འཇམ་དཔལ་གྲགས་པ།

གང་གིས་ཡང་དག་ལམ་ནས་བདེ་བར་གཤེགས། །གཤེགས་པའི་ལམ་བཟང་འགྲོ་ལ་བརྩེ་བས་བསྟན། །
བསྟན་དོན་ཚུལ་བཞིན་ཉམས་སུ་བཞེད་པས་འཕགས། །འཕགས་ཚོགས་དགེ་འདུན་བཅས་པར་སྐྱབས་སུ་མཆི། །
ཞེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་སྐབས་འདིར་སྐྱབས་འགྲོའི་སྐོར་ཅུང་ཞིག་བཤད་ན།

དང་པོ་སྐྱབས་འགྲོ་ཞེས་པའི་ཚིག་གཉིས་ཀྱི་གོ་དོན་ནི།         

    སྐྱབས་ཞེས་པ། ཉེས་སྐྱོན་ལས་སྐྱོབ་པར་བྱེད་པའོ། །དཔེར་ན། བྱིས་པ་གཡང་དུ་ཟག་པར་ཉེ་བ་ལས་སྲུང་བར་བྱེད་པ་བཞིན་ནོ། །འགྲོ་ཞེས་པ་ནི། ཉེས་པའམ་སྡུག་བསྔལ་དང་བཅས་པའི་མི་དེས་རེ་བ་བཅོལ་བའོ། །དཔེར་ན། བྱིས་པ་གཡང་དུ་ཟག་ལ་ཉེ་བ་ན་དེས་རང་ཉིད་སྐྱོབ་པ་པོར་རེ་འདོད་དང་སྐད་འབོད་བྱེད་པ་བཞིན་ནོ།།
    སྐྱབས་ཡུལ་དེར་གྲངས་ག་ཚོད་ཡོད་དམ་ཞེ་ན། སྐྱབས་ཡུལ་དེར་གྲངས་གསུམ་ཡོད་དེ། ༡༽ སངས་རྒྱས་དང༌། ༢༽ ཆོས། ༣༽ དགེ་འདུན་བཅས་གསུམ་ཡོད་དོ། །
    སྐྱབས་ཡུལ་དེར་གསུམ་བཞག་དགོས་དོན་གང་ཡིན་ནམ། སྐྱབས་ཡུལ་དེར་གསུམ་བཞག་དགོས་དོན་ནི། ༡༽ སངས་རྒྱས་དཀོན་མཆོག་སྐྱབས་སྟོན་པ་པོ་ཡིན་པས་སྐྱབས་སུ་བཞག དཔེར་ན། ནད་པ་ནད་ལས་སྐྱོབ་པར་ནད་དེ་གང་ཡིན་སྟོན་སའི་སྨན་པ་དགོས་པ་བཞིན་ནོ། ༢༽ ཆོས་དཀོན་མཆོག་ནི། སྐྱབས་དངོས་ཡིན་པས་སྐྱབས་སུ་བཞག དཔེར་ན། ནད་ལས་དངོས་སུ་ཐར་བར་བྱེད་མཁན་སྨན་ཡིན་པ་བཞིན་ནོ།  ༣༽ དགེ་འདུན་དཀོན་མཆོག་ནི། སྐྱབས་ཀྱི་ཟླ་གྲོགས་ཡིན་པས་སྐྱབས་སུ་བཞག དཔེར་ན། ནད་གཡོག་གིས་ནད་པར་སྐབས་སོ་སོར་དགོས་མཁོ་སྦྱིན་ནས་ནད་ལས་སྐྱོབ་པར་བྱེད་པས་སོ།།
    ཅིའི་ཕྱིར། སངས་རྒྱས། ཆོས། དགེ་འདུན་ལ་དཀོན་མཆོག་ཅེས་བརྗོད་དམ། ཡིད་བཞིན་ནོར་བུ་དང་འདྲ་ཆོས་དྲུག་ཚང་བས་དེ་ལྟར་བརྗོད་དོ། འདྲ་ཆོས་དྲུག་ཀྱང་ཡོད་དེ།  ༡༽ ཡིད་བཞིན་ནོར་བུ་འཇིག་རྟེན་དུ་འབྱུང་བ་དཀོན་པ་ལྟར་དཀོན་མཆོག་གསུམ་ཡང་འཇིག་རྟེན་དུ་འབྱུང་དཀོན་ནོ།། ༢༽  ནོར་བུར་གཡའ་ལ་སོགས་པའི་དྲི་མ་མེད་པ་ལྟར། དཀོན་མཆོག་ཉིད་ཀྱང་ཉེས་སྐྱོན་གྱི་དྲི་མ་མེད་པའོ།། ༣༽ ནོར་བུར་དབུལ་བ་སེལ་བའི་མཐུ་དང་ལྡན་པ་ལྟར་དཀོན་མཆོག་ཉིད་ཀྱང་གདུལ་བྱའི་སྡུག་བསྔལ་སེལ་བའི་མཐུ་དང་ལྡན་པའོ།། ༤༽ ནོར་བུ་འཇིག་རྟེན་གྱི་རྒྱན་ཡིན་པ་ལྟར་དཀོན་མཆོག་ཉིད་ཀྱང་ཐར་འདོད་རྣམས་ཀྱི་རྒྱན་ཡིན་ནོ།། ༥༽ ནོར་བུ་རྒྱན་རྣམས་ཀྱི་མཆོག་ཡིན་པ་བཞིན་དཀོན་མཆོག་གསུམ་ཡང་སྐྱབས་གནས་གཞན་ལས་མཆོག་ཡིན་པའི་ཕྱིར། ༦༽ ནོར་བུ་བསྟོད་སྨད་སོགས་ལས་གཞན་དུ་མི་འགྱུར་བ་ལྟར་དཀོན་མཆོག་ཉིད་ཀྱང་བསྟོད་སྨད་སོགས་ལས་གཞན་དུ་མི་འགྱུར་བ་བཅས་དྲུག་གོ །དེ་ཡང་འཕགས་པ་བྱམས་པའི་གསུང་ལས།
    འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་སོ། །
    སངས་རྒྱས་དཀོན་མཆོག་ཅེས་པ་དེ་གང་འདྲ་ཞིག་ཡིན་ནམ། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་ཤིག་ལ་བརྗོད་དོ། འོ་ན་དོན་གཉིས་དེ་གང་ཡིན་ནམ་ཞེ་ན། རང་དོན་དང་གཞན་དོན་གཉིས་ཡིན་ལ། རང་དོན་མཐར་ཕྱིན་པ་ནི། རང་ཉིད་ལ་མི་འདོད་པའི་སྡུག་བསྔལ་སྦྱིན་པར་བྱེད་མཁན་རྒྱུ་ཉོན་མོངས་རྣམས་ཡིན་ལ། དེ་སྤོང་བར་བྱེད་པའི་ལམ་དང་ལམ་དེ་ལ་བརྟེན་ནས་ཉོན་མོངས་སྤང་བའི་སྤངས་པ་མཐར་ཕྱིན་པས་སོ།།
  གཞན་དོན་གྱི་གཞན་ནི་སེམས་ཅན་ཐམས་ཅད་ཡིན་ལ། དོན་ནི་དེ་རྣམས་ཀྱིས་མི་འདོད་པའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་དེ་ཡིན་ནོ། །འོ་ན་སངས་རྒྱས་དཀོན་མཆོག་གིས་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཐུབ་བམ་སྙམ་ན། སྐྱོབ་ཐུབ་སྟེ། སེམས་ཅན་གྱི་སྡུག་བསྔལ་རྒྱུ་མེད་རྐྱེན་མེད་ལས་མ་བྱུང་ཞིང༌། སྡུག་བསྔལ་དེའི་རྒྱུ་ཕྲ་ཞིང་ཕྲ་བ་མཁྱེན་པའི་མཁྱེན་པ་དང་ལྡན་པས་དེ་སྤོང་ཚུལ་ཕྱིན་ཅི་མ་ལོག་པ་བསྟན་པ་ལས་སྐྱོབ་པས་སོ། །དེ་ལྟར་སྐྱོབ་པའི་ནུས་པ་དང་ལྡན་ཡང་སྐྱོབ་པའི་བྱ་བ་གནང་ངམ། དཔེར་ན། མི་ཚང་ཕྱུུག་པོར་དབུལ་ཕོངས་སྐྱོབ་ཐུབ་པའི་ནུས་པ་ཡོད་ཀྱང་སྐྱོབ་པའི་བྱ་བ་མི་བྱེད་བཞིན་ནོ་ཞེ་ན། དེ་དང་མི་འདྲ་སྟེ། སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བརྩེ་བ་སྙིང་རྗེ་ཆེན་པོར་གོམས་པ་མཐར་ཕྱིན་པས་བརྩེ་བས་ངེས་པར་སྐྱོབ་པར་བྱེད་པའི་ཕྱིར་དང༌། ཉིད་ཀྱིས་གཟིགས་པའི་ལམ་གཞན་སེམས་ཅན་ཐམས་ཅད་ལ་ཡང་དག་པར་གསུངས་ཀྱི་རྫུན་གསུངས་པར་དགོས་པ་མ་གཟིགས་པས་མི་གསུངས་པའི་ཕྱིར། དཔེར་ན། བྱམས་ལྡན་ཕ་མས་བུ་ཡི་ཆེད་དུ་བསགས་པའི་ནོར་དེ། བུ་ལ་དགའ་བཞིན་སྤྲོ་བཞིན་པའི་སྒོ་ནས་སྦྱིན་པར་བྱེད་ཀྱི་དེ་ལ་སེར་སྣ་དང་གཡོ་སྒྱུ་མེད་པ་བཞིན་ནོ། །
    སངས་རྒྱས་ལ་ཁྱད་ཆོས་གཞན་ཡང༌། བདག་ཉིད་འཇིགས་པ་ཐམས་ཅད་ལས་ཐར། གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཐབས་ལ་མཁས། ཀུན་ལ་ཉེ་རིང་མེད་པར་བརྩེ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་རྣམས་ངེས་པར་དུ་སྐྱོབ་པར་ངེས་སོ།།
    ཆོས་དཀོན་མཆོག་དེ་གང་འདྲ་ཞིག་ཡིན་ནམ། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྣམ་བྱང་བདེན་པ་ཞིག་ལ་བརྗོད་དོ།།
    འགོག་བདེན་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་དམ། འགོག་བདེན་ཞེས་པ་ནི། ང་རང་ཚོར་མི་འདོད་པའི་སྡུག་བསྔལ་དངོས་སུ་སྐྱེས་པར་བྱེད་པའི་རྒྱུ་ལས་དང་ལས་དེའི་རྒྱུ་ཉོན་མོངས་པ་རྣམས་ཡིན་ལ། དེ་རྣམས་རྩ་བ་ནས་མ་ལུས་པ་སྤངས་པའི་སྤངས་པ་དེ་ལ་འགོག་བདེན་དང༌། ཐར་པ་ཞེས་ཀྱང་བརྗོད་དོ། ཡིན་ནའང༌། སྤང་བྱ་ཉོན་མོངས་དེར་ཕྲ་རགས་དུ་མ་ཡོད་པ་བཞིན་དུ་དེ་སྤངས་པའི་སྤངས་པ་འགོག་བདེན་དེར་ཡང་དུ་མ་དབྱེ་རྒྱུ་ཡོད་དོ། དཔེར་ན། མི་ཞིག་མཁས་པར་འགྱུར་བ་ལ་མཁས་བྱའི་གནས་རེ་རེ་ནས་མི་ཤེས་པའི་རྨོངས་པ་སེལ་ཏེ་མཁས་པར་བྱས་ནས་མཐར་རྨོངས་པ་ཐམས་ཅད་ལས་གྲོལ་ཏེ་ཐམས་ཅད་ལ་མཁས་པར་གྱུར་པ་བཞིན་ནོ། །དེ་ཡང་སྤང་བྱ་སྤོང་ཚུལ་ནི། སྤང་བྱ་ཆེ་རིམ་དང་གཉེན་པོ་ཆུང་རིམ་གྱི་སྒོ་ནས་སྤོང་བར་བྱེད་དོ།
    ལམ་བདེན་ཞེས་པ་དེ་གང་འདྲ་ཞིག་ཡིན་ནམ། གོང་དུ་བཤད་པའི་ཉོན་མོངས་དེ་དག་སྤོང་བྱེད་ཀྱི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ལ་བརྗོད་དོ། །དེ་ཡང་སྤང་བྱ་ཉོན་མོངས་དེར་ཕྲ་རགས་དུ་མ་ཡོད་པ་བཞིན་སྤོང་བྱེད་ལམ་དེ་ལའང་དུ་མ་ཡོད་དེ། དཔེར་ན། གསོ་བྱའི་ནད་ལ་དུ་མ་ཡོད་པ་བཞིན་དུ་གསོ་བྱེད་སྨན་ལའང་དུ་མ་ཡོད་པ་བཞིན་ནོ། །འོན་ཀྱང་དེ་དག་སྨན་ཡིན་པར་མཚུངས་པ་བཞིན་དུ་ལམ་དེ་དག་ཀྱང་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པར་མཚུངས་དགོས་ཀྱི་སྤྱིར་ཉོན་མོངས་ཀྱི་གཉེན་པོ་ཙམ་གྱིས་མི་ཆོག་གོ  །
    འཕགས་པའི་གང་ཟག་ཟེར་བ་དེ་གང་ཟག་གང་འདྲ་ཞིག་ལ་བརྗོད་དམ། དེ་ནི་ལམ་ལ། ༡༽ ཚོགས་ལམ། ༢༽ སྦྱོར་ལམ། ༣༽ མཐོང་ལམ། ༤༽ སྒོམ་ལམ། ༥༽ མི་སློབ་ལམ་དང་ལྔ་ལས་མཐོང་ལམ་ནམ་ཐོབ་པ་ན་གང་ཟག་དེ་འཕགས་པའི་གང་ཟག་ཡིན་པར་གྱུར་ཏོ། །
    དགེ་འདུན་དཀོན་མཆོག་དེ་གང་འདྲ་ཞིག་ཡིན་ནམ།  གོང་དུ་བཤད་པའི་འགོག་བདེན་དང་ལམ་བདེན་གང་རུང་རྒྱུད་ལ་ལྡན་པའི་གང་ཟག་གམ། ཡང་ན། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་ལྡན་པའི་འཕགས་པའི་གང་ཟག་ལ་བརྗོད་དོ། །རིག་གྲོལ་གྱི་ཡོན་ཏན་བརྒྱད་ཀྱང་ཡོད་དེ། ༡༽ ཇི་ལྟ་དང༌། ༢༽ ཇི་སྙེད་པའི་ཆོས་སོ་སོ་རང་གི་རིག་པའི་ཚུལ་གྱིས་གཟིགས་པ་དང༌། ༣༽ སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པ་མངོན་སུམ་དུ་གཟིགས་པའི་གཟིགས་པ་དག་པའི་ཡོན་ཏན། ༤༽ ཆགས་པ་དང༌། ༥༽ ཐོགས་པ། ༦༽ དམན་པའི་སྒྲིབ་དང་བྲལ་བའི་ཡོན་ཏན། ༧༽ རིག་པའི་ཡོན་ཏན། ༨༽ གྲོལ་བའི་ཡོན་ཏན་དང་བརྒྱད་དོ། དེ་ཡང་འཕགས་པ་བྱམས་པས།
    ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་སོ།། མདོར་ན། གོང་དུ་བཤད་པའི་ལམ་བདེན་དང་འགོག་བདེན་རྒྱུད་ལ་ལྡན་པའི་གང་ཟག་རྣམས་ལ་དགེ་འདུན་དཀོན་མཆོག་ཅེས་བརྗོད་དོ། །དེ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་སྒོ་ནས་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་ཞིག་དགོས་ཀྱི་མཆོག་གསུམ་གྱི་ཡོན་ཏན་སྣ་གཅིག་ཀྱང་མི་ཤེས་ཤིང་མཐའ་ན་གྲངས་འདྲེན་ཀྱང་མི་ཤེས་བཞིན་དུ་ད་དུང་ཆོས་ལ་མཐོང་ཆུང་ཁྱད་གསོད་དང་ཆོས་བྱེད་པར་སྡང་ཟུག་ཆེ་བར་བྱེད་པ་ནི་རང་ཉིད་བླུན་པོ་ཡིན་པའི་རང་རྟགས་གསལ་བར་མངོན་པ་ཙམ་དུ་ཟད་དོ།།
    འོ་ན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཕན་ཡོན་གང་ཡོད་དམ་ཞེ་ན། ཕན་ཡོན་ཡོད་དེ། དཀོན་མཆོག་གསུམ་དང་ལྷག་པར་དུ་སངས་རྒྱས་ཀྱིས་སྡུག་བསྔལ་སྤོང་ཚུལ་གསུངས་པ་དེ་དག་ལག་ལེན་དུ་བསྟར་ཐུབ་ན། ཚེ་འདིར་ལུས་སེམས་བདེ་བར་གནས་ཐུབ་པ་དང༌། ཚེ་ཕྱི་མར་རྟེན་བཟང་ཐོབ་ཐུབ་པ། རིམ་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕན་ཡོན་ཡོད་དོ། །གཞན་ཡང་ཕྱི་ནང་གི་ཁྱད་པར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་མི་འགྲོ་བས་འབྱེད་པས། རང་ཉིད་ནང་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། སྔོན་བསགས་ཀྱི་སྡིག་པ་བསྲབས་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་གསོག་པ། ངན་འགྲོར་མི་ལྟུང་བ། མི་དང་མི་མ་ཡིན་གྱི་བར་གཅོད་ཀྱིས་མི་ཚུགས་པ། ཅི་བསམ་པ་ཐམས་ཅད་འགྲུབ་པ་སོགས་ཀྱི་ཕན་ཡོན་རྣམས་དྲན་པར་བྱས་ཏེ་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བར་བྱའོ།།
    སྐྱབས་འགྲོའི་དགག་པའི་བསླབ་བྱ་སྟེ་བྱས་མི་ཆོག་པ་ནི། སངས་རྒྱས་ལ་སྐྱབས་སུ་འགྲོ་བས་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་དང་ཡུལ་ལྷ་གཞི་བདག་སོགས་ལ་སྐྱབས་སུ་མི་འགྲོ་བ། ཆོས་ལ་སྐྱབས་སུ་འགྲོ་བས་སེམས་ཅན་ལ་གནོད་འཚེ་སྤོང་བ། དགེ་འདུན་ལ་སྐྱབས་སུ་འགྲོ་བས་མུ་སྟེགས་པའམ་ཆོས་ཁས་མི་ལེན་པའི་གང་ཟག་དང་མི་འགྲོགས་པའོ།།
    སྐྱབས་འགྲོའི་བསྒྲུབ་བྱའི་བསླབ་བྱ་སྟེ་ལག་ལེན་དུ་བསྟར་དགོས་པ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་སོགས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་མ་གུས་པ་སྤོང་བ། ཆོས་ཚིགས་སུ་བཅད་པ་ཞིག་ལའང་མ་གུས་པ་མི་བྱ་ཞིང༌། གཏའ་མར་དང༌། ཟོང་གི་འདུ་ཤེས་སྤངས་ཏེ་གུས་པར་བྱེད་པ། དགེ་འདུན་ལ་སྐྱབས་སུ་འགྲོ་བས། རབ་ཏུ་བྱུང་བར་མི་གཤེ་ཞིང༌། མི་བརྙས་པ། ཁྱེད་ཚོ་དང་ང་ཚོ་ཞེས་རིས་སུ་བཅད་དེ་དགྲར་མི་བལྟ་བར་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱས་ནས་མཆོད་པར་བྱའོ།།
    འོ་ན་དཀོན་མཆོག་གསུམ་ལ་འགྲོ་བ་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་དང་ཐབས་ལ་མཁས་པ་དེ་ལྟར་ལྡན་ཞིང་སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་ན། ང་ཚོས་མི་འདོད་པའི་སྡུག་བསྔལ་འདི་འདྲ་མྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། དེ་ནི་ང་ཚོའི་སྐྱོན་ཁོ་ན་ལས་སྐྱབས་དཀོན་མཆོག་གསུམ་གྱི་སྐྱོན་ག་ལ་ཡིན། དེ་ལ་ཡང་ང་རང་ཚོས་སངས་རྒྱས་དཀོན་མཆོག་ལ་གདེང་ཁེལ་བའི་ཡིད་ཆེས་རྣལ་མ་ཞིག་མ་སྐྱེས་ཤིང༌། དེ་ལ་བརྟེན་ནས་དེས་གསུངས་པའི་ཆོས་ལ་ཡིད་མ་ཆེས་ཤིང་ཡིད་ཆེས་ནའང་སྒྱིད་ལུག་དང་སྙོམ་ལས་ཀྱི་དབང་གིས་ཚུལ་བཞིན་ཉམས་སུ་མ་བླངས་པས། སངས་རྒྱས་དང་ཆོས་ཀྱི་ཡོན་ཏན་མ་མཐོང༌། དེ་མ་མཐོང་བས་དེ་ཚུལ་བཞིན་སྒྲུབ་པའི་དགེ་འདུན་ལའང་དད་པ་མི་སྐྱེ་བས་དགེ་འདུན་ལའང་སྐྱབས་ཀྱི་ཟླ་གྲོགས་སུ་མ་མཐོང་བ་དེ་ཁོ་ནས་ལན་པ་ཡིན་ནོ། །དཔེར་ན། ཤེས་ཡོན་ལ་དོ་སྣང་མེད་པའི་མི་ཞིག་སློབ་གྲྭར་བཏང་ཡང༌། དེས་ཤེས་ཡོན་ལ་དོ་སྣང་མི་བྱེད་ཅིང༌། དེ་ལ་དོ་སྣང་མེད་པས་དགེ་རྒན་གྱིས་གང་བསླབས་པ་རྣམས་མི་སྦྱོང་བ་དང༌། སློབ་སྦྱོང་ལ་བརྩོན་པ་ཆེ་བའི་སློབ་མ་རྣམས་དང་ཡང་མི་འདྲེས་ཤིང༌། དེ་དག་གི་ཡོན་ཏན་ལ་སྤྲོ་བ་མེད་པ་ན་མཐའ་མ་རང་ཉིད་སློབ་གྲྭར་ཕྱིན་པའི་འབྲས་བུ་ཤེས་ཡོན་ལྡན་པ་ཞིག་ཆགས་དགོས་རྒྱུ་ལ་དེ་མ་ཆགས་པ་དེ་དགེ་རྒན་གྱིས་མ་ལན། སློབ་ཚན་གྱིས་མ་ལན། སློབ་གྲོགས་ཀྱིས་མ་ལན། རང་ཉིད་ཁོ་ནའི་ནོར་འཁྲུལ་བཞིན་ནོ། །གཞན་ཡང་ཕ་བཟང་གི་བུ་ལྐུགས་པ་དང༌། ཁ་བྱང་བལྟས་ཀྱི་བྲག་ཕུག་བཞིན་ནོ། །སངས་རྒྱས་ཀྱི་ཞལ་ནས་ཀྱང༌།
  ངས་ནི་རབ་ཏུ་བཟང་པའི་ཆོས་བཤད་ཀྱང༌། ཁྱེད་ཀྱི་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་ནས་ནི། །གསོ་བྱའི་ནད་རྣམས་གསོ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར།
    ད་འོ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་ཇི་ལྟར་འགྲོ་དགོས་ཤེ་ན། དེ་ལ་སྐྱབས་འགྲོའི་རྒྱུ་ངོས་འཛིན་དགོས་ཤིང་དེ་རང་རྒྱུད་ལ་ལྡན་པ་དགོས་པས། དེ་ལ་སྐྱབས་འགྲོའི་རྒྱུ་ནི། འཇིགས་པ་དང༌། འཇིགས་པ་དེས་དྲངས་པའི་དད་པ་དང་གཉིས་དགོས་སོ། །འོ་ན་འཇིགས་པ་དེ་གང་ཡིན། དཔེར་ན། སློབ་ཕྲུག་རྣམས་ཡིག་ཚད་ལ་འཇིགས་པ་དང༌། ཚོང་པ་རྣམས་ཚོང་ཟོག་བརླག་དོར་ཤོར་དོགས་ནས་འཇིགས་པ་སོགས་ཚེ་འདི་ཡི་བདེ་སྐྱིད་ཁོ་ནར་དམིགས་ཏེ་དཀོན་མཆོག་མཁྱེན་སྙམ་སྟེ་མཆོག་གསུམ་ལ་དད་པ་འདི་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་འཇིགས་པ་དེས་དྲངས་པའི་དད་པ་ཡིན་ནམ་ཞེ་ན། དེ་ནི། དཔེར་ན་ཆོས་ཁས་མི་ལེན་པ་དང༌། ནང་པ་མ་ཡིན་པ་ཐ་ན་དུད་འགྲོ་ཚུན་ཆད་ཀྱིས་ཀྱང་ཚེ་འདིའམ་གནས་སྐབས་ཀྱི་སྡུག་བསྔལ་ལ་འཇིགས་ནས་རེ་བ་དང་ཐབས་ཤེས་བྱེད་ཅིང་ཐབས་ཤེས་ཐུབ་པས་ན། དེ་ནི་གང་ཟག་དབང་པོ་ཆེས་རྟུལ་ཞིང་མིག་རྒྱང་ཐུང་བའི་སྐྱབས་འགྲོ་བྱེད་ཚུལ་ཡིན་པས། ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་དཀའ་བར་སེམས། འོན་ཀྱང་ཚེ་འདི་ཡི་སྡུག་བསྔལ་ལ་འཇིགས་ཏེ་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་མཆོད་པ་ཕུལ་ན་དགོས་པ་མེད་པ་ཡང་མིན་ཏེ་ཚེ་འདི་ཡི་བར་ཆད་ཞི་ཞིང་དགོས་དོན་འགྲུབ་པས་སོ། །དཔེར་ན། མི་མཁས་པ་ཕྱུགས་འཚོ་བར་བཏང་བ་ན་དེ་ཙམ་གྱི་མཁས་པའི་དགོས་པ་ཁྱད་པར་ཅན་མ་སྒྲུབ་ཀྱང་ཕྱུགས་འཚོ་བ་ཙམ་ལ་ཕན་མ་ཐོགས་པ་མ་ཡིན་པ་བཞིན་ནོ། །
 འོ་ན་ནང་པ་སངས་རྒྱས་པའི་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་དེ་གང་ཡིན་ནམ་ཞེ་ན། དེ་ལ་རྒྱས་པར་དབྱེ་ན་གསུམ་སྟེ། སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ སྐྱེས་བུ་འབྲིང་གི་སྐྱབས་འགྲོ སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་དང་གསུམ་ཡོད་དོ།  །སྐབས་འདིར། སྐྱེས་བུ་ཆུང་འབྲིང་ཆེན་པོ་གསུམ་གང་ཟག་གི་བློ་ཡི་རིམ་པས་ཕྱེ་བས་རྒྱུུད་ཐ་དད་པར་བརྗོད་པ་མིན་ནོ། རྒྱུ་མཚན་གང་ཡིན་ནམ་ཞེ་ན། སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་རྒྱུད་ལ་སྐྱེས་པར་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་ལ་བློ་སྦྱོང་སྔོན་དུ་འགྲོ་དགོས་པའི་ཤེས་ཆེད་དུ་ཡིན་ནོ། །དེས་ན་མ་མཐའ་ཡིན་པས་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་རྒྱུད་ལ་སྐྱེས་པ་ཞིག་དགོས་སོ། །

སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ

དེ་ལྟར་ལགས་ན། སྐྱེས་བུ་ཆུང་ངུའི་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་འཇིགས་པས་དྲངས་པའི་དད་པ་དེ་གང་ཡིན་ནམ་ཞེ་ན།  དེ་ལ་ཐོག་མར་འདི་བསམ་དགོས་ཏེ། ཚེ་འདི་ནི་ཇི་ལྟར་ཐབས་ཤེས་བྱས་ཀྱང་ངེས་པར་འཇིག་པ་སྟེ་འཆི་བར་ངེས་ལ། ཤི་བའི་རྗེས་སུ་མར་མེ་ཤི་བ་དང༌། ཆུ་སྐམ་པ། འཇའ་ཡལ་བ་ལྟར་རྒྱུན་མེད་པ་མ་ཡིན་པར་གང་ཟག་ལ་དངོས་པོ་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པ་རྣམ་པར་ཤེས་པ་ཞིག་ཡོད་ལ་དེ་ཡི་རྒྱུན་ཕྱི་མ་ཡོད་ལ། དེ་སྐྱེ་སའམ་གནས་སའི་རྟེན་ཞིག་ཀྱང་ངེས་པར་དགོས་པས་སྐྱེ་བ་ལེན་སའི་གནས་སམ་རྟེན་དེར་ངན་འགྲོ་དང་བདེ་འགྲོ་གཉིས་སུ་ངེས་སོ། ངན་འགྲོར་སྐྱེ་ན། སྐྱེ་གནས་དེར་དམྱལ་བ། ཡི་དྭགས། དུད་འགྲོ་གསུམ་དུ་ངེས་ལ། དེ་སོ་སོར་ནང་གསེས་དབྱེ་ན། དམྱལ་བར་ཚ་དམྱལ་བརྒྱད་དང༌། གྲང་དམྱལ་བརྒྱད། ཉེ་འཁོར། ཉི་ཚེ་བ་བཅས་དམྱལ་ཁམས་བཅོ་བརྒྱད་ཡོད་དོ།།
    དེ་ཡང་ཚ་དམྱལ་བརྒྱད་ནི། ༡༽ ཡང་གསོས།  ༢༽ ཐིག་ནག ༣༽ བསྡུས་འཇོམས། ༤༽ ངུ་འབོད། ༥༽ ངུ་འབོད་ཆེན་པོ། ༦༽ ཚ་བ༌། ༧༽ རབ་ཏུ་ཚ་བ། ༨༽ མནར་མེད་བཅས་དང༌།
    གྲང་དམྱལ་བརྒྱད་ནི། ༡༽ ཆུ་བུར་ཅན། ༢༽ ཆུ་བུར་རྡོལ་བ། ༣༽ ཀྱི་ཧུད་ཟེར་བ། ༤༽ སོ་ཐམ་པ། ༥༽ ཨ་ཆུ་ཟེར་བ། ༦༽ ཨུཏྤལ་ལ་ལྟར་གས་པ། ༧༽ པདྨ་ལྟར་གས་པ། ༨༽ པདྨ་ཆེན་པོ་ལྟར་གས་པ་དང་བརྒྱད་དོ།།
    ཉེ་འཁོར་བ་ནི། མནར་མེད་ཀྱི་ཕྱོགས་བཞི་སོ་སོར། མེ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་བྱའི་ཐང༌། རལ་གྲི་ལོ་མའི་ནགས་ཚལ་རྣམས་ཡོད་དོ། །
    ཉི་ཚེ་བ་ནི། གནས་ཀྱང་ངེས་མེད། སྡུག་བསྔལ་ཡང་ངེས་མེད་དོ། །དཔེར་ན། རྡོ་ཡི་ནང་དུ་འཐུམས་པ། ཆབ་རོམ་ནང་དུ་རེངས་པ་སོགས་མཐའ་ཡས་སོ། །དེ་རྣམས་རྒྱས་པར་ཤེས་འདོད་ན་ལམ་རིམ་གྱི་གཞུང་རྣམས་དང་དེའི་ཁུངས་སངས་རྒྱས་ཀྱི་མདོ་ཡི་ནང་དུ་གཟིགས་པར་ཞུ།
    ཡི་དྭགས་ལའང་སྤྱི་ཡི་སྡུག་བསྔལ་ནི། བཀྲེས་སྐོམ་ཚ་གྲང་གི་སྡུག་བསྔལ་དང༌། གཞན་ཡང༌། ལྟོ་བ་རི་མཚུངས་འགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་བཞིན་དུ་ཕྲ། །ལུས་སྐམ་ཐལ་བས་རབ་གཡོགས་ལྷུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཅེས་སོགས་གསུངས་པ་ལྟར་རང་གི་ཡན་ལག་གིས་ལུས་པོ་མ་ཐེག་པ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ནང་གསེས་ནི། ཕྱི་ཡི་སྒྲིབ་པ་ཅན་དང་ནང་གི་སྒྲིབ་པ་ཅན་གཉིས་ལས།
    ཕྱི་ཡི་སྒྲིབ་པ་ཅན་ནི།  ལྗོན་ཤིང་འབྲས་བུ་ཅན་དང་ཆུ་བོ་རྒྱང་རིང་ནས་མཐོང་སྟེ་ངལ་བ་ཆེན་པོས་ཕྱིན་པ་ན་འགྲམ་དུ་སླེབས་དུས་དེ་དག་མི་སྣང་བར་གྱུར་པའམ་བྱེ་ཐང་དུ་སྣང་བ་སོགས་དང༌། ནང་གི་སྒྲིབ་པ་ཅན་ནི། གལ་ཏེ་ཟས་ཅུང་ཟད་རེ་རྙེད་ཀྱང་ཁ་ནང་མི་ཐར་བ་དང༌། ཐར་ཡང་མགྲིན་པར་མི་འགྲོ་བ། ཕྱིན་དུ་ཟིན་ཀྱང་ཁོག་པར་ལྕགས་གོང་མེ་འབར་བར་འགྱུར་བ་སོགས་སྡུག་བསྔལ་བརྗོད་ལས་འདས་སོ།།
    དུད་འགྲོའི་སྐྱེ་གནས་སུ་སྐྱེས་ན། དུད་འགྲོ་རྣམས་ནི་གླེན་ཞིང་གཏི་མུག་པ་དང༌། ཚ་གྲང་གིས་མནར་བ། བདག་མེད་ཀྱི་སེམས་ཅན་རྣམས་ལ་གཅིག་གིས་གཅིག་བཟའ་བའི་འཇིགས་པ་དང༌། བདག་ཡོད་ཀྱི་སེམས་ཅན་རྣམས་ཀྱང་བཀོལ་སྤྱོད་ཀྱི་སྡུག་བསྔལ་སོགས་མཐོང་ཆོས་སུ་ཡོད་པ་བཞིན་ནོ། །
    མདོར་ན། ངན་འགྲོར་སྐྱེས་ཕྱིན་ཆད། དམྱལ་བར་ཚ་གྲང་གིསྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོར་བཀོལ་སྤྱོད་ཀྱི་སྡུག་བསྔལ་སོགས་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་ལ། སྡུག་བསྔལ་མྱངས་པ་དེས་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་མྱོང་མི་དགོས་པའི་གོ་ཆོད་ཅིང༌། རང་ཉིད་ཀྱང་ཕྱིས་སྡུག་བསྔལ་མྱོང་མི་དགོས་པར་མི་ཕན་པའི་ཁར། གནས་ཀྱི་ཆ་ནས་མི་སྡུག་པ་ཁོ་ན་ཡིན་པས་ཉོན་མོངས་སྐྱེ་བའི་རྐྱེན་ཁོ་ན་ལས་དགེ་བ་བསྒྲུབ་དཀའ། རྟེན་གྱི་ཆ་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བཞིན་པས་ཁོང་ཁྲོ་ཁོ་ན་ལས་དགེ་བའི་བློ་འབྱུང་དཀའ། གྲོགས་ཀྱི་ཆ་ནས་ཐམས་ཅད་ལས་ངན་གྱི་རྣམ་སྨིན་ལས་ཞེ་སྡང་ཆེ་ཞིང་ཕན་ཚུན་གནོད་འཚེ་ལས། དགེ་བའི་གྲོགས་སུ་འགྱུར་བ་དཀའ་བ་ཡིན། དགེ་བ་མ་བསྒྲུབ་ན་བདེ་བ་མི་འབྱུང་བས་རང་ཉིད་ངན་འགྲོར་སྐྱེས་པ་ལས་ཕོངས་ཚབས་ཆེ་བ་མེད་དེ། དཔེར་ན། འགྲུལ་པ་ཞིག་རང་གི་འགྲོ་ཡུལ་གྱི་ལུང་པ་དེའི་ལམ་ནོར་ནས་ཕྱིན་པས་ལུང་པ་གཞན་ཞིག་ཏུ་སླེབས་པ་ན། ལམ་དུ་འགྲོ་གྲོན་ཕྱིན་པ་གྱོང་གུན་དང་ལམ་དུ་དཀའ་ངལ་བྱུང་བ་རྣམས་སྡུག་གྱོང་གི་ཁར། རྗེས་སུ་འགྲོ་ཡུལ་དངོས་གནས་དེར་འགྲོ་བར་དཀའ་ལས་གསར་པ་བརྒྱབ་མི་དགོས་པ་དང་འགྲོ་སོང་འཕར་མ་གཏོང་མི་དགོས་པར་མི་ཕན་པ་བཞིན་ནོ།།
    དེས་ན། སྡུག་བསྔལ་གྱི་སྐྱེ་གནས་དེ་རྣམས་ལ་ཕར་ལྟད་མོ་བལྟས་པ་ལྟ་བུ་མ་ཡིན་པར་དེ་འདྲའི་སྐྱེ་གནས་སུ་རང་ཉིད་དངོས་སུ་སྐྱེས་ན་སྡུག་བསྔལ་དེ་རྣམས་བཟོད་དམ་མི་བཟོད་སྙམ་དུ་ཡང་ཡང་བསམ་པ་ན། དཔེར་ན། ད་ལྟ་དུད་འགྲོ་ལས་སྐྱེ་གནས་བཟང་བའི་མི་རུ་སྐྱེས་ཡོད་ཀྱང་སྡུག་བསྔལ་དུ་མ་རྒྱུན་མར་མྱོང་དགོས་ཤིང་དེ་ལ་བཟློག་ཐབས་སུ་ཐབས་ཤེས་ཀྱང་འདྲ་མིན་སྣ་ཚོགས་ཤིག་ཤེས་ཤིང་བྱས་དང་བྱེད་བཞིན་པ་ཡིན་ཀྱང་ད་དུང་དཀའ་ངལ་འདི་ལྟ་བུ་མྱོང་དགོས་ན། རང་གི་སྡུག་བསྔལ་དེ་ལས་ཐར་བའི་ཐབས་ཤེས་མི་ཤེས་པའི་གླེན་ཞིང་གཏི་མུག་པའི་དུད་འགྲོ་སོགས་ཀྱི་སྡུག་བསྔལ་དེ་ལྟ་བུ་བདག་གིས་དེ་མུར་འཇོག་པ་ཇི་ལྟར་བཟོད་སྙམ་དུ་དེ་ལ་མི་བཟོད་པའི་འཇིགས་པ་ཆེན་པོ་བྱུང་བ་དང་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་འདོད་ཀྱང་བྱུང་ལ། འཇིགས་པ་དང་ལྡན་པའི་གནས་དེ་ལྟ་བུར་བདག་མ་སྐྱེ་བ་ཞིག་དཀོན་མཆོག་གསུམ་གྱིས་མཁྱེན་སྙམ་པའི་དཀོན་མཆོག་གསུམ་ལ་དད་པ་བཅོས་མིན་ཞིག་བྱུང་བས་ངག་ནས་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆི། ཆོས་ལ་སྐྱབས་སུ་མཆི། དགེ་འདུན་ལ་སྐྱབས་སུ་མཆི་ཞེས་རང་དབང་མེད་པར་འདོན་པ་ཞིག་ཀྱང་ཡོང་ངོ༌། །དེ་ནམ་བྱུང་བ་ན་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་རང་རྒྱུད་ལ་སྐྱེས་པ་ཡིན་ནོ། །དཔེར་ན། རང་ལ་གློ་བུར་གྱི་རྐྱེན་ངན་ཞིག་བྱུང་ན་རང་དབང་མེད་པར་ཁ་ནས་ཨ་མ་ཞེས་འབོད་པ་བཞིན་དགོས་སོ།།
    དེ་ལྟ་མ་ཡིན་ན། སེམས་ནས་གང་དྲན་འདི་དྲན་མེད་པར་ངག་ནས་སྐྱབས་འགྲོ་བྱས་པ་ཙམ་གྱིས་ཕན་ནུས་དེ་ཙམ་མི་ཡོང་བར་སེམས་སོ།།
        དེས་ན། སྤྱིར་དད་པ་ལ་དུ་མ་ཞིག་ཡོད་ཀྱང་སྐབས་འདིའི་དད་པ་ནི་ངན་འགྲོ་ལས་སྐྱོབ་མཁན་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་ཁོ་ན་ཡིན་སྙམ་པའི་ཡིད་ལྷན་གྱིས་ཆེས་པའི་དད་པ་ཞིག་ཡིན། དཔེར་ན། མཛའ་བའི་བུ་ཕན་ཚུན་ཕྲད་པ་བཞིན་ནོ།།
    དེ་ལྟར་འཇིགས་པ་དང་ལྡན་པའི་གང་ཟག་དེས་མཆོག་གསུམ་ལ་སྐྱབས་སུ་ཕྱིན་ན་སྐྱོབ་ཚུལ་ནི། ངན་འགྲོར་སྐྱེ་བར་བྱེད་པའི་རྒྱུ་ནི་ནག་པོ་སྡིག་པའི་ལས་རྣམས་ཡིན་ལ་དེ་སྤོང་ཚུལ་དང་བདེ་འགྲོར་སྐྱེ་བར་བྱེད་པའི་རྒྱུ་ནི། དཀར་པོ་དགེ་བའི་ལས་ཡིན་པས་དེ་རྣམས་ཉམས་སུ་ལེན་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པ་ལས་སྐྱོབ་པར་མཛད་པའི་ཕྱིར། ནག་པོ་མི་དགེ་བར་ཕྲ་རགས་དུ་མ་ཞིག་ཡོད་ཀྱང༌། གཙོ་བོ་བཅུར་བསྡུས་ཏེ་གསུངས་ལ་མི་དགེ་བཅུ་སྤངས་པའི་དཀར་པོ་དགེ་བཅུའི་ཚུལ་ཁྲིམས་དེ་སྐྱེས་བུ་ཆུང་ངུས་ཆོས་ལ་སྐྱབས་སུ་མཆི་ཞེས་བརྗོད་པའི་ཆོས་ཀྱང་དེ་ཡིན་ནོ།།
    ནག་པོ་མི་དགེ་བ་བཅུ་ནི།   ལུས་ཀྱི་སྒོ་ནས་ ༡༽  སྲོག་གཅོད་པ། ༢༽ མ་བྱིན་ལེན་པ། ༣༽ ལོག་གཡེམ་གསུམ་དང༌། ངག་གི་སྒོ་ནས་ ༡༽ རྫུན་བཤད་པ། ༢༽ ཕྲ་མ། ༣༽ ཚིག་རྩུབ། ༤༽ ངག་འཁྱལ་བཞི། ཡིད་ཀྱི་སྒོ་ནས་ ༡༽ བརྣབ་སེམས། ༢༽ གནོད་སེམས། ༣༽ ལོག་ལྟ་སྟེ་ནག་པོ་མི་དགེ་བ་དེ་དག་ཆེན་པོ་ལས་དམྱལ་བ། འབྲིང་ལས་ཡི་དྭགས། ཆུང་ངུ་ལས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་བྱེད་དོ། །ནག་པོ་མི་དགེ་བ་བཅུ་པོ་དེ་དག་ཀྱང་ལུས་ངག་གཉིས་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་སྡིག་པ་ཆེ་བ་དང༌། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྡིག་པ་ཆེའོ། །གཞན་ཡང༌། སྲོག་གཅོད་ལྟ་བུར་མཚོན་ན། གསད་བྱའི་རྟེན་གྱི་ཁྱད་པར་ལས་སྡིག་པ་ཆེ་ཆུང་ཡོད་དེ། དཔེར་ན། དུག་སྦྲང་བསད་པ་ལས་མི་བསད་པ་སྡིག་པ་ཆེ་བ་དང༌། མི་ལའང་སྤྱིར་བཏང་གི་མི་བསད་པ་ལས་རང་ལ་བཀའ་དྲིན་ཆེ་བའི་ཕ་མ་དང༌། ཡོན་ཏན་གྱི་ཞིང་སློབ་དཔོན་དང་དགེ་སློང་བསད་པ་སྡིག་པ་ཆེ་བ་སོགས་ནང་གསེས་དུ་མ་དབྱེ་རྒྱུ་ཡོད་དོ། །
    ཡང་དུག་སྦྲང་ལྟ་བུར་མཚོན་ན། གཞི་༡བསམ་པ་༢སྦྱོར་བ་༣མཐར་ཐུག་༤བཅས་པ་རྣམས་ཚང་མ་ཚང་གིས་སྡིག་པ་ཆེ་ཆུང་ཡོད་དོ། །དཔེར་ན། ལུག་གསོད་པ་ལྟ་བུར་མཚོན་ན། གཞི།༡ ལུག་དེ་ལུག་ཡིན་པར་འདུ་ཤེས་མ་འཁྲུལ་བ། བསམ་པ།༢ ཤ་ལ་ཆགས་པ་ལྟ་བུ་འདོད་ཆགས་ཀྱིས་གསོད་པ། དེ་ལ་ཁོང་ཁྲོ་བ་ལྟ་བུ་ཞེ་སྡང་གིས་གསོད་པ། སེམས་ཅན་བསད་དེ་མཆོད་སྦྱིན་བྱས་ན་དགེ་བར་རློམས་པ་ལྟ་བུ་གཏི་མུག་གིས་གསོད་པ། སྦྱོར་བ་༣མཚོན་དང་དུག་གིས་གསོད་པ། རང་གིས་དངོས་སུ་གསོད་པའམ་གཞན་ལ་གསོད་དུ་བཅུག་པ། མཐར་ཐུག་༤ནི། ཕ་རོལ་པོའི་སྲོག་དབང་འགག་པའོ། །དེ་བཞིན་དུ་གཞན་ལྷག་མ་རྣམས་ལའང་སྦྱར་ནས་ནག་པོ་མི་དགེ་བ་བཅུ་སྤོང་ལ་འབད་པ་དང་དཀར་པོ་དགེ་བཅུའི་ལས་རྣམས་ཉམས་སུ་བླངས་ཏེ་སྐྱབས་འགྲོའི་བསླབ་བྱ་རྣམས་མ་ཚང་བ་མེད་པར་བསླབ་པར་བྱའོ། །དེ་ཡང་མདོ་ལས། །དགེ་སློང་དག ལས་ནི་ས་ལ་མི་སྨིན། རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་པར་གསུངས་པ་བཞིན། བླང་དོར་གྱི་གནས་ལ་གཟབ་པར་འཚལ་ལོ། །དེ་ཡང་སྐྱེ་བ་ཕྱི་མ་དང༌། ཚེ་མཇུག་དང༌། ལོ་མཇུག་དང༌། སང་གནངས་མ་ཡིན་པར་དེ་རིང་ནས་འབད་དགོས་པས་དེའི་ཕྱིར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པའི་རྣམ་གཞག་རྣམས་གསུངས་སོ། །དེ་ལྟར་མི་དགེ་བ་བཅུ་སྤོང་དང་དགེ་བ་བཅུ་ཉམས་སུ་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མར་ངན་འགྲོར་མི་སྐྱེ་བ་ཞིག་བྱུང་ན། དེ་ནི་སངས་རྒྱས་ཀྱིས་ངན་འགྲོ་ལས་སྐྱོབ་ཚུལ་ཡིན་གྱི་དེ་ལས་གཞན་དེབ་ས་མཐིལ་དུ་ཟག་པ་ཡར་བླངས་ནས་ལྕོག་རྩེའི་སྟེང་དུ་བཞག་པ་བཞིན་དམྱལ་བའི་སེམས་ཅན་རྣམས་སངས་རྒྱས་ཀྱི་ཕྱག་གིས་བཞེས་ཏེ་མངོན་མཐོ་ལྷ་མིར་གཞག་ཏུ་མེད་དོ། །དེ་ཡང་མདོ་ལས།
  ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། །ཆོས་ཉིད་བདེན་པ་བསྟན་ནས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་གང་ལ་འཇིགས་རྒྱུའི་འཇིགས་པ་དང༌། འཇིགས་པ་དེ་ལས་སྐྱོབ་ཚུལ་རྣམས་ཤེས་པར་བྱས་ནས་དཀར་ནག་ལས་ལ་བླང་དོར་ཚུལ་བཞིན་སྤྱོད་དགོས་པ་ནི་གནད་དམ་པ་ཡིན་པས་དེ་ལ་བློ་ངང་གིས་འཇུག་པ་ཞིག་དགོས་སོ། །དེ་ལྟར་ཡིན་ན་བདག་གིས་སྔར་མ་ཤེས་པའི་དབང་གིས་ངན་འགྲོའི་རྒྱུ་སྡིག་པ་མི་དགེ་བ་བགྱིས་པས་ངན་འགྲོར་སྐྱེ་རྒྱུ་ཡིན་ན་ད་ཅི་དྲག་སྙམ་ན། དེ་ནི་ཁྱེད་ལ་རྨད་དུ་བྱུང་བའི་བློ་ཞིག་སྐྱེས་པས་དགའ་བར་སྒོམ། དཔེར་ན། མི་ཞིག་གི་ཁ་ཟས་དུག་ཡོད་པ་མ་ཤེས་ནས་ཁ་ལག་དེ་ཟོས་ཀྱང་དེ་མ་ཐག་ཏུ་དུག་ཡོད་པར་ཤེས་ནས་དེས་མི་གནོད་པའི་གཉེན་པོ་སྨན་བསྟེན་ན་དེ་ཡིས་གནོད་མི་ནུས་པ་བཞིན། སྔར་བསགས་ལས་ངན་ལ་འགྱོད་དེ་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ་སེམས་སོགས་གཉེན་པོ་སྟོབས་ལྡན་བསྟེན་ན་སྡིག་པ་དག་སྟེ་རྣམ་སྨིན་སྡུག་བསྔལ་མྱོང་མི་དགོས་སོ། །འོན་ཀྱང་དང་པོ་ཉིད་ནས་སྡིག་པ་ངོ་ཤེས་པའི་སྒོ་ནས་སྤང་བླང་བྱས་ན་མཆོག་ཡིན་ནོ། །དཔེར་ན། དཀར་ཡོལ་ཆག་པ་ལྷུ་བསྒྲིགས་ཏེ་ཇ་ཕོར་དུ་རུང་ཡང་སྔར་མ་ཆག་པ་དང་མི་འདྲ་བ་བཞིན་ནོ། །

སྐྱེས་བུ་འབྲིང་གི་སྐྱབས་འགྲོ

    འོ་ན་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་བྱེད་ཚུལ་དེ་ལྟར་ཡིན་ན་དེ་དང་སྐྱེས་བུ་འབྲིང་གིས་སྐྱབས་སུ་འགྲོ་ཚུལ་གཉིས་ལ་ཁྱད་པར་གང་ཡོད་དམ་སྙམ་ན། དེ་ལ་ཁྱད་པར་ཆེན་པོ་ཡོད་དེ། དེ་གཉིས་ཀྱི་སྐྱབས་འགྲོའི་རྒྱུ་འཇིགས་པ་དང་འཇིགས་པ་དེས་དྲངས་པའི་དད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས། འཇིགས་པ་དེ་ལས་སྐྱོབ་བྱེད་ཀྱི་ལམ་ལའང་ཁྱད་པར་ཆེན་པོ་ཡོད་དོ། །དཔེར་ན། བསམ་རྒྱ་ཆུང་བའི་མི་ཞིག་གིས་དཀའ་ངལ་ལ་བལྟ་ཚུལ་དང་བསམ་རྒྱ་ཆེ་བའི་མི་ཞིག་གིས་དཀའ་ངལ་ལ་བལྟ་ཚུལ་གཉིས་ལ་ཁྱད་པར་ཡོད་པ་དང༌། དཀའ་ངལ་དེ་སེལ་བྱེད་ཀྱི་ཐབས་ལམ་ལའང་རླབས་ཆེ་ཆུང་དང་ཕུགས་བཙན་ལོས་ཡོད་པ་ཇི་བཞིན་ནོ།།
    འོ་ན་སྐྱེས་བུ་འབྲིང་གིས་འཇིགས་པར་བལྟ་བའི་འཇིགས་པ་དེ་གང་ཡིན་ནམ་ཞེ་ན། དེ་ནི་སྐྱེས་བུ་ཆུང་ངུས་ཐོབ་བྱ་འམ་དོན་དུ་གཉེར་བྱའི་མངོན་མཐོའི་ལུས་རྟེན་དེ་ཡང་སྐྱེས་བུ་འབྲིང་གིས་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ངོ༌། །དེ་ཡང་འཁོར་བར་སྐྱེས་ཕྱིན་ཆད་སྐྱེ་སའི་གནས་དེར་ཁམས་གསུམ་དུ་ངེས་ཤིང༌། ཁམས་གསུམ་ལས།
    ཀ༽ འདོད་པའི་ཁམས་སུ་སྐྱེས་ན། ༡༽ དམྱལ་བ། ༢༽ ཡི་དྭགས། ༣༽ དུད་འགྲོ། ༤༽ མི། ༥༽ ལྷ་མ་ཡིན། ༦༽ འདོད་ལྷ་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་དགོས་ལ།
    ཁ༽ གཟུགས་ཁམས་སུ་སྐྱེས་ན། ལྷ་ཡི་འགྲོ་བ་མ་གཏོགས་མེད་ཀྱང་དེ་རྣམས་ཀྱང་རང་རང་གི་དངོས་གཞི་ནུས་པ་ཆེ་ཆུང་གིས་གཟུགས་ཁམས་སུ་གནས་རིགས་བཅུ་བདུན་ཏེ།
    བསམ་གཏན་དང་པོར། ༡༽ ཚངས་རིས་དང༌། ༢༽ ཚངས་པ་མདུན་ན་འདོན། ༣༽ ཚངས་ཆེན་ཏེ་གནས་གསུམ་དང༌།
    བསམ་གཏན་གཉིས་པར། ༡༽ འོད་ཆུང་དང༌། ༢༽ ཚད་མེད་འོད། ༣༽ འོད་གསལ་བཅས་གནས་གསུམ།
    བསམ་གཏན་གསུམ་པར། ༡༽ དགེ་ཆུང་དང༌།  ༢༽ ཚད་མེད་དགེ ༣༽ དགེ་རྒྱས་ཏེ་གནས་གསུམ།
    བསམ་གཏན་བཞི་པར། ༡༽ སྤྲིན་མེད་སྐྱེ་དང༌། ༢༽ བསོད་ནམས་འཕེལ། ༣༽ འབྲས་བུ་ཆེ་སྟེ་སོ་སྐྱེའི་གནས་གསུམ་དང༌། ༤༽ མི་ཆེ་བ་དང༌། ༥༽ མི་གདུང་བ། ༦༽ གྱ་ནོམ་སྣང་བ། ༧༽ ཤིན་ཏུ་མཐོ། ༨༽ འོག་མིན་ཏེ། འཕགས་པ་ཁོ་ནའི་གནས་གཙང་མ་ལྔ་བཅས་བཅུ་བདུན་ནོ། །
    ག༽ གཟུགས་མེད་ཁམས་སུ་ཡང་རང་རང་གི་དངོས་གཞིའི་ཁྱད་པར་ལས། ༡༽ ནམ་མཁའ་མཐའ་ཡས་དང༌། ༢༽ རྣམ་ཤེས་མཐའ་ཡས། ༣༽ ཅི་ཡང་མེད། ༤༽ སྲིད་རྩེ་སྟེ་གཟུགས་མེད་དུ་གནས་བཞི་ཡོད་དོ། །
    སྐྱེ་བ་ལེན་སའི་གནས་དེར་ཁམས་གསུམ་དུ་ངེས། འགྲོ་བ་དེར་རིགས་དྲུག་ཏུ་ངེས། སྐྱེ་བའི་ཚུལ་ལ། མངལ་སྐྱེས། སྒོང་སྐྱེས། དྲོད་སྐྱེས། རྫུས་སྐྱེས་དང་བཞིར་ངེས་ལ། དེ་ལྟར་སྐྱེ་བ་ཕྱི་མར་མངོན་མཐོའི་ལུས་རྟེན་ཐོབ་ཀྱང་དེའི་རྗེས་སླར་ཡང་ངན་སོང་དུ་མི་སྐྱེའི་གདེང་མེད་པ་ཙམ་དུ་མ་ཟད། ལྷ་མིའི་ལུས་རྟེན་ཐོབ་པའི་གནས་སྐབས་སུ་ཡང་མི་ལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང༌། ལྷ་ལ་འཆི་འཕོའི་སྡུག་བསྔལ་སོགས་སྤྱིར་འཁོར་བའི་སྡུག་བསྔལ་དང༌། བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་རྣམས་སྡུག་བསྔལ་དུ་མཐོང་སྟེ་ལས་ཉོན་གྱི་གཞན་དབང་ཅན་གྱི་འཁོར་བའི་སྐྱེ་གནས་ཅི་འདྲ་ཞིག་ཏུ་སྐྱེས་ཀྱང་ལས་ཉོན་གྱི་ར་བ་ལས་ཐར་མེད་པས་སྡུག་བསྔལ་གྱི་རང་བཞིན་དང༌། ཕུན་ཚོགས་ཅི་འདྲ་ཞིག་ཡོད་ཀྱང་སྙིང་པོ་མེད་པ། མི་བརྟན་པའི་རང་བཞིན་དུ་མཐོང་སྟེ་འཁོར་བ་ལ་སྐྱོ་ཤས་དྲག་པོ་སྐྱེས་ཏེ་དེ་ལས་ཐར་ན་ཅི་མ་རུང༌། དེ་ལས་ཐར་བ་ཞིག་དཀོན་མཆོག་གསུམ་གྱིས་མཁྱེན་སྙམ་པའི་མཆོག་གསུམ་ལ་དམིགས་པའི་མི་ཕྱེད་པའི་དད་པ་བཅོས་མ་མ་ཡིན་པ་ཞིག་ནམ་སྐྱེས་པ་ན་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་རང་རྒྱུད་ལ་སྐྱེས་པ་ཡིན་ནོ། །
    འོ་ན་མཆོག་གསུམ་གྱིས་འཁོར་བ་ལས་ཇི་ལྟར་སྐྱོབ་སྙམ་ན། དེ་འདྲ་བའི་ཐར་འདོད་ཀྱི་གང་ཟག་ལ་སྟོན་པ་བཀའ་དྲིན་ཅན་གྱིས་ཐུགས་བརྩེ་བའི་སྒོ་ནས་མི་འདོད་པའི་འཁོར་བར་འཁོར་བའི་ཚུལ་དང༌། དེ་ལས་ལྡོག་པའི་ཐབས་བླ་ན་མེད་པ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།།
    དེ་ཡང་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ན། འཁོར་བར་འཇུག་པའི་རྒྱུ་འབྲས་ཀྱི་དབང་དུ་མཛད་དེ་རྒྱུ་ཀུན་འབྱུང་དང༌། དེ་ལས་བྱུང་བའི་འབྲས་བུ་སྡུག་བདེན་གྱི་རྒྱུ་འབྲས་ཚན་པ་གཅིག་དང༌། འཁོར་བ་ལས་ལྡོག་པའི་དབང་དུ་མཛད་དེ་རྒྱུ་ལམ་བདེན་ལས་འབྲས་བུ་འགོག་བདེན་གྱི་རྒྱུ་འབྲས་ཚན་པ་གཅིག་གསུངས། དེ་ལ་སྤང་བླངས་ཚུལ་བཞིན་དུ་ཉམས་སུ་བླངས་ན་འཁོར་བ་ལས་ཐར་བས་བླང་དོར་བསྟན་པའི་སྒོ་ནས་སྐྱོབ་པར་མཛད་པ་ཡིན་ནོ།།
    འོ་ན་ཀུན་འབྱུང་བདེན་པ་དེ་གང་འདྲ་ཞིག་ཡིན་ཞེ་ན། དེ་ནི་རང་འབྲས་རྣམ་སྨིན་སྡུག་བསྔལ་འབྱིན་བྱེད་ཀྱི་རིགས་སུ་གནས་པ་ཞིག་ལ་བརྗོད་དོ། དེ་ལ་དབྱེ་ན། ལས་ཀྱི་ཀུན་འབྱུང་དང༌། ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད་དོ། ། ལས་ལ་ནང་གསེས་སྡེ་ཚན་དབྱེ་ཚུལ་མང་དུ་ཡོད་པ་ལས་སེམས་པའི་ལས་དང་བསམ་པའི་ལས་གཉིས་ལྟ་བུར་མཚོན་ན། དཔེར་ན། ཕྱག་འཚལ་བ་ལྟ་བུར་མཚོན་ན། ཕྱག་འཚལ་འདོད་ཀྱི་བློ་སྐྱེས་པ་དེ་སེམས་པའི་ལས་དང༌། ཕྱག་འཚལ་བའི་བྱ་བ་དངོས་ལག་གཉིས་ཐལ་སྦྱར་གྱིས་སྤྱི་བོ་དང༌། མགྲིན་པ། སྙིང་ག་གསུམ་ལ་ཐུག་སྟེ་དེ་ནས་ལག་གཉིས་ཀྱི་མཐིལ་དང༌། དཔྲལ་བ་པུས་མོ་བཅས་ཡན་ལག་ལྔ་ས་མཐིལ་ལ་ཐུག་ནས་གུས་པས་ཕྱག་འཚལ་བ་དེར་བསམ་པའི་ལས་ཞེས་བརྗོད་པ་ཡིན་ནོ། །མདོར་ན། བྱ་བ་གང་ཞིག་བྱེད་པའི་བསམ་བློ་དེར་སེམས་པའི་ལས་དང༌། དེ་ལས་བྱུང་བའི་ལུས་ངག་གི་རྣམ་འགྱུར་རམ་བྱ་བ་དེར་བསམ་པའི་ལས་ཞེས་བྱའོ། །
    ཡང་ལས་ལ་གསུམ་དུ་དབྱེ་བ་ཡང་མཛད་དེ། ༡༽ དགེ་བའི་ལས་དང༌། ༢༽ མི་དགེ་བའི་ལས། ༣༽ ལུང་མ་བསྟན་གྱི་ལས་གསུམ་མོ། །
    ༡༽ དགེ་བའི་ལས། བྱ་བ་གང་ཞིག་བྱས་པ་དེ་ཡི་རྣམ་པར་སྨིན་པའི་འབྲས་བུ་ལ་བདེ་བ་འབྱུང་བར་བྱེད་པའི་ལུས་ངག་ཡིད་ཀྱི་ལས་གང་ཡིན་པ་དེར་དགེ་བའི་ལས་ཞེས་བྱའོ། དཔེར་ན། ངག་གི་སྒོ་ནས་གཞན་ལ་ཞེ་ས་དང་བཅས་ཚིག་སྙན་པར་སྨྲས་པ་དེ་ཡིས་རྣམ་སྨིན་ལ་མ་འོངས་པར་རང་ཉིད་གཟུགས་མཛེས་པ་དང་གཞན་གྱིས་ཞེ་ས་དང་གུས་པ་བྱེད་ཅིང་གོང་དུ་བཀུར་བ་ལྟ་བུའོ།།
    ༢༽ མི་དགེ་བའི་ལས་ནི། བྱ་བ་གང་ཞིག་བྱས་པ་དེ་ཡི་རྣམ་པར་སྨིན་པའི་འབྲས་བུ་ལ་སྡུག་བསྔལ་འབྱུང་བར་བྱེད་པའི་ལུས་ངག་ཡིད་ཀྱི་ལས་གང་ཡིན་པ་དེར་མི་དགེ་བའི་ལས་ཞེས་བྱའོ། །དཔེར་ན། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དེ་ཡིས་རྣམ་སྨིན་སྐྱེ་བ་ཕྱི་མར་དམྱལ་བར་སྐྱེ་བ་དང༌། གལ་ཏེ་མི་ལ་སྐྱེས་ནའང་ཚེ་ཐུང་བ་དང༌། ནད་མང་བ། རང་གི་སྲོག་ལ་བར་ཆད་མང་བའི་སྡུག་བསྔལ་འབྱུང་བ་བཞིན་ནོ།།
    ༣༽ ལུང་མ་བསྟན་གྱི་ལས་ནི། དཔེར་ན། དོན་མེད་དུ་ས་ལ་བསྡད་པ་བཞིན་ནོ། །དེ་ཡི་འབྲས་བུར་རྣམ་སྨིན་བདེ་སྡུག་གང་ཡང་མི་འབྱུང་བ་བཞིན་ནོ། །དེས་མཚོན་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་བསྡུ་ཚུལ་ཤེས་པར་བྱས་ནས་དགེ་བ་སྒྲུབ་ཅིང་མི་དགེ་བ་སྤོང་བར་འབད་པར་བྱའོ། །དེ་ཡང་བླང་དོར་ཚུལ་བཞིན་སྤྱོད་པ་རག་ལས་སྟབས། ནང་སེམས་རྒྱུད་མ་དུལ་བར་ཕྱིའི་སྒྲིག་གཞི་གཅིག་པུས་འགྲོ་བ་མིར་དོན་དམ་གྱི་ཞི་བདེ་ཞིག་སྐྲུན་ཐབས་མེད་དོ།།
    གཞན་ཡང་འཁོར་བའི་གནས་དེར་ཁམས་གསུམ་ཡོད་པ་བཞིན་དུ་གནས་དེ་དང་དེར་སྐྱེ་བར་བྱེད་མཁན་གྱི་ལས་ལའང་གསུམ་ཡོད་དེ། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་འདོད་ཁམས་ཀྱི་ངན་འགྲོར་འཕེན་བྱེད་ཀྱི་ལས་དེར། བསོད་ནམས་མ་ཡིན་པའི་ལས་ཞེས་བརྗོད། དཔེར་ན། མ་བྱིན་ལེན་པའི་ལས་བཞིན་ནོ། །འདོད་པའི་ལྷ་དང་མིར་འཕེན་བྱེད་ཀྱི་ལས་དེར་བསོད་ནམས་ཀྱི་ལས་ཞེས་བྱ། དཔེར་ན། དགེ་བཅུའི་ཚུལ་ཁྲིམས་དང་དུས་དུས་སུ་གསོ་སྦྱོང་ཡན་ལག་བརྒྱད་པ་ལེན་པ་སོགས་སོ། །གཟུགས་ཁམས་ཀྱི་ལྷ་དང་གཟུགས་མེད་ཀྱི་ལྷ་ཡི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེར་མི་གཡོ་བའི་ལས་ཞེས་བརྗོད། དཔེར་ན། བསམ་གཏན་གྱི་དངོས་གཞི་བཞིན་ནོ། །ཅི་ཕྱིར་དེ་ལ་མི་གཡོ་བའི་ལས་ཞེས་བྱ་ཞེ་ན། ལས་དེ་ཡི་རྣམ་སྨིན་གཟུགས་ཁམས་དང་གཟུགས་མེད་ཁོ་ན་མ་གཏོགས་འབྲས་བུ་ཁམས་གཞན་དུ་མ་གཡོ་བས་དེ་ལྟར་བརྗོད་དོ། །དེ་ལྟར་ལས་ཀྱི་ཀུན་འབྱུང་དེ་རྣམས་གང་ལས་བྱུང་བའི་ཉོན་མོངས་པའི་ཀུན་འབྱུང་ལ་དུ་མ་ཞིག་ཡོད་ཀྱང་རེ་ཞིག་རྩ་ཉོན་དྲུག་ངོས་འཛིན་ཙམ་བྱས་ན།
    ༡༽ འདོད་ཆགས། ཕྱི་ནང་གི་ཡུལ་སྡུག་པ་དང་ཡིད་དུ་འོང་བ་ལ་དམིགས་ནས་དེ་ཡི་རྗེས་སུ་ཆགས་པའི་སེམས་བྱུང་ཞིག་ལ་བརྗོད་དོ།།
    ༢༽ ཁོང་ཁྲོ་ནི། སེམས་ཅན་དང་སྡུག་བསྔལ་སོགས་ལ་དམིགས་ཏེ་ཀུན་ནས་མནར་སེམས་པ་སྟེ་ཡུལ་དེ་དག་ལ་གནོད་པ་བྱ་བར་སེམས་པའོ།།
    ༣༽ ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ནས་ཕྱི་ནང་གི་མཐོ་དམན་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ་མཐོ་བའི་རྣམ་པ་ཅན་ལ་འཇུག་པའོ།།   
    ༤༽ མ་རིག་པ་ནི། ལས་རྒྱུ་འབྲས་ལ་དམིགས་པའི་མ་རིག་པ་དང༌། དངོས་པོའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ལས་འཁོར་བའི་རྩ་བར་འགྱུར་བའི་མ་རིག་པ་ནི་ཕྱི་མའོ།།
    ༥༽ ཉོན་མོངས་ཅན་གྱི་ལྟ་བ་ནི། ཐུན་མོང་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ཏེ་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ཞིག་གོ །དེ་ཡང་སྐད་ཅིག་གིས་མི་བརྟན་ཞིང་འཇིག་པ་དང། ཕུང་པོ་ཚོགས་པ་ལ་བརྟེན་ནས་བཏགས་པའི་བདག་དེ་ལ་དམིགས་ནས་དེ་འདྲའི་བདག་དེ། རང་ལས་གཞན་པའི་ཕུང་པོ་རྣམས་ལ་རག་མ་ལས་ཤིང༌། ཕུང་པོར་མ་བརྟེན་པར། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཏུ་འཛིན་ཅིང༌། དེ་ནི་གཞན་གང་ལས་མཆོག་དང༌། གཅེས་པར་འཛིན་པ་སོགས་བྱེད་དོ། །དེ་ལས་རང་ཕྱོགས་ལ་ཆགས་པའི་བློ་དང༌། གཞན་ཕྱོགས་ལ་སྡང་བའི་བློ་བྱུང་ལ་དེ་དག་དང་འབྲེལ་བ་ལས་སྒོ་གསུམ་གྱི་ཉེས་པའི་ཚོགས་ཐམས་ཅད་འབྱུང་བ་ཡིན་ནོ། །དེ་ཡང་དབུ་མ་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། །ཅེས་དང༌། རྣམ་འགྲེལ་ལས།  བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས།   འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། ། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །ཞེས་གསུངས་པ་ལྟར་ཉོན་མོངས་ཀྱི་སྐྱོན་རྣམས་མ་ལུས་པ་རང་གཅེས་འཛིན་ལ་བརྟེན་ནས་བྱུང་བས་བདག་གཅེས་པར་འདོད་པ་རྣམས་ཀྱིས་བདག་གཅེས་འཛིན་ལ་སྐྱོན་དུ་བལྟ་དགོས་སོ།།
    ༦༽ ཉོན་མོངས་ཅན་གྱི་ཐེ་ཚོམ་ནི། ལས་འབྲས་དང༌། དཀོན་མཆོག་གསུམ་སོགས་ཡོད་མེད་ལ་ཐེ་ཚོམ་པ་སྟེ་ཕལ་ཆེར་མེད་སྙམ་པའི་ལོག་རྟོག་འདྲེན་པར་བྱེད་པའི་སེམས་བྱུང་ཞིག་གོ །
    དེ་ལྟར་སྡུག་བསྔལ་གྱི་རྒྱུ་ལས་ཉོན་གཉིས་ཡིན་ཀྱང་ང་རང་ཚོ་དེ་ཡི་རྒྱུ་ལ་རྨོངས་པས། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། རྒྱུ་གཅིག་ཁོ་ན་ལས་བྱུང་བར་འཛིན་པ། རང་བཞིན་རྟག་ལ་གནས་སྐབས་མི་རྟག་པར་འཛིན་པ། འཇིག་རྟེན་བཀོད་པ་པོ་ཞིག་གིས་བློ་ཡི་གཡོ་བ་སྔོན་དུ་བཏང་ནས་བཟོས་པ་ལྟ་བུ་ཕྱིན་ཅི་ལོག་ཏུ་འཛིན་པས་འཁོར་བར་འཁོར་ལ་དེ་ཡི་གཉེན་པོར། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་གཉིས་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་གཉིས་ཆོས་ཅན། རང་འབྲས་སྡུག་བསྔལ་ཀུན་འབྱུང་བའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་ཡང་ནས་ཡང་དུ་བསྐྱེད་པའི་ཕྱིར། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་གཉིས་ཆོས་ཅན། རང་འབྲས་སྡུག་བསྔལ་རབ་ཏུ་སྐྱེ་བྱེད་ཡིན་ཏེ། རང་འབྲས་སྡུག་བསྔལ་ཤུགས་དྲག་བསྐྱེད་པའི་ཕྱིར། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་གཉིས་ཆོས་ཅན། རང་འབྲས་ཟག་བཅས་ཀྱི་ཕུང་པོའི་རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་ཟག་བཅས་ཀྱི་ཕུང་པོའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། དེ་ལྟར་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་ལས་ལ་བརྟེན་ནས་བྱུང་ཞིང༌། ལས་ཀྱང་ཉོན་མོངས་པ་ལ་བརྟེན་ནས་བྱུང་ལ། ཉོན་མོངས་པ་ཡང་རྩ་བ་བདག་འཛིན་མ་རིག་པ་ལ་ཐུག་པས། ཇི་སྲིད་དེ་མ་སྤངས་བར་དེ་སྲིད་འཁོར་བ་ལས་མི་ཐར་ལ། དེ་འདྲའི་མ་རིག་པ་དེ་སྤོང་ཕྱིར་བདག་མེད་ཀྱི་རྣམ་གཞག་རྒྱས་པར་བསྟན་པ་དང༌། བདེ་སྡུག་ཐམས་ཅད་རང་རང་ལས་ལ་བརྟེན་ནས་བྱུང་བའི་རྟེན་འབྱུང་གི་རྣམ་གཞག་ཕྲ་ཞིང་ཕྲ་བར་རྒྱུ་མཚན་ལྡན་ལ། གོ་རིམ་མ་འཁྲུགས་པ། ཁམས་གཙང་ཞིང༌། སྐྱེས་བུ་མཆོག་དམན་ཀུན་གྱིས་ཉམས་སུ་ལེན་བདེ་བའི་གྲུབ་མཐའ་ནི། ནང་པ་སངས་རྒྱས་པའི་གཞུང་ལུགས་ཁོ་ནའི་ཁྱད་ཆོས་སུ་མཐོང་ཐུབ་ན། སྟོན་པའི་ཡང་སྟོན་པར་གྱུར་བ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་པ་དེ་ལ་ཡང༌། སྟོན་པ་འདྲ་འདྲའི་དབུས་ནས་མི་འདྲ་བ་དང༌། དེས་བསྟན་པའི་བསྟན་པ་ལའང་མི་ཕྱེད་པའི་དད་པ་སྐྱེ་བ་ཞིག་ཡོང་ངོ༌། །
    སྡུག་བདེན་ནི། རྒྱུ་ལས་ཉོན་གྱིས་འཕངས་པའི་འབྲས་བུ་ཞིག་ལ་སྡུག་བདེན་ཞེས་བརྗོད་དོ། །དེ་ཡང་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གྱི་ཕུང་པོ་ལྔ་ཡང་སྡུག་བདེན་ཡིན་ནོ། །དེ་ལྟར་ལས་ཉོན་ཅན་གྱི་ཕུང་པོ་སོགས་ལ་ང་རང་ཚོའི་བློ་རྨོངས་པའི་དབང་གིས་དཔེར་ན། ཟག་བཅས་ཀྱི་ཕུང་པོ་མི་རྟག་པ་ལ་རྟག་པར་འཛིན་པ། སྡུག་བསྔལ་བ་ལ་བདེ་བར་འཛིན་པ། མི་གཙང་བ་ལ་གཙང་བར་འཛིན་པ། བདག་མེད་པ་ལ་བདག་ཏུ་གྲུབ་པར་འཛིན་པ་སྟེ་ཕྱིན་ཅི་ལོག་ཏུ་འཛིན་ལ། གཞི་དངོས་པོའི་གནས་ཚུལ་ལ་དེ་ལྟར་མ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་འདི་ཆོས་ཅན། མི་རྟག་སྟེ་རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་འདི་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་འདི་ཆོས་ཅན། གཙང་བས་སྟོང་པ་ཡིན་ཏེ། དབང་སྒྱུར་བ་པོའི་བདག་དོན་གཞན་མེད་པའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་འདི་ཆོས་ཅན། བདག་མེད་པ་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོར་མ་གྲུབ་པའི་ཕྱིར། ཞེས་སོགས་གསུང་རབ་ལས་ཡང་དག་པའི་རིགས་པའི་ལམ་ལས་རྒྱས་པར་བསྟན་པ་རྣམས་ལ་ལན་གཅིག་མ་ཡིན་པར་ཡང་ཡང་མཇལ་ཐུབ་ན་སངས་རྒྱས་ཀྱི་བསྟན་པ་ལ་རྒྱུ་མཚན་མཐོང་བའི་དད་པ་རྨ་མེད་པ་སྐྱེ་བའི་གནད་དམ་པའོ། །དེ་ཡང་རང་སྟེང་དུ་གྲུབ་པའི་སྡུག་བསྔལ་རྣམས་སྡུག་བསྔལ་དུ་མ་ཤེས་ན་དེ་ལས་ཐར་འདོད་ཀྱི་བློ་ཡང་རྣལ་མ་ཞིག་མི་འབྱུང་སྟེ། བཞི་བརྒྱ་པ་ལས། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་སྒོ་ག་ལ་ཡོད། །ཅེས་གསུངས་པ་ལྟར་སྡུག་བསྔལ་ངོ་ཤེས་པའི་སྒོ་ནས་སྡུག་བསྔལ་ལས་ངེས་པར་འབྱུང་དགོས་པས། དེས་ན་སྡུག་བསྔལ་གྱི་རྣམ་གྲངས་འགའ་བརྗོད་ན། སྡུག་བསྔལ་བརྒྱད་དུ་བསམ་ནས་བསྒོམ་པ། དྲུག་ཏུ་བསམ་ནས་བསྒོམ་པ། གསུམ་དུ་བསམ་ནས་བསྒོམ་པ་སོགས་དུ་མ་ཡོད་པས་དེ་རྣམས་ཀྱི་མིང་ཙམ་བརྗོད་པར་བྱའོ།།
    སྡུག་བསྔལ་བརྒྱད་དུ་བསམ་པ་ནི། ༡༽ སྐྱེ་བའི་སྡུག་བསྔལ་དང༌། ༢༽ རྒ་བའི་སྡུག་བསྔལ། ༣༽ ན་བའི་སྡུག་བསྔལ། ༤༽ འཆི་བའི་སྡུག་བསྔལ། ༥༽ མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། ༦༽ སྡུག་པ་དང་བྲལ་བའི་སྡུག་བསྔལ། ༧༽ འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། ༨༽ ཉེ་བར་ལེན་པའི་ཕུང་པོ་ལྔའི་སྡུག་བསྔལ་བཅས་བསམ་པའོ།།
    སྡུག་བསྔལ་དྲུག་ཏུ་བསམ་པ་ནི། ༡༽ ངེས་པ་མེད་པའི་ཉེས་པ་དང༌།  ༢༽ ངོམས་པ་མེད་པའི་ཉེས་པ། ༣༽ ལུས་སྲོག་ཡང་ཡང་དོར་བའི་ཉེས་པ། ༤༽ ཡང་ཡང་འཁོར་བར་ཉིང་མཚམས་སྦྱོར་བའི་ཉེས་པ། ༥༽ ཡང་ནས་ཡང་དུ་མཐོ་དམན་དུ་གྱུར་བའི་ཉེས་པ། ༦༽ གྲོགས་མེད་དུ་གྱུར་བའི་ཉེས་པ་བཅས་སོ།
    སྡུག་བསྔལ་གསུམ་དུ་བསམ་པ་ནི། ༡༽ སྡུག་བསྔལ་གྱི་སྡུག་བསྔལ། དཔེར་ན། སྐྱེ་འགྲོ་ཚང་མས་སྡུག་བསྔལ་དུ་བརྩི་བའི་སྡུག་བསྔལ་རྣམས་སོ། ། ༢༽  འགྱུར་བའི་སྡུག་བསྔལ་ནི། དཔེར་ན། ང་རང་ཚོས་བདེ་བར་བརྩི་བའི་ཟག་བཅས་ཀྱི་བདེ་བ་རྣམས་སོ། ། ༣༽ ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ལས་ཉོན་གྱི་གཞན་དབང་ཅན་གྱི་ཕུང་པོ་འདི་གྲུབ་ཙམ་ཉིད་ནས་རང་གི་ངོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཏེ། འབྱུང་འགྱུར་མ་འོངས་པའི་སྡུག་བསྔལ་འདྲེན་པར་བྱེད། ཚེ་འདི་ཡི་སྡུག་བསྔལ་སྣ་ཚོགས་སྐྱེ་བའི་རྟེན་བྱེད་པའི་ཕྱིར་རོ། །དེས་ན་འཁོར་བའི་སྡུག་བསྔལ་རྣམས་ཐོག་མར་ལེགས་པར་ར་འཕྲོད་ཐུབ་ན་དེ་ལས་བྲལ་འདོད་ཀྱི་བློ་ཡང་ངང་གིས་འབྱུང་བར་འགྱུར། ཅི་སྟེ་སྡུག་བསྔལ་དུ་ར་མ་འཕྲོད་ན་དེ་ལས་བྲལ་འདོད་ཀྱི་བློ་ཡང་ཡོང་ས་མེད་པས་ཐར་པ་དོན་གཉེར་རྣམས་ཀྱིས་ཐོག་མར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངོ་འཕྲོད་པར་བྱ་རྒྱུ་ནི་གནད་དམ་པའོ། །དེ་ལྟར་རྒྱུ་ལས་ཉོན་ལ་བརྟེན་ནས། འབྲས་བུ་ཁམས་གསུམ་འཁོར་བར་སྐྱེ་འཆི་རང་དབང་མེད་པར། སྡུག་བསྔལ་རྒྱུན་མར་མྱོང་དགོས་པའི་རྣམ་གཞག་ནི། བདེན་པ་བཞི་ལས་བདེན་པ་དང་པོ་གཉིས་ཏེ། འཁོར་བར་འཇུག་པའི་རྒྱུ་འབྲས་ཀྱི་རིམ་པའི་དབང་དུ་མཛད་པའོ། །
    འོ་ན་སྡུག་བསྔལ་ཅན་གྱི་འཁོར་བ་ལས་ལྡོག་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན། དེ་ནི། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ཡིན་ལ་དེ་སྤོང་བྱེད་དངོས་ཀྱི་གཉེན་པོ་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གྱིས་བསྡུས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་རྣམས་ཡིན་ལ། དེ་རང་རྒྱུད་ལ་སྐྱེ་བར་བྱ་བ་སྟེ་ཉམས་སུ་བླངས་ནས་འཁོར་བ་ལས་ལྡོག་པར་བྱེད་དགོས་པ་ཡིན་ནོ། །དེ་ཡང༌། ང་རང་ཚོའི་བློར་སྤྱིར་སྡུག་བསྔལ་རྩ་བ་ནས་སྤོང་རྒྱུ་ཡོད་མེད་ལ་ཐེ་ཚོམ་ཙམ་ཡང་མི་ཟ་ཞིང༌། གལ་ཏེ་ཐེ་ཚོམ་ཟ་ན་ཡང་ཕྱིན་ཅི་ལོག་གི་དབང་ལས་འཁོར་བར་འཁོར་བར་བྱེད་དོ། །ཕྱིན་ཅི་ལོག་ལ་ཡང༌། ཐར་ལམ་མེད་པར་འཛིན་པ། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་དུ་མ་ཤེས་པ། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་ཀྱི་ལམ་མེད་པར་འཛིན་པའི་ལོག་རྟོག་རྣམས་བྱུང་ངོ། །དེ་ཡི་གཉེན་པོར། བདག་མེད་རྟོགས་པའི་ལམ་དེ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་བྱེད་ཀྱི་ལམ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ལམ་དེ་ཆོས་ཅན། རིགས་པའི་རྣམ་པ་ཡིན་སྟེ། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ལམ་དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ནི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ལ། བདག་མེད་རྟོགས་པའི་བློ་དེ་ནི་དངོས་པོའི་གནས་ལུགས་ལ་ཡང་དག་པར་ཞུགས་པ་སྟེ་སྒྲུབ་པ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ལམ་དེ་ཆོས་ཅན། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་དང་དེའི་རྒྱུ་ཉོན་མོངས་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར། ཐར་ལམ་མེད་པ་མ་ཡིན་ནོ། །
    ཐར་པ་ནི་གཟུགས་ཅན་དུ་མི་འདོད་དེ་གོང་དུ་བཤད་པའི་ལམ་བདེན་གྱིས་སྤང་བྱ་སྤངས་པའི་བྲལ་བ་ཞིག་ལ་བརྗོད་དོ། ། དེ་ཡང་གོ་བདེར་བརྗོད་ན་གཉེན་པོའི་སྟོབས་ཀྱིས་རང་གི་སེམས་སྟེང་དུ་དྲི་མ་དག་པའི་དག་ཆ་ཞིག་ལ་བརྗོད་དོ། འོན་ཀྱང་ང་རང་ཚོར་སྤྱིར་ཐར་པ་ཞེས་པ་ཐོབ་རྒྱུ་ཡོད་མེད་ལ་དོགས་པ་ཙམ་ཡང་མི་འབྱུང་ཞིང༌། གལ་ཏེ་དོགས་པ་ཙམ་བྱུང་ཡང་ཕྱིན་ཅི་ལོག་གི་དབང་ལས་ཐར་པར་ལོག་པར་ཞུགས་པའོ། །དེ་ཡང་ཐར་པ་མེད་པར་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། སྡུག་བསྔལ་འགག་པ་ལས་ལྷག་པའི་ཐར་པ་ཡོད་པར་འཛིན་པ། སྡུག་བསྔལ་ལས་རེ་ཞིག་ཐར་ཡང་སླར་ལྡོག་པར་འཛིན་པ་སོགས་ཡོད་ལ། དེ་ཡི་ལོག་རྟོག་སེལ་བྱེད་དུ། སྡུག་བསྔལ་གཏན་ནས་ཟད་པའི་འགོག་པའི་བདེན་པ་ནི་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། སྡུག་བསྔལ་གཏན་ནས་ཟད་པའི་འགོག་པའི་བདེན་པ་ནི་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་ཞི་བའི་ཞི་བ་ཡིན་པའི་ཕྱིར། སྡུག་བསྔལ་གཏན་ནས་ཟད་པའི་འགོག་པའི་བདེན་པ་ནི་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། རྟག་ཏུ་ཕན་བདེའི་ངོ་བོར་གྱུར་པ་ཡིན་པའི་ཕྱིར། སྡུག་བསྔལ་གཏན་ནས་ཟད་པའི་འགོག་པའི་བདེན་པ་ནི་ཆོས་ཅན། ངེས་འབྱུང་གི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་ལྡོག་ཏུ་མེད་པའི་འབྲས་བུ་ཡིན་པའི་ཕྱིར།
    འོ་ན། རྒྱུ་ཀུན་འབྱུང་བདེན་པ་ལས་འབྲས་བུ་སྡུག་བདེན་དང་རྒྱུ་ལམ་བདེན་ལས་འབྲས་བུ་འགོག་བདེན་བྱུང་བའི་གོ་རིམ་དེ་ལྟར་ཡིན་ན། བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ།། འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་སྡུག་བསྔལ་བདེན་པ་ཐོག་མར་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། གོང་དུ་བཤད་པ་ནི་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ལ། འདི་ནི་ཡུལ་ཅན་མངོན་པར་རྟོགས་པ་སྐྱེ་བའི་རིམ་པའི་དབང་དུ་མཛད་པ་སྟེ་ཉམས་ལེན་གྱི་གནད་སྟོན་པའི་གདམས་པ་རྨད་དུ་བྱུང་བའོ། །
    དེ་ཡང༌། འདི་ནི་ཞེས་ཉེ་ཚིག་གསུངས་པ་ལ་དགོས་པ་ཡོད་དེ། ང་རང་ཚོ་ཡི་ཟག་བཅས་ཀྱི་ཕུང་པོ་འདི་སྡུག་བདེན་དུ་ཤེས་ཆཻད་དང་སྡུག་བསྔལ་ཐོག་མར་གསུངས་པ་ལ་དགོས་པ་ཡོད་དེ། སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་བར་ཐོག་མར་སྡུག་བསྔལ་སྡུག་བསྔལ་དུ་ཤེས་དགོས་ཤིང༌། སྡུག་བསྔལ་སྡུག་བསྔལ་དུ་མཐོང་བའམ་ངོས་འཛིན་ཇི་ཙམ་ཐུབ་པའི་ཚོད་ཀྱིས་དེ་སྤོང་འདོད་པའི་བློ་ཡང་ཤུགས་དྲག་པ་སྐྱེད་ལ། དེ་བསྐྱེད་པས་དེ་ཡང་རྒྱུ་མ་བཟློག་པར་འབྲས་བུ་མི་བཟློག་པར་ཤེས་ནས། དེའི་རྒྱུ་ཇི་ཡིན་སྙམ་པའི་བློ་འབྱུང་བ་ལ་སྡུག་བདེན་གྱི་རྒྱུ་ཀུན་འབྱུང་དུས་གཉིས་པར་གསུངས་སོ།།
    སྡུག་བདེན་གྱི་རྒྱུ་ཀུན་འབྱུང་ཡིན་པར་ངོས་འཛིན་ཐུབ་པ་ན། དེ་སྤོང་ནུས་སུ་མཐོང་སྟེ་སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱ་བར་འདུན་པ་ཤུགས་དྲག་ཞིག་འབྱུང་བས་འགོག་པ་དུས་གསུམ་པར་གསུངས་སོ། །ཐར་པ་འགོག་བདེན་རང་རྒྱུད་ལ་ཐོབ་པར་བྱའོ་སྙམ་པའི་བློ་བྱུང་བ་ན། དེ་མངོན་དུ་བྱ་རྒྱུའི་ཐབས་ཤེས་ངང་གིས་བྱེད་པ་ཞིག་ཡོང་བས། དེའི་ཐབས་སམ་ལམ་བདེན་དུས་བཞི་པར་གསུངས་སོ། །རྒྱུ་མཚན་དེའི་ཕྱིར། ཇི་སྲིད་སྡུག་བསྔལ་སྡུག་བསྔལ་དུ་མ་ཤེས་པ་དེ་སྲིད་དུ་དེ་སྤོང་འདོད་ཀྱི་བློ་མི་འབྱུང་བས་སྡུག་ཀུན་ཞི་བའི་ཐར་པ་དོན་གཉེར་ཡང་འོང་ས་མེད་པས་ཐར་འདོད་རྣམས་ཀྱིས་ཐོག་མར་འཁོར་བ་སྡུག་བསྔལ་གྱིས་མནར་ཚུལ་ཤེས་པ་ནི་གནད་དམ་པའོ། །དེ་ཡང་རྗེ་བཙུན་བྱམས་པས།  ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པ་བྱ་བ་ལྟར།   །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་སོ། ། དེ་ལྟར་འཕགས་པའི་བདེན་པ་ཞེས་འཕགས་པ་དང་བདེན་པ་གསུངས་པའི་དགོས་པ་ཡོད་དེ། སྤྱིར་རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བདེན་འབྱུང་བ་གཞི་དངོས་པོའི་གནས་ཚུལ་ལ་བདེན་པ་དང༌། རྒྱུ་ལམ་བདེན་ལས་འབྲས་བུ་འགོག་བདེན་འབྱུང་བ་ཡང་གཞི་དངོས་པོའི་གནས་ཚུལ་ལ་བདེན་པ་ཡིན་ཀྱང༌། དེ་ལྟར་ཡིན་པ་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་མཁྱེན་གྱི། སོ་སྐྱེ་རྣམས་ཀྱིས་མངོན་སུམ་གྱ་སྤྱོད་ཡུལ་མིན་པས་དེ་ལྟར་བརྗོད་དོ།།
    གཞན་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཇུག་ལྡོག་གི་རྣམ་གཞག་མདོ་ཙམ་བརྗོད་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གྲངས་འདྲེན་ཙམ་ནི།
    དང་པོ་མ་རིག་པ། རང་འབྲས་ཡང་སྲིད་ཕྱི་མའི་ལས་ཀུན་ནས་སློང་བྱེད་ཀྱི་མི་ཤེས་པ་སྟེ་མ་རིག་པ།
    གཉིས་པ་འདུ་བྱེད་ཀྱི་ལས། མ་རིག་པས་ཀུན་ནས་བསླངས་ཏེ་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་རྣམས་སོ། །
    གསུམ་པ་རྣམ་ཤེས། གོང་གི་ལས་ཀྱི་རྣམ་སྨིན་འཕེན་མ་ཟིན་བར་གྱི་ལས་ཀྱི་བག་ཆགས་བསྒོ་གཞིར་གྱུར་བའི་རྣམ་ཤེས་དེའོ། །
    བཞི་པ་མིང་གཟུགས། ལྔ་པ་སྐྱེ་མཆེད་ཀྱི་སྔ་རོལ་དུ་བྱུང་བའི་སྐྱེ་སྲིད་ཀྱིས་བསྡུས་པའི་རྣམ་སྨིན་གྱི་ཕུང་པོ་དེའོ། །
    ལྔ་བ་སྐྱེ་མཆེད། སྔོན་དུས་ཀྱི་སྲིད་པའི་གནས་སྐབས་ཀྱི་རྣམ་སྨིན་གྱི་ཕུང་པོ་རྣམས་སོ། །
    དྲུག་པ་རེག་པ། ཡུལ་དབང་རྣམ་ཤེས་གསུམ་ཕྲད་ནས་ཡུལ་གྱི་འགྱུར་བ་སྤྱོད་པ་བྱེད་པའི་སེམས་བྱུང་རྣམས་སོ།
    བདུན་པ་ཚོར་བ། སེམས་མྱོང་བའི་རྣམ་པ་ཅན་དུ་བྱེད་པའི་སེམས་བྱུང་རྣམས་སོ། །
    བརྒྱད་པ་སྲེད་པ། གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་ནུས་པ་མཐུ་ཆེན་དུ་གཏོང་བར་བྱེད་པའི་འདོད་ཆགས་སུ་དམིགས་པ།
    དགུ་པ་ལེན་པ། རང་གི་དམིགས་ཡུལ་དུ་གྱུར་པའི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་འདོད་ཆགས་སུ་དམིགས་པ།
    བཅུ་པ་སྲིད་པ། སྲེད་ལེན་གཉིས་ཀྱིས་གསོས་བཏབ་པ་ལ་བརྟེན་ནས་གཉིས་པ་འདུ་བྱེད་ཀྱི་ལས་དེ་སྐྱེ་བ་འཕེན་ནུས་ཀྱི་ལས་སུ་གྱུར་པའོ། །
    བཅུ་གཅིག་པ་སྐྱེ་བ། རྟེན་འབྲེལ་ཚར་གཅིག་པའི་སྐྱེ་བའི་སྲིད་པས་བསྡུས་པའོ། །
    བཅུ་གཉིས་པ་རྒ་ཤི  །རྟེན་འབྲེལ་ཚར་གཅིག་པའི་སྐྱེ་བ་ནས་བཟུང་སྟེ་ན་ཚོད་གཞན་དུ་འགྱུར་བ་དང་ཕུང་པོ་རིགས་མཐུན་དོར་བ་གང་རུང་གིས་བསྡུས་པའོ། །
མཚོན་བྱེད་དཔེ་ཡི་ཐོག་ནས་མཚོན་བྱ་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་ཚུལ་ནི།
    ༡༽ རྒས་འཁོག་དམུས་ལོང་གི་འཁར་རྒྱུག་ལ་བརྟེན་པ་དེས་མ་རིག་པ་མཚོན་ཏེ། དེས་འགྲོ་ཡུལ་ཡང་དག་པ་དང་མ་དག་པ་མ་ཤེས་པར་འགྲོ་ཡུལ་ལ་གྱ་ཚོམ་དུ་འཇུག་པ་བཞིན་དུ་མ་རིག་པས་ཀྱང་དངོས་པོའི་གནས་ལུགས་མ་རིག་པར་ཕྱིན་ཅི་ལོག་ཏུ་འཇུག་པའི་ཕྱིར།
    ༢༽ རྫ་མཁན་གྱིས་གཉིས་པ་འདུ་བྱེད་ཀྱི་ལས་མཚོན་ཏེ། རྫ་མ་བཟོ་དབྱིབས་ཆེ་ཆུང་སྣ་ཚོགས་རྫ་མཁན་གྱིས་བྱས་པ་བཞིན་རྣམ་སྨིན་གྱི་ཕུང་པོ་བཟང་ངན་སྣ་ཚོགས་གཉིས་པ་འདུ་བྱེད་ཀྱི་ལས་ཀྱིས་བྱས་པའི་ཕྱིར།
    ༣༽ སྤྲེའུས་རྣམ་ཤེས་མཚོན་ཏེ། སྤྲེའུ་ནི་གནས་གཅིག་ཏུ་མི་སྡོད་པར་གང་སར་ཤིང་སྡོང་གཅིག་ནས་གཅིག་ཏུ་འགྲོ་བ་བཞིན་རྣམ་ཤེས་ཀྱང་དམིགས་པ་གཅིག་ལ་སེམས་མ་གནས་པར་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྗེས་སུ་རྒྱུགས་ཤིང་རྣམ་སྨིན་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བར་ཉིང་མཚམས་སྦྱོར་བའི་ཕྱིར།
    ༤༽ གྲུ་གཟིངས་ཀྱིས་མིང་གཟུགས་མཚོན་ཏེ། གྲུ་གཟིངས་ཀྱི་འགྲུལ་པའི་དངོས་རྫས་འཇོག་སའི་རྟེན་དང་འགྲུལ་པ་ཕ་རོལ་དུ་སྐྱེལ་བ་བཞིན་མིང་གཟུགས་ཀྱིས་ཚེ་འདི་ཡི་བདེ་སྡུག་མྱོང་བའི་རྟེན་དང་ཕྱི་མར་འགྲོ་བ་གཞན་དུ་འཕོ་བའི་རྟེན་བྱེད་པའི་ཕྱིར།
    ༥༽ གསར་དུ་གྲུབ་པའི་ཁང་སྟོང་གིས་སྐྱེ་མཆེད་མཚོན་ཏེ། ཁང་པ་གསར་ཏུ་གྲུབ་པ་དང་ཁང་བདག་གནས་བཅའ་དགོས་པ་བཞིན་སྐྱེ་མཆེད་སྐབས་དབང་པོ་ལྔ་གྲུབ་ཙམ་ལས་ཁང་བདག་དང་འདྲ་བའི་དབང་ཤེས་གྲུབ་མེད་པའི་ཕྱིར།
    ༦༽ ཕོ་མོ་ཕན་ཚུན་འཁྱུད་པས་རེག་པ་མཚོན་ཏེ། དེའི་ཚེ་ལུས་དབང་ལ་བརྟེན་པའི་ལུས་ཤེས་གསར་དུ་གྲུབ་པ་བཞིན་རེག་པའི་སྐབས་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པས་རེག་བྱ་འཇམ་རྩུབ་ལ་རེག་པའི་སྣང་བ་བྱུང་གི་དེས་ཚོར་བ་བདེ་སྡུག་འདྲེན་མི་ནུས་པའི་སྐབས་ཡིན་པའི་ཕྱིར།
    ༧༽ མིག་ལ་མདའ་ཟུག་པས་ཚོར་བ་མཚོན་ཏེ། མིག་ལ་རྐྱེན་ཆུང་ངུས་ཀྱང་དེ་མ་ཐག་ཚོར་བ་འདྲེན་ནུས་པ་བཞིན་བདུན་པ་ཚོར་བའི་སྐབས་རྣམ་ཤེས་ནུས་པ་ཇེ་ཆེར་ཕྱིན་ནས་རེག་བྱ་ཚ་གྲང་ལས་བདེ་སྡུག་གི་ཚོར་བ་ངང་གིས་འདྲེན་པའི་ཕྱིར།
    ༨༽ སྐྱེ་བོ་ཆང་འཐུང་བས་སྲེད་པ་མཚོན་ཏེ། ཆང་འཐུུང་སྐྱེ་བོ་ཆང་ཇི་ཙམ་བཏུང་བ་དེ་ཙམ་འདོད་པ་ཆེས་ཆེར་འཕེལ་བ་བཞིན་ཚོར་བ་སྡུག་བསྔལ་ལས་བྲལ་འདོད་ཀྱི་སྲེད་པ་དང༌། བདེ་བ་དང་ལྡན་འདོད་ཀྱི་སྲེད་པ་ཆེས་ཆེར་འཕེལ་བའི་ཕྱིར།
    ༩༽ སྐྱེ་བོ་ཞིག་གི་རྒྱབ་ཏུ་སླེ་པོ་འཁྱེར་ནས་ཤིང་ཏོག་ལེན་པ་དེས་ལེན་པ་མཚོན་ཏེ། འདོད་པ་ཇེ་ཆེར་འཕེལ་བ་ལས་བྱ་བ་ལ་དངོས་སུ་ཞུགས་པ་བཞིན། ལེན་པའི་སྐབས་སུ་སྲེད་པ་ཇེ་ཆེར་འཕེལ་ནས་ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་བྱ་བ་དངོས་སུ་རྩོམ་བཞིན་པའི་ཕྱིར།
    ༡༠༽ བུད་མེད་སྦྲུམ་མས་སྲིད་པ་མཚོན་ཏེ། བུད་མེད་སྦྲུམ་མ་ཕྲུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་བཞིན་གཉིས་པ་འདུ་བྱེད་ཀྱི་ལས་ལ་སྲེད་ལེན་སྲིད་པས་གསོས་བཏབ་པ་ལ་བརྟེན་ནས་སྐྱེ་བ་སྒྲུབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར།
    ༡༡༽ ཕྲུ་གུ་བཙས་པས་སྐྱེ་བ་མཚོན་ཏེ། མངལ་གྱི་གནས་སྐབས་བོར་ནས་བཙས་པ་བཞིན་དུ་བར་སྲིད་བོར་ནས་སྔོན་དུས་ཀྱི་སྲིད་པ་གྲུབ་པའི་ཕྱིར།
    ༡༢༽ རོ་འཁུར་བས་རྒ་ཤི་མཚོན་ཏེ། རྒ་བ་ནི་ན་ཚོད་གཞན་དུ་འགྱུར་བ་དང༌། འཆི་བ་ནི་ལུས་སེམས་འབྲེལ་བ་ཆད་པའི་ཕྱིར།དེ་ལྟར་མ་རིག་པ་ལས་གཉིས་པ་འདུ་བྱེད་ཀྱི་ལས། དེ་ལས་རྣམ་ཤེས་སོགས་རྒྱུ་སྔ་མ་ལ་བརྟེན་ནས་འབྲས་བུ་ཕྱི་མ་འབྱུང་བ་ནི། ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་སྟེ། རྒྱུ་འབྲས་དོན་གྱི་རིམ་པ་ལ་བརྟེན་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་ལ་རྨོངས་པ་བཟློག་དགོས་ཤིང༌། དེས་ན་བདེ་སྡུག་སྣ་ཚོགས་པ་རྣམས་རང་རང་གི་ལས་བཟང་ངན་ལས་བྱུང་བ་ཡིན་པ་འདིས་ཤེས་ནུས་ན་ཅིའི་ཕྱིར་འཇིག་རྟེན་བཀོད་པ་པོ་ཁས་ལེན་དགོས་སམ།
    ཡང་རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་བྱུང༌། སྐྱེ་བ་སྲིད་པ་ལས་བྱུང་བ་སྟེ་འབྲས་བུ་ཕྱི་མ་རྣམས་རྒྱུ་སྔ་མ་ལས་འབྱུང་བའི་རིམ་པ་སྟེ།  རྟེན་འབྲེལ་ལུགས་ལྡོག་གི་རྣམ་གཞག་འདི་ལེགས་པར་ཤེས་ན། ཡུལ་ཅན་མངོན་པར་རྟོགས་པ་སྐྱེ་སླ་བ་དང༌། རང་ལ་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ཀྱང་རང་གི་ལས་ངན་གྱི་འབྲས་བུར་ཤེས་ནུས་ཤིང་དེ་ནུས་ན། གཞན་ལ་ཁག་དཀྲི་འཁོན་འཛིན་གྱི་བློ་ཡང་རང་ཤུགས་ཀྱིས་ཆུང་དུ་འགྲོ་བའི་གནད་དམ་པའོ།།
    དེ་བཞིན་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་འབྱུང་ནི། བདེན་བཞིའི་སྐབས་བཤད་ཟིན་ལྟར་རྒྱུ་ལམ་བདེན་ལ་བརྟེན་ནས་འབྲས་བུ་འགོག་བདེན་ཐོབ་པའི་རིམ་པ་དེ་ཡིན་ནོ། །དེ་ཡང་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་གྱི་རྩ་བ་བདག་འཛིན་མ་རིག་ཡིན་ལ། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་དེ་རང་རྒྱུད་ལ་སྐྱེ་བའི་སླད་དུ་ལམ་བསླབ་པ་གསུམ་ལ་ཐོས་བསམ་སྒོམ་གསུམ་རིམ་གྱིས་བགྱིས་ནས། མཐར་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་རང་རྒྱུད་ལ་ནམ་སྐྱེས་པ་ན་ངན་འགྲོའི་སྐྱེ་བ་ལས་འཕགས་པའི་འཕགས་པའི་གང་ཟག་དང་ལམ་མཐོང་ལམ་ཐོབ་ལ། སྤང་བྱང་ཉོན་མོངས་ཀུན་བཏགས་རིགས་རྣམས་ཡོངས་སུ་སྤོང་ལ་སྒོམ་ལམ་སྐབས་ཉོན་མོངས་ལྷན་སྐྱེས་ས་བོན་དང་བཅས་རིམ་གྱིས་སྤངས་ནས་མཐར་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྐབས་ཉོན་མོངས་ལྷན་སྐྱེས་ས་བོན་དང་བཅས་མ་ལུས་སྤོང་བར་བྱེད་ལ། དེ་སྤངས་པའི་སྤངས་པ་ནམ་ཐོབ་པ་ན། གང་ཟག་དེ་ཐར་པ་ཐོབ་ཅིང་དགྲ་བཅོམ་པར་གྱུར་རོ། །བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་ནས་མ་རིག་པ་འགག་པས་འདུ་བྱེད་འགག་པ་དང༌། འདུ་བྱེད་འགག་པས་རྣམ་ཤེས་འགག་པ་སོགས་སྔ་མ་སྔ་མ་འགག་པས་ཕྱི་མ་ཕྱི་མ་འགག་པ་དེར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་བྱུང་དང༌། ཡང་རྒ་ཤི་འགག་པ་དེ་སྐྱེ་བ་འགག་པ་ལ་ལྟོས་དགོས་པ་སོགས་འབྲས་བུ་ལྡོག་པ་རྒྱུ་ལྡོག་པ་ལ་ལྟོས་དགོས་པའི་རྣམ་གཞག་ནི་ཡུལ་ཅན་མངོན་པར་རྟོགས་པ་སྐྱེ་བའི་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག་གི་རིམ་པའོ། །
    དེའི་ཕྱིར་ཐར་པ་ཞེས་པ་ནི་རང་གི་སེམས་སྟེང་གི་ཉོན་མོངས་པའི་དྲི་མ་དག་པའི་དག་ཆ་ཞིག་ཡིན་པར་འདོད་ཀྱི། ཐར་པ་ཞེས་པ་གཟུགས་ཅན་ཞིག་དང༌། ཡུལ་གཞན་ཞིག་ཏུ་སྐྱེ་བ་ལེན་པ། མི་གཞན་གྱི་ལུས་ཀྱི་ཆ་ཤས་ཕན་ཚུན་བརྗེ་པོ་བརྒྱབ་རྒྱུ་ཡོད་པ་བཞིན། ཐར་པ་ཐོབ་པའི་དགྲ་བཅོམ་པའི་རྒྱུད་ཀྱི་ཐར་པ་དེ་ཐར་པ་མ་ཐོབ་པའི་གང་ཟག་རྣམས་ལ་སྦྱིན་རྒྱུ་ཡོད་པ་མིན་པས་ཐར་པ་ནི་རང་རྒྱུད་ཀྱི་སེམས་སྟེང་གི་ཉོན་མོངས་པའི་སྐྱོན་རྣམས་གཉེན་པོའི་སྟོབས་ཀྱིས་རིམ་བཞིན་ཇེ་ཆུང་དུ་བཏང་ནས་མཐར་སེམས་སྟེང་གི་དྲི་མ་དག་པའི་ཆ་ཞིག་ལ་འདོད་དོ། །དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱི་གསུང་ལས།  ང་ཡི་ཁྱེད་ལ་ཐར་པའི་ལམ་སྟོན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ལས།  ཐར་པ་བདག་ལ་རག་ལས་དེ་ལ་ནི། །གཞན་གྱི་གྲོགས་བགྱིས་ཅི་ཡང་མ་མཆིས་པས། །
    ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་གསུངས་པ་བཞིན་ནོ། །གོང་གི་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ནི་རྟེན་འབྲེལ་ཚར་གཉིས་ཀྱི་དབང་དུ་བྱས་པ་ཡིན་ལ། རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་གོ་རིམ་ནི། ༡ མ་རིག་པ་དང༌། ༢ འདུ་བྱེད་ཀྱི་ལས། ༣ རྣམ་ཤེས། ༤ སྲེད་པ། ༥ ལེན་པ། ༦ སྲིད་པ་སྟེ་རྒྱུ་ཡི་རྟེན་འབྲེལ་དྲུག ༧ སྐྱེ་བ་དང༌།  ༨ མིང་གཟུགས། ༩ སྐྱེ་མཆེད། ༡༠ རེག་པ། ༡༡ ཚོར་བ། ༡༢ རྒ་ཤི་ཅི་རིགས་པ་སྟེ་འབྲས་བུའི་རྟེན་འབྲེལ་དྲུག་སྟེ་ལས་གཅིག་ལ་བརྟེན་ནས་གྲུབ་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གོ་རིམ་ལགས་སོ། །
    རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བསྡུ་ཚུལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་བསྡུ་ན་བཞིར་བསྡུ་བ། གསུམ་དུ་བསྡུ་བ། གཉིས་སུ་བསྡུ་ཚུལ་ཡོད་པ་ལས་དེ་རྣམས་ངོ་བོ་ཙམ་བརྗོད་ན།

  •  མ་རིག་པ། འདུ་བྱེད། རྣམ་ཤེས་གསུམ་འཕེན་བྱེད་ཀྱི་ཡན་ལག
  •  མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ་བཞི་འཕངས་པའི་ཡན་ལག
  •  སྲེད། ལེན། སྲིད་པ་གསུམ་འགྲུབ་བྱེད་ཀྱི་ཡན་ལག   
  •  སྐྱེ་བ། རྒ་ཤི །གྲུབ་པའི་ཡན་ལག་ཏུ་བསྡུ་བ་སྟེ་ཡན་ལག་བཅུ་གཉིས་སྡེ་ཚན་བཞི་རུ་བསྡུ་ཚུལ་ལོ། །
  •  མ་རིག་པ། སྲེད་པ། ལེན་པ་གསུམ་ཉོན་མོངས་པ་ཀུན་ནས་ཉོན་མོངས་པ།
  •  འདུ་བྱེད། སྲིད་པ། ལས་ཀྱི་ཀུན་ནས་ཉོན་མོངས་པ།
  •  ལྷག་མ་བདུན་སྐྱེ་བའི་ཀུན་ནས་ཉོན་མོངས་པར་བསྡུ་བ་སྟེ་ཡན་ལག་བཅུ་གཉིས་པོ་སྡེ་ཚན་གསུམ་དུ་བསྡུ་ཚུལ་ལོ།  །
  • མ་རིག འདུ་བྱེད། སྲེད་པ། ལེན་པ། སྲིད་པ་དང་ལྔ་ནི་ཀུན་འབྱུང་བདེན་པར་བསྡུ་བ་དང་ལྷག་མ་བདུན་སྡུག་བདེན་དུ་བསྡུ་བ་སྟེ་ཡན་ལག་བཅུ་གཉིས་པོ་བདེན་པ་བཞི་དང་སྡེ་ཚན་གཉིས་སུ་བསྡུ་ཚུལ་ལོ། །

    རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ཚེ་དུ་ལ་རྫོགས་ཤེ་ན། ཚེ་གཅིག་ལ་རྫོགས་པ་མེད་ལ། ཚེ་གཉིས་ལ་རྫོགས་མ་རྫོགས་ཅི་རིགས་དང༌། ཚེ་གསུམ་ལ་རྫོགས་པས་ཁྱབ་བོ། །དེ་ཡང༌། དཔེར་ན། མི་ཡི་རྟེན་འདིར་སྐྱེ་བ་ཕྱི་མ་མིར་འཕེན་བྱེད་ཀྱི་ལས་དང༌། ལྷར་འཕེན་བྱེད་ཀྱི་ལས་གཉིས་བསགས་པ་ན་འཆི་ཁར་ལྷར་འཕེན་བྱེད་ཀྱི་ལས་ལ་སྲེད་ལེན་སྲིད་པས་གསོས་བཏབ་ནས་ལྷར་སྐྱེས་ན། རྒྱུ་ཡི་རྟེན་འབྲེལ་སྔ་མའི་རྟེན་ལ་རྫོགས་ལ། འབྲས་བུའི་རྟེན་འབྲེལ་བདུན་ལྷ་ཡི་རྟེན་ལ་རྫོགས་པས་ཚེ་གཉིས་ལ་རྫོགས་ཚུལ་ལོ། །ཡང་ལྷ་དེ་ཡི་སྐྱེ་བ་སྔོན་མ་མི་ཡི་རྟེན་དེར་མིར་སྐྱེ་བྱེད་ཀྱི་མ་རིག་པ་དང༌། འདུ་བྱེད། རྒྱུ་དུས་ཀྱི་རྣམ་ཤེས་གསུམ་རྫོགས་ལ། དེ་ནས་ལྷ་དེ་འཆི་ཁར་མིར་འཕེན་བྱེད་ཀྱི་སྔོན་གྱི་ལས་དེར་གསོས་འདེབས་བྱེད་ཀྱི་སྲེད་ལེན་སྲིད་པ་གསུམ་རྫོགས་ལ། དེ་ནས་ལྷ་དེ་འཆི་འཕོས་ནས་མིར་སྐྱེས་པ་ན་འབྲས་བུའི་རྟེན་འབྲེལ་བདུན་མི་ཡི་རྟེན་ལ་རྫོགས་པས་ཚེ་གསུམ་ལ་རྫོགས་ཚུལ་ལོ། །
    དེ་ལྟར་བདེན་པ་བཞི་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་ལེགས་པར་ཤེས་པར་བྱས་ཏེ། འཁོར་བར་ཡིད་འབྱུང་དང་ཐར་པའི་ཕན་ཡོན་ཤེས་པའི་སྒོ་ནས་ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་དགོས་སོ། །དེ་ཡང་བསླབ་གསུམ་གྱི་ནང་ཚན་དང་པོ་ཚུལ་ཁྲིམས་ཀྱི་བསླབ་པས་ལུས་ངག་ཡིད་གསུམ་ཉེས་སྤྱོད་ལས་སྡོམ་སྟེ་དུལ་བར་བྱེད། གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པས་སེམས་བྱིང་རྒོད་དང་རྣམ་རྟོག་ཞི་བར་བྱས་ནས་ཉོན་མོངས་འབུར་འཇོམས་བྱེད། གསུམ་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་ཀྱི་རྩ་བ་ནས་དྲུངས་ཕྱུང་བར་བྱེད་དོ། །
    ཚུལ་ཁྲིམས་ཀྱི་བསླབ་པ་སྲུང་ཚུལ་ནི། སོ་ཐར་རིགས་བརྒྱད་ཀྱི་བསླབ་སྡོམ་རྣམས་སོ། །དེ་ཡང་བསྙེན་གནས་ཉིན་གཅིག་གི་མཐའ་ཅན་ཡིན་པས་བསྙེན་གནས་ཕ་མ་གཉིས་གཅིག་ཏུ་རྩིས་པ་དང༌། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་མ། དགེ་སློང་ཕ་མ་གཉིས་ཏེ་བརྒྱད་ཀྱི་སོ་སོའི་སྡོམ་རྣམས་སོ། །
    ཏིང་ངེ་འཛིན་གྱི་བསླབ་པ་ལས་ཐོག་མར་ཞི་གནས་སྒྲུབ་པར་བྱེད་པའི་སེམས་གནས་དགུ་དང་དེ་ཡི་མི་མཐུན་ཕྱོགས་དང་གཉེན་པོ་ངོས་འཛིན་མདོར་ཙམ་བརྗོད་ན།
    དེ་ཡང་སེམས་གནས་དགུ་པར་འབད་རྩོལ་ལ་ལྟོས་མེད་དུ་སེམས་ཏིང་ངེ་འཛིན་གྱི་ངང་ལ་ཧྲིལ་གྱིས་འགྲོ་བ་ན། སྔར་སེམས་གནས་སོ་སོའི་སྐབས་ཡོད་པའི་ལུས་སེམས་ཤིན་སྦྱངས་དེ་གོང་འཕེལ་དུ་ཕྱིན་ནས་སེམས་དགེ་བ་ལ་གང་འདོད་བཀོལ་དུ་མི་རུང་བའི་གནས་ངན་ལེན་ཞི་ནས་སེམས་ཤིན་སྦྱངས་ཐོབ། དེ་ལ་བརྟེན་ནས་ལུས་ལ་རེག་བྱ་ཁྱད་པར་ཅན་གྱི་བདེ་ཉམས་ཀྱི་ལུས་ཤིན་སྦྱངས་ཐོབ་ལ། དེ་ལ་བརྟེན་ནས་སེམས་དམིགས་པ་ལ་བརྟན་པར་གནས་བཞིན་དུ་ལུས་སེམས་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་རྩེ་གཅིག་པའི་སེམས་དེ་ནམ་ཐོབ་པ་ན་ཞི་གནས་ཐོབ་པའོ། །དེ་ཐོབ་པ་དང་བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་ལ་བྱེད་པ་ལས་དང་པོ་དང་ཉེར་བསྡོགས་མི་ལྕོགས་མེད་པ་རྣམས་དོན་གཅིག་གོ །དེ་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་དྲན་པར་བྱས་ནས་སེམས་དགེ་བའི་དམིགས་པར་བཀོལ་དུ་རུང་བར་བརྩོན་པ་བསྟེན་དགོས་སོ། །རེ་ཞིག་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་དང་ལམ་ངོ་སྤྲོད་འདི་ཙམ་མོ།། །།

སྐྱེས་བུ་ཆེན་པོའི་སྐྱབས་འགྲོ

          འོ་ན་སྐྱེས་བུ་ཆུང་འབྲིང་གི་སྐྱབས་འགྲོ་བྱེད་ཚུལ་དེ་ལྟར་ཡིན་ན་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་བྱེད་ཚུལ་དེ་ཇི་ལྟར་ཡིན་ཞེ་ན། དེ་ཡང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐབས་སུ་ངན་འགྲོའི་འཇིགས་པས་དྲངས་པའི་དད་པ་དང་འཇིགས་པ་དེ་ལས་ཐར་བྱེད་དཀར་པོ་དགེ་བཅུའི་ལས་ལ་སློབ་པ་དང༌། འབྲིང་གི་གནས་སྐབས་སུ་རང་ཉིད་འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་འཁོར་བར་སྐྱོ་ཤས་དྲག་པོས་དྲངས་པའི་ངེས་འབྱུང་གིས་ཟིན་པའི་སྒོ་ནས་འཁོར་བ་ལས་ཐར་པའི་ཐབས་ལམ་བསླབ་པ་གསུམ་དང་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ལམ་ལ་སློབ་པ་དང༌། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བློ་སྦྱོང་བ་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་སེམས་ལ་བློ་སྦྱོང་བའི་ཐབས་སུ་གྱུར་པ་ཡིན་ནོ། དེས་ན། སྐྱེས་བུ་འབྲིང་གི་སྐབས་སུ་རང་ཉིད་འཁོར་བར་སྡུག་བསྔལ་གྱི་མནར་ཚུལ་ལེགས་པར་ར་འཕྲོད་ཅིང༌། གཞན་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བའི་སྡུག་བསྔལ་གྱིས་མནར་ཚུལ་བསམ་པ་ན་བཟོད་གླགས་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྐྱེས་པར་འགྱུར་ལ།  དེ་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། བྲལ་བར་གྱུར་ཅིག བྲལ་བ་བདག་གིས་བྱ། དེ་ལྟར་བྱེད་ནུས་པ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཅན་གྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་དང་སྙིང་རྗེ་དེས་དྲངས་པའི་སྒོ་ནས་རྒྱལ་བ་ལ་དམིགས་པའི་དད་པ་རང་རྒྱུད་ལ་ནམ་སྐྱེས་པ་ན་གང་ཟག་དེར་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་རྒྱུད་ལ་སྐྱེས་པ་ཡིན་ནོ། །
    དེས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་སྡིག་སྒྲིབ་དང་བཅས་པ་ལས་སྐྱོབ་པར་འདོད་པས། ཐོག་མར་རང་ཉིད་དེ་དག་གི་འཇིགས་པ་ལས་ཐར་བ་ཞིག་ངེས་པར་དགོས་ཏེ། དཔེར་ན། རང་ཉིད་རྐྱལ་གྱི་ནུས་པ་ཡོངས་སུ་མ་རྫོགས་ན་གཞན་ཆུས་འཁྱེར་བ་མཐོང་བ་ན་སྙིང་རྗེ་སྐྱེས་ཀྱང་སྐྱོབ་པའི་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །དེས་ན་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་དང༌། སྦྱོར་བ་རྒྱ་ཆེ་བ་རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་སོགས་ལ་བསླབས། འབྲས་བུ་བླ་ན་མེད་པ་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་བརྩོན་དགོས་སོ། །དེ་ལ་ཐོག་མར་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་རིམ་པ་ལ་གཉིས་ཏེ། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་བ་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བ་གཉིས་གསུངས་སོ། །འོན་ཀྱང་བྱང་པའི་བྱང་ཆུབ་སེམས་ལ་ཁྱད་པར་མེད་དེ་རིམ་པ་དེ་ནི་གང་ཟག་ལས་དང་པོ་བས་ཐོག་མར་བློ་སྦྱོང་སྐབས་དབང་པོའི་རིམ་པའི་ཁྱད་པར་ཙམ་མོ། །
    དེ་ལ་དང་པོ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བློ་སྦྱོང་ཚུལ་གྱི་གོ་རིམ་མདོར་ཙམ་བརྗོད་ན། དང་པོ་མར་ཤེས་ནི། ཐོག་མར་སེམས་ཅན་ཐམས་ཅད་མར་ཤེས་པ་ཞིག་དགོས་ལ་དེ་ཡང་ང་རང་ཚོའི་སྐྱེ་བར་ཐོག་མ་མེད་ཅིང་སྐྱེ་བ་རེར་མ་རེ་དགོས་པ་སོགས་ལ་བསམ་ནས་སེམས་ཅན་ཐམས་ཅད་རང་གི་མར་འདུ་ཤེས་ཀྱི་བློ་སྦྱང༌། དེ་ཡང་གཉེན་གྱི་མཆོག་ནི་མ་ཡིན་པས། དེས་ན། སེམས་ཅན་ཐམས་ཅད་མར་ཤེས་བསྒོམ་དགོས་པའི་གནད་ཀྱང་དེ་ལྟར་ཡིན། འོན་ཀྱང་དྲིན་ལན་ལོག་འཇལ་གྱི་སྙིགས་མའི་དུས་དེར་མ་བུ་དགྲ་ལ་ལངས་པ་སོགས་མཐོང་ཆོས་སུ་ཡོད་པ་བཞིན་ཡིན་པས། དེས་ན། ཚེ་འདིར་རང་ལ་གང་ཕན་འདོགས་པར་བྱེད་པའི་ཕ་མ་དང་གྲོགས་པོ་སོགས་ལ་ཐོག་མར་བློ་སྦྱོང་ནའང་ཆོག་པར་སེམས་སོ། །
    གཉིས་པ་དྲིན་དྲན་པ་ནི། མ་བྱེད་པའི་གནས་སྐབས་སུ་འཇམ་པའི་གོས་གཡོགས། ཞིམ་པའི་ཟས་བྱིན། སྙན་པའི་མིང་བཏགས་པ་སོགས་དྲིན་གྱིས་སྐྱོང་ཚུལ་བསམ་ནས་དྲིན་དྲན་པར་བྱ།
    གསུམ་པ་དྲིན་གཟོ་བ་ནི། སྔར་དྲིན་གྱིས་བསྐྱངས་པ་ཤེས་པ་ན་དེ་དག་ལ་དྲིན་ལན་འཇལ་འདོད་ཀྱི་བློ་སྦྱང༌། མར་ཤེས་དྲིན་དྲན། དྲིན་གཟོའི་བློ་ཇི་ཙམ་གྱི་གཏིང་ཚུགས་པ་དེ་ཙམ་གྱིས་བྱམས་སྙིང་རྗེ་དང་ལྷག་བསམ་ཡང་ཤུགས་ཆེ་འདྲེན་ནུས་ཏེ། དཔེར་ན། རང་གི་གཉེན་གྱི་ཆེད་དུ་ལས་ལ་ཞུགས་པ་ན་ངལ་བ་མེད་པར་སྤྲོ་བ་འཕེལ་བ་བཞིན་ནོ། །
    བཞི་པ་ཡིད་འོང་གི་བྱམས་པ་ནི། དྲིན་ལན་འཇལ་ཡུལ་གྱི་མ་རྣམས་ལ་གཅེས་ཤིང་ཕངས་པའི་བློ་སྦྱང༌། དེ་འདྲའི་གཅེས་ཤིང་ཕངས་པའི་མ་རྣམས་ལ་བདེ་བ་དང་དེའི་རྒྱུ་སྒྲུབ་པ་མཐོང་བ་ན་ཕྲག་དོག་མེད་ཅིང་བདེ་བ་དང་ལྡན་པར་འདོད་པའི་བྱམས་པའི་བློ་སྦྱང༌།
    ལྔ་པ་སྙིང་རྗེ་ནི། གཅེས་པར་འཛིན་པའི་མ་རྣམས་ཀྱིས་ད་ལྟ་སྡུག་བསྔལ་མྱོང་བ་དང་ད་ལྟ་སྡུག་བསྔལ་མ་མྱངས་ཀྱང་དེའི་རྒྱུ་ལ་དགའ་བཞིན་དུ་འཇུག་ཅིང་འབད་པར་མཐོང་བ་ན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དེ་དག་ལས་བྲལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་ལ་བློ་སྦྱང༌།
    དྲུག་པ་ལྷག་བསམ་ནི། མ་རྒན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བྲལ་ན་སྙམ་པའི་སེམས་པ་བཟང་བ་ཙམ་གྱིས་མི་ཆོག་གི་སྡུག་བསྔལ་སེལ་བ་དང༌། བདེ་བ་བསྒྲུབ་དགོས་པས། དེ་ཡང་གཞན་ལ་ལྟོས་མེད་ཀྱི་བདག་རང་གིས་བྱའོ་སྙམ་པའི་ལྷག་བསམ་ལ་བློ་སྦྱོང་དགོས།
    བདུན་པ་སེམས་བསྐྱེད། དེ་ལྟར་ལྷག་བསམ་སྐྱེས་པ་ན། བདག་ད་ལྟའི་གནས་སྐབས་འདི་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་ཕར་བཞག་སེམས་ཅན་གཅིག་གི་དོན་ཡང་མཐར་ཕྱིན་པ་སྒྲུབ་མི་ནུས་ཤིང༌། ཉན་རང་དགྲ་བཅོམ་གྱི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཟད་རེ་དང༌། དེ་ཡང་ཐར་པ་ཙམ་ལས་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་མི་ནུས་པས། དེས་ན་མཐའ་ཡས་པའི་མ་རྒན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སུ་ཡིས་བསྒྲུབ་ནུས་བསམ་པ་ན་དེ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་ལ་ནུས་པ་དེ་ཡོད་པར་ཤེས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཐར་ཕྱིན་པ་ཞིག་བསྒྲུབ་ཕྱིར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་འདོད་ཀྱི་འདུན་པ་གཉིས་ལྡན་གྱི་བྱང་ཆུབ་སེམས་དེ་སྐྱེས་པ་ཡིན་ནོ། །དེ་ཡང་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ།།
    གཉིས་པ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་ཚུལ་ལས། དང་པོ་བདག་གཞན་མཉམ་པར་བསྒོམ་པ་ནི། བདག་གཞན་གཉིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་མཉམ་པར་བསམ་དགོས་སོ། །དེ་ཡང་སྤྱོད་འཇུག་ལས། བདག་དང་གཞན་ནི་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་སྒོམ། །བདེ་བ་སྡུག་བསྔལ་མཉམ་པ་ན༌། །ཐམས་ཅད་བདག་བཞིན་སྲུང་བར་བྱེད། །ཅེས་དང༌། བདག་གིས་གཞན་གྱི་སྡུག་བསྔལ་བསལ། །སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན། །བདག་གིས་གཞན་ལ་ཕན་པར་བྱ། །སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན། །གང་ཚེ་བདག་དང་གཞན་གཉིས་ཀ། །བདེ་བ་འདོད་དུ་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་བདག་གཅིག་བདེ་བར་འདོད། །གང་ཚེ་བདག་དང་གཞན་གཉིས་ཀ། སྡུག་བསྔལ་མི་འདོད་མཚུངས་པ་ལ། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་སྲུང་བྱེད། །སོགས་ཀྱི་གཞུང་ནས་གསུངས་པ་ལ་བློ་སྦྱང༌།
    འོ་ན་བདག་དང་གཞན་གཉིས་ཀ་བདེ་བ་འདོད་ཅིང་སྔུག་བསྔལ་མི་འདོད་པ་མཚུངས་པ་ལ་ཅིའི་ཕྱིར་གཞན་གཅེས་པར་འཛིན་དགོས་སྙམ་ན། དེ་ནི་རང་ཉིད་ཀྱིས་མི་འདོད་པའི་སྡུག་བསྔལ་ཐམས་ཅད་རང་གཅེས་འཛིན་ལ་བརྟེན་ནས་བྱུང་ལ། དེ་ཡང༌། ད་བར་བདག་གཅེས་པར་བསྐྱངས་པའི་འབྲས་བུར་ད་ལྟའི་ཉམ་ཐག་པའི་ངང་ཚུལ་འདིས་གཞན་དོན་ཕར་བཞག་རང་དོན་ཡང་ཡང་དག་བསྒྲུབ་མི་ཤེས་པ་འདི་ལྟར་ལགས། དེའི་ཕྱིར་འདོད་པའི་བདེ་བ་ཐམས་ཅད་གཞན་གཅེས་པར་འཛིན་པ་ལ་བརྟེན་ནས་འབྱུང་བས་ན། དེས་ན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རྣམས་བདག་གཞན་བརྗེ་བ་ལ་བློ་སྦྱང་དགོས་སོ། །འོ་ན་བདག་གཞན་བརྗེ་ཚུལ་ཇི་ལྟར་ཡིན་སྙམ་ན།
    གཉིས་པ་བདག་གཞན་བརྗེ་བ་ནི། རང་གཅེས་འཛིན་གྱི་ཉེས་དམིགས་ཏེ་སྐྱོན་སྒོ་དུ་མ་ནས་བསམ་པ་དང་གཞན་གཅེས་འཛིན་གྱི་ཕན་ཡོན་ཏེ་ཡོན་ཏན་སྒོ་དུ་མ་ནས་བསམ་པ་ལ་རག་ལུས་པས། དེ་ཡང༌། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་བ་སོགས་པར་གདུང་བར་འགྱུར། །གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །བདག་ཉིད་མཐོ་བར་འདོད་པ་དེས། །ངན་འགྲོ་ངན་དང་གླེང་བར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོ་རིམ་འགྲོ་འཐོབ་པར་འགྱུར། །བདག་གི་དོན་དུ་གཞན་བཀོལ་ན། །བྲན་ལ་སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་སྤྱད་ན། །རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་ཅི་ཞིག་དགོས། བྱིས་པ་རང་དོན་བྱེད་པ་དང༌། །ཐུབ་པ་གཞན་གྱི་དོན་མཛད་པ། །དེ་ཉིད་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་ཐེག་པ་ཆེན་པོའི་བློ་སྦྱོང་གི་གཞུང་རྣམས་ལ་ཡུན་རིང་འདྲིས་པར་བྱས་ནས་རང་གཅེས་འཛིན་ལ་སྐྱོན་དང་གཞན་གཅེས་འཛིན་ལ་ཡོན་ཏན་དུ་མཐོང་བའི་བློ་སྦྱངས་ནས། གཞན་ཡལ་བར་དོར་བའི་བློ་དེ་གོ་ས་བརྗེ་ནས་བདག་ཡལ་བར་དོར་བའི་བློ་ཡི་ངོ་བོར་བསྒྱུར་བ་དེ་ལ་བདག་གཞན་བརྗེ་བ་དང༌། བདག་གཅེས་བར་འཛིན་པའི་བློ་ཡི་གོ་ས་བརྗེས་ཏེ་གཞན་གཅེས་པར་འཛིན་པའི་བློ་ཡི་ངོ་བོར་བསྒྱུར་བ་དེ་ལ་གཞན་གཅེས་འཛིན་ཞེས་བརྗོད། དེ་ལྟར་གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་སྐྱེས་ན། ཚོགས་ཀྱང་དེས་རྫོགས། སྒྲིབ་པ་ཡང་དེས་བྱང༌། རང་གཞན་གྱི་དོན་ཡང་དེས་འགྲུབ་པས་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་བསམ་པའི་སྒོ་ནས་ཉམས་ལེན་ལ་བརྩོན་པར་བགྱིས་དགོས་སོ། །དེ་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་དང༌། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །
    དེ་འདྲའི་བྱང་ཆུབ་སེམས་དེར་རྣམ་པ་གཉིས་ཡོད་དེ། དང་པོ་གཞན་དོན་དུ་བྱང་ཆུབ་འཐོབ་འདོད་ཀྱི་སེམས་དེར་སྨོན་པ་སེམས་བསྐྱེད་དང༌། དེ་ཡི་རྗེས་སུ་སངས་རྒྱས་འཐོབ་ཕྱིར་རྒྱལ་སྲས་ཀྱི་སྡོམ་པ་ནོད་ཅིང་སྤྱོད་པ་ལ་དངོས་སུ་ཞུགས་པ་ན་འཇུག་པ་སེམས་བསྐྱེད་ཅེས་བརྗོད་དོ། །སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་གཉིས་སུ་ཤེས་བྱ་སྟེ། །
    བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །
    དེས་ན་རྒྱལ་སྲས་ཀྱི་སྤྱོད་པར་མཐའ་ཡས་པ་ཞིག་ཡོད་ཀྱང༌། རེ་ཞིག་ཕར་ཕྱིན་དྲུག་ངོ་སྤྲོད་ཙམ་བྱས་ན། 
    དང་པོ། སྦྱིན་པའི་ཕར་ཕྱིན་ནི། གཏོང་བའི་སེམས་པ་སྤེལ་བ། དེ་ལ་དབྱེ་བ།
    ༡༽ ཟང་ཟིང་གི་སྦྱིན་པ། དཔེར་ན། ཟས་མེད་པར་ཟས་སྦྱིན་པ། གོས་མེད་པར་གོས་སྦྱིན་པ། གནས་མལ་མེད་པར་གནས་མལ་སྦྱིན་པ་སོགས་སོ། །
    ༢༽ ཆོས་ཀྱི་སྦྱིན་པ་ནི། གསུང་རབ་ཀྱི་དོན་ཟབ་མོ་སྟོན་པའམ་ཡི་གེ་བསླབ་པ་ནས་ཐ་ན་ཁ་ཏ་བསླབ་བྱ་ཚིག་གཅིག་བྱས་པ་རྣམས་སོ། །
    ༣༽ མི་འཇིགས་པའི་སྦྱིན་པ་ནི། གཞན་ཕ་རོལ་པོའི་སྲོག་ལ་ཉེན་ཡོད་པ་ན། དེ་ལས་སྐྱོབ་པའི་ལས་ལ་ཞུགས་ཤིང་ཕ་རོལ་པོའི་སྲོག་བསྐྱབས་པའོ། །དེ་དག་ཀྱང་རང་གི་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་ནས། །སྦྱིན་པས་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེས་ཡོད་ན་སྔོན། །སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བྱས་ཏེ། །སྐྱེ་བོ་ཀུན་ལ་གཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །
    གཉིས་པ། ཚུལ་ཁྲིམས་ནི། ལུས་ངག་ཡིད་གསུམ་ཉེས་སྤྱོད་ལས་སྲུང་བའོ། །དེ་ལ་གསུམ།
    ༡༽ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དཔེར་ན། ངག་གི་སྒོ་ནས་རྫུན། ལུས་ཀྱི་སྒོ་ནས་སྲོག་གཅོད་སྤོང་བ། དེ་བཞིན་བདག་ལ་བསྟོད་པ་དང་གཞན་ལ་སྨད་པ་སོགས་རང་གཞན་དོན་དུ་སྤང་བྱ་མི་དགེ་བའི་ཕྱོགས་ལས་སྡོམ་པ་སྟེ་སྲུང་བའོ། །
    ༢༽ དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བྱེད་པའོ། །
    ༣༽ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། རང་གི་བྱ་བ་ཅི་བྱས་དངོས་སམ་བརྒྱུད་པའི་སྒོ་ནས་སེམས་ཅན་གྱི་དོན་ལ་སེམས་པ་སྟེ་གཞོལ་བའོ། དེ་དག་ཀྱང་རང་གི་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས།
    ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། ། 
    སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར།
    གསུམ་པ། བཟོད་པ་ནི། གནོད་བྱེད་ཡུལ་ལ་སྲན་བཙུགས་པའོ། །དེ་ལ་དབྱེ་ན་གསུམ།
    ༡༽ ཆོས་ལ་ངེས་ཤེས་ཀྱི་བཟོད་པ། དཔེར་ན། ཆོས་བསྒྲུབ་པའི་གནས་སྐབས་སུ་ལུས་སེམས་ལ་གནོད་པ་ཅི་བྱུང་ཡང་བཟོད་པ།
    ༢༽ སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་སྒྲུབ་སྐབས་སྐོམ་པ་དང་བཀྲེས་པ། ཚ་གྲང་བྱུང་བ་སོགས་ལ་བཟོད་པའོ། །
    ༣༽ གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་གྱིས་རང་ལ་རྒོལ་བ་དང༌། རྡེག་པ། གཤེ་བ། མཚང་འབྲུ་བ་སོགས་ལ་མི་བཟོད་པ་སྤོང་བའོ། །དེ་དག་ཀྱང་རང་གི་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས། །སེམས་ཅན་མི་སྲུན་ནམ་མཁའ་བཞིན། དེ་དག་གཞོམ་གྱིས་ཡོང་མི་ལང༌། །ཁྲོ་བའི་སེམས་དེ་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་བཅོམ་དང་འདྲ། །ས་སྟེང་དེ་དག་ཀོས་གཡོག་ཏུ། །དེ་དག་ཀོ་བས་ག་ལ་ལང༌། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཀོ་བས་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང༌། །བདག་གིས་ཕྱིར་ལྡོག་མི་ལང་གི །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །ཞཻས་གསུངས་པའི་ཕྱིར། གཞན་ཡང་འཇུག་པ་ལས། གནོད་པ་བྱས་པ་གལ་ཏེ་དེར་བཀོན་ན། །དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེའི་ཕྱིར་དེར་བཀོན་ངེས་པར་འདི་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །ཞེས་གསུངས། །
    བཞི་པ། བརྩོན་འགྲུས་ནི། སེམས་དགེ་བ་ལ་མངོན་པར་སྤྲོ་བའོ། །དེ་ལ་དབྱེ་ན་གསུམ།
    ༡༽ གོ་ཆའི་བརྩོན་འགྲུས། དཔེར་ན། སེམས་ཅན་གྱི་དོན་སྒྲུབ་པར་སྤྲོ་ཤིང་སྙིང་སྟོབས་ཆེས་ལྷག་པར་སྤེལ་བའོ། །
    ༢༽ སྦྱོར་བའི་བརྩོན་འགྲུས། མགོ་འམ་གོས་ལ་གློ་བུར་མེ་ཤོར་བ། །དེ་དག་ཕྱིར་བཟློག་བགྱིས་པ་བཏང་ནས་ནི། །ཡང་སྲིད་ཕྱི་མ་མེད་སླད་འབད་པར་འཚལ། །ཞེས་གསུངས་པ་ལྟར་བྱ་བ་ངན་པར་ཆགས་ཞེན་ཡོངས་སུ་དོར་ཏེ་ལུས་ངག་ཡིད་ཀྱི་ནུས་པ་ཅི་ཡོད་ཆོས་མཐུན་ལ་འབད་ནས་དལ་འབྱོར་དོན་དང་ལྡན་པར་བགྱིས་པའོ། །
    ༣༽ ཕྱིར་མི་ལྡོག་པའི་བརྩོན་འགྲུས། དགེ་བ་གང་བརྩམས་པ་དེ་བར་མ་ཆད་པར་མཐའ་འཁྱོངས་བར་བསྒྲུབ་པའོ། །དེ་དག་ཀྱང་རང་གི་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང༌། །ཚངས་ལ་སོགས་པ་ཡིན་པ་ལྟར། །ལུས་ངག་བཅས་པའི་འབྲས་བུ་ཡང༌། །སྤྱོད་པ་གཞན་པས་དེ་ལྟ་མིན། །ཞེས་གསུངས་པའི་ཕྱིར།
    ལྔ་པ། བསམ་གཏན་ནི། སྤྱིར་དམིགས་པ་ལས་སེམས་མི་གཡོ་བར་གསལ་བར་གནས་པའོ། །སྒོས་སེམས་ཅན་གྱི་དོན་ལ་རྩེ་གཅིག་པའོ། །དེ་ལ་དབྱེ་ན་གསུམ།
    ༡༽ ལུས་སེམས་བདེ་གནས་ཀྱི་བསམ་གཏན། དཔེར་ན། གང་ལ་མཉམ་པར་བཞག་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བརྩོན་པའི་བསམ་གཏན་རྣམས་སོ། །
    ༢༽ ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི། མངོན་ཤེས་དང་ཟད་པ་རྣམས་སྒྲུབ་པ་རྣམས་སོ། །
    ༣༽ སེམས་ཅན་དོན་བྱེད་ཀྱི་བསམ་གཏན། རང་བསམ་གཏན་ལ་གནས་ནས་གཞན་བསམ་གཏན་ལ་འགོད་པ་ལྟ་བུའོ། །དེ་དག་ཀྱང་རང་གི་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས།  བཟླས་བརྗོད་དག་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པས་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་གསུངས་པའི་ཕྱིར།
    དྲུག་པ། ཤེས་རབ་ནི། དངོས་པོའི་གནས་ལུཌ་སོཌ་ལ་དཔྱོད་པར་བྱེད་པའོ། །དེ་ལ་དབྱེ་ན།
    ༡༽ དོན་དམ་རྟོགས་པའི་ཤེས་རབ། དཔེར་ན། བདག་མེད་ཀྱི་དེ་ཁོ་ན་ཉིད་དོན་སྤྱིའམ་མངོན་སུམ་དུ་རྟོགས་པའོ།
    ༢༽ ཀུན་རྫོབ་རྟོགས་པའི་ཤེས་རབ་ནི། གནས་ལྔ་རིག་པ་རྟོགས་པའི་ཤེས་རབ་རྣམས་སོ། །
    ༣༽ སེམས་ཅན་དོན་བྱེད་ཀྱི་ཤེས་རབ། སེམས་ཅན་རྣམས་ཀྱི་འདི་དང་ཕྱི་མའི་དོན་ཡང་དག་པར་སྒྲུབ་པ་ལ་མཁས་པའོ། །དེ་ཡང་གཙོ་བོ་སེམས་ལ་རག་ལས་པ་ཡིན་ཏེ། སྤྱོད་འཇུག་ལས། གང་གི་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་དེ་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་གྱི་ནར་འཁྱམས། །དེ་ལྟས་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པའི་ཕྱིར།
    ཡང་ཕར་ཕྱིན་རེ་རེའི་ནང་དུ་ཡང་ཕར་ཕྱིན་དྲུག་གི་ཉམས་ལེན་ཚང་བར་ཉམས་སུ་ལེན་ཚུལ་ཡོད་དེ། དེ་ཡང༌། སྦྱིན་པ་ལྟ་བུ་དཔེར་མཚོན་ན། གང་ལ་ཆོས་ནོར་སོགས་བྱིན་པ་ནི་སྦྱིན་པ། དེ་ལ་རང་དོན་གྱི་འཁྲི་བ་མེད་པ་དང་ལན་ལ་རེ་བ་མེད་པ་ནི་ཚུལ་ཁྲིམས། སེམས་ཅན་གྱིས་སྦྱིན་ལན་དུ་གནོད་པ་བྱས་པར་མི་ཁྲོ་ཞིང་མི་སྐྱོ་བ་ནི་བཟོད་པ། ད་དུང་ཇི་ཙམ་གྱིས་མ་རུངས་པ་བྱས་ཀྱང་སེམས་ཅན་དེ་ལ་སྙིང་རྗེ་ལྷག་པོ་སྐྱེས་ཏེ་དེའི་དོན་སྒྲུབ་ལ་བརྩོན་པ་ནི་བརྩོན་འགྲུས། དངོས་ཤུགས་བརྒྱུད་གསུམ་དུ་གཏོང་སེམས་མི་གཡོ་བ་ཡིད་ལ་བྱེད་པ་ནི་བསམ་གཏན། གང་གཏོང་རྒྱུའི་སྦྱིན་རྫས་དང༌། གང་ལ་གཏོང་རྒྱུའི་ཡུལ། གཏོང་བ་པོ་རང་ཉིད་བཅས་པ་བདེན་པར་མེད་པ་སྒྱུ་མ་ལྟ་བུར་ཤེས་པའམ། སྦྱིན་པས་འགྲོ་བའི་རེ་བ་སྐོང་བར་བྱེད་པ་ལ་མཁས་པ་ནི་ཤེས་རབ་བཅས་སོ། །དེ་བཞིན་ལྷག་མ་ལྔའང་སྦྱར་ཤེས་པ་བྱའོ། །
    བསྡུ་བའི་དངོས་པོ་བཞི་ནི། ༡༽ མཁོ་བ་སྦྱིན་པས་སེམས་ཅན་ཆོས་སྒྲུབ་པའི་མཐུན་རྐྱེན་སྦྱར་ནས་འཁོར་དུ་སྡུད། དེ་ནས་ ༢༽ སྙན་པར་སྨྲ་བ་སྟེ་དམ་པའི་ཆོས་བསྟན་ནས་བློ་དམ་པའི་ཆོས་ལ་བསྒྱུར། དེ་ནས་ ༣༽ ལུས་ངག་ཡིད་གསུམ་ཡང་དག་པར་དོན་ལ་སྤྱོད་དུ་འཇུག དེ་ནས་༤༽ གཞན་ཡིད་ཆེས་པའི་ཕྱིར་རང་ཉིད་ཀྱང་དེ་དང་མཐུན་པའི་དོན་ལ་མཐུན་པའོ། །
    དེ་ལྟར་སྐྱེས་བུ་ཆུང་འབྲིང་གི་ཐུན་མོང་བའི་སྐྱབས་འགྲོ་ལ་བསླབས་ནས་དེ་ནས་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་རྒྱུད་ལ་སྐྱེས་པར་བྱས་ཏེ་རིམ་བཞིན་རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པའི་སླད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ། །འདིས་ཀྱང་རང་དང་འགྲོ་བ་མ་ལུས་སྐྱབས་འགྲོའི་ཚུལ་ལ་མ་རྨོངས་པར་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ནས་རང་གཞན་སེམས་ཅན་ཐམས་ཅད་མྱུར་དུ་གཏན་བདེའི་ས་ལ་རེག་པའི་རྒྱུར་གྱུར་ཅིག་གོ །བོད་ཁྱིམ་དགེ་འོས་པ་རྣམས་ལ་སྐྱབས་འགྲོ་སློབ་ཁྲིད་བྱེད་སྐབས་ཟིན་བྲིས་སུ་བཏབ་བོ།།སརྦ་མངྒ་ལཾ།། །།
    འཇམ་དཔལ་གྲགས་པ་ལགས་ནི། ས་རཱ་བོད་ཀྱི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དང༌། ནང་ཆོས་དང༌། རིགས་ལམ་གྱི་སློབ་དཔོན་གནང་བཞིན་ཡོད།

མདུན་ཤོག

Menu