ཁྱེད་ཚོས་ཆོས་སྲིད་གང་ཅིར་ཚུལ་མཐུན་ཡ་རབས་ཀྱི་སྤྱོད་པ་བསྐྱངས་ཏེ་སློབ་ཕྲུག་རྣམས་ལ་བཟང་པོའི་མིག་ལྟོས་སྤེལ་ཐུབ་པ་ངེས་པར་དུ་བྱེད་དགོས།

(སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༦༤ ཟླ་ ༡ ཚེས་ ༡༧ ཉིན་ ཀཱངྒ་ཌཱ་1ལ་ཚུགས་མུས་བོད་ཀྱི་དགེ་རྒན་འོས་སྦྱོང་བར་སྩལ་བའི་བཀའ་སློབ།)

     ད་བར་ཁྱོད་ཚོས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་འདུག་པ་ཡག་པོ་རེད། ཟླ་རེའི་ཁྱོད་ཚོའི་ཡིག་ཚད་ཁག་ངས་མཐོང་བྱུང༌། ཡར་རྒྱས་གང་ལེགས་བྱུང་འདུག སློབ་གྲྭ་འདིའི་སྐོར་སྔོན་དུ་ང་ཚོ་འཕྲོས་མོལ་བྱུང་ཡང༌། དེ་རིང་ཡང་ངས་ཕྲན་བུ་ཤོད་འདོད་བྱུང༌། ང་ཚོས་ད་བར་ཛ་དྲག་གི་དཀའ་ངལ་ཆེན་པོ་ཞིག་གི་ཐོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་སྤེལ་ཕྱོགས་སྐོར་ལ་ཐབས་ཤེས་མང་པོ་ཞིག་བྱེད་ཀྱི་ཡོད་རུང༌། སྙིང་པོ་རེ་དམིགས་བྱ་ཡུལ་རྒྱ་གར་ས་ཐོག་ཏུ་འབྱོར་པའི་བོད་ཕྲུག་འདི་རྣམས་ལས་གཞན་མེད་སྟབས། དེ་དག་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་སློབ་སྦྱོང་སྤྲོད་ཆེད་རྒྱ་གར་ས་ཁུལ་མ་སུ་རི་དང༌། རྡོར་གླིང༌། སིམ་(ཤིམ་)ལ། ཌལ་ཧོར་བཅས་ལ་སློབ་གྲྭ་ཆེ་ཁག་འགའ་ཤས་ཚུགས་ཐུབ་ཀྱང༌། དགེ་རྒན་གྱི་ཐོག་ནས་དཀའ་ངལ་ཡོང་གི་ཡོད་པ་རེད། དེ་གང་ཡིན་ཟེར་ན། སློབ་གྲྭ་དེ་དག་ཐོག་མའི་འགོ་འཛུགས་སྐབས་དགེ་རྒན་བོད་ཡིག་ཁྱར་ཁྱོར་ཞིག་ཤེས་ན་སློབ་ཕྲུག་རྣམས་ཀྱི་ཤེས་ཚད་ལ་དཔག་པའི་སློབ་གསོ་སྤྲོད་ཐུབ་ཀྱི་ཡོད་ཀྱང༌། དེ་ནས་ལོ་ཟླ་རིམ་སོང་གིས་ཕྲུ་གུའི་ཤེས་ཚད་ཇེ་མཐོར་ཕྱིན་སྟབས་དགེ་རྒན་གྱི་ཤེས་ཚད་མ་ལྡེངས་པས་བོད་ཕྲུག་རྣམས་ཀྱི་ཤེས་ཚད་ཡར་ཐོན་ཡོང་མི་ཐུབ་སྟབས། སློབ་གཉེར་བའི་ཁོངས་ནས་ཁྱོད་ཚོ་བསྡུ་བསྐོང་བྱེད་དགོས་པའི་རྒྱུ་མཚན་སྤྱིར་བཏང་བྱས་ན་དེ་འདྲ་ཞིག་རེད། མ་ཟད་སྔོན་དུས་བོད་ལ་ཆབ་སྲིད་སྐྱོང་ཕྱོགས་གང་ཅི་འཛམ་གླིང་གནས་ཚུལ་དང་སྒོ་མ་བསྟུན་པར་ཧྲེང་པོར་བསྡད་རྐྱེན་དགེ་མཚན་ཡང་བྱུང་ཡོད་མོད། གྱོང་གུན་ཡང་ཆེན་པོ་བྱུང་ཡོད་པ་རེད། གང་ལྟར་ཁྱར་ཁྱོར་གྱི་ངང་དུ་ཕྱི་ལོ་༡༩༥༩ བར་གནས་ཐུབ་པ་རེད། དེ་ནས་རྒྱ་མིས་མུ་མཐུད་དབང་ཤེད་བྱས་པར་བརྟེན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་བྱ་ཐབས་གང་ཡང་མ་བྱུང་བ་རེད།
ལྷག་པར་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཀྱང་བོད་ཀྱི་ཆབ་སྲིད་སྐོར་ལ་ལེགས་ཆའི་བཅོས་སྒྱུར་མཛད་རྒྱུའི་དགོངས་པ་ཡོད་ཀྱང༌། དེ་དག་ཕྱག་ལེན་ལ་འཁེལ་བ་བྱུང་ཡོད་པ་མ་རེད། ངོས་ནས་ཀྱང་ཞི་འཇམ་གྱི་ཐོག་ནས་བོད་ཀྱི་ཆབ་སྲིད་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བཅོས་སྒྱུར་བྱ་རྩིས་ཀྱིས་ལེགས་བཅོས་ལྷན་ཁང་སོགས་བཙུགས་ན་ཡང་རྒྱ་མིའི་དབང་འོག་ཏུ་ཚུད་རྐྱེན། དེའི་བྱས་རྗེས་མ་ཐོན་གོང་རྐྱེན་ངན་འདི་འདྲ་ཞིག་འཕྲད་པ་རེད། དེར་བརྟེན་མ་འོངས་པའི་བོད་དེ་ལམ་སྲོལ་རྙིང་པ་དེའི་ཐོག་འགྲོ་ཐབས་གཏན་ནས་མེད། མ་འོངས་པའི་བོད་དེ་ལེགས་ཉེས་ཇི་ཡོང་ད་ལྟའི་བོད་ཕྲུག་རྣམས་ལ་རག་ལུས་ཡོད། ཕྱིན་ཆད་ང་ཚོའི་བོད་འདིར་དེང་དུས་འཛམ་གླིང་གི་ཆབ་སྲིད་སྐྱོང་སྟངས་ལེགས་ཆ་རྣམས་རང་གི་ཐུན་མོང་མ་ཡིན་པའི་ལེགས་ཆའི་སྟེང་དུ་བསྣན་ནས་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཁག་གི་གདན་གྲལ་དུ་སྡོད་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས། འོ་ན་ང་ཚོའི་ཆབ་སྲིད་སྐྱོང་སྟངས་འཛམ་གླིང་གི་ཆབ་སྲིད་སྐྱོང་ཕྱོགས་དང་མཐུན་པ་ཙམ་གྱིས་ཆོག་གམ་ཞེ་ན། དེ་ཙམ་གྱིས་ཆོག་ཐབས་མེད། དེ་ཙམ་གྱིས་ཆོག་ན་བོད་ཕྲུག་རྣམས་ཆ་བགོས་ཀྱིས་རྒྱ་གར་ནང་གི་སློབ་གྲྭ་ཁག་ལ་བཏང་ན། ང་ཚོའི་དཀའ་ངལ་རྣམས་ལས་སླ་པོའི་ཐོག་ནས་ཉིན་གཅིག་ལ་སེལ་ཐུབ་ཀྱི་རེད། ང་ཚོས་ལས་སླ་བ་དེ་དོར་ཏེ་དཀའ་ངལ་ཆེན་པོའི་སྒོ་ནས་བོད་ཀྱི་སློབ་གྲྭ་ཟུར་དུ་བཙུགས་པ་འདི་ལ་དགོས་པ་གང་ཡང་མ་བྱུང་བ་རེད། དཔེར་ན། བོད་ཀྱི་སློབ་གྲྭ་གཅིག་རྒྱ་གར་ནང་འཛུགས་པ་ལ་ཡང་ས་ཁང་དང༌། ཟས་གོས་སོགས་མཁོ་ཆས་གང་ཅི་གཞན་ལ་བརྟེན་ནས་ཐབས་ཤེས་བྱེད་རྒྱུ་སོགས་དཀའ་ངལ་ཆེན་པོ་དང་ལེན་བྱེད་དགོས་པ་འདི། འཛམ་གླིང་གི་གནས་ཚུལ་ཁོ་ནས་མ་འོངས་པའི་བོད་ཀྱི་ཆབ་སྲིད་སྐྱོང་ཐབས་མེད་པ་དེས་བྱས་པ་རེད། བོད་ཀྱི་ཆབ་སྲིད་དེ་ལུགས་གཉིས་ཟུང་འབྲེལ་གྱིས་སྐྱོང་དགོས། དེའི་སྟེང་འཛམ་གླིང་གི་གནས་ཚུལ་ལེགས་ཆ་རྣམས་བསྡུས། སྔོན་གྱི་ལུགས་སྲོལ་ངན་པ་རྣམས་དོར། ཆོས་སྲིད་ཀྱི་ལེགས་ཆ་རྣམས་བསྣན་ཏེ་ཆབ་སྲིད་སྐྱོང་དགོས། དེར་བརྟེན་བོད་ཕྲུག་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ཆ་རྐྱེན་ལེགས་ཆ་རྣམས་དང༌། འཛམ་གླིང་གི་གནས་ཚུལ་རྣམས་ཕྱོགས་བསྡུས་བྱས་ཏེ་སློབ་སྦྱོང་སྤྲོད་དགོས། ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ནང་འཛམ་གླིང་སྤྱི་སྲོལ་ལྟར་སྲིད་ཀྱི་སློབ་སྦྱོང་ཙམ་ལས། ང་ཚོ་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་སློབ་སྦྱོང་མེད་པ་རེད། འོ་ན་ཆོས་ཁོ་ནས་མ་འོངས་བོད་ཀྱི་ཆབ་སྲིད་སྐྱོང་རྒྱུ་ཡིན་ནམ་ཞེ་ན། དེའང་མིན། དེ་ཡིན་ན་ང་ཚོའི་སློབ་གྲྭ་ཟུར་འཛུགས་བྱས་པའི་ནང་དེང་དུས་འཛམ་གླིང་གི་ཤེས་ཡོན་སློབ་སྦྱོང་བྱེད་དགོས་དོན་མེད།
མ་འོངས་པའི་བོད་དུ་རྒྱལ་བསྟན་སླར་གསོའི་དོན་གནད་གལ་ཆེར་དམིགས་ཏེ། ཁྱེད་ཚོ་འདིར་ཆེད་འགུགས་རེ་བཅོལ་བྱས་པ་ལྟར། གཙོ་བོ་ཛེ་སྨད་རིན་པོ་ཆེས་2འགོ་འཁྲིད། ཁྱོད་ཚོས་ཀྱང་འབད་རྩོལ་ཆེན་པོ་བྱས་པར་བརྟེན། ཁྱེད་ཚོའི་ཟླ་རེའི་ཡིག་ཚད་མཐོང་ཆོས་སུ་གྱུར་པ་ཡར་རྒྱས་ཆེན་པོ་ཕྱིན་འདུག་པ་དེ་དག་བཀའ་དྲིན་ཆེ། ལྷག་པར་ཀཱངྒཌཱ་(ཀཱང་ར་)གྲོང་གསེབ་འདི་འདྲ་ཞིག་གི་ནང་དུ་ང་ཚོའི་དགེ་རྒན་འོས་སྦྱོང་སློབ་གྲྭ་ཚུགས་དགོས་པ་འདི་ལས་སླ་པོ་མིན། དེ་དག་གི་རྒྱུ་མཚན་སྔོན་དུ་ང་ཚོ་ངོ་འཕྲད་སྐབས་འཕྲོས་མོལ་བྱུང་ཡང༌། དེ་རིང་ཡང་སྐྱར་ཕྲན་བུ་ཤོད་འདོད་བྱུང་བ་ལྟར་བཤད་ན་སྐྱོན་ཨེ་ཡོད་བསམ་གྱི་འདུག ང་ཚོ་འདིར་དགེ་རྒན་འོས་སྦྱོང་ཚུགས་དགོས་པ་འདིར་རྒྱུ་མཚན་གལ་ཆེ་བ་གསུམ་ཡོད།
དང་པོ། ང་ཚོའི་བོད་ཕྲུག་ཡོངས་རྫོགས་ཀྱི་ཀླད་པའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་གནས་ལུགས་བསྲེ་ལྷད་མེད་པ་བླུགས་ནས་ཆོས་ལ་ངེས་ཤེས་སྐྱེ་ཐུབ་པ་ཞིག་དགོས་ཀྱི་རེད། ཆོས་ལ་ངེས་ཤེས་སྐྱེ་ཐུབ་པ་ཞིག་མ་བྱུང་ན། མི་གཞན་གྱིས་ལས་འབྲས་མེད་ལུགས་ཀྱི་རྒྱུ་མཚན་མཁས་པོ་ཞིག་བཤད་ན། དེ་ཡང་མིན་ནམ་སྙམ་སྟེ་མིའི་ཁ་རྗེས་སུ་འབྲངས་ན་ང་ཚོའི་ལས་དོན་མ་གྲུབ་པ་རེད། ཆོས་ལ་ཡིད་ཆེས་ཡོད་པ་ཙམ་གྱིས་མི་ཆོག་པར་ངེས་པ་སྐྱེ་ཐུབ་པ་ཞིག་དགོས་ཀྱི་འདུག དེའི་སྟེང་དེང་སང་འཛམ་གླིང་གི་གནས་ཚུལ་ལེགས་ཆ་རྣམས་བསྣན་ཏེ་འཛམ་གླིང་དམངས་གཙོའི་མི་མང་རྣམས་དང་གོམ་པ་མཉམ་སྤོས་ཐུབ་པའི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ཁྱེད་རང་ཚོས་ཀྱང་འཛམ་གླིང་གི་གནས་ཚུལ་འཕོ་འགྱུར་ལ་བརྟག་ཞིབ་བྱ་རྒྱུ་དང༌། ཆབ་སྲིད་སྐོར་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས། ད་ལྟ་ཁྱེད་ཚོར་སྲིད་དོན་སློབ་སྦྱོང་གི་དུས་ཚོད་ཟུར་དུ་མེད་ཀྱང༌། རང་དབང་ཚགས་ཤོག་སོགས་ལ་དོ་སྣང་བྱས། ཁྱེད་རང་ཚོའི་ནང་ནས་དབྱིན་ཇི་ཤེས་མཁན་ཡོད་པ་དེས་དབྱིན་ཇིའི་གསར་ཤོག་ཀློག གཞན་རྣམས་ཀྱིས་ཉན་ནས་རིམ་བཞིན་དེ་ཚོའི་ནང་གི་གནས་ཚུལ་བློ་ཐོག་ཏུ་ངེས་ཐུབ་པ་བྱེད་དགོས། དགེ་རྒན་ཚོས་དེ་དག་ལ་ཉམས་མྱོང་ཐོན་པ་ཞིག་མ་བྱུང་ན་སློབ་ཕྲུག་ཚོར་སློབ་གསོ་སྤྲོད་སྟངས་མི་ཤེས་པའི་སྐྱོན་ཡོང་གི་རེད། སློབ་སྦྱོང་སྤྲོད་ཚུལ་དེ་ཡང་གདོང་ནག་པོ་བསྟན་ན་ཡོང་ཐབས་མེད་ཅིང༌། འཇམ་མཁས་ཀྱིས་ཕྲུ་གུ་རྣམས་དང་མཉམ་འདྲེས་བྱས། ཕྲུ་གུ་དགའ་ཞིང་མགུ་བའི་ཐབས་ཤེས་གཙོ་བོར་བྱས་ནས་སློབ་གསོ་གཏོང་ཐུབ་པ་དགོས་ཀྱི་རེད༌། དགེ་རྒན་མཐོང་དུས་དགེ་ཕྲུག་ཞེད་སྣང་སྐྱེ་བའི་རིགས་བྱུང་ན་ལས་དོན་འགྲུབ་ཐབས་ཡོད་པ་མ་རེད། དཔེར་ན། བོད་ལ་གྲྭ་སའི་ནང་དགེ་རྒན་ཚ་པོ་ཞིག་ཡོད་ན་དགེ་རྒན་དེའི་མདུན་དུ་དགེ་ཕྲུག་དེས་སྤྱོད་ལམ་ཚུལ་མཐུན་བྱས་ཀྱང༌། དགེ་རྒན་རྒྱབ་ཕྱོགས་མ་ཐག་དགེ་ཕྲུག་ཁོས་སྤྱོད་ངན་ཤ་སྟག་བྱེད་ཀྱི་ཡོད་པ་ལྟར་བྱུང་ཚེ་དེས་ཕན་ཐོགས་གང་ཡང་འབྱུང་མི་ཐུབ། དགེ་རྒན་དང་སློབ་ཕྲུག་རྟག་ཏུ་འབྲལ་མེད་སྡོད་ཐབས་མེད་པར་བརྟེན། དགེ་ཕྲུག་དེས་དགེ་རྒན་ལ་སྙིང་ཐག་པ་ནས་གུས་བརྩེ་ཡོད་ན། དེ་འདྲའི་དགེ་ཕྲུག་དེས་དགེ་རྒན་མཉམ་དུ་ཡོད་མེད་ལ་མ་ལྟོས་པར་དགེ་རྒན་གྱིས་སྦྱོང་བརྡར་སྤྲད་པ་དེར་འགྱུར་ལྡོག་ཡོང་གི་མ་རེད།
མ་འོངས་པའི་བོད་ཕྲུག་རྣམས་ཀྱི་ལམ་ཕྱོགས་ཐད་ལོ་དྲུག་ཡན་ཆད་ཚང་མ་སློབ་གྲྭར་མ་ཕྱིན་པར་བསྡད་མི་ཆོག་པ་ང་ཚོའི་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ནང་ལ་གཏན་འབེབས་ཟིན་པ་རེད། དེ་ནས་ལོ་༡༦ བར་སློབ་གྲྭ་འགྲིམས་ཏེ་སྤྱིར་བཏང་གཞི་རིམ་གྱི་ཤེས་ཡོན་རིག་གནས་སྐོར་དང༌། ལུགས་ཟུང་གི་སྐོར། འཛམ་གླིང་གི་ལུགས་སྲོལ། ཕྱི་རྒྱལ་གྱི་སྐད་ཡིག ནང་ཆོས་སྙིང་དོན་བཅས་སློབ་སྦྱོང་བྱས། དེ་ནས་སོ་སོའི་འདོད་མོས་ལྟར་རབ་བྱུང་སོགས་བྱས་ཚེ། གྲྭ་སར་སྒྲིག་ཞུགས་བྱས་ཏེ་ལོ་བཅོ་ལྔ་ཙམ་གྱི་རིང་ཆོས་སྐོར་སློབ་སྦྱོང་མཐར་ཕྱིན་པ་བྱས། དེ་ནས་བོད་གཞུང་གི་སྲིད་བློན་ནམ། ཁྲིམས་དཔོན་སོགས་རང་གི་ཤེས་ཚད་ལ་དཔག་པའི་ལས་བྱེད་མཐོ་དམའ་གང་དུའང་བསྐྱོད་ཐུབ་ཀྱི་རེད། དེ་ལ་དགེ་མཚན་ཆེན་པོ་ཡོད། གང་ཡིན་ཞེ་ན། བོད་མི་ཆོས་སྲིད་གཉིས་ཀའི་ཆ་ནས་ཤེས་ཚད་ལྡེང་ངེས་ཤིག་གིས་བོད་ཀྱི་སྲིད་བློན་ལྟ་བུ་ཞིག་བྱས་ན་མི་དམངས་རྣམས་དང༌། གྲྭ་རིགས་ལ་ལྟ་སྐྱོང་འཕྱུགས་མེད་བྱེད་ཐུབ་པའི་དགེ་མཚན་ཆེན་པོ་ཡོད། དེ་མིན་ཆོས་ཀྱི་གནད་དོན་རྩ་བ་ནས་མི་ཤེས་པ་ཞིག་ལ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བྱུང་ན། ཡུལ་དེར་དགྲ་བཅོམ་པ་ཁྲི་གཅིག་ཙམ་ཡོད་ཀྱང་དེ་དག་མེད་པ་བཟོ་རྒྱུར་ཁྱུག་ཙམ་ཞིག་རེད།
རྒྱུ་མཚན་གཉིས་པ། གྲྭ་པ་ཚོས་སློབ་ཕྲུག་བུ་ཚོའི་དགེ་རྒན་བྱེད་ཐུབ་པ་ཞིག་དང༌། བཙུན་མས་བུ་མོ་ཚོའི་དགེ་རྒན་བྱེད་ཐུབ་པ་བྱུང་ན་དགེ་མཚན་ཆེན་པོ་ཡོད་པ་རེད། གྲྭ་བཙུན་རྣམས་ལ་སྤྱིར་བཏང་བོད་མི་དྲག་ཞན་ཡོངས་ཀྱིས་དགེ་རྒན་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། དེས་མ་ཚད་སོ་སོའི་སྡོད་གནས་ཤིག་ཀྱང་འཛིན་ཐུབ་ཀྱི་རེད། དཔེར་ན། སློབ་གྲྭ་རྣམས་དགོན་སྡེའི་རྣམ་པར་བསྒྱུར་ཐུབ་པ་ཞིག་དང༌། དགོན་སྡེ་རྣམས་སློབ་གྲྭའི་རྣམ་པར་བསྒྱུར་ཏེ་སྙིང་པོ་ང་ཚོའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ལམ་ཕྱོགས་བརྟན་པོ་ཞིག་བཟུང་དགོས། གང་ཡིན་ཟེར་ན། དེང་སང་ང་ཚོས་སེར་མོ་བ་ཞིག་ལ་སྐྱོབ་གསོ་ཞུས་ན་མཁས་པོའི་ཐོག་ནས་དེ་དོན་ཞུས་འཐུས་ཞེས་བརྗོད་པ་ཙམ་ལས། དོན་སྙིང་ལག་སོན་རྩ་བ་ནས་ཡོང་གི་ཡོད་པ་མ་རེད། སྐྱ་བོ་ཞིག་ལ་སྐྱོབ་གསོ་དགོས་ཀྱི་འདུག་ཅེས་བརྗོད་ན་དེ་དག་ཀུན་དང་མཐུན་པར་འཚོ་བ་ངལ་རྩོལ་ལ་བརྟེན་མཁན་དུ་བལྟས་ནས་འཕྲལ་འཕྲལ་དོན་སོན་ཡོང་གི་ཡོད་པ་རེད། དེ་ནི་གྲྭ་པར་སྡང་སེམས་བྱས་པ་མ་རེད། དེང་སང་འཛམ་གླིང་སྤྱིའི་ལུགས་སྲོལ་དེ་འདྲ་ཞིག་ཆགས་ཡོད་པ་རེད། དཔེར་ན། ང་ཚོའི་གྲྭ་རིགས་རྣམས་སེམས་ཀྱི་ངལ་རྩོལ་ལ་བརྟེན་པ་འདི་ཕྱི་རྒྱལ་ཚོས་ཤེས་མི་ཐུབ། དེས་ན་ཁྱེད་རང་ཚོས་ང་ཚོའི་ཐུན་མོང་མ་ཡིན་པའི་ལུགས་གཉིས་ཟུང་འབྲེལ་གྱི་འགྲོ་སྟངས་དང༌། འཛམ་གླིང་དམངས་གཙོའི་ཆབ་སྲིད་ཀྱི་ལེགས་ཆ་རྣམས་ལ་དོ་སྣང་ཆེར་བསྐྱེད་བྱས་ཏེ་ཕྱིན་ཆད་སློབ་གྲྭ་ཞིག་གི་ནང་དུ་འབྱོར་སྐབས་སྒོ་གང་ས་ནས་ཕོངས་པ་མེད་པའི་འགྲེལ་བཤད་བྱེད་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས། ལྷག་པར་དུ་ཕྱི་ནང་གི་ཀུན་སྤྱོད་ཀྱང་ཤིན་ཏུ་གལ་ཆེར་བརྟེན་དགེ་རྒན་ཚོས་བག་ཡོད་ཚུལ་མཐུན་ངེས་པར་བྱེད་དགོས། མ་འོངས་པར་བོད་མི་རིགས་ཡིན་ཕྱིན་སློབ་གྲྭར་ཞུགས་མ་མྱོང་མཁན་རྩ་བ་ནས་མེད་པ་ཞིག་དང༌། ཤེས་ཡོན་གྱི་གནས་ཚད་ཀྱང་ཐ་ན་ལུག་རྫི་ཞིག་ཡིན་ན་ཡང་ཆོས་ཀྱི་གནས་ཚད་གྲྭ་སའི་ནང་གི་སླཽབ་གཉེར་བ་སྤྱིར་བཏང་གི་ཤེས་ཚད་དང་མཉམ་པ་དགོས་ཀྱི་རེད། གྲྭ་སའི་ནང་གི་སློབ་གཉེར་བ་རྣམས་ནས་ཀྱང་སོ་སོའི་ཤེས་ཚད་ལ་དཔག་པའི་སློབ་གྲྭའི་དགེ་རྒན་བྱེད་ཐུབ་པ་ཞིག་ཡོང་གི་རེད། མཐོ་རིམ་སློབ་གྲྭའི་སྒྲིག་སྲོལ་ཡང་སྔོན་གྱི་གྲྭ་སའི་སྲོལ་ལྟར་ཟླ་ཆོས་ཞེས་པ་དང༌། ཆོས་མཚམས་ཞེས་པ་སོགས་ཀྱི་ཐ་སྙད་དེ་ཚོ་ཡོང་ཤེས་སྟངས་ཡོད་པ་མ་རེད། དེ་གང་ཡིན་ཟེར་ན། སྔོན་མ་ནང་བཞིན་གྲྭ་པའི་འཚོ་བའི་མཐུན་རྐྱེན་རང་གིས་འཚོལ་དགོས་དོན་ཡོད་པ་མ་རེད། འཚོ་ཕོགས་རྣམས་གཞུང་ནས་སྦྱོར་གྱི་རེད། དེ་འདྲའི་མཐོ་རིམ་སློབ་གཉེར་བྱེད་ཡུན་དེའི་རིང་དུས་ཚོད་གཏན་འབེབས་ཀྱིས་སློབ་གཉེར་ཁེ་གཙང་བྱེད་ཐུབ་པ་ཞིག་དགོས་ཀྱི་རེད།
རྒྱུ་མཚན་གསུམ་པ། དེང་སང་ང་ཚོར་དཀའ་ངལ་ཆེ་ཤོས་ནི་སློབ་གྲྭའི་དགེ་རྒན་གཏོང་ཕྱོགས་སྐོར་རེད། རྗེས་སུ་བོད་མི་ནང་ཁུལ་དུ་ཆོས་དང་ཆོས་མིན་གྱི་འཐབ་རྩོད་ཏན་ཏན་ཡོང་གི་རེད། དེ་འདྲའི་འཐབ་རྩོད་དེ་སེམས་ཀྱི་ནང་ནས་ཡོང་གི་རེད། དེ་ལྟར་ན་ཁྱོད་ཚོས་སློབ་ཕྲུག་རྣམས་ཀྱི་འགོ་འཁྲིད་བྱེད་སྟངས་ཡང་དག་པ་ཞིག་བྱུང་ན། ཆོས་དང་ཆོས་མིན་གྱི་འཐབ་རྩོད་དེའི་གཉེན་པོ་ལྟ་བུ་ངེས་པར་ཡོང་གི་རེད་བསམ་གྱི་འདུག དེང་སང་ཡིེ་ཤུའི་ཆོས་པ་རྣམས་ཀྱིས་ཡི་ཤུའི་ཆོས་སྤེལ་ཆེད་ཁུག་ཀྱོག་ཡོད་ཚད་དུ་ཕྱིན་ནས་སློབ་གྲྭ་དགོས་སར་སློབ་གྲྭ་བཙུགས། སྨན་ཁང་དགོས་སར་སྨན་ཁང་བཙུགས་པ་སོགས་ཀྱིས་ཆོས་སྤེལ་བའི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད་པ་རེད། ང་རང་ཚོས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདིའི་གཞི་ལམ་འབྲས་བུའི་རྣམ་གཞག་འདི་དག་འཆད་སྤེལ་ཐུབ་པའི་གོ་སྒྲིག་བྱེད་དགོས། ཁྱེད་རང་ཚོས་འབད་རྩོལ་བྱས་ཏེ་ཡར་རྒྱས་གང་ལེགས་བྱུང་འདུག་པ་དེ་དག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སླད་ཀྱང་ཁྱེད་ཚོས་སྙིང་སྟོབས་ཆེན་པོས་འབད་བརྩོན་མི་ལྷོད་པར་བྱེད་དགོས།
དེ་ནས་ང་ཚོས་ཆོས་བརྒྱུད་འདྲ་མིན་དབར་ཕན་ཚུན་ཕྱོགས་ཞེན་བྱེད་པ་འདི་ཤིན་ཏུ་ཐབས་རྡུགས་རེད། རང་རེའི་ཆོས་བརྒྱུད་འདྲ་མིན་རྣམས་ཡུལ་དང༌། དུས་སོགས་ཀྱི་སྒོ་ནས་མིང་མི་འདྲ་བ་བཏགས་པ་ཙམ་ལས་ཆོས་ཀྱི་འབྱུང་ཁུངས་སངས་རྒྱས་བཅོམ་ལྡན་འདས་ལ་ཐུག་པ་གཅིག་གྱུར་ལས་ཁྱད་པར་གང་ཡང་ཡོད་པ་མ་རེད། འགའ་ཞིག་གིས་རྨོངས་ཞེན་བྱས་ཏེ་བླ་མ་འགའ་ཞིག་གིས་གསུངས་སྟངས་ཕྲན་བུ་འགྲིགས་མིན་ལ་བསྙད་དེ་རྙིང་མའི་ཆོས་ལ་སྐྱོན་ཡོད་ལུགས་ཟེར་མཁན་དེ་རིགས་ཁོ་རང་གི་ཁོག་པ་རུལ་ནས་བསྡད་ཡོད་པའི་རྟགས་རེད། དེ་འདྲའི་མི་ཁོག་རུལ་དེའི་རིགས་ཀྱིས་ཕན་ཐོགས་མེད། འཕན་པོའི་ཡུལ་དུ་གྲྭ་པ་ཞིག་གིས། དྲང་སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག ཅེས་པའི་དོན་གྲངས་ཀ་སོང་ན་བདེན་ཚིག་འགྲུབ་ཀྱི་རེད་ཅེས་དང༌། ཡང་ཕག་རི་ཁུལ་དུ་གྲྭ་པ་ཞིག་གིས། བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་ནས། ཞེས་པ་གཤིན་པོའི་བདུན་ཚིགས་བཞི་པར་མཆོད་འབུལ་རྒྱ་ཆེར་བྱེད་དགོས་ཚུལ་བཤད་འདུག དེ་དག་རྗོད་མཁན་དགེ་ལུགས་པའི་གྲྭ་པ་རེད། དེ་འདྲ་རྒྱུ་མཚན་དུ་བྱས་ནས་དགེ་ལུགས་པའི་བསྟན་པར་སྐྱོན་ཡོད་པ་རེད་ཅེས་བརྗོད་ན་རྗོད་མཁན་ཁོ་རང་ནོར་འཁྲུལ་གྱིས་ཁོག་པ་རུལ་བསྡད་ཡོད་པ་རེད། གྲུབ་མཐའི་ཞེན་ཁོག་འཐེན་འཁྱེར་མི་བྱེད་པར། བསྟན་པ་ཕྱོགས་རིས་མེད་པར་དག་སྣང་སྦྱོང་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་ཡིན་པས་ཁྱེད་ཚོས་ཡིད་གཟབ་བྱེད་དགོས། མདོར་ན་ཁྱེད་ཚོས་ཆོས་སྲིད་གང་ཅིར་ཚུལ་མཐུན་ཡ་རབས་ཀྱི་སྤྱོད་པ་བསྐྱངས་ཏེ་སློབ་ཕྲུག་རྣམས་ལ་བཟང་པོའི་མིག་ལྟོས་སྤེལ་ཐུབ་པ་ངེས་པར་དུ་བྱེད་དགོས། ཞེས་བཀའ་སྩལ།། །།

རྩོམ་སྒྲིག་པའི་མཆན།

  1.     ཀཱངྒཌཱ།(ཀཱང་ར) འདི་ནི་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཁོངས་ཀཱང་ར་རྫོང་ཡིན་ཞིང༌། ྋགོང་ས་མཆོག་གི་བཞུགས་སྒར་དང༌། བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷརྨ་ཤཱ་ལཱ་ཡང་རྫོང་འདིའི་ཁོངས་གཏོགས་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་བཞུགས་སོ་ཞེས་པའི་ནང༌། “ཨམ་འབར་སར་ནས་པ་ཐཱན་ཀོ་ཊི་དང༌། དེ་ནས་ཊི་ཊ་བར་རེལ་ལི་ལ་འགྲོ། ནག་རོ་ཊར་མ་སླེབས་པའི་གྲུ་ཟན་གཉིས་ཀྱི་གོང་དུ་ཀཱང་ར་བྱ་བར་སླེབས། ཆུའི་བྱང་ཕྱོགས་ཀྱི་རི་ངོས་སུ་གྲོང་ཁྱེར་ཀཱང་ར་ཡོད། དེ་ནི་གནས་ཆེན་ཉེར་བཞིའི་ནང་གི་ནུབ་ཕྱོགས་ཛ་ལན་དྷ་ར་བྱ་བའི་གྲགས་ཆེན་དེ་ཡིན་ཞིང༌། རྗེ་རྒོད་ཚང་བ་མགོན་པོ་རྡོ་རྗེ་དང༌། དེའི་སློབ་མ་ཨོ་རྒྱན་པ་དང༌། སྟག་ཚང་རས་པ། རང་རིག་རས་པ་སོགས་སྔར་ཕྱོགས་འདིར་བྱོན་པ་སོ་སོའི་རྣམ་ཐར་དུ་གསལ། ལྷག་པར་རྒོད་ཚང་པ་དེ་འདིར་ལོ་ཕྱེད་ཙམ་བཞུགས་ཤིང་གནས་བཤད་ཞིབ་ཏུ་གསུངས་པས་ཐེ་ཚོམ་ཐམས་ཅད་ཆོད་པ་ཡོད། མཇལ་ས་གཙོ་བོ་ཀཱང་ར་མན་དིར་ནང་དུ་མགོ་ལྟ་བུའི་ལིངྒ་དེ་ཡིན། ཀཱང་རར་མ་སླེབས་གོང་དུ་ཛྭ་ལ་མུ་ཁི་བྱ་བར་སླེབས། དེར་ས་ལ་མེ་འབར་མཇལ་རྒྱུ་ཡོད།”ཅེས་སོགས་གསུངས་སོ།
  2. ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། (༡༩༢༧-༡༩༩༦)

    (བཀའ་སློབ་འདིའི་མཚན་བྱང་རྩོམ་སྒྲིག་པས་བཀོད་པ་ཡིན།)

མདུན་ཤོག

Menu