་ནམ་མཁའ་ལངས་འདྲ། ཐབས་ཤེས་རབ་ཉི་མ་ཤར་འདྲ། བཙན་པོ་ཐམས་ཅད་ཀྱི་གཉའ་གནོན། གཉོམ་ཆུང་སྐྱོང་བའི་ཕ་མ། ཕུ་ནུའི༌1ནང་གི་འགོ་འདྲེན། དགྲ་ཇག་འདུལ་བའི་དམག་དཔོན་ལྟ་བུ་ཞིག་བྱུང་བས། རུས་ཆུང་རྒྱུད་དུ་གཏོགས་ཀྱང་གླིང་གི་བློན་འབངས་སྤྱི་པས་དཔོན་དུ་བཀུར་བས། དེའི་མཚན་ལའང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཞེས་གསོལ།
    སྒ་བཟའ་ལ་བུ་གཡུ་རྒྱལ་ཞེས་པ་ཞིག་བྱུང་ཡང་རྗེས་སུ་གཡུལ་སར་བཀྲོངས།2 རྨུ་བཟའ་ལ་བུ་སེང་བློན་ཞེས་པ་ཞིག་བྱུང་བ་དེས་ཤར་རྒྱ་ནག་གི་རྒྱལ་པོ། རྒྱ་མི་ཆེན་གྱི་གཅུང་མོ་རྒྱ་བཟའ་ལྷ་སྒྲོན་ཁབ་ཏུ་བཞེས་ཏེ་ཡུན་རིང་མ་སོང་བར་བུ་ཞིག་འཁྲུངས། བུ་དེའི་ཞལ་རས་ཟླ་བ་ལྟར་དཀར་བ། ཐུགས་དགོངས་ནམ་མཁའ་ལྟར་ཡངས་པ། མཛད་སྤྱོད་ཆོས་དང་མཐུན་པ་ཞིག་བྱུུང་བས་ནང་མི་རྣམས་ཀྱིས་དེའི་མཚན་ལ་ཞལ་ལུ་ཉི་མ་རང་ཤར་ཟེར་ཡང༌། ཕྱི་མི་ཀུན་གྱིས་འབུམ་པ་རྒྱ་ཚ་ཞལ་དཀར་ཞེས་མཚན་དུ་འབོད། བུ་རྒྱ་ཚ་ཞལ་དཀར་དེ་སྐུ་ཚེ་རིང་བ་དང། བགེགས་བར་ཆད་མི་ཡོང་བའི་སླད་གླུ་གར་དང༌། སྨོན་ལམ། ཞབས་རིམ་རྒྱ་ཆེན་པོ་བྱས།
    སྐབས་དེར་སྤྱི་དཔོན་གྱིས་རྒྱ་ཚ་ཞལ་དཀར་གྱི་མགུལ་དུ་མཇལ་དར་དཀར་པོ་ཉིན་མོའི་བདེ་ལེགས་གཅིག་བསྒྲོན་ཏེ་བསྟོད་ཚིག་གི་གླུ་འདི་ལྟར་བླངས་སོ། །
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གླུ་མཆོད་དོ་ལྷ་ཆེན་ཚངས་པ་མཆོད། །ཁྲ་མོ་གླིང་དཀར་ལྷ་སྡེ་ལ། །བསོད་ནམས་ནང་གི་ཐོག་མ་ཡིན། །དབང་ཐང་དར་བའི་སྔ་ལྟས་ཡིན། །རྟེན་འབྲེལ་འགྲིགས་པའི་དང་པོ་ཡིན། །བུ་ཞལ་ལུ་ཉི་མ་རང་ཤར་འདི། །གཞན་ཕལ་པའི་བུ་དང་འདྲ་ལེ་མིན། །འདི་གླིང་དཀར་ཡུལ་གྱི་ལས་སྨོན་རེད། །གླིང་ཚོ་དྲུག་ཡིད་ལ་དེ་ལྟར་ཟུངས། །
    ཞེས་དགྲ་འདུལ་བའི་རྟེན་འབྲེལ་དུ་སེར་པོ་གསེར་གྱི་ཁྲབ་རྨོག་དང༌། རལ་གྲི་ངར་མ་དར་གྱི་དཔའ་ལུང་ཅན་སོགས་གོ་མཚོན་དང༌། དེ་བཞིན་གཡུ་བྱུར་མུ་ཏིག་ལ་སོགས་པ་རིན་པོ་ཆེའི་རྒྱན་དངོས་གྱ་ནོམ་པའི་ཕྱག་སྐྱེས༌3གནང་བ་དང༌། འབངས་མི་ཚོས་དགའ་བའི་ཞབས་བྲོ་དང། སྐྱིད་པའི་གླུ་དབྱངས་བླངས་ཏེ་རྩེ་འཇོའི་ཡོ་ལང༌4བསམ་གྱིས་མི་ཁྱབ་པས་ཉིན་གྲངས་བཅུ་གསུམ་ཙམ་བར་བཙས་སྟོན་རྟེན་འབྲེལ་ཟབ་རྒྱས་བྱས་སོ། །
མཆན་འགྲེལ།

  1. ཕུ་ནུ།            གཅེན་གཅུང་དང་དོན་གཅིག
  2. གཡུལ་སར་བཀྲོངས།    དམག་སར་བསད་པའི་ཞེ་ས།
  3. གྱ་ནོམ་པའི་ཕྱག་སྐྱེས།      ཕུན་སུམ་ཚོགས་པའི་ལག་རྟགས།
  4. ཡོ་ལང༌།         ཟང་ངེ་ཟིང་ངེའམ་འཁྲུག་ཆ་དོད་པོའི་དོན།

དྲི་བ།
༡།    ལེའུ་དང་པོའི་ནང་བརྗོད་དོན་གཙོ་བོ་གང་བསྟན་འདུག་གམ།
༢།    སེང་བློན་གྱིས་རྒྱ་མོ་ཞིག་བཙུན་མོར་ལེན་པ་དེས་ཁྱེད་ལ་བསམ་ཚུལ་གང་བྱུང་ངམ།                                                      

ལེའུ་གཉིས་པ།

རྒྱ་ཚ་ཞལ་དཀར་རྒྱ་ཡིས་མགྲོན་དུ་བོས། །
འགོགས་གླིང་འཁྲུགས་ཏེ་ཆོས་རྒྱལ་འགོགས་པས་བཀྲོངས། །
སྤྲང་ཁྱིམ་མ་བུས་རྒྱ་ཚར་གསང་གཏམ་བཤད།  །
དཔའ་པོའི་ངར་སྐད་སྤྱི་དཔོན་སྙན་དུ་བསྒྲགས། །

    དེ་ནས་བུ་རྒྱ་ཚ་ཞལ་དཀར་དེ་ནི་ཕྲུ་གུ་གཞན་དང་མི་འདྲ་བར་གཟུགས་པོའི་འཚར་ལོངས་ཟླ་རེ་ལས་ཟླ་རེ་ཆེ་བར་བྱུང་སྟེ་མཐར་ལུས་སྟོབས་ཡོངས་སུ་རྒྱས་པའི་དུས་ལ་སླེབས་སྐབས། རྒྱ་མི་ཆེན་གྱིས་གླིང་གི་ཚ་བོ་རྒྱ་ཚ་ཞལ་དཀར་དང༌། འཇང་གི་ཚ་བོ་ཉི་ཁྲི་སྐར་ཆེན། ཧོར་གི་ཚ་བོ་ལྷ་བུ་ལེགས་བུ་བཅས་གསུམ་རྒྱ་ནག་ཡུལ་དུ་མགྲོན་འབོད་གནང་ནས་ཚ་བོ་རེ་ལ་གཞན་ལ་མེད་པའི་ཁྱད་ནོར་དང༌། རྟ་རེ་དང། གྲི་རེ། ཁྲབ་རེ་གཙོས་གསེར་དངུལ་ཇ་དར་སོགས་བསམ་གྱིས་མི་ཁྱབ་པ་གནང་བ་དང་སྦྲགས། ཡུལ་ལུང་འཛིན་སྟངས་དང༌། འབངས་མི་སྐྱོང་སྟངས། དགྲ་བོ་འདུལ་སྟངས་སོགས་ཀྱི་བསླབ་བྱ་རིན་ཐང་བྲལ་བ་གནང༌།
    དེ་ནས་ཁོང་གསུམ་གྱིས་རང་རང་གི་བློན་འཁོར་རྣམས་ལ་ཞང་པོས་གནང་པའི་རྟ་དྲེལ་གོ་མཚོན་དང༌། ནོར་རྫས་ལ་སོགས་པ་རྣམས་བསྐུར་ཏེ། ཐུགས་སྤྲོ་པོའི་ངང་རང་རང་གི་ཕ་ཡུལ་ཕྱོགས་སུ་ཕྱིར་ལོག་གོ །བུ་རྒྱ་ཚ་ཞལ་དཀར་རྒྱ་ནག་ཏུ་ཕེབས་པའི་རྗེས་ཙམ་ལ་གླིང་དཀར་དང༌། འགོགས་ཡུལ་གཉིས་ས་མཚམས་རྩོད་རྙོག་ལས་མཆེད་དེ་དམག་འཁྲུག་བྱུང་སྟེ། འགོགས་ཡུལ་ཕ་ཚོ་བཅོ་བརྒྱད་1གླིང་དཀར་གྱིས་ཕམ་པར་བཟོས་ཀྱང་མཐར། སྤྱི་དཔོན་གྱི་བུ་འབྲིང་བ་གླེན་པ་ཆོས་རྒྱལ་དེ་ཡང་འགོགས་པས་བཀྲོངས། རེ་ཞིག་གནས་ཚུལ་དེ་བུ་རྒྱ་ཚ་ལ་མ་བཤད་པར་གསང་བ་བྱས་ཏེ་བཞག་ཀྱང༌།  ཉིན་ཞིག་གླིང་གི་སྤྲང་ཁྱིམ་མ་བུ་གཉིས་2ཀྱིས་རྒྱ་ཚ་ལ་བཤད་པས། བུ་རྒྱ་ཚ་ནི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་འགྱོད་པ་དྲག་པོ་བྱུང་སྟེ། དེ་མ་ཐག་ཏུ་སྤྱི་དཔོན་གྱི་དྲུང་དུ་ཕེབས་ནས་གླུ་འདི་ལྟར་བླངས་སོ། །
    གླུ་ཨལ་ལ་མོ་ཨ་ལ་ལེན། །ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །ས་འདིའི་ས་ངོ་མ་ཤེས་ན། །ཁྲ་མོ་གླིང་གི་ས་ཆ་རེད། །ང་འདྲ་ང་ངོ་མ་ཤེས་ན། །ང་འབུམ་པ་རྒྱ་ཚ་ཞལ་དཀར་ཡིན། །རྒྱ་མི་ཆེན་དཔོན་གྱི་ཚ་པོ་ཡིན།  །ངའི་ཕུ་བོ་འགོགས་ལ་ཤོར་བ་དེའི། །དགྲ་ཤ་ལེན་དགུ་སྐོར་ལེན་དང་གཅིག །ཡང་ལེན་སྙིང་ཁྲག་འཐུང་དང་གཉིས། །འགོགས་ཡུལ་སྟོང་པར་གྱུར་དང་གསུམ། །གཏམ་དེ་འདྲའི་ཐོག་ཏུ་མ་གནས་ན། །ང་རྒྱ་ཚ་ཞལ་དཀར་རོ་དང་འདྲ། །ང་མི་སྡོད་ད་ལྟ་ཉིད་དུ་འགྲོ  ཞེས་ངར་ངར་གྱིས་འགོགས་ཡུལ་ལ་དགྲ་ཤ་ལེན་དུ་བསྐྱོད་རྩིས་བྱེད་སྐབས། སྤྱི་དཔོན་གྱི་ཐུགས་ལ་ད་ལན་དམག་ལ་མ་སོང་ན་འགྲིགས་ཀྱང༌། བུ་རྒྱ་ཚ་ལ་ཞུ་སྐྱོར་ནི་མི་འགྲོ །འོན་ཀྱང་ཁོང་གཅིག་པུ་ཕེབས་ན་ག་ནས་འགྲིགས་བསམ་སྟེ་མནོ་བསམ་ཞིབ་མོ་ཞིག་བཏང་ནས་བསྡད།
    ཡང་སྙིང་སྤྱི་དཔོན་གྱིས་བུ་རྒྱ་ཚར་གང་བཤད་ཡོད་མེད་ལེའུ་ཕྱི་མར་གཟིགས་པར་འཚལ།།

མཆན་འགྲེལ།

  1. ཕ་ཚོ་བཅོ་བརྒྱད།    ཕ་ཡི་མི་རྒྱུད་ཀྱི་སྤུན་མཆེད་ཚང་མར་གོ
  2. སྤྲང་ཁྱིམ་མ་བུ་གཉིས། ཟས་གོས་ཀྱིས་ཕོངས་ཏེ་སློང་མ་རྒྱག་མཁན་གྱི་མ་བུ་གཉིས།

དྲི་བ།
༡།    རྒྱ་མི་ཆེན་ཞེས་པ་དེ་རྒྱ་ཚ་ཞལ་དཀར་དང་སྤུན་མཆེད་འགྲོ་སྟངས་གང་འདྲ་ཡིན་ནམ།
༢།    སྤྱི་དཔོན་གྱི་བུ་ཆོས་རྒྱལ་འགོགསཔས་བཀྲོངས་པར་རྒྱ་ཚ་ངར་དགོས་དོན་གང་ཡིན་ནམ།

ལེའུ་གསུམ་པ།

གླིང་གི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས། །
ཡུན་རིང་གསང་བའི་སྙིང་གཏམ་རྒྱ་ཚར་བཤད། །
གཟིག་འཕེན་འདན་མ་ལ་སོགས་ཁྲི་དམག་བདུན། །
བཏང་སྟེ་འགོགས་ཀྱི་ཀླུ་ནོར་འཕྲོག་ལ་མངགས། །

    དེ་ནས་བུ་རྒྱ་ཚ་ཞལ་དཀར་དེ་སྤུན་གླེན་པ་ཆོས་རྒྱལ་གྱི་དགྲ་ཤ་ལེན་པར་འགོགས་ཡུལ་དུ་བསྐྱོད་རྩིས་བྱེད་སྐབས། སྤྱི་དཔོན་གྱིས་རྒྱ་ཚའི་ཕྱག་ནས་བཟུང་སྟེ། བུ་ཁྱོད་ཐུགས་ལྷོད་པར་བཞུགས་ནས་ཨ་ཁུའི་བསླབ་བྱར་ཉོན་དང༌། ན་ནིང་འགོགས་དང་ས་རྩོད་བྱུང་ནས་ཡང་ཡང་འདུམ་སྒྲིག་1བྱས་ཀྱང་མ་ཕན་པར་འགོགས་ཕ་ཚོ་བཅོ་བརྒྱད་ཆམ་ལ་ཕབ་པ་རེད། འོན་ཀྱང་མཐར་བུ་གླེན་པ་ཆོས་རྒྱལ་དེ་འགོགས་པས་བཀྲོངས་ཀྱང༌། དེའི་ཤ་ལེན་དུ་འགོགས་ཀྱི་ཕོ་སྐྱེས་པ་ཐམས་ཅད་བསད་དེ་འགོགས་ཡུལ་བུ་མོས་ཁེངས་པ་ལྟར་བཟོས། ཡིན་ནའང་འགོགས་གྱི་དཔོན་ར་ལོ་སྟོན་པ་རྒྱལ་མཚན་དེ་ལྷ་ཀླུ་གཉན་གྱིས་སྦས་པས་ང་ཚོའི་ལག་པར་མ་རག དེ་མ་གཏོགས་ངའི་བུའི་ཤ་ལེན་ཐེང་དགུ་སྐོར་བྱས་ཚར་བ་ཡིན། གནའ་མིའི་གཏམ་དཔེར་ཡང༌། བྱ་རྒོད་པོ་སྒྲོ་གཤོག་ཐོར་ན་ཡང༌། །བྲག་དམར་པོར་ཡོ་ཟུར་ཡོད་པ་མིན། །ཉ་གསེར་མིག་ལྕགས་ཀྱུས་ཟིན་ན་ཡང༌། དམའ་རྒྱ་མཚོར་འཕེལ་འགྲིབ་འོང་བསམ་མེད། །ཅེས་པ་ལྟར་ངེད་གླིང་གི་མི་གཅིག་དགྲ་ལ་ཤོར་ན་ཡང༌། གླིངདཀར་པོའི་ཡུལ་གྱི་མི་ཟད་འགྲོ་བ་མེད། ལྷག་པར་དུ་མི་གཅིག་བསད་པའི་ཤ་ལེན་ཚེ་གང་ལེན་པའི་ལུགས་སྲོལ་མེད། ཡིན་ནའང་ད་རེས་བུ་ཁྱོད་ངེས་པར་འགྲོ་དགོས་ན་ངས་ད་བར་གསང་བར་ཉར་བའི་སྙིང་གཏམ་ཞིག་ཁྱོད་ལ་བཤད་རྒྱུ་ཡོད། འགོགས་ཡུལ་དུ་ཀླུ་གཙུག་ནའི་སྲས་མོ་དེ་དང་གཅིག ཀླུ་ཟོག་འབྲི་མོ་གཡང་རྭ་དང་གཉིས། ཀླུ་སྦྲ་མཐིང་ཤོག་གུང་དགུ་དང་གསུམ། ཀླུ་འབུམ་པོ་ཏུ་བཅུ་གཉིས་དང་བཅས་བཞི་པོ་ནི། མ་དྲོས་ཀླུ་ཡི་གཏེར་ཟོག་2ཡིན་པས་དེ་དག་གླིང་དཀར་པོའི་ཡུལ་ལ་བྱུང་ན་རང་ཅག་གི་བསམ་དོན་ཐམས་ཅད་འགྲུབ་རྒྱུར་ཐེ་ཚོམ་མེད། དེར་བརྟེན་བུ་ཁྱོད་ཀྱི་སེམས་ལ་ཞོགས་ཏེ་རྒྱུགས། ཁྱོད་ཀྱི་དཔུང་རོགས་སུ་སྟག་རོང་གཟིག་འཕེན་དང༌། ཚ་ཞང་འདན་མས་གཙོས་ཁྲི་དམག་བདུན་གྱི་སྣེ་འཁྲིད་དེ་འགྲོ་རྒྱུའི་ཁ་ཏ་བྱས།

    ཡང་སྙིང་གླིང་དམག་འགོགས་ཡུལ་དུ་བསྐྱོད་དེ་གནས་ཚུལ་ཇི་བྱུང་ལེའུ་ཕྱི་མར་གཟིགས་པར་འཚལ། །

མཆན་འགྲེལ།

  1. འདུམ་སྒྲིག    ཕན་ཚུན་ཞི་བའི་ཐོག་ནས་འགྲིག་ཐབས་སམ་འཆམ་ཐབས་བྱས་པའི་དོན།
  2. གཏེར་ཟོག    ནོར་ཕྱུགས་ཀུན་གྱི་གཡང་དུ་གྱུར་པའི་དོན་ཏེ། བོད་མི་ཚོས་ནོར་ཕྱུགས་འཕེལ་རྒྱས་འགྲོ་བ་ལ་ནོར་གཡང་འཁོར་དགོས་པ་དང༌། ནོར་གཡང་དེ་ཡང་གཏེར་ཟོག་ལ་བརྟེན་ནས་འཁོར་བར་བརྩི་བའི་གོམས་སྲོལ་ཡོད། འདིར་ཀླུའི་རྒྱལ་པོས་རང་གི་སྲས་མོ་འགོགས་ཡུལ་ལ་མནའ་མར་གཏོང་སྐབས་རྟེན་སྐལ་དུ་གནང་བའི་འབྲི་མོ་དང༌། སྦྲ་གུར། ཕྱག་དཔེ་འབུམ་པོ་ཏི་བཅུ་གཉིས་ཡོད་པ་བཅས་ལ་ཟེར།

དྲི་བ།
༡    གླིང་དམག་འགོགས་ཡུལ་དུ་འགྲོ་དོན་གཙོ་བོ་གང་ཡིན་ནམ།
༢    འགོགས་ཡུལ་ལ་དམག་སྣེ་འདྲེན་མཁན་གླིང་གི་དཔའ་རྟུལ་སུ་དང་དུ་ཕེབས་སམ།                  
 

ལེའུ་བཞི་པ།

ཁྲོ་ཐུང་གིས་ནི་འགོགས་པར་གསང་འཕྲིན་བཏང། །
ར་ལོ་སྟོན་པའི་དམག་དང་བཅས་པ་བྲོས། །
ཀླུ་ཡི་བུ་མོས་འབྲི་མོའི་རྗེས་དེད་པས། །
གླིང་དམག་དཔའ་རྒོད་རྣམས་དང་ལྷན་འཛོམས་བྱུང༌། །

    དེ་ནས་སྤྱི་དཔོན་དང་རྒྱ་ཚ་ཞལ་དཀར་འགོགས་ལ་འགྲོ་རྒྱུའི་གྲོས་བསྡུར་ལེགས་པར་བྱས་ཏེ། ཕྱི་ཉིན་དེར་གླིང་དཀར་སྟོད་སྨད་བར་གསུམ་དུ། རིང་སར་འཕྲིན་བཏང༌། ཉེ་སར་བང་ཆེན་མངགས་ཏེ་ཞག་གསུམ་པའི་སྔ་དྲོའི་སྐྱ་རེངས་ཤར་བའི་དུས། གླིང་དམག་རྣམས་འདུ་ར་སྟག་ཐང་དུ་འཛོམས།    སྤྱི་དཔོན་གྱིས་དཔའ་རྒྱ་ཚ་ཞལ་དཀར་གྱིས་གཙོས་གླིང་དམག་ཁྲི་བདུན་འགོགས་ལ་བསྐྱོད་རྒྱུའི་བཀོད་འདོམས་ལེགས་པར་བྱས།  སྐབས་དེར་ཁྲོ་ཐུང་གི་བསམ་པར་དཔའ་རྒྱ་ཚ་ཞལ་དཀར་དེ་དཔའ་རྩལ་ལ་འགྲན་ཡ་མེད་པའི་ཁར། ད་རེས་གླིང་དམག་འདི་འདྲ་མང་པོ་འཁྲིད་དེ་འགོགས་ཡུལ་ལ་སོང་ན་འགོགས་ཡུལ་ཐལ་བར་གཏང་རྒྱུ་མ་ཟད་ཀླུ་གཙུག་ལའི་སྲས་མོ་དང༌། ཀླུ་ནོར་རྣམས་འཕྲོག་སྟེ་གཏམ་རྒྱུད་འཛམ་གླིང་གང་བ་ཞིག་བཞག་རྒྱུ་ཐག་ཆོད་བསམ་ནས་ཅུང་མ་འདོད་པར་བསམ་ངན་ཡིད་ལ་བཅངས། བྱ་ངན་ལག་ཏུ་བླངས་ཏེ། མདའ་མོ་ཞིག་ལ་རྒྱུག་བྱེད་ཀྱི་སྔགས་བཏབ། དེའི་རྩེར་ལྐོག་བརྡ་གཏོང་བའི་ཡི་གེ་འདི་ལྟར་བྲིས།
༄༅། །འགོགས་ར་ལོ་སྟོན་པའི་རྒྱལ་མཚན་མཆོག་ལ་ཆེད་ཞུ། ན་ནིང་གླིང་སྤྱི་དཔོན་གྱི་བུ་བསད་པའི་ཤ་ལེན་ལ། ད་ལྟ་དཔའ་འབུམ་པ་རྒྱ་ཚ་ཞལ་དཀར་གྱིས་གཙོས་གླིང་དམག་ཁྲི་བདུན་མྱུར་དུ་འོང་རྒྱུ་གཏན་འཁེལ་སོང་བས།  ཁྱེད་དམག་གིས་ཁ་གཏད་ཆོག་རྒྱུའི་རེ་བ་གཏན་ནས་མེད། དེ་ལས་གང་མགྱོགས་ས་བཙན་ས་ཞིག་ལ་བྲོས་ན་བཟང༌།  ང་ལ་དེ་ལས་ལྷག་པའི་ཕན་གཏམ་ཤོད་རྒྱུ་མེད། རྗེས་སུ་ཁྱེད་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པས་མ་བརྗེད་ཡིད་ལ་འཛིན་པར་ཞུ། སྟག་རོང་ཁྲོ་ཐུང་ནས།
    ཞེས་པ་ཞིག་བྲིས་ཏེ་འགོགས་ཡུལ་ཕྱོགས་ལ་འཕངས་པས་མདའ་དེ་ར་ལོ་སྟོན་པའི་སྦྲ་ཐོག་ཏུ་བབས། ར་ལོ་སྟོན་པས་ཡི་གེ་དེ་བླངས་ཏེ་བལྟས་པས་གོ་དོན་རྣམས་གསལ་པོ་ཤེས་ཏེ། དེ་མ་ཐག་འགོགས་དམག་རྣམས་བྲོས་རྒྱུའི་གསལ་བརྡ་བཏང༌། དམག་ཐམས་ཅད་ཧོར་གྱི་སྡེ་མཚམས་བྱང་ཕྱོགས་སུ་བྲོས།
    སྐབས་དེར་ཀླུ་ཟོག་གཡུ་སྦྲ་དང༌། ཀླུ་འབུམ་སོགས་རྟ་དྲེལ་ལ་བཀལ་ཀྱང་མ་ཐེག་པས་ཀླུ་ཟོག་འབྲི་མོ་གཡང་རྭ་ལ་བཀལ་ཏེ་བྲོས། ཁོང་ཚོ་མཚན་འགྲོས་བྱེད་སྐབས་ཀླུ་ཟོག་འབྲི་མོས་ཀླུ་ནོར་རྣམས་འཁྱེར་ནས་ཁ་ཕྱིར་འཁོར་ཏེ་སོང་བ་འགོགས་མོ་གཅིག་པུ་ལས་གཞན་སུས་ཀྱང་མ་མཐོང༌།  ཁོ་མོས་ཐེངས་འགའ་བཀག་ཀྱང་མ་ཁོག འགོགས་དམག་རྣམས་ལ་སྐད་ག་ཚོད་བརྒྱབས་ཀྱང་ལས་དབང་གིས་སུས་ཀྱང་མ་གོ མཐར་ཁོ་མོ་རྟ་ལས་བབས་ཏེ་འབྲིའི་རྗེས་སུ་བརྒྱུགས་པས་རྟ་ཡང་ཤོར། ཀླུ་མོ་དེ་བཀྲེས་སྐཽམ་དང་དངངས་སྐྲག་གིས་ས་ལ་དྲན་མེད་དུ་འགྱེལ་ལོ། །
    དེ་ནས་གླིང་དམག་འགོགས་ཡུལ་དུ་སླེབས་སྐབས་འགོགས་དམག་རྣམས་བྲོས་ཏེ་དམག་ཤུལ་ཙམ་ལས་གཞན་གང་ཡང་མེད། གླིང་གི་དཔའ་རྟུལ་ཁ་ཤས་ཀྱིས་འགོགས་དམག་རྣམས་གར་སོང་རྩད་གཅོད་དུ་འགྲོ་ཟེར་བ་དང༌། ཁ་ཤས་ཀྱིས་ད་ཆ་གར་སོང་མི་ཤེས་པས་དམག་མང་འདི་ཙམ་ལ་དཀའ་ལས་བཟོ་རྒྱུ་ལས་གཞན་གང་ཡང་མེད།  ཟེར་བ་སོགས་གླེང་མོལ་མང་དུ་བྱུང༌།
    སྐབས་དེར་སྤྱི་དཔོན་གྱིས། སྔོན་ལ་སེང་བློན་གྱིས་མོ་ཞིག་རྒྱོབས་དང༌། མོ་གང་བབས་པ་དེ་ཐག་གཅོད་ཟེར། དེ་མུར་སེང་བློན་གྱིས་སོག་མོ་ཞིག་བརྒྱབས་པས། མོ་དོན་དུ་ས་ཆ་དེར་ཇ་ཞིག་བསྐོལ། བསང་ཞིག་བཏང་ནས་བསྡད་ན། མཛེས་མ་བལྟ་བས་མི་ངོམས་པ་ཞིག་དང༌། དགོས་འདོད་ནོར་བུའི་ཀླུ་ཟོག་རྣམས་འཛིངས་མི་དགོས་པར་རང་ལག་ཏུ་ཐོབ་པ་འདུག་ཟེར་བ་ཞིག་བབས། དེ་ནས་ཁོང་ཚོ་ཁ་ཤས་ཀྱིས་ཇ་བསྐོལ། ཁ་ཤསཀྱིས་གིས་བསང་ཤིང་བཏུ་བར་སོང་ནས་ཤིང་སྣ་དང༌། བ་ལུ་དཀར་པོ། ཤུག་པ། འོམ་བུ། འཁན་པ་སོགས་མང་དུ་བཏུས་ནས་ལྷ་བསང་གི་དུད་སྤྲིན་ནམ་མཁའ་ཁྱབ།  ཀི་བསྭོ་ལྷ་རྒྱལ་གྱི་འུར་སྒྲས་བར་སྣང་ཁེངས་པ་ཞིག་བྱས། སྐབས་དེར་ཀླུ་མོ་དེའི་འཁྲུལ་སྣང་ལྟ་བུར་བུ་ཆུང་ལག་ཏུ་གཡུ་ཟོ་འོ་མས་བཀང་བ་ཞིག་འཁྱེར་ཏེ་མོ་ལ་སྤྲད་ནས་འདི་ཁྱོད་ཀྱི་གཅེན་མོས་བསྐུུར་བྱུང༌། ཁྱོད་རང་འོ་མ་འདི་འཐུང་ནས་འབྲི་ཟིན་པར་རྒྱུགས་ཤིག ཁྱོད་མི་ཡུལ་འདི་ལ་འགྲོ་དོན་བྱེད་པའི་དུས་ལ་བབས་འདུག་ཟེར་བ་དང་ཀླུ་མོ་དྲན་པ་གསོས། ཁོ་མོས་གཡས་གཡོན་དུ་བལྟ་སྐབས་བུ་ཆུང་དེ་མཐོང་རྒྱུ་མེད་ཀྱང༌། གཡུ་ཟོ་འོ་མས་བཀང་པ་དེ་འགྲམ་དུ་ཡོད་པ་མཐོང་བས། འོ་མ་རྒྱགས་ཚད་བཏུང་སྟེ་འབྲི་མོ་འཚོལ་དུ་ཕྱིན་པས་གླིང་དམག་རྣམས་དང་ཏག་ཏག་ཐུག །
    གླིང་དམག་རྣམས་ཀྱིས་ཀླུ་མོ་དེའི་སྐྱེས་འབྲས་ཀྱི་མཚར་སྡུག་དག་མཐོང་བས་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག ཨ་ཁུ་ཁྲོ་ཐུང་ནི་ཀླུ་མོ་དེའི་མཛེས་སྡུག་ལ་དེ་བས་སེམས་པ་ཤོར་ཏེ། དེའི་འགྲམ་དུ་སོང་ནས་བུ་མོ་ཁྱོད་གང་ནས་འོང༌། མིང་ལ་ཅི་ཟེར་སོགས་ལོ་རྒྱུས་མང་དུ་དྲིས་པར། བུ་མོའི་སེམས་སུ་འདི་བཤད་འདི་གསང་གང་ཡང་མེད་པར་རང་ཉིད་ཀླུ་གཙུག་ནའི་སྲས་མོ་ཡིན་པ་དང༌། ཡབ་ཀྱིས་འགོགས་དཔོན་ར་ལོ་སྟོན་པའི་རྒྱལ་མཚན་ལ་བཙུན་མོར་གནང་བ་དང༌། ད་ལན་འགོགས་དམག་རྣམས་བྲོས་སྐབས་འབྲི་མོ་ཤོར་ནས་འཚོལ་དུ་འོང་བ་སོགས་ལོ་རྒྱུས་ངོ་མ་རྣམས་བཤད། སྐབས་དེར་ལས་དབང་གིས་འབྲི་མོ་ཡང་ཀླུ་ཟོག་རྣམས་འཁྱེར་ཏེ་དེར་སླེབས།  ཁྲོ་ཐུང་གིས་ལག་གཉིས་ཐལ་མོ་སྦྱར་ནས་དེ་རིང་ང་ལ་དཀོན་མཆོག་གི་བཀའ་དྲིན་གྱིས་ཀླུ་མོ་མཛེས་མ་འདི་ལྟ་བུ་ཞིག་རྙིད་བྱུང་ཟེར་ནས་ཀླུ་མོ་དེ་འཁྲིད་དེ་འགྲོ་རྩིས་བྱེད་སྐབས། སྤྱི་དཔོན་གྱིས། གླིང་དམག་ཚོ་ཉོན་དང༌། རང་ལག་ཏུ་ཐོབ་པའི་ཀླུ་ཟོག་རྣམས་རེ་ཞིག་གླིང་སྤྱི་པས་བདག་རྒྱུ་1དང། ཀླུ་མོ་དེ་ནི་སེང་བློན་ལ་མོ་ཡོན་2དུ་འབུལ་རྒྱུ་བྱས་ནས་ཚང་མ་དགའ་སྤྲོའི་ངང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་གླིང་དཀར་པོའི་ཕྱོགས་སུ་ལོག ཅེས་གསུངས་པར་ཚང་མས་དེ་ལེགས་སོ་ཟེར་བཞིན་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་ལོག ཁྲོ་ཐུང་ནི་རེ་ཞིག་འདོད་པ་མ་ཁེངས་ཀྱང་བྱ་ཐབས་གང་ཡང་མ་རྙེད་པར་གླིང་དམག་རྣམས་དང་མཉམ་དུ་གླིང་དཀར་ཡུལ་དུ་ལོག་དགོས་བྱུང་ངོ༌། །
    གླིང་གི་དཔའ་རྟུལ་ཚོས་ཀླུ་མོ་དེ་དཀར་པོ་གླིང་ལ་འཁྲིད་དེ་ཡང་སྙིང་གནས་ཚུལ་གང་བྱུང་མིན་ལེའུ་ཕྱི་མར་གཟིགས་པར་འཚལ།།

མཆན་འགྲེལ།

  1. སྤྱི་པས་བདག་རྒྱུ།     སྤྱི་གཞུང་གིས་བདག་པོ་རྒྱག་རྒྱུ་ཞེས་པའི་དོན།
  2. མོ་ཡོན།          མོ་བརྒྱབས་པའི་བླུ་ཡོན་ནམ་གླ་ཆ།

དྲི་བ།
༡    ཀླུ་མོ་འགོགས་བཟའ་ལྷ་མོ་གླིང་དམག་དང་ཇི་ལྟར་ཐུག་གམ།
༢    ཁྲོ་ཐུང་གིས་འགོགས་ལ་གསང་བརྡ་བཏངབས་གླིང་ལ་ཕན་གནོད་གང་བྱུང་ངམ།

ལེའུ་ལྔ་པ།

ཀླུ་མོ་འགོགས་བཟར་ལྷ་སྲས་སྤྲུལ་པའི་སྐུ། །
འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་འཁྲུངས། །
ཨོ་རྒྱན་པདྨས་ཚེ་ཆུའི་བྱིན་རླབས་དང༌། །
གོ་མཚོན་བྱིན་ནས་དགྲ་རྒྱལ་སྨོན་ལམ་བཏབ། །

    དེ་ནས་གླུ་མོ་དེ་གླིང་ཡུལ་དུ་སླེབས་པའི་རྗེས་གླིང་པ་ཀུན་གྱིས་དེའི་མཚན་ལ་འགོགས་བཟའ་ལྷ་མོ་ཞེས་བོས་ཏེ་སེང་བློན་དང་བཟའ་འབྲེལ་བྱས། འགོགས་བཟའ་ལྷ་མོ་སེང་བློན་གྱི་སྦྲ་ནང་དུ་སླེབས་མ་ཐག་སྦྲ་ཁྱིམ་ནང་འོད་ཀྱིས་ཁྱབ་སྟེ། བུ་མོའི་གཟུགས་བྱད་རྣམ་པ་དང༌། དཔལ་དང་གཟི་བརྗིད་གང་ཅིའི་ཆ་ནས་འགྲན་ཟླ་བྲལ་བ་མཐོང་བས། སེང་བློན་གྱི་ཁྱིམ་ཐབ་རྒྱ་བཟའ་ཕྲག་དོག་སྐྱེས་ཏེ་དབང་ཤེད་ཀྱིས་འགོགས་མོ་ཟུར་དུ་ཁྱིམ་གཞི་བཟུང་ནས་སྡོད་དགོས་བྱུང༌། འགོགས་བཟའི་ཁྱིམ་གཞི་འཛིན་བྱེད་དུ་སེང་བློན་གྱི་སྦྲ་ཆུང་ཡིད་དུ་འོང་བ་གཅིག་དང༌། ཅ་ག་སོགས་གཙང་དག་ཅི་དགོས་བྱིན། ཀླུ་ཟོག་འབྲི་མོ་ནི་མོ་རང་མ་གཏོགས་སུ་ལའང་འོ་མ་མི་སྟེར་བས་མོ་རང་གི་བདག་རྒྱུ་བྱས། རྒྱ་བཟས་རྒོད་མ་གཅིག མ་མོ་གཅིག འབྲི་མོ་གཅིག ར་མ་གཅིག་བཅས་བཞི་ནོར་སྐལ་དུ་བྱིན། བུ་མོས་གཞི་ཟིན་པའི་རྟེན་འབྲེལ་དུ་གཡང་གི་སྒོ་བཞི་ཟེར་བའི་གཏམ་དཔེ་དེ་དུས་ནས་བྱུང་བ་ཡིན།
    ཉིན་ཞིག འགོགས་བཟའ་ལྷ་མོས་རང་གི་ཕ་མ་སྤུན་ཉེ་རྣམས་ཤིན་ཏུ་དྲན་ཏེ་མཚོ་འགྲམ་དུ་ཕྱིན་ནས་མིག་ཟུང་མཆི་མས་ཁེངས་བཞིན་ཕ་མ་དྲན་པའི་གླུ་འདི་ལྟར་བླངས་སོ།།
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །ཕ་གཙུག་ལ་མ་མཇལ་ལོ་གསུམ་སོང༌། །ངས་ཀླུ་སྐད་མ་གོ་ལོ་གསུམ་སོང༌། །བདག་མེད་ཐང་སྟོང་ཁྱི་འཁྱམ་འདྲ།  །དེ་བསམ་ན་གདུང་བས་མཆི་མ་ཤོར། །
    ཞེས་བཏང་ནས་སེམས་ཧ་ཅང་སྐྱོ་བཞིན་བསྡད་པ་ན། དེ་མ་ཐག་ཏུ་ཡབ་ཀླུ་རྒྱལ་གཙུག་ན་རིན་ཆེན་དེ་མི་སྔོན་རྟ་སྔོན་ཅན་ཞིག་དུ་སྤྲུལ་ཞིང་མཚོ་ནང་ནས་ཡར་བུ་མོའི་གམ་དུ་ཕེབས་ཏེ། བུ་མོ་ཁྱོད་སེམས་སྡུག་མ་བྱེད། ང་དང་བླ་མ་ཨོ་རྒྱན་པདྨ་གཉིས་ཀྱིས་ཁྱོད་རྟག་ཏུ་སྲུང་བཞིན་ཡོད། ང་རང་ཡང་སྙིང་དང་འདྲ་བའི་བུ་མོ་ཁྱོད་དང་བྲལ་འདོད་གཏན་ནས་མེད་རུང། དེ་ལྟར་འབྲལ་དགོས་པ་དེ་བླ་མའི་ལུང་བསྟན་ཡིན། བླ་མ་མཁས་བཙུན་བཟང་པོས་ལས་ཅི་བྱས་པ་ཐམས་ཅད་འགྲོ་བ་རིགས་དྲུག་གི་དོན་འབའ་ཞིག་ཡིན་པས།  ཁྱོད་སེམས་སྡུག་མ་བྱེད་དགའ་བ་སྒོམས།  ངའི་ནོར་བུ་བསམ་འཕེལ་འདིས་གང་འདོད་པའི་ལོངས་སྤྱོད་ཐོབ་ཀྱི་ཡོད་པས་ཁྱོད་ལ་སྟེར།  བུ་མོ་ཁྱོད་ལ་འགྲན་ཟླ་བྲལ་བའི་སྲས་ཤིག་མ་བྱུང་གི་བར་དུ་ནོར་བུ་དེ་ཁྱོད་ཀྱི་ལུས་དང་མ་བྲལ་བར་ཉོར། ཞེས་བསླབ་བྱ་མང་དུ་བསྐྱོན་ཏེ་ནོར་བུ་དེ་བྱིན་ནས་མཚོ་ནང་དུ་སོང་ངོ༌། །
    དེ་ནས་འགོགས་བཟའ་དེས་ཡབ་གཙུག་ལའི་བསླབ་བྱ་རྣམས་ཡིད་ལ་བརྟན་པོར་བཟུང་སྟེ་ཉིན་མཚན་དུས་དྲུག་ཏུ་ནོར་བུ་དེ་རང་གི་ལུས་དང་མ་བྲལ་བར་གནས་སོ། །
    དེར་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་དགོང་མོ་སེང་བློན་དང་ལྷན་དུ་གཟིམས་པས་རྨི་ལམ་དུ།  མི་སེར་པོ་གསེར་གྱི་གོ་ཁྲབ་གྱོན་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་དང་བརྩེ་བས་འབྲལ་མ་ཕོད་པར་དགོང་མོ་ཞིག་རང་ཉིད་དང་མཉམ་དུ་ཉལ་བ་དང༌། དེ་རྗེས་བར་སྣང་ནས་མཚར་ཞིང་མཛེས་པའི་འཇའ་ཚོན་སྣ་བདུན་འཁྲུངས་ཏེ་རང་ཉིད་ཀྱི་སྤྱི་བོར་ཐིམ་པས་ལུས་ལ་སྔར་མེད་པའི་དགའ་བདེས་ཁྱབ་པའི་སྣང་བ་ཞིག་ཤར་བའི་མོད་ལ་གཉིད་སད། དེ་ནས་བཟུང་གླིང་དཀར་གྱི་ཡུལ་དེར་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང༌། སྟག་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཞོགས་པ་ཉི་མ་ཤར་བ་དང་མཉམ་དུ་མ་འགོགས་བཟའི་སྤྱི་བོ་ནས་མི་དཀར་པོ་ཁྱུང་གྱི་མགོ་བོ་ཅན་ལག་ཏུ་མདུང་དཀར་འཆང་བ་ཞིག་བྱུུང་སྟེ་དེས་སྨོས་པ།  ང་ནི་མ་ཁྱོད་ཀྱི་བུ་སྐལ་དང་པོ་ཡིན། གཟུགས་རགས་པའི་ཕུང་པོ་ང་ལ་མེད། ང་གླིང་དཀར་ཡུལ་འདིར་སྐྱེས་བུ་ལྷ་ཕྲུག་ཐོས་པ་དགའ་ཟེར་བ་ཞིག་བྱུང་བ་ཡོད་པས་དེའི་མགོ་སྐྱོབ་རྨོག་དཀར་སྟེང་གི་སྲུང་མ་ཡིན།  ཟེར་ནས་བར་སྣང་དུ་འཇའ་འོད་འཁྱུག་གེར་བཞུགས་སོ། །དེ་མ་ཐག་མ་འགོགས་བཟའི་མངལ་ནས་ལྷ་ཕྲུག་ཐོས་པ་དགས་མི་ཡུལ་ལ་གསུང་བྱོན་པའི་ཐོག་མར་མ་འགོགས་བཟའ་ལ་མགུར་གླུ་འདི་ལྟར་བླངས་སོ།།
    གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན།  །སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ་ནི། །འབྲལ་མེད་སྤྱི་གཙུག་རྒྱན་དུ་བཞུགས། །ས་འདིའི་ས་ངོ་མ་ཤེས་ན།  །གླིང་ཡུལ་མཐོང་བ་ཀུན་སྨོན་རེད། །མི་ང་དང་ང་ངོ་མ་ཤེས་ན། །ང་ལྷ་ཕྲུག་ཐོས་པ་དགའ་བ་ཟེར།  །ལྷོ་འཛམ་གླིང་དབང་དུ་བསྡུ་བར་བསམས། །སྟོབས་མངའ་ཐང་བླློན་གྱིས་མ་བརྒྱན་ན། །དཔོན་གཅིག་པོས་དོན་ཆེན་ག་ལ་བསྒྲུབ།  །དཔོན་གྲགས་ཆེན་ཆགས་པའི་གནས་དང་གཅིག  །ལས་ཅི་མཛད་སྒྲུབ་པའི་བློན་དང་གཉིས། །ཁྲིམས་དགེ་བཅུའི་མངའ་འབངས་ལྡན་དང་གསུམ། །དུས་རྒྱུན་དུ་སྐྱོང་བའི་གཉེན་དང་བཞི།  །ཅི་འདོད་པའི་ལོངས་སྤྱོད་བང་མཛོད་བཅས།  །ལྔ་འཛོམས་ན་ལྷ་ཕྲུག་ཡོང་རྒྱུ་ཡིན།  །དེ་འཛོམས་དང་མ་འཛོམས་ཨ་མས་གསུངས།  །ཞེས་པའི་གླུ་དེ་མ་འགོགས་བཟས་ཐོས་འཕྲལ་རྨ་བྱའི་རྣ་བར་འབྲུག་སྒྲ་ཐོས་པ་བཞིན་དགའ་སྤྲོ་ཚད་མེད་པའི་ངང་ལྷ་ཕྲུག་ལ་གླུ་ལན་འདི་ལྟར་བླངས་སོ།  །
    སྐྱིད་ལྷ་ཡུལ་འདྲ་བའི་གླིང་དཀར་འདིར། །དཔོན་གྲགས་ཆེན་ལྷ་ལས་བཀོད་འདྲ་ཡོད། །ལས་ཅི་བསྒོས་སྒྲུབ་པའི་བློན་པོ་ལ།  །གླིང་དཀར་པོའི་དཔའ་ཐུལ་སུམ་ཅུ་ཡོད། །དེ་གྲུབ་ཆེན་སུམ་ཅུའི་སྤྲུལ་པ་ཡིན། །སྡེ་མངའ་འབངས་ཁྲི་སྐོར་བཅུ་གཉིས་ཡོད།  །གཉེན་ཉེ་དུའི་ལོ་རྒྱུས་ཞུ་དགོས་ན།  །ཕའི་རུས་བརྒྱུད་མི་ཡི་དཔོན་པོ་དང༌། །མའི་བརྒྱུད་པ་ཀླུ་ཡི་རྒྱལ་པོ་ཡོད།  །ཅི་འདོད་པའི་ལོངས་སྤྱོད་བང་མཛོད་ལ།  །ཀླུ་གཙུག་ནས་བྱིན་པའི་ནོར་བུ་ཡོད། །འབྱེད་ཤེས་ན་འཛམ་གླིང་བང་མཛོད་རེད།  །དེ་ཨེ་གོ་སྤྲུལ་པའི་ལྷ་སྲས་ཁྱོད། །གཏམ་གོ་ན་མ་སྡོད་ཡོང་རྒྱུ་བྱོས། །
    ཞེས་གླུ་ལན་ཕུལ། དེ་ནས་ཅུང་མ་འགོར་བར་ས་གཞི་ཐམས་ཅད་ལན་མང་དུ་གཡོ་བ་དང༌། ལྷ་དང་ལྷ་མོ་རྣམས་ཀྱིས་རོལ་མོ་དཀྲོལ་བཞིན་གར་འཁྲབ་པ། མེ་ཏོག་གི་ཆར་བབས་པ། འཇའ་འོད་ཀྱྀས་གུར་ཕུབས་པ་སོགས་ཤིན་ཏུ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེ་མ་ཉིད་དུ་མ་འགོགས་བཟའ་ལ་ཟུག་རྔུ་སོགས་གང་ཡང་མེད་པར་མངལ་གྱི་གནས་ནས་བུ་ཆུང་ལོ་གསུམ་ཙམ་ལོན་པ། བལྟ་བས་ཆོག་མི་ཤེས་པ་སྤྱན་གསུམ་དང་ལྡན་པ་ཞིག་འཁྲུངས་མ་ཐག་གུ་རུ་པདྨ་འབྱུང་གནས་ཀྱིས་སྲས་དེར་འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་ཞེས་མཚན་གསོལ་ཏེ་དགྲ་རྒྱལ་སྨོན་ལམ་བཏབ། དབང་བསྐུར། ཚེ་ཆུ་1དང༌། རྐན་མར་2བྱིན་དེ་བཞིན་ལྷ་ཀླུ་གཉན་ལ་སོགས་པས་ཀྱང་ལྷ་ཕྲུག་ལ་རྩ་ཆེའི་འབུལ་བ་སྣ་ཚོགས་ཕུལ་ལོ། །
    ཡང་སྙིང་ལྷ་སྲས་དེ་འཁྲུངས་ནས་གནས་ཚུལ་ཇི་བྱུང་ལེའུ་ཕྱི་མར་གཟིགས་པར་འཚལ།

མཆན་འགྲེལ།

  1. ཚེ་ཆུ།     ཕྲུ་གུར་བར་ཆད་མ་ཡོང་བའི་ཆེད་བླ་མས་བྱིན་གྱིས་བརླབས་པའི་ཆུ་ཞིག་ལ་ཟེར། 
  2. རྐན་མར། ཕྲུ་གུ་མལ་འབྱར་གྱིས་འོ་མ་འཇིབ་ཐུབ་པའི་སླད་ཕ་མས་ཕྲུ་གུའི་ཁའི་ནང་མར་ཆུང་ཆུང་ཞིག་བླུགས་ཀྱི་ཡོད་པ་དེར་རྐན་མར་ཟེར།

དྲི་བ།
༡ ལྷ་ཕྲུག་གིས་ཨ་མར་བཏང་བའི་མགུར་གླུའི་ནང་གཙོ་བོ་གང་ལབ་འདུག་གམ།
༢ ཨ་མའི་ཁོག་པའི་ནང་ནས་མི་སྐད་གོ་ན་ཁྱེད་རང་གང་བསམ་པ་འདུག་གམ།

མདུན་ཤོག

Menu