བུ་སྟོན་རིན་ཆེན་གྲུབ།

    ་་་གང་གིས་འཆད་པ་སློབ་དཔོན་གྱི་མཚན་ཉིད། གང་ལ་བརྟེན་ནས་བཤད་པའི་ཐབས། ཇི་ལྟར་བཤད་པའི་ཚུལ་དང་གསུམ་མོ།
    དང་པོ་ལ་གཞུང་སོ་སོར་སློབ་དཔོན་གྱི་མཚན་ཉིད་མི་འདྲ་བ་དུ་མ་གསུངས་ཏེ། སུམ་བརྒྱ་པ་2ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དད་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བའི་བཤེས་གཉེན་དེ་དག་གི །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་ལ་ནི་ཁྱོད་བརྟེན་ན། །ཁྱོད་ཀྱིས་མཁྱེན་གྱི་གུས་པར་མཛོད། །ཅེས་དང༌། ཞི་བ་ལྷས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །ཞེས་པ་དང༌། ཙནྡྲ་གཽ་མིས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་ཤིང༌། མདོ་སྡེ་རྒྱན་དུ།3 བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་ཚུལ་ཁྲིམས་དང་ལྡན་པས་དུལ་བ་དང༌། ཏིང་ངེ་འཛིན་དང་ལྡན་པས་ཞི་བ་དང༌། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེར་ཞི་དང༌། ཡོན་ཏན་གཞན་ལས་ཁྱད་པར་དུ་འཕགས་པས་ལྷག་པ་དང༌། གཞན་དོན་ལ་ལེ་ལོ་མེད་པས་བརྩོན་འགྲུས་དང་བཅས་པ་དང༌། ཐོས་པ་ཆེ་བས་ལུང་གིས་ཕྱུག་པ་དང༌། ཤེས་པར་བྱ་བའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་དང༌། ཚིག་སྨྲ་མཁས་པ་དང༌། ཟང་ཟིང་ལ་མི་བལྟ་བས་བརྩེ་བ་དང༌། ཆོས་སྟོན་པ་ལ་སྐྱོ་བ་མེད་པ་སྟེ་ཆོས་བཅུ་ལྡན་དང༌། བྱང་ཆུབ་སེམས་དཔའ་ཐོས་མང་དང༌། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་ལུང་གི་ཡོན་ཏན་ཐོས་པ་མང་བ། །རྟོགས་པའི་ཡོན་ཏན་བདེན་པ་མཐོང༌། །ཚིག་སྨྲ་མཁས་པ། བསམ་པ་ཟང་ཟིང་ལ་མི་བལྟ་བའི་བརྩེ་བ་ཅན། །བསམ་སྦྱོར་སྙོམས་ལས་4མེད་པས་སྐྱོན་མེད་དེ་ཆོས་ལྔ་ལྡན་ནམ། །རྒྱ་ཆེ་ཐེ་ཚོམ་སྤོང་བ་དང༌། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་མང་དུ་ཐོས་པས་ཐོས་པ་རྒྱ་ཆེ་བ། ཤེས་རབ་ཆེ་བས་གདུལ་བྱའི་ཐེ་ཚོམ་སྤོང་བ། སྒོ་གསུམ་དགེ་བས་བླ་མར་གཟུང་བར་འོས་པ། ཉོན་མོངས་དང་རྣམ་བྱང་གི་དེ་ཁོ་ན་ཉིད་གཉིས་སྟོན་པ་སྟེ་ཆོས་བཞི་ལྡན་ལ་བཤད་དོ། །དེ་དག་ཀྱང་ཕལ་ཆེར་འཕགས་པའི་ཆོས་ཡིན་པས་ལྡན་པར་དཀའ་ཡང་མེད་ཁ་མེད་ཀྱི་ཡན་ལག་ཏུ་དགོས་པ་ནི། གསུམ་སྟེ། མཁས་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བ་བཟོད་པ་དང་ལྡན་པ་གསུམ་མོ། །
    དང་པོ་ལ་གསུམ་སྟེ། བཤད་བྱ་ལ་མཁས་པ་དང༌། འཆད་བྱེད་ལ་མཁས་པ་དང༌། ཀུན་སྤྱོད་ལ་མཁས་པའོ། །
    དང་པོ་ནི། ཤེས་བྱའམ་སྡེ་སྣོད་ཀུན་ལ་མཁས་ནའང་ལེགས་མོད་ཀྱི་འདིར་གང་འཆད་པ་དེའི་ཚིག་དོན་ལ་ལུང་རིགས་མན་ངག་དང་ལྡན་པའི་མཁས་པ་ཞིག་དགོས་ཏེ། དེས་གདུལ་བྱའི་ཐེ་ཚོམ་གཅོད་ནུས་པས་སོ། །
    གཉིས་པ་ནི་རྗོད་བྱེད་ཀྱི་བརྡ་དག་པ་དང༌། གང་ནས་བཤད་ཀྱང་འབྲེལ། ཇི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱི་ངག་འབྲེལ། གཞན་དགའ་བར་ནུས་པའི་དབྱངས་སྙན་པ་དང་གསུམ་ལ་འཆད་དོ། །ཡང་ན་མདོ་སྡེ་རྒྱན་ནས། ངག་ཚིག་ཤིན་ཏུ་རིགས་པ་དང༌། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང༌། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་དང༌། །སྐབས་མི་འབྱེད་དང་མ་ངེས་དང༌། །ཐེ་ཚོམ་དག་ནི་མི་གཅོད་དང༌། །དེ་དང་བྲལ་བར་བསྟན་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །ཞེས་གཏམ་གྱི་ཉེས་པ་བརྒྱད་དང་བྲལ་བས་འཁོར་གསུམ་དག་པའི་བཤད་པའམ། རྣམ་བཤད་རིགས་པར་བརྗོད་པའི་སྐྱོན་བཅུ་གཅིག་གི་གཉེན་པོར་ཆོས་ཀྱི་གཏམ་རྣམ་པ་ཉི་ཤུ་དང་ལྡན་པར་གསུངས་ཏེ། སྤྱོད་ལམ་མི་སྡུག་པར་འདུག་པས་སྣོད་མ་ཡིན་པ་ལ་བརྗོད་པའི་སྐྱོན་གྱི་གཉེན་པོར་ཉན་འདོད་པ་ཉིད་དང༌། བཤད་པའི་འོས་སུ་གྱུར་པ་ཉིད་དུ་ཤེས་ནས་སྨྲ་བའི་དུས་སུ་སྨྲ་བའོ། །བདག་གི་བཤད་ཉན་འདི་ལྟ་བུ་ལ་དེ་མ་ཚང་བས་སྙིང་པོ་མེད་ཅིང་ལམ་དུ་འགྲོ་བར་མ་མཐོང་ངོ༌། །བརྗོད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་གྱི་གཉེན་པོར་བརྙས་པ་མེད་པས་བསྒྲིམས་པས་སྨྲ་བའོ། །
    བརྗོད་པ་བར་ཆད་པའི་སྐྱོན་གྱི་གཉེན་པོར་གསུམ་སྟེ་གོ་རིམ་དུ་སྨྲ་བ་སྟེ་དུས་སྔར་བྱ་བ་སྦྱིན་པ་ལ་སོགས་པ་དང་ཡང་དག་ཕུལ་གྱི་གཏམ་ལས་བརྩམས་ནས་སྨྲ་བ་སྟེ་བསྟན་པའོ། །མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་ནས་བརྒལ་བའི་ཚིག་བཀོད་སྨྲ་བ་མཚམས་སྦྱར་བར་སྨྲ་བའོ། །རྗེས་སུ་མཐུན་པར་སྨྲ་བ་ནི་འདྲི་བའི་ལན་ལུང་བསྟན་པ་ལས་བརྩམས་ཏེ་མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ལ་དེ་བཞིན་དུ་ལུང་སྟོན་པའོ། །བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་གསུམ་སྟེ། དད་པ་ཅན་རྣམས་ལ་དགའ་བར་བྱ་བ་དང༌། སྔར་གནས་པ་དང་ཞེ་འགྲས་པ་རྣམས་ལ་འདོད་པར་བྱ་བ་དང༌། བར་ན་གནས་པ་ཐེ་ཚོམ་ཅན་རྣམས་ལ་མགུ་བར་བྱ་བའོ། །
    བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་གཉིས་ཏེ། སྡིག་པའི་ལས་ཅན་སྤྲོ་བ་བསྐྱེད་པའི་འོས་མ་ཡིན་པས་སྤྲོ་བ་མི་བསྐྱེད་པ་དང༌། སྨད་ན་སྙིང་ན་རུ་འོང་བས་མི་སྨད་པའོ། །དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་རིགས་པ་སྟེ་ཚད་མ་དང་མི་འགལ་བའོ། །དོན་ཟབ་མོ་སྤྱོད་ཡུལ་མ་ཡིན་པ་དབང་པོ་ཐ་མ་ལ་ཟབ་མོ་བརྗོད་པའི་སྐྱོན་གྱི་གཉེན་པོར་འབྲེལ་བ་སྟེ་སྔ་ཕྱི་འབྲེལ་བའོ། །རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་གྱི་གཉེན་པོར་མ་འདྲེས་པ་སྟེ་གཏམ་གཞན་དུ་འཕྲོ་བ་སྤངས་པའོ། །དོན་མེད་པ་བརྗོད་པའི་སྐྱོན་གྱི་གཉེན་པོར་ཆོས་དང་ལྡན་པ་སྟེ་དགེ་བ་དང་མཐུན་པའོ། །མི་འཚམས་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་འཁོར་ཇི་ལྟ་བ་བཞིན་ཏེ་གདུལ་བྱ་དང་འཚམས་པའོ། །ཉོན་མོངས་པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་གྱི་གཉེན་པོར་ལྷག་མ་ལྔའོ། །
    ཉོན་མོངས་པ་ཅན་གྱི་བསམ་པ་ནི་གསུམ་སྟེ། བདག་བཟང་པོར་ཡིད་ཆེས་པར་བྱ་བའི་བསམ་པ་དང༌། དད་ནས་བཀུར་སྟི་བྱེད་པར་འདོད་པའི་བསམ་པ་དང༌། ཕྲག་དོག་གི་བསམ་པའོ། །དང་པོའི་གཉེན་པོར་གསུམ་སྟེ། བྱམས་པའི་སེམས། ཕན་པའི་སེམས། སྙིང་བརྩེ་བའི་སེམས་གསུམ་ནི་ཉན་པ་པོ་བདེ་བ་དང་ཉོན་མོངས་པ་མེད་པ་དང་སྡུག་བསྔལ་མེད་པར་སྨོན་པ་གསུམ་མམ། དགེ་བ་དང་མི་དགེ་བ་ལ་ཕྱོགས་པ་དང་ཐ་མལ་པ་དག་ལ་བྱམས་སོགས་རིམ་པ་བཞིན་ནམ། མྱ་ངན་ལས་འདས་པ་དང༌། དེའི་ལམ་རྟོགས་པར་བྱ་བ་དང༌། བཤད་པའི་དོན་ཁོང་དུ་ཆུད་པའི་བསམ་པས་སོ། །གཉིས་པའི་གཉེན་པོར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་སྟེ་དེ་དག་འདོད་པ་སྤངས་པའོ། །གསུམ་པའི་གཉེན་པོར་བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་བ་སྟེ་ཕྲག་དོག་དང་བདག་ལ་ལྷག་པར་ཡིད་ཆེས་པར་འདོད་པ་སྤངས་པའོ། །ཉི་ཤུ་པོ་འདི་ལྔ་ལྔ་རིམ་པ་བཞིན། ཇི་ལྟ་བུར་དང༌། གང་གི་དོན་དུ་དང༌། གང་འདྲ་བའི་དང༌། གང་འདྲ་བས་གཏམ་བྱ་བ་དང༌། ཡང་གཏམ་གྱི་སྦྱོར་བ་དང༌། གཏམ་གྱི་ལས་དང༌། གཏམ་གྱི་ཡོན་ཏན་དང༌། སྨྲ་བ་པོའི་ཡོན་ཏན་བསྟན་ཅིང་སྐྱོན་དང་བྲལ་བ་ནི། འཆད་བྱེད་ལ་མཁས་པའོ། །
    གསུམ་པ་ནི་སྒོ་གསུམ་དགེ་བས་ཀུན་གྱིས་བཀུར་བར་འོས་པས་རང་གི་ཀུན་སྤྱོད་ལ་མཁས་པ་དང༌། གདུལ་བྱའི་ཀུན་སྤྱོད་ལ་མཁས་པ་ནི་དབང་པོ་དང་ཁམས་དང་བག་ལ་ཉལ་ཤེས་པས་དེ་དང་མཐུན་པའི་ཆོས་བསྟན་པས་དོན་དུ་འགྱུར་གྱི། སའི་སྙིང་པོ་འཁོར་ལོ་བཅུ་པར།5 བྱིས་པ་དབང་པོ་ཞན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པར། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། །ཞེས་པའམ། དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ནས་རྨོངས་འགྱུར་ཞིང༌། །ཆད་པར་བལྟ་ལ་ངན་སོང་ལྟུང་འགྱུར་བས། །དེས་ན་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། །ཞེས་གསུངས་ཤིང༌། ཡང༌། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་དང༌། དམན་ལ་ཟབ་དང་རྒྱ་ཆེ་དང།6།ཞེས་གསུངས་པས། སྣོད་ཀྱི་ཀུན་སྤྱོད་དམ་མཚན་ཉིད་ལ་མཁས་དགོས་སོ།།
    གཉིས་པ་ལ། རབ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ལ་གཞག་འདོད་ཀྱི་སྙིང་རྗེ། དེ་མེད་ན་གང་འཆད་པའི་དོན་དེ་ལེགས་པར་ཤེས་ཤིང་ཕན་འདོད་ཀྱིས་ཟང་ཟིང་ལ་ལྟོས་མེད་དུ་འཆད་པའི་སྙིང་རྗེ་ངེས་པར་དགོས་ཏེ། དེས་རང་གི་བཤད་པ་ལམ་དུ་འགྱུར་རོ། །མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚེགས་ཆེན་རྙེད་ཅིང་སྙིང་པོ་མེད་པ་དག །རབ་དགའི་ཡིད་ཀྱིས་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང་ན། །ཆོས་ཀྱང་སྐྱེ་དགུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚེགས་ཆེན་རྙེད་མིན་ཞིང༌། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་གཅིག་མ་ཡིན་སྨོས་ཅི་དགོས། །ཞེས་སོ། །དེ་ལྟ་མིན་ན་ཆོས་འཚོང་བའི་ཉེས་པར་འགྱུར་ཏེ། འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་7ལས། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ནི། བདུད་ཀྱི་ལས་སོ། །ཞེས་པ་དང༌། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་8བྱེད་པ་ཡང་བདུད་ཀྱི་ལས་སོ། །ཞེས་པ་དང༌། དགོངས་པ་ངེས་འགྲེལ་9ལས། འདོད་ཕྱིར་སུ་དག་དམ་ཆོས་སྟོན་བྱེད་པ། །དེ་དག་འདོད་པ་བཏང་བ་ཕྱིར་ལེན་ཏེ། །མྱོས་པ་དེ་དག་ཐང་མེད་རིན་ཆེན་ཆོས། །ཐོབ་པར་གྱུར་ཀྱང་སྤྲང་པོར་རྒྱུ་བར་བྱེད། །ཅེས་སོ། །
    གསུམ་པ་ལ། འཆད་དུས་ཀྱི་ངལ་དུབ་དང་དཀའ་ལས་ལ་སྐྱོ་བ་མེད་པའི་བཟོད་པ། སློབ་མས་དྲི་བར་བཟོད་པ། གཞན་གྱིས་བརྩད་པར་བཟོད་ཅིང་ལན་འདེབས་ནུས་པ་གསུམ་གྱིས་གདུལ་བྱ་རྗེས་སུ་འཛིན་ནུས་པར་འགྱུར་རོ། །འཁོར་(གཙང་ནག་པ)གྱིས་ལོག་སྒྲུབ་བཟོད་པ་དགོས་གསུངས་ཏེ་ཕ་རོལ་ལ་ཕན་ངེས་པར་ཤེས་པའི་མངོན་ཤེས་དང་ལྡན་ན་དེ་ལྟར་བྱ་སྟེ། དེ་ལྟ་མིན་པར། མ་གུས་པ་ལ་ཆོས་མི་བཤད་པ་ལ་སོགས་པ་དང༌། དོ་ཀེར་ཅན་ལྔ་ལ་སོགས་པ་མང་པོ་དང་འགལ་བས་ཧ་ཅང་བློ་སྣ་རིངས་པའི་གཏམ་ཡིན་གྱི། ཆགས་སྡང་གིས་ལོག་པར་སྒྲུབ་པའི་བཤད་ཉན་གྱིས་མངོན་མཐོའམ་ངེས་ལེགས་ཅི་ཞིག་ལ་ཕན། དེ་ལྟར་ཆོས་དེ་དག་ཚང་བས་བཤད་ན་འཁོར་གྱི་སྐྱེ་བོ་ལ་འཇེབས་ཤིང་མཛེས་ལ་ལམ་དུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡིས། །བྱང་ཆུབ་སེམས་དཔའི་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ་ཞེས་སོ། །
    གཉིས་པ་ལ། མངོན་པ་ཀུན་ལས་བཏུས་10སུ། རྣམ་པར་བཤད་པའི་སྒོ་བཅུ་བཞི་དང་དྲུག་གསུངས་ཏེ། ཇི་སྐད་དུ། རྣམ་པར་བཤད་པའི་གཏན་ལ་དབབ་པ་གང་ཞེ་ན། གང་གིས་མདོ་སྡེ་རྣམས་རྣམ་པར་བཤད་པར་བྱེད་པ་སྟེ། དེའང་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང༌། ཡོངས་སུ་ཤེས་པར་བྱ་བའི་དོན་དང༌། ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང༌། ཡོངས་སུ་ཤེས་པ་དང། ཡོངས་སུ་ཤེས་པའི་འབྲས་བུ་དང༌། དེས་རབ་ཏུ་ཤེས་པའོ། །ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། རྣམ་པར་བཤད་པ་བསྡུ་བའི་སྒོ་དང། དངོས་པོ་བསྡུ་བའི་སྒོ་དང༌། ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་དང༌། གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་དང། སྤོང་བའི་སྒོ་དང། ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་དང༌། ཆུད་ཟ་བ་དང་མི་ཟ་བའི་སྒོ་དང༌། གང་ཟག་རྣམ་པར་བཞག་པའི་སྒོ་དང། རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་དང། ཚུལ་གྱི་སྒོ་དང། ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་དང། སྟོབས་དང་སྟོབས་མ་ཡིན་པའི་སྒོ་དང། བཟླས་ཏེ་བརྗོད་པའི་སྒོ་དང། མངོན་པར་སྒྲུབ་པའི་སྒོའོ། །ཞེས་གསུངས་སོ། །གཞུང་ཁ་ཅིག་ལས་དགོས་དོན་བསྡུས་དོན་ཚིག་དོན་གསུམ་གྱིས་འཆད་ཅིང། ལ་ལར་སྤྱི་དང་ཡན་ལག་གི་དོན་གཉིས་ཀྱིས་འཆད་དོ། །མཆིམས་པ་ནི། དོན་བསྟན་པ་དང་གཞུང་བཤད་པ་དང་དེ་དག་ངེས་པར་བྱའོ། །དང་པོ་ནི། གཞུང་གི་ངག་དོན་སྐམ་ཕོགས་སུ་བསྟན་ཏེ། གང་ལས་འོངས་པའི་འབྲེལ། ཅིའི་ཕྱིར་བཀོད་པའི་དགོས་པ། ཅི་ཞིག་བསྟན་པའི་བརྗོད་བྱ་གསུམ་གྱིས་ངེས་པར་བྱེད་པ་སྟེ། དེས་སློབ་མ་ཆོས་ཀྱི་དོན་བཟང་བར་འགྱུར་རོ། །
    གཉིས་པ་ནི། དཀྱུས་ཀྱི་ཐེམ་སྦྱོར་གྱིས་ཁྱད་པར་གྱི་གཞི་ངོས་བཟུང་སྟེ། དོགས་སྤང་གི་ཚུལ་གྱིས་ཁྱད་པར་དུ་བྱེད་པའི་ཆོས་བཤད་ནས་དེས་དོན་དངོས་ཤུགས་ལ་ཇི་ལྟར་བསྟན་དཔྱོད་པ་སྟེ། དེས་སློབ་མ་ཚིག་ལ་མཁས་པར་བྱེད་དོ། །
    གསུམ་པ་ནི། དེ་དག་གིས་གཞུང་དོན་རྟོགས་ཀྱང་གཞན་གྱི་རྒོལ་བ་མི་བཟློག་པ་སྲིད་པས་བཤད་ཟིན་པ་དེ་ཉིད་ལ་འགལ་ཟློས་མ་འབྲེལ་ལོ་ཞེས་བསམ་པ་མ་རྟོགས་པའི་བརྒལ་བ་བཀོད་ནས་དེའི་བསམ་པ་བསལ་བྱེད་ཀྱི་ལན་གདབ་པ་དང་ལུང་རིགས་གཞན་གྱི་ལན་དོན་དགོངས་པ་ཅན་དུ་དོགས་པ་སྤངས་པ་སྟེ། དེས་སློབ་མ་གཞུང་དོན་ལ་ངེས་པ་ཐོབ་པར་འགྱུར་རོ། །རྣམ་བཤད་རིགས་པར།11 མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པ་བསྙད་པར་བྱ། །བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི་བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ། །ཞེས་པས། ཐོག་མར་མདོ་ལ་སོགས་པའི་དགོས་པ་ཐོས་ནས་ཉན་པ་དང་འཛིན་པ་ལ་འབད་པར་འགྱུར་བས་དགོས་པ་བཤད། དེ་བསྡུས་དོན་ལས་རྟོགས་པས་བསྡུས་པའི་དོན་མདོའམ་བསྟན་བཅོས་ཀྱི་ལུས་སྒྲ་དང་དོན་གཉིས་སམ། བརྗོད་བྱའི་དོན་དྲིལ་ནས་སྟོན་པའོ། །དེ་ཚིག་དོན་ལས་རྟོགས་པས། ཚིག་གི་དོན་བཤད་གཞིར་བཞག་ནས་ཁྱད་པར་གྱི་ཆོས་ལ་དོགས་པ་བསུ་བའི་སྒོ་ནས་དྲི་ཚིག་དང་ལན་གྱིས་མཐའ་དཔྱད་ནས་འཆད་པའམ། དོན་གཅིག་ལ་མིང་མང་པོ་དང་མིང་གཅིག་དོན་མང་པོ་ལ་འཇུག་པ་དང༌། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང༌། ཡི་གེ་བསྒྱུར་ནས་འཆད་པ་དང༌། དགག་པའི་སྒྲ་ཁོང་ནས་ཕྱུང་སྟེ་ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ། །ཡང་རྣམ་བཤད་རིགས་པར། རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ་རྣམ་གྲངས་ཀྱིས་དང་མཚན་ཉིད་ཀྱིས་དང་ངེས་པའི་ཚིག་གིས་དང་རབ་ཏུ་དབྱེ་བས་སོ། །དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པའོ། །ངེས་པའི་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པའོ། །ཞེས་པ་ལྟར་རོ། ཁ་ཅིག་ངེས་ཚིག་སྒྲའི་བཤད་པ་མིན་པར་འདོད་པ་མི་འཐད་དེ། ཨ་པྲ་ཤི་ཁ་ལ་སོགས་པ་སྒྲའི་བཤད་པར་གནས་བརྒྱད་12དུ་བཤད་པས་སོ། །
    མཚམས་སྦྱོར་ནི། དོན་སྔ་ཕྱི་འབྲེལ་བ་དང༌། གོ་རིམ་སྔ་ཕྱི་འབྲེལ་བའི་མཚམས་སྦྱར་ནས་ཚིག་དོན་གྱི་གོ་རིམ་མི་འགལ་བར་ཤེས་སོ། །རིགས་པ་དང་མི་འགལ་བ་དང་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལས་ཤེས་པས་སྒྲ་ལ་བརྒལ་བ་དང་དོན་ལ་རྒོལ་བའི་བརྒལ་བ་བཀོད་ནས་དེའི་དོན་ལན་གྱིས་ངེས་པར་བྱས་ཏེ་འཆད་པའོ།།
    གསུམ་པ་ནི། གདུལ་བྱའི་དབང་གིས་དང༌། དགོས་པའི་དབང་གིས་དང༌། འཇུག་པའི་དབང་གིས་བཤད་པའོ། །
    དང་པོ་ལ། དབང་པོ་རྣོ་འབྲིང་རྟུལ་གསུམ་ལ་བསྡུས་འབྲིང་རྒྱས་པར་འཆད་པ་སྟེ། མདོ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་བཞིན་དང༌། རིགས་ཀྱི་བྱེ་བྲག་གིས་ཐེག་པ་ཆེ་ཆུང་གི་ཆོས་དང༌། དོན་གཉེར་གྱི་བྱེ་བྲག་གིས་བཤད་བྱ་ཅི་རིགས་པར་སྟོན་པའོ། །ཏིང་ངེ་འཛིན་རྒྱལ་པོར།13 ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །དེ་དག་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབ་ཅེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་དུ་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །འཁོར་ནི་མང་པོ་འཁོད་ནང་དུ། །གལ་ཏེ་ངང་ཚུལ་ངན་མཐོང་ན། ཁྱོད་ཀྱི་ཡོ་བྱད་བསྙུངས་མི་བཤད། །སྦྱིན་པའི་བསྔགས་པ་བརྗོད་པར་བྱ། །གལ་ཏེ་འདོད་པ་ཆུང་ཞིག་སྟེ། །ཚུལ་ཁྲིམས་དག་པར་གནས་ཡིན་ན། །ཁྱོད་ཀྱིས་བྱམས་པའི་སེམས་བསྐྱེད་ལ། །ཡོ་བྱད་བསྙུངས་པའི་གཏམ་གྱིས་ཤིག །གལ་ཏེ་སྡིག་འདོད་ཆུང་གྱུར་ཅིང༌། །ཚུལ་ཁྲིམས་ལྡན་པ་མང་གྱུར་ལ། །གཉེན་པོ་རྙེད་པ་དེ་ཡི་ཚེ། །ཚུལ་ཁྲིམས་བསྔགས་པ་བརྗོད་པར་བྱ། །ཞེས་བཤད་པ་བཞིན་ནོ། །
    གཉིས་པ་ནི། དགོས་པ་དོན་དུ་གཉེར་བའི་བྱེ་བྲག་གིས་མཚན་ཉིད་གཏན་ལ་དབབ་པ་དང༌། སྒྲུབ་པ་ཉམས་ལེན་ཅི་རིགས་པར་འཆད་པའོ། །
    གསུམ་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལ་བཀོད་པ་བཤམས་པ་དང༌། དཀོན་མཆོག་ལ་གསོལ་བ་གདབ་པ་དང༌། བདུད་ཚར་གཅོད་ཅིང་འཁོར་ལ་བྱམས་པས་ཁྱབ་པར་བྱ་བ་གསུམ་མོ། །དམ་པའི་ཆོས་པདྨ་དཀར་པོ་ལས།14 །མཁས་པ་དུས་སུ་སེམས་པར་བྱེད་པ་ན། ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་པ། །ཆོས་གོས་གཙང་མ་དེས་ནི་རབ་བགོས་ནས། །རྔུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང༌། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཇོག་ནས། །གདོང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང༌། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་ཡང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་དག་དང༌། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང༌། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང༌། །མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང༌། །བྱམས་པའི་སྟོབས་ནི་འཁོར་ལ་སྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་སྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང༌། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ༌། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང༌། །སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་སྟེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །ཞེས་པ་དང༌། །
    བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།15 །ཏདྱ་ཐཱ། ཤ་མེ་ཤ་མ་བ་ཏི་ཤ་མི་ཏ་ཤ་ཏྲུ། ཨཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ་ཀཱ་ར་དེ་ཡུ་ཀེ་ཡཱུ་རེ་ཏེ་ཛོ་པ་ཏི། ཨོ་ལོ་ཡ་ནི། བི་ཤ་ཐ་ནིརྨ་ལེ། མ་ལ་པཱ་ན་ཡཱེ། ཁུ་ཁུ་རེ་ཁ་གེ་གྲ་སེ། གྲ་ས་ནེ། ཨོ་མུ་ཁཱི། པ་རཾ་མུ་ཁཱི། ཨ་མུ་ཁཱིཤ་མི་ཏཱ་ནི། སརྦྦ་གྲ་ཧཱ་བནྡྷ་ན་ནི། གྲི་ཧཱི་ཏྭཱ་སརྦྦར་པྲ་བཱ་ཏི་ན། བི་མུ་ཀྟཱ་མཱཱ་ར་པྲ་ཤ། སྠཱ་བི་ཏྭ་བུདྡྷ་མུ་ཏྲ། ཨཱ་ནུ་ཏ་གྷ་ཏི་ཏཱ། སརྦྦ་མ་རེ་སུ་ཙ་རི་ཏ་པ་རི་ཤུདྡྷཻ། བི་གཙྪ་ནྟུ་སརྦྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ། འདི་དག་ནི། བདུད་ཚར་གཅོད་པའི་ཚིག་ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ་བདག་ལ་སྨན་པའི་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང༌། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང༌། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་སྔོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བཤད་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་བསྒྱུར་བའི་ལས་ཀྱིས་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ་ཞེས་པ་དང༌། ཆོས་སྨྲ་བས་གཙང་སྦྲ་དང་ཀུན་ཏུ་སྤྱོད་པ་གཙང་བ་དང་ལེགས་པར་བཀྲུས་པ་དང༌། ལེགས་པར་གོས་བགོ་བར་བྱའོ་ཞེས་གསུངས་སོ། །
    གཉིས་པ་དངོས་གཞི་ནི། ཕར་ཕྱིན་དྲུག་ལྡན་ཏེ། རང་གིས་རྟོགས་པའི་ཚིག་དོན་སྟེར་བ་དང༌། སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་དང༌། ཚ་གྲང་ལ་སོགས་པ་གནོད་པ་སྲོན་པ་དང༌། བཤད་པ་ལ་སྤྲོ་བ་དང༌། དེ་ལ་སེམས་རྩེ་གཅིག་ཏུ་གནས་པ་དང༌། ཚིག་དོན་གྱི་འགལ་འབྲེལ་དཔྱོད་ཅིང་འཆད་པ་སྟེ་དྲུག་གམ། ཡང་ན་སློབ་དཔོན་སེང་གེ་བཟང་པོས།16 ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པ་ན་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་སྤོང་བ་དང༌། སྐྱེ་བོ་ཐམས་ཅད་མི་སྙན་པར་སྨྲ་བ་ལ་སོགས་བཟོད་པ་དང༌། མདུན་པ་སྐྱེད་པ་དང༌། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་མི་དམིགས་པའི་གོ་ཆ་ཉིད་ཀྱིས་བྱེད་པ་དང་ཞེས་པ་ལྟར་རོ། །
    གསུམ་པ་རྗེས་ལ་ནོངས་པ་བཟོད་པར་གསོལ་བ་དང༌། དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང༌། སྟོང་པའི་རྒྱས་གདབ་པའོ།། །།

རྩོམ་སྒྲིག་པའི་མཆན།

  1. གསུང་རྩོམ་འདི་བུ་སྟོན་ཆོས་འབྱུང་ལས། ལེའུ་དང་པོ། འཆད་ཉན་ལ་འཇུག་པའི་ཚུལ་དང་ཕན་ཡོན་བསྟན་པ་ཞེས་པ་ལས་ཟུར་འདོན་ཞུས་པ་ཡིན།
  2. སུམ་བརྒྱ་པ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད། ཤོ་ལོ་ཀ་སུམ་བརྒྱ་ཡོད་པས་སུམ་བརྒྱ་པ་ཞེས་བཏགས་པར་སྣང༌།
  3. རྩོམ་པའི་རྣམ་གཞག་བཤད་པ་ཞེས་པའི་མཆན་ཨང་ ༢ པར་གཟིགས།
  4. སྙོམས་ལས། སྙོམ་ལས་ཞེས་འབྲི་བ་མང༌། ལེ་ལོའི་བྱེ་བྲག་བདེ་བར་ཞེན་ནས་བརྩོན་པ་མི་བྱེད་པ་སོགས།
  5. སའི་སྙིང་པོའི་འཁོར་ལོ་བཅུ་པ། བམ་པོ་བཅུ་དང་ལེའུ་བརྒྱད་པ། རྒྱའི་ཧ་ཤང་ཟབ་མོ་ལ་སོགས་པ་དང༌། ལོ་ཙཱ་བ་བནྡེ་རྣམ་པར་མི་རྟོག་པས་བོད་སྐད་དུ་བསྒྱུར།
  6. འདི་དང་གོང་གི་ཚིག་རྐང་གཉིས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཚིག་ཡིན།
  7. འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ། བམ་པོ་གཅིག་དང་ཤོ་ལོ་ཀ་གོ་བཞི་པ། རྒྱ་གར་གྱི་མཁན་པོ་སུ་རེནྡ྄ར་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར།
  8. དཔེ་མཁྱུད། གཞུང་ལུགས་ཀྱི་གནད་དམ་མན་ངག་རྣམས་ངན་གཡོ་དང་ཕྲག་དོག་གིས་གསང་སྟེ་མི་སློབ་པ།
  9. དགོངས་པ་ངེས་འགྲེལ། འདི་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ། ཞེས་པ་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་བཙུན་པ་ཡོན་ཚེས་བརྩམས་ཤིང༌། འགོས་ཆོས་སྒྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར་བ་དེ་ཡིན་པར་སྙམ་ཞིང་བསྡུར་ཁོམ་མ་བྱུང༌། དཔེ་ཆ་འདི་བར་སྐབས་རྒྱ་ཡིག་ནང་ཆ་མ་ཚང་བར་གྱུར་པས་ལོ་ཙཱ་བ་བྱམས་པ་ཀུན་མཁྱེན་གྱིས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཏེ་ཆ་ཚང་བར་བྱས་ཡོད།
  10. མངོན་པ་ཀུན་བཏུས། ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་པའི་བསྡུས་ཚིག་རེད། འཕགས་པ་ཐོགས་མེད་ཀྱིས་མཛད། བམ་པོ་ལྔ་མཆིས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲིའ་ཛྙཱ་ན་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བོད་སྐད་དུ་བསྒྱུར།
  11. རྣམ་བཤད་རིགས་པ། རྣམ་པར་བཤད་པའི་རིགས་པ་མདོ་སྡེའི་དུམ་བུ་བརྒྱ་པ་དང་བཅས་པ། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད། བམ་པོ་གཅིག ལྷའི་དབང་པོ་སྲུང་བ་དང་འཇམ་དཔལ་གོ་ཆའི་འགྱུར་ཡིན་པར་བུ་སྟོན་ཆོས་འབྱུང་དུ་གསུངས།
  12. གནས་བརྒྱད། གནས་བརྒྱད་ཆེ་མོ། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བརྩམས་པར་གྲགས་ཤིང༌། མཇུག་བྱང་དུ། ཅེ་ཕྱི་འབྲུག་གིས་བྱཱ་ཀ་ར་ཎའི་སྐད་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་པོའི་རྩ་བ་རྫོགས་སོ། །ཞེས་གསལ།
  13. ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་རྒྱལ་པོ། བམ་པོ་བཅོ་ལྔ་ཡན་ཆད་ཚང་བ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར་ཡིན་པར་བུ་སྟོན་གྱིས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར་བམ་པོ་བཅོ་ལྔ་དང་ལེའུ་སོ་དགུ་པ། པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པར་གསུངས།
  14. དམ་པའི་ཆོས་པདྨ་དཀར་པོ། བམ་པོ་བཅུ་གསུམ་དང་ལེའུ་ཉེར་བདུན། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་བནྡེ་སྣ་ནམ་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར།
  15. བློ་གྲོས་རྒྱ་མཚོས་ཞུས་པའི་མདོ། བམ་པོ་བཅུ། ཡེ་ཤེས་སྡེའི་འགྱུར་ཡིན་པར་བུ་སྟོན་ཆོས་འབྱུང་དུ་གསུངས།
  16. སློབ་དཔོན་སེང་གེ་བཟང་པོ། རྒྱ་གར་གྱི་སློབ་དཔོན་སེང་གེ་བཟང་པོ་ཞེས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་དང༌། བརྒྱད་སྟོང་གི་འགྲེལ་ཆེན་སོགས་མཛད་མཁན་དེ་ཡིན།

མདུན་ཤོག

Menu