དྲུག་པ།

སྟོབས་ཆེན་དང་ནི་ཁྲོ་ཐུང་གིས། །ལྐོག་གྲོས་བྱས་ནས་འབྲོང་རྒོད་རྔོན། །
ཐོག་དང་སེར་བའི་འཇིགས་སྐྲག་གིས། །ཡུལ་ལྷར་བསང་དང་བཟོད་གསོལ་ཞུས། །

    གླིང་རྗེ་གེ་སར་རྒྱལ་པོས་མཐའ་བཞིའི་རྒྱལ་ཕྲན་དང་བདུད་རིགས་ཆམ་ལ་ཕབ་ཅིང་དབང་དུ་བསྡུས། མཐོན་པོའི་མགོ་མནན། དམའ་མོའི་འདབས་ནས་སྐྱོར། བོད་ཡུལ་སྟོད་སྨད་བར་གསུམ་གྱི་འབངས་མི་བདེ་ལ་བཀོད། དགེ་བཅུའི་སྤང་བླང་གི་ཆོས་ཁྲིམས་གྱི་མངའ་འོག་ཏུ། ཡུལ་ཕྱོགས་ཀུན་གྱི་གླིང་གི་འབངས་མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ། དུང་གི་ལྷ་རི་རྒྱལ་མོ་དང་བུ་ཏིའི་ཤ་རི་སྨུག་པོ་གཉིས་ཀྱི་འདབས་རོལ་དུ། རྩྭ་ཐང་སྨུག་པོའི་སྟེང་གི་མེ་ཏོག་སྣ་བརྒྱ་ཁྲ་ཆེམ་ཆེམ་དུ་བཞད། རྟ་ཁྱུའི་འཚེར་སྐད་དང་ནོར་གནག་གི་ངུར་སྒྲ། ལུག་གི་འབའ་སྒྲ། རྫ་ཆུ་བསིལ་མ་ཆིལ་ཆིལ་ངང་བཞུར། ཁུ་བྱུག་དང་ཁྲུང་ཁྲུང་སྐེ་ནག ངང་སེར་དང་ཆུ་བྱའི་རིགས་བཅས་བྱ་རིགས་འདྲ་མིན་སྣ་ཚོགས་གར་ལ་རྩེན།  སྟག་དང་གཟིག དོམ། དྲེད། འཕར་བ། སེངྒེ། ཅཻ་སྤྱང༌། གཡི། གསའ་བཅས་གཅན་གཟན་གྱི་ཚོགས་རྣམས་རང་དགར་བག་ཕེབས་སུ་རྒྱུ་ཞིང༌། འབྲོང་དང་ཤྭ་བ། དགོ་བ། གླ་བ། གཙོད། གནའ། རྐྱང༌། ཁ་ཤ ཤྭ་སྐྱ་སོགས་རི་དྭགས་ཀྱི་རིགས་ཀྱང་ཅི་དགར་དང་བག་དལ་གྱིས་འཚོ་སྐབས་སུ། སྟོབས་ཆེན་དང་ཁྲོ་ཐུང་གཉིས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་བཀའ་ལས་ལྡོག་སྟེ། རྔོན་པ་བྱེད་པའི་ལྐོག་གྲོས་མར་ཁུ་འདྲ་བ་ཞིག་བྱས། སྟོབས་ཆེན་གྱིས་རྟ་གྲོ་དམར་གློག་ཞགས་འཁྱུག་འཁྱུག་ལ་དངུལ་ཕྲས་བརྒྱན་པའི་སྲབ་ཅིག་བསྐོན། དངུལ་སྒ་བསྟད། རྟ་ལ་རྔ་མདུད་གྲུ་གུ་འདྲ་བ་ཞིག་བརྒྱབ་ནས་བཞོན། ལག་གཡས་སུ་མདུང་རིང་སྤུ་གྲི་དེ་ཐོགས། རྐེད་གཡོན་དུ་གཟིག་ཤུབས་དང༌། རྐེད་གཡས་སུ་གློ་གྲི་དང་སྟག་རལ་མདའ་མོས་ཁེངས་པ་ཞིག་བཏགས།  རྒྱབ་ལ་གོས་བེར་ཆེན་དམར་པོ་རླུང་གིས་འཁུར་བ་ཞིག་གྱོན་ཏེ་ཁྲོ་ཐུང་གི་ཕྱོགས་སུ་ཡུད་ཀྱིས་བརྒྱུགས།  ཁྲོ་ཐུང་གིས་བྲེལ་བྲེལ་འཚུབ་འཚུབ་ངང་རྟ་ངང་ཕྲུག་ཐོག་རྒོད་ལ་སྒ་ཆས་བསྟད། མདའ་གྲི་མདུང་གསུམ་བཟུང༌། རྟ་ལ་ལྕག་ཚན་ཞིག་གིས་བསྐུལ་ཏེ་རྫ་སྐེད་དུ་བཞུད། ཁོང་གཉིས་ཀྱི་རྟ་གློག་དམར་འཁྱུག་འཁྱུག་དང་ངང་ཕྲུག་ཐོག་རྒོད་གཉིས་སྤེན་བུང་ཆེན་པོ་ཞིག་ཏུ་བསྟད། འབྲོང་ཁྱུའི་རྒྱུ་ལམ་ལ་བརྟག་ཞིབ་ནན་མོ་ཞིག་བྱས་ཏེ་ས་དོང་གཏིང་ཚད་མི་ལུས་གཉིས་ཙམ་བྲུས། དོང་ཁ་ཤིང་གི་ཡལ་གས་བཅད། དེའི་ཐོག་ཏུ་རྩྭ་ལྡུམ་དང་ཤིང་ལྡུམ་བཏང་སྟེ་དོང་མི་མངོན་པ་བྱས།
    ཉི་མ་དེའི་ནུབ་མོར་གཡག་གཉིས་ཕྱི་ཉིན་འབྲོང་ཤ་བཀལ་དུ་གྲ་སྒྲིག་བྱས་ཏེ་བཏགས།  ཕྱི་ཉིན་སྐྱ་རེངས་དང་པོ་འཆར་སྐབས་སྟོབས་ཆེན་དང་ཁྲོ་ཐུང་གཉིས་ཀྱིས་རྟ་བཞོན། གཡག་གཉིས་དེད་དེ་རྫ་སྐེད་དུ་ཕྱིན། ཁྲོ་ཐུང་ན་རེ། སྟོབས་ཆེན་ལགས། དེ་རིང་ནམ་རྒྱུན་དང་མི་འདྲ་བར་ཞོགས་ཀ་ནས་དུང་གི་ལྷ་རི་རྒྱལ་མོའི་དབུ་རྩེ་ནས་སྤྲིན་ནག་རྔམ་ཆེན་ཞིག་འཁྲིགས་ནས། ངེད་གཉིས་ཀྱི་ཕྱོགས་སུ་ཡོང་བཞིན་གདའ། སྐྱི་བསེར་ནི་འདི་ཙམ་དྲག་ཏུ་ལྡིང༌། ཕྱོགས་ཡོངས་ཀྱི་གནམ་གཤིས་འཁྲིགས་པ་འདི། ལྷ་ཀླུ་གཉན་གསུམ་འཁྲུག་པ་མིན་ནམ་ཞེས་བརྗོད། སྟོབས་ཆེན་གྱིས་གང་ལྟར་འུ་གཉིས་ཀྱི་བྱ་བ་འདི་རྒྱལ་པོའི་བཀའ་དང་འགལ་བའི་ལས་ཡིན་པ་བརྗོད་མ་དགོས། སྟེང་ལྷ་ཡུལ་གྱི་ལྷ་དུང་སྐྱོང་རྒྱལ་པོ་འཁྲུག་ན་འཁྲུག་ཏུ་བཅུག བར་བཙན་ཡུལ་གྱི་བཙན་རྒོད་མདུང་དམར་ཅན་འཁྲུག་ན་འཁྲུག་ཏུ་བཅུག འོག་ཀླུ་ཡུལ་གྱི་ཀླུ་རྒྱལ་དགའ་བོ་འཁྲུག་ན་འཁྲུག་ཏུ་བཅུག ཉི་མ་དེ་རིང་འུ་གཉིས་ཀྱི་འབྲོང་དོང་དུ་ཅིག་ལྷུང་ཡོད་པ་ཐག་གིས་ཆོད། རྟ་མགྱོགས་སུ་བཅུག ཅེས་བརྗོད་དེ་རྟ་ལ་ལྕག་གིས་བསྐུལ་ཏེ་རྫ་སྐེད་དུ་ཤར་བསྐྱོད་ཀྱིས་བྱ་འཕུར་བ་བཞིན་བརྒྱུགས། དོང་ཁར་སླེབས་མཚམས་ཁོང་གཉིས་ཀྱི་རྟས་རླུང་སྣུམ་དང་སྲབ་འཐེན་བྱེད་བཞིན་འདྲོགས་ཏེ་མཁའ་ལ་ཡང་ཡང་ལྡང༌། དོང་ཁའི་རྩ་དང་ཤང་ལོ་བརྡིབས་ཏེ། དོང་ནང་དུ་འབྲོང་ཆེན་མཁར་འདྲ་བ་ཞིག་ལྷུང་འདུག སྟོབས་ཆེན་དང་ཁྲོ་ཐུང་བཅས་མི་རྟ་རྣམས་འབྲོང་གིས་་མཐོང་མ་ཐག་ར་སྐོར་གྱིས་ས་ནག་གནམ་ལ་མཆོད། རྔ་མ་རྒྱབ་ཏུ་ཁུར། འཕག་འཚག་དང་ལྷན་ང་རོ་འབྲུག་སྐད་ལྟར་གྲག སྐབས་དེར། ནམ་མཁའ་ལ་ས་རུབ་ཁའི་དགོང་མོ་ལྟ་བའི་སྤྲིན་ནག་འཁྲིག གློག་ཞགས་འཁྱུག འབྲུག་སྐད་ཀྱི་ལྡིར་སྒྲ་གྲགས་ཏེ་རྫ་རི་ཡོམ་ཡོམ་དུ་འདར། རྟ་གྲོ་དམར་གློག་ཞགས་འཁྱུག་འཁྱུག་དང་རྟ་ངང་ཕྲུག་ཐོག་རྒོད་གཉིས་ཀྱི་མཚེར་སྐད་ལྷང་ལྷང་གྲག ཁལ་མ་གཉིས་ཀྱི་སྣ་དཀྱུ་ནས་ཙག་སྒྲ་གྲག་བཞིན་ཕྱིར་འཐེན་བྱས་ཏེ་སྤེན་བུང་དེའང་རྩ་བ་ནས་བཀོག་གྲབས་བྱེད། མཚམས་འདིར་སྟོབས་ཆེན་གྱི་ཡ་ཁས་མ་མཆུ་སྡོམ་བཞིན་ལག་གི་མདུང་ནམ་མཁར་ཕྱར་ཏེ་དོང་ནང་གི་འབྲོང་གི་ཀླད་པའི་གཙུག་ཏུ་རྒྱག་གྲབས་བྱེད་སྐབས། ཁྲོ་ཐུང་ཉྭ་འདར་ཞིང་སྐད་འདར་ཞོར་སྟོབས་ཆེན་ལ་འདི་ལྟར་བརྗོད། ཆེན་པོ་གླིང་གི་དཔའ་རྒོད་སྟོབས་ཆེན་ལགས། འབྲོང་འདི་རང་གའི་འབྲོང་ཕལ་བ་ཞིག་མིན་པར་གདའ། དེ་རིང་གི་དྲག་ཆར་གྱི་སྣ་འདྲེན་གནམ་གཤིས་རྩུབ་པོ་འདི་དང༌། འབྲོང་འདིའི་གཟུགས་པོའི་བུང་ཚད། ངར་ཞག ད་དུང་འུ་གཉིས་ཀྱི་ཞོན་རྟ་དང་ཁལ་མ་བཅས་ཀྱི་ཕྱིའི་རྣམ་པ་ལས། འབྲོང་འདི་གནས་ཁྱད་པར་བ་ཞིག་ཏུ་གཞི་བདག་བཙན་པོ་ཞིག་གི་སྒོ་ཟོག་ཡིན་ཚོད་རེད། ཁ་ཚུམས། ཁ་ཚུམས། ཕོ་སྡར་མ་འདི་འདྲ་གླིང་གི་མཚང་རེད་ཅེས་སྟོབས་ཆེན་ལ་ཁྲོ་ཐུང་ཐོག་ཏུ་སྙིང་རྗེ་དང་ཁོང་ཁྲོ་ཡ་མ་ཟུང་ཞིག་སྐྱེས་ཏེ་གླུ་འདི་འདྲ་ཞིག་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །བོད་སྒང་པའི་མཐའ་དབུས་ཡུལ་གྲུ་རུ། །འབྲོང་ཁྱུ་ཚོགས་དར་མ་རྔོན་བརྒྱབ་པའི། །ལོ་རྒྱུས་ཀྱི་རིམ་པ་བཤད་ཙ་ན། །སྐབས་ཤིག་ལ་རྫོགས་པའི་ཡུལ་མ་ཡིན། །དེ་རིང་གི་ཉི་མའི་བགོ་སྐལ་དེ། །ཟ་མི་ཉེན་མཛེ་བོའི་ཤ་ཡིན་རུང༌། །འཐུང་མི་ཉེན་བུང་ནག་ཁྲག་ཡིན་རུང༌།། ཕྱི་སྣུར་དང་ཐེ་ཚོམ་ང་ལ་མེད། །གྲོགས་ཡིད་རྟོན་མེད་པའི་ཁྲོ་ལུ་ཁྱོད། །ཟ་འདོད་ཀྱི་ཕོ་བ་སྒྱེ་མོ་ཙམ། །ལས་འདོད་ཀྱི་ལག་པ་རུམ་དུ་སྐུམ། །ཁས་བཤད་ན་རྒྱལ་ཁམས་དབང་དུ་སྡུད། །མདུན་དུད་འགྲོའི་འཕག་འཚག་ཙམ་ཞིག་གིས། །ལག་མདའ་མོའི་ལྟོང་ཀ་འཁྱར་མ་འཁྱོར། །སྙིང་དམར་ཆུང་ཁ་ནས་བསྐྱུག་ལ་ཁད། །ཕྱི་རྒྱ་སྡེས་གོ་ན་ངོ་རེ་ཚ། །ནང་ན་ཟླས་རིག་ན་ཞེ་རེ་མུག །གླིང་དཔལ་རྟུལ་བྱེད་ལུགས་འདི་འདྲ་མིན། །དོན་བྱ་བའི་འདུན་མ་ཐག་མི་གཅོད། །ཐག་བཅད་པའི་ཉིན་མོ་བྱུང་བ་ན། །དེ་མ་འགྲུབ་བར་དུ་བློ་དོགས་མེད། །ངེད་གླིང་གི་མི་རྒྱུད་བྱུང་རིམ་ལ། །སྙིང་སྟོབས་དང་ཆོད་སེམས་རི་ལས་བརྟན། །དཔའ་ངར་དང་རྩལ་དྲུག་རྒྱལ་རྫོང་སྟག །བསམ་དཀར་དང་གཞུང་བཟང་མདའ་ལས་དྲང༌། །ཡིད་རྟོན་ནི་འགྱུར་མེད་བྲག་རི་བཞིན། །ཁྱོད་འདྲ་བའི་ཚམ་ཚོམ་ཅན་གྱི་མི། །གླིང་དཔའ་བོའི་མི་རྒྱུད་ཡིན་ཟེར་ན། །བོད་ཆེན་པོ་གླིང་གི་ཞབས་འདྲེན་རེད། །མིའི་འོག་ཏུ་འཚོ་བ་དུད་འགྲོ་རེད། །མདུན་དུད་འགྲོའི་འཇིགས་པས་ཞེ་སྐྲག་ན། །གླིང་དགྲ་བོའི་དཔུང་ལ་ཇི་ལྟར་རྒོལ། །མདུང་མཚོན་གྱི་ཁྲོད་ལ་ཇི་ལྟར་འཛང༌། །དུས་དེ་རིང་ཉི་མ་ཕྱིན་ཆད་ནས། །ཕོ་དར་མའི་ཁྲོད་ལ་གཏམ་མ་བཤད། །མ་བུ་མོའི་ཁྲོད་ན་མི་ཚེ་གཟོད། །ཁྱེད་ཁྲོ་ལུའི་ལས་ཀ་དེ་མིན་མེད། །སྤྱིར་འཇིག་རྟེན་གླིང་གི་གཏམ་དཔེ་ལ། །སྟག་ཤ་ར་ལྟོགས་ན་ལྷ་ཀླུ་ཟ། །དེའི་མ་ཚད་མྱི་ཡང་ཟ་རྐྱང་ཡིན། །གླུ་གོ་ན་དཔའ་བོའི་ངར་གླུ་ཡིན། །དོན་མ་གོ་གླུ་ལ་འབྲེལ་བ་མེད། །
    ཅེས་སྟོབས་ཆེན་གྱི་གླུ་དེ་ལྟར་བླངས་ཏེ་ལག་གཡས་ཀྱི་མདུང་རིང་ལག་པས་དམ་བཟུང་ཞིག་བྱས་ཏེ་འབྲོང་ལ་བསྣུན་གྲབས་བྱས་ཚེ། ཡང་བསྐྱར་ཁྲོ་ཐུང་འབྲོང་དང་སྟོབས་ཆེན་གཉིས་ཀྱི་བར་དུ་བུད་དེ་གླུ་འདི་འདྲ་ཞིག་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེ། །ཐ་ལ་མོ་གླུ་ཡི་ལེན་ལུགས་ཡིན། །རྩལ་དྲུག་རྫོགས་པའི་སྟོབས་ཆེན་ལགས། །ཡིད་ཙམ་བདག་གི་གླུ་ལ་གསོན། །གླིང་གི་སྟོད་སྨད་བར་གསུམ་དུ། །རྫ་མགོ་རི་མགོར་འབྲོང་ཁྱུ་ཁྱབ། །རྫ་སྐེད་རི་སྐེད་སྡེར་ཆགས་རྒྱུ། །རྫ་ཞོལ་རི་ཞོལ་ནོར་གྱིས་བཀང༌། །དོན་མེད་ལས་ངན་བསག་འདོད་མེད། །མཚན་མ་ངན་པའི་འབྲོང་རྒོད་འདི། །ཚེ་དཔག་མེད་ལ་སྐྱབས་དང་ནི། །གླིང་གི་རྒན་པའི་ཚེ་ཐག་རིང༌། །བྱིས་པ་རྣམས་ཀྱི་བར་ཆད་ཞི། །དཔའ་རྟུལ་བརྒྱད་ཅུའི་རུ་དཔུང་བརྟན། །ལྷ་འཁྲུག་ཀླུ་འཁྲུག་གདོན་བགེགས་སེལ། །བཀྲ་ཤིས་ལོ་ལེགས་གཡང་ཆགས་འབྱུང༌། །ལས་འདི་སྤངས་པའི་རྗེས་སོར་ནས། །རྒྱལ་པོའི་བཀའ་ལ་བརྩི་བཀུར་དང༌། །བླ་མའི་གསུང་གི་བྱིན་རླབས་ཞུགས། །ཚེ་འདིའི་དོན་ཆེན་བརླག་ནི་མིན། །ཕྱི་མའི་ལྗགས་ཕྱེ་འདི་ནས་འགྲུབ།། སྤྱིར་ན་མགོ་ནག་མི་ཡི་རིགས། །མ་རིག་མཐུག་པོས་སྒྲིབ་དྲགས་པས། །ལས་འབྲས་ཆད་དུ་བསད་བསད་ནས། །འབྲས་བུ་རྣམ་སྨིན་ཐོག་ཏུ་འབྱུང༌། །འགྲན་ཟླ་དབེན་པའི་སྟོབས་ཆེན་ལགས། །མདུང་ནག་སྤུ་གྲི་ཕྱག་གིས་གློད། །དགྲ་བོའི་གཡུལ་ངོ་འདི་ན་མེད། །ཞེ་སྡང་དྲག་པོའི་མིག་བགྲད་ཀྱང༌། །ཕ་བསད་ལག་དམར་འདི་ན་མེད། །འདི་འདྲའི་ལས་ངན་བསགས་པའི་རྗེས། །གླིང་སྡེས་གོ་ན་མི་ཁ་ཆེ།། རྒྱལ་པོའི་བཀའ་ཁྲིམས་རི་ལས་ལྕི། །བླ་མའི་དམ་ཚིག་མེ་ལས་ཚ། །མཚན་ལྟས་ངན་པས་གཡབ་མོ་བྱེད། །བཀྲ་མི་ཤེས་པའི་མཚན་མ་མང༌། །ཕྱི་འགྱོད་རྟ་ཕོས་མི་གོམ་པ། །བཀའ་ཁྲིམས་གཡག་གིས་མི་ཐེག་པའི། །ཉེས་པ་ལྕི་མོ་ཡོང་ཉེན་གདའ། །ནག་འཚུབ་རླུང་ནག་རྦ་ཀློང་འཁྲིགས། །ཐོག་དང་སེར་བའི་སྣ་འདྲེན་བཟློག །གློག་ཞགས་འཁྲུག་པའི་རྟ་ཕོ་དེ། །ཞོན་དང་འཚམ་པོར་ཕྱིར་ལོག་བྱེད། །ཨེ་གོ་གླུ་དོན་འགྲེལ་བ་ཆེ། །མ་གོ་གླུ་ལ་འབྲེལ་བ་མེད། །མིང་མེད་ཁྲོ་ཐུང་བསམ་བཟང་ཚིག །གྲོས་མཆིད་ལྷུག་པོར་བགྱིས་པ་ཡིན། །
    ཞེས་ཨ་ཁུ་ཁྲོ་ཐུང་གིས་སྟོབས་ཆེན་གྱི་གཡོན་ནས་གུས་གུས་ཞུམ་ཞུམ་ངང་གླུ་དེ་ལྟར་བླངས། སྟོབས་ཆེན་གྱིས་རྐང་གཉིས་ས་ལ་བརྟན་པོར་བཙུགས་ཏེ་དོར་ལྷུག་རླུང་འཚུབ་ཀྱིས་དར་ལྕོག་ལྟར་གཡུག་ཅིང༌། ཞལ་གྱི་ཡ་སོ་མ་མཆུར་ནན་གྱིས་སྡོམ་བཞིན། ལག་གཡོན་ཞགས་ནག་འདོམ་དགུ་ཁུགས་ལྷོད་དུ་བཟུང༌། ལག་གཡས་མདུང་དམར་སྤུ་གྲི་མཁའ་ལ་ཡུད་ཀྱིས་ཕྱར་ཏེ། བསམ་ཁོམ་དང་དྲན་ཁོམ་མེད་པར་སྐད་ཅིག་དེ་ཉིད་དུ་ཤུགས་ཀྱིས་ཐེངས་གཅིག་དོང་ནང་གི་འབྲོང་ཆེན་གྱི་ཀླད་པའི་གཙུག་ཏུ་བརྒྱབས་ཏེ་ཀླད་པ་དཀར་པོ་དོང་ཁར་མཆོད། དེ་དང་ལྷན་སྟོབས་ཆེན་གྱི་མདུང་སྣེ་འབྲོང་གི་སྤྱི་གཙུག་ནས་བརྒྱུད་དེ་མིག་ཟུང་གི་ཅུང་ཙམ་
གྱི་འོག་གི་སྣ་ཐོད་ནས་ཐོན། འབྲོང་ཆེན་མཁར་འདྲ་བ་དེ་ཧལ་སྒྲ་སྐྱི་གཡའ་ཞིག་དང་ལྷན་དྲན་མེད་དུ་ས་ལ་འགྱེལ། ནམ་མཁར་སྨག་སྔར་ལས་ནག བར་སྣང་ལ་གློག་ཞགས་འཁྱུག འབྲུག་སྐད་རྫ་རྔ་བཞིན་སྔར་ལས་ལྷག་ལྡིར། ཁོང་གཉིས་ཀྱི་མཐའ་འཁོར་དུ་སེར་དྲག་ནི་དྲག་ཏུ་འབབ། གནམ་ལྕགས་ནི་ཆར་པ་འབབ་འབབ། ཁྲོ་ཐུང་གི་ཉྭ་འདར། ཨ་ཆུས་ཞེས་ལག་གཉིས་ཕུར་ཕུར་གཏོང་བཞིན་ཁ་ལ་སྦྱར། གློ་བུར་དུ་སྟོབས་ཆེན་ཁྲོ་ཐུང་ཕྱོགས་སུ་བརྒྱུགས་ཡོང་ནས། ཁོང་གི་མདུང་རྟིང་གི་ཁྲོ་ཐུང་གི་ཉྭ་ལོག་ཏུ་རྒྱག་བཞིན་རྒྱག་བཞིན་དོང་ཁར་དེད་དེ་སྟོབས་ཆེན་ན་རེ། ཟ་རན་དུས་ཁྲུང་ཁྲུང་དཀར་མོའི་སྐེ་འདྲ་འདྲ། །ལས་རན་དུས་མི་བསྐྱོད་རྡོ་རྗེའི་སྐུ་འདྲ་འདྲ། །སྡར་མ་ཝ་སྙིང་ཁོག་བཅུག ཁ་མཁས་སྐྱ་ཀ་ཁྲ་མོ། ཞེས་སྡིགས་སྡིགས་དང་གཤེ་གཤེ་མང་པོ་གཏོང་བཞིན་ཁོང་གཉིས་དོང་ནང་དུ་བབས། འབྲོང་ཆེན་གྱི་མགོ་དང་གཟུགས་བཞི་ལོགས་སུ་བཅད་དེ་དོང་ཁར་བླང༌། འབྲོང་ར་ཡ་གཅིག་ལ་གུང་མཐོ་བདུན་ཙམ་ཡོང་ཅིང་སྦོམ་ཚད་ལ་བྱིས་པ་ལོ་བཅུ་ཞིག་གི་བླ་འདྲ་བ་ཞིག་འདུག འབྲོང་གཟུགས་ཆ་ཚང་དེ་ཁོང་གཉིས་སོ་སོས་ཕྱེད་དུ་བགོས་ཏེ་ཁལ་མ་གཉིས་ལ་བཀལ་ནས་གླིང་སྒར་དུ་ལོག ལམ་བར་ནས་སེར་བ་དྲག་ཏུ་བབས། ནོར་གནག་ཁྱུ་སྐོར་མང་པོར་ཐོག་གིས་བརྒྱབ་པས་ཁོང་གཉིས་ཀྱི་སྣ་ལམ་དུ་གཞོབ་དྲི་འཐིལ། གཡག་དང་འབྲི། མཛོ། མཛོ་མོ། བེའུ། བེའུ་མོ་སོཌ་སེམས་ཅན་མང་པོ་ཐོག་གིས་བསད། འོན་ཀྱང་ཁོང་གཉིས་ལ་འགལ་རྐྱེན་ཅི་ཡང་མ་བྱུང་བར་དགོང་མོ་ས་རིབ་མཚམས་སུ་སྒར་ལ་སླེབས་པ་བྱས།  གླིང་གི་མི་དམངས་ཁྲོད་དུ་དཀྲོག་གཏམ་ཁྱབ། ལ་ལས་ཐོག་སེར་འདི་གླིང་ལ་གོད་ཆགས་ཡོང་བའི་སྔ་ལྟས་རེད་ཟེར། ལ་ལས་སུམ་སྡེ་ནག་པོས་མཐུ་སྔགས་བྱས་པ་རེད་ཅེས་པ་སོགས་དཀྲོག་གཏམ་སྣ་ཚོགས་བརྗོད། སྟོབས་ཆེན་དང་ཁྲོ་ཐུང་གཉིས་ཀྱིས་རྔོན་པ་བྱས་པ་གསང་སྟེ། ཧ་ཅང་ཆེ་བའི་སུམ་སྡེའི་གཡག་འཁྱར་ཡན་ཞིག་སྤྱང་དམག་གིས་བསད་པ་རྙེད་ཚུལ་དུ་བརྫུས།  འདན་མ་དང་གཡུ་ལྷ་སོགས་སྐུ་མགྲོན་མང་ཙམ་གདན་འདྲེན་ཞུས། ཆུ་ཟོམ་དྲུག་ཤོང་སྣོད་ཟངས་དཀར་གཤོག་དྲུག་ཅིག་གི་ནང་དུ་འབྲོང་ཤ་བཙོས། འབྲོང་ར་ཆ་དེ་ཆང་སྣོད་དུ་བདག་ཉར་བྱས། འབྲོང་ལྤགས་མཉེས་ཏེ་ཞགས་པ་དང་སྲབ་མཐུར་བཟོས། ཉིན་དགུ་ལ་སེར་མ་ཆར་བསྟུད་མར་བབས། གླིང་ཡུལ་དུ་ཆུ་ལོག་བྱུང་སྟེ་ནོར་གནག་དང་ལུག་ཁྱུ་བྱས་ཏེ་ཆུ་ལོག་གིས་ཁྱེར། རྟ་ཁྱུ་མང་པོ་ཤ་ཤེད་ལྷུང༌། གླིང་གི་ལྷ་སྡེའི་མི་རྒན་པ་རྣམས་ཀྱིས་སེམས་འཁྲལ་མང་པོ་མཛད།  རྟ་མགྲིན་དང་ནོར་རྒྱུན་མའི་སྒྲུབ་པ་བཟུང་སྟེ། དཀོན་མཆོག་ལ་སྐྱབས་འཇུག་དང་དབུལ་ཕོངས་ལ་སྦྱིན་པ། ཡི་དྭགས་ལ་གསུར་བསྔོ་སོགས་དགེ་རྩ་རྒྱ་ཆེན་བྱས། རྨ་རྒྱལ་སྤོམ་རའི་ལྷ་འབྲོང་ཞིག་གླིང་དམག་གིས་བསད་པ་ལྷ་བླའི་ལུང་བསྟན་བྱུང་བས། གླིང་དམག་བརྒྱ་སྐོར་ཞིག་བུ་ཏིའི་ཤ་རི་སྨུག་པོའི་རྩེར་སོང༌། གཡག་སུམ་ཅུ་ལ་བཀལ་བའི་ཉ་རིད་དང༌། མཁན་པ་སེར་མགོ  མཁན་སྐྱ། ཤུག་པ་བཅས་སྤུངས་ཏེ། དེའི་མགོར་ནས་དང་འབྲས། གྲོ། སྲན། དཀར་གསུམ་མངར་གསུམ་སོགས་བསང་རྫས་ཀྱི་རིགས་མ་ཚང་བ་མེད་པ་བླུགས། བསང་དུད་དགུང་ལ་མཉམ་པ་ཞིག་བཏང༌། ཡུལ་ལྷ་གཞི་བདག་ལ་བཟོད་གསོལ་དང་མཐོལ་བཤགས་ཕུལ།  གླིང་གི་སྡོང་གྲོགས་དོན་དུ་འཕྲིན་ལས་བཅོལ། མངའ་གསོལ་མཛད། ཀི་ཀི་བསྭོ་བསྭོས་ལྷ་རྒྱལ་འཐེན་ཏེ་ཕྱིར་ཕེབས། དུས་དེ་ནས་བཟུང་གླིང་གི་སོ་ནམ་པའི་སྟོན་གྱི་ལོ་ཏོག་ལེགས། བཙའ་སད་སེར་གསུམ་ཆད། ཕྱུགས་ལས་ཀྱི་སྒོ་ཟོག་འཕེལ། རྟ་ནོར་ལུག་གསུམ་ཤ་ཤེད་རྒྱས་ཏེ། གོད་ཀ་དང་ཁ་བའི་ཐན་པ་སོགས་མེད་པར་ཡུལ་ཕྱོགས་ཐམས་ཅད་ལ་དགེ་བའི་གཏམ་གྱི་དུས་འདའ་བར་གྱུར་ཏོ། །

བདུན་པ།

བསང་དུད་དགུང་ལ་མཉམ། །འདན་མས་གཟིག་ཆེན་བསད། །
ཤ་བ་བྱང་སེམས་ཅན། །ཁྲོ་ལུས་མདུང་གིས་བསད། །

    སྟོན་གྱི་དུས་འདིར་ནམ་མཁའ་སྔོ་ལ་དྭངས་ཤིང༌། མཁའ་འོག་གི་མུ་མཐའ་མེད་པའི་ཞིང་གི་ལོ་ཏོག་སྨིན་ནས་སེར་ཐང་ངེར་འདུག མགོ་ནག་མིའི་གོམ་པ་སྤོ་མ་མྱོང་བ་ལྟ་བུའི་འབྲོག་པའི་སྟོན་ས་ན། རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་ཤ་ཤེད་རྒྱས། ཁུ་བྱུག་མོན་ཡུལ་དུ་ལོག་གྲབས་བྱེད། སྤང་རིའི་འཕྱི་བ་སྐྱ་ལུས་ཀི་ལིང་དང་ཀི་ལིང་ཟེར་བཞིན་ཁུང་ཁ་ནས་ཕར་ཚུར་རྒྱགས་འགྲོས་བྱེད་པར་བལྟས་ན། དགུན་གསུམ་འཕྱི་བའི་རྒྱགས་ཕྱེ་འདང་ངེས་ཤིག་བསགས་ཡོད་པ་ཐག་གིས་ཆོད། བོད་ཆེན་པོའི་གླིང་གི་སེར་སྐྱ་ཕོ་མོ་རྣམས་དགའ་བའི་སྟོན་ཐོག་ལ་རོལ། གླུ་གར་གྱི་རྒྱ་མཚོ་འཁྱིལ། ལུས་རྩལ་དང་རྟ་རྒྱུག་གིས་དུས་འདའ།    
    རྨ་ཁུགས་གཡུ་ལོང་སུམ་མདོ་ནས། ས་ཞང་འདན་མ་བྱང་ཁྲ་དང་སྟག་རོང་དཔོན་པོ་ཁྲོ་ཐུང་གཉིས། གནས་དེ་ནས་རྟ་ཕོའི་ཉིན་ལམ་ཞིག་གི་ཡུལ་གྱི་བོད་སྲིད་པ་ཆགས་པའི་ལྷ་མཆོག་ཨ་མྱེས་རྨ་ཆེན་སྤོམ་རའི་ཕྱོགས་སུ་བསང་ཁུག་རྒྱབ་ཏུ་ཁུར། བསང་ཤིང་ཐོག་རྩར་བཀལ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་བཏགས། ཤང་ལང་སྐེད་དུ་དྲངས། གློ་གྲི་གཞོགས་གཡས་ཀྱི་སྐ་རགས་ལ་བཏགས། སྲབ་མདའ་རིང་དུ་གློད། ཁ་སྐྱོགས་དམ་དུ་བཟུང༌། རྟ་གཉིས་ལ་ལྕག་གིས་སྐུལ་བཞིན་འདུར་རྒྱུག་གིས། ཨ་མྱེས་རྨ་ཆེན་གྱི་མདུན་རིའི་རྩར་བསང་གཏོང་ས་དེའུ་འབུར་ཞིག་ཡོད་པའི་ཐོག་ལ་འབྱོར། འདན་མ་དང་ཁྲོ་ཐུང་གཉིས་ཀྱིས་ཤུག་པའི་ཡལ་ག་ཞིག་གིས་གཙང་ཆབ་ཅིག་ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྲན་ཏེ་བསང་འབོད་ཀྱི་དབུ་བཟུང་བ་སྟེ། མཆོད་འགོ་ཡི་དང་པོ་སྐྱབས་གནས་དཀོན་མཆོག་གསུམ་སྟེ། སྟོན་པ་ཤཱཀྱ་ཐུབ་པ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། འཛམ་གླིང་རྒྱན་དྲུག་མཆོག་གཉིས། འཕགས་པ་ཐུགས་རྗེ་ཆེན་པོ། སློབ་དཔོན་པདྨ་འབྱུང་གནས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་མཆོད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོ། དཔལ་གསང་བ་འདུས་པ། དྲག་ཆེན་རྡོ་རྗེ་འཇིགས་བྱེད། མ་རྒྱུད་འཁོར་ལོ་བདེ་མཆོག་སོགས་ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཞིང་དུ་གཙང་མ་ཕུད་ཀྱི་གསེར་སྐྱེམས་སྟོང་གསུམ་ནམ་མཁའི་ཁྱོན་དུ་འབུལ། ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛ་ཏི། མ་ཅིག་དཔལ་ལྡན་ལྷ་མོ་ནག་མོ། འཕྲིན་ལས་ཀྱི་མགོན་པོ་ཏྲད། ཡོན་ཏན་གྱི་མགོན་པོ་ཕྱག་དྲུག་པ། ས་བརྒྱད་ཀྱི་དབང་ཕྱུག་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོགས་ཆོས་སྐྱོང་མཐུ་རྩལ་ཅན་རྣམས་ཀྱི་ཞལ་དུ་མཆོད།  སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་སུ་གནས་པའི་བོད་སྲིད་པ་ཆགས་པའི་ལྷ་དགུ་ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། སྒྱོགས་ཆེན་ལྡོང་ར། སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུག་པོ། ཇོ་བོ་གཡུལ་རྒྱལ། ཤེའུ་ཁ་རག་བཅས་ཁྱེད་རྣམས་ཀྱི་ཞལ་དུ་སྟོང་གསུམ་སྟོང་གི་འཇིག་རྟེན་གྱི་སྣོད་ཆེན་པོར། མ་ཚང་པ་མེད་པའི་གསེར་སྐྱེམས་ཟད་པ་མེད་པ་འདི་མཆོད། སྒྲུབ་པའི་ཚེ་ན་ཟོལ་མ་ལྕི། སྦད་པའི་ཚེ་ན་མཐུ་མ་ཆུང༌། བོས་པའི་ཚེ་ན་སྙན་མ་སྲ། བཅོལ་བའི་ཚེ་ན་ལས་མ་གཡེལ་བར་མྱུར་དུ་སྒྲུབས། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། བོད་ཆེན་པོའི་ཡུལ་གྱི་གཡའ་རི་སྤང་གསུམ་དང༌། སྒང་གཞུང་ཆུ་མིག་སོགས་ལ་གནས་པའི་གཞི་བདག གནས་བདག དཀོར་བདག ལྷ་ཀླུ་གཉེན་གསུམ་བཅས་ཀྱི་ཞལ་དུ་གཙང་མ་ཕུད་ཀྱི་གསེར་སྐྱེམས་རྒྱ་ཆེན་པོ་འདི་མཆོད། གོ་ལོང་མ་བྱེད། རུ་མ་ང༌། དགྲ་ལམ་སྟེང་ལ་ཡོད་ན་ལམ་འོག་ཏུ་བཅུག གྲོགས་ལམ་འོག་ཏུ་ཡོད་ན་ལམ་སྟེང་དུ་ཕུད། དགྲ་བོའི་དཔུང་ཆོག བཙན་པོའི་མགོ་ནོན། དམན་པ་རྣམས་ཀྱི་འདབས་ནས་སྐྱོར། ཕར་འགྲོ་མགྲོན་པོའི་ལམ་སྣ་བྱོས། ཚུར་འོང་སྤུན་ཟླའི་སྡོང་གྲོགས་མཛོད། རླུང་རྟ་རྟ་རྒྱུག་རྒྱུག འདོད་པ་བ་བཞོ་བཞོ། ལོ་ལེགས་པ་དང་ཕྱུགས་ལས་འཕེལ་དགོས། མདོར་ན་བོད་ཡུལ་སྟོད་སྨད་བར་གསུམ་དུ་བཀྲ་ཤིས་དགེ་མཚན་གྱི་དུས་བཟང་བར་མེད་དུ་ཤར་བར་མཛོད་ཅིག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །  
    ཞེས་མཇུག་ཏུ་ལྷ་རྒྱལ་རིང་པོ་ཞིག་དང་བཅས་བསང་དུད་དགུང་ལ་མཉམ། སྤྲིན་དཀར་གྱི་འདབ་མ་ཞིག་གི་དཀར་ཞིང་གཙང་བའི་རྨ་ཆེན་གངས་རིའི་དབུ་རྩེ་ན་འཁྱུད་དེ། འདན་མ་དང་ཁྲོ་ཐུང་གཉིས་ལ་ཕེབས་སྐྱེལ་བྱེད་པ་དང་ཀུན་ནས་མཚུངས། བསང་ཁུག་ནང་དུ་མཁན་སྐྱ་དང་མཁན་སེར། རི་དྭགས་དང་རྟའི་སྦངས་སྐམ་བཅས་ཉུང་ཙམ་རེ་ཆོས་སྐྱོང་དང་གཞི་བདག་གི་དངོས་གྲུབ་ཀྱི་ཚུལ་དུ་བཟུང་སྟེ། རྨ་ཁུགས་སོ་དང་པོའི་ཕྱོགས་སུ་ལམ་ལ་ཆས།   ལམ་ཁའི་མཚོ་དང་མཚེའུ་བརྒྱ་ཕྲག་གི་མཐའ་ནས་སྐོར། མཚོ་ནང་ནས་ཉ་སྲམ་དང༌། ཁ་ཏོག་སྣ་ཚོགས་ཀྱི་སྦལ་བ། ལྕོང་མོ། སྐྱིན་གོར་བཅས་ཀྱིས་འཁྱུག་འགྲོས་བྱེད། བྲག་རི་མཐོན་པོ་གནམ་གྱི་ཀ་བ་ལྟ་བུའི་རྩ་ནས་བཞུད།  བྲག་ངོས་ན་གནའ་བ་དང་གཉན། དགོ་བ་མང་པོས་ཁྱུ་སྐོར་བྱེད། དེ་དང་ལྷན་གུང་དང་དབྱི། གསའ་ཁ་ཤས་རེས་ཀྱང་སྐབས་འཚོལ་རིང་ལུགས་ལྟར་རི་དྭགས་རིགས་ཀྱི་རྒྱུ་ཕྱོགས་འཚོལ་བཞིན་འདུག བྲག་ངོས་གཟར་བོ་དག་གི་རྩིབ་ངོས་ཀྱི་མཁའ་དབྱིངས་ན། བྱ་ཐང་དཀར་དང་ཐང་ནག གླག འོལ་བ། ཁྲ། ཕོ་རོག་སོགས་ཀྱིས་ལྡིང་སྐོར་རྒྱག མཚམས་མཚམས་སུ་རྡོ་ཧྲོབ་མང་པོའི་ཁྲོད་ནས་བཞུད། རྡོ་ཧྲོབ་ཧྲོབ་རྣམས་ཀྱི་བར་གསེབ་དག་ཏུ་སྦྲུལ་དང་སྲེ་མོང༌། གྲུམ་པ། བྲ། ཨབ་ར་བཅས་རྒྱུ་ཞིང༌། སྲེ་མོང་དང་གྲུམ་པས་ཨབ་ར་དང་བྲ་ཙི་གསོད་བཞིན་གདའ། འོན་ཀྱང་སྦྲུལ་གྱིས་གསོད་ཀྱི་ཡོད་པ་ནི་སྲོག་ཆགས་ཉམ་ཆུང་བྲ་དང་ཨབ་རའི་རིགས་རེད། སྲོག་ཆགས་ཉམ་ཆུང་ཁོང་གཉིས་ཀྱི་རིགས་ཀྱིས་རྩ་ྭ་མགོ་འབྲེག་བཞིན་ཕར་མཆོང་ཚུར་མཆོང་གིས་རྒྱུག
      མཐར་སྦངས་སྐམ་གྱི་ལུད་ཕུང་མང་པོ་ནག་ཐར་ཐར། ས་སྒྱེད་དང་ཕུར་ཤུལ་གྱིས་ཁེངས་པའི་མཚེར་ས་ཞིག་གི་འགྲམ་ནས་གོང་འབབ་བམ་གུང་ཚིགས་བསྐོལ། འདན་མས་སྒྱེད་རྡོ་གསུམ་བཙུགས་ཏེ་བུད་ཤིང་བསྒྲུག་ཏུ་སོང༌། ཁྲོ་ཐུང་གིས་ཆུ་བླངས། ཇ་བསྐོལ་ནས་ཁྲོ་ཐུང་གིས་ཇ་མཆོད་བཏོན། ཕོར་པའི་ནང་དུ་མར་ཁུ་ཚུར་འདྲ་བ་ཞིག་འཕངས་ཏེ་ཕྱུར་ར་བླུགས། རྩམ་པ་ཕོར་པ་མགོར་སྤུང་རེ་བྱས་ནས། རྩམ་པ་ཟ་བཞིན་པའི་སྐབས་སུ། འདན་མའི་རྒྱབ་ཀྱི་ཁ་སྲིབ་འཁོར་གྱི་བྲག་རྐེད་ནས་གཟིག་ཅིག་མགོ་དམའ་དམའ། རྣ་བ་ཉལ་ཉལ། སོག་མགོ་སྒང་སྒང་བྱས་ནས་ག་ལེར་འཇབ་ཡོང་བ་དེ། ཁྲོ་ཐུང་གིས་མཐོང༌། དེ་མ་ཐག་ཁྲོ་ཐུང་གིས་ཀྱང་གཟིག་ཡིན་པ་ངོས་མ་ཟིན། རི་དྭགས་ཀྱི་ཐོག་ཏུ་འཇབ་སྐབས་གཟིག་ཐིག་ལེ་སྦེད་མཁན་གྱི་རིགས་ཤིག་གླིང་ཡུལ་ལ་ཡོད་པ་ཁྲོ་ཐུང་གིས་མ་ཤེས། ཁྲོ་ཐུང་གིས་བསམ་པར་སྟོན་ཁར་སྤྱང་ཀིའི་སྤུ་མདོག་དམར་ཤས་ཆེ་ཞིང༌། ཡང་མིན་ན་ཝ་ཞིག་རེད་བསམ། ད་དུང་ཁྲོ་ཐུང་གིས་རྩམ་འཆང་ཞིག་ལག་པར་བསྡམ་ཀློད་བྱེད་བཞིན་ཁ་རོག་གེར་ལྷག ཕར་ཕྱོགས་ནས་རྟ་གཉིས་ཀ་འགྲོག་བཞིན་འཚེར་སྐད་ལྷང་ལྷང་དུ་འདོན། རླུང་སྣུམ་བྱེད། རྐང་ལག་གི་སྒྲོག་ཐར་སེ་བཅད། འདན་མ་རྒྱབ་ཏུ་འཁོར་ཏེ་གཅིག་བལྟས་པ་དང་དུས་མཉམ་དུ། གཟིག་མཆོང་ཐེངས་གཅིག་གིས་འདན་མའི་མགོར་མཆོངས། འདན་མས་མདུང་གྲི་སོགས་གང་ལ་ཡང་བརྙབ་རྒྱུའི་མ་སོང་བར། ཁོང་གི་ཕྲག་གཡས་དེ་གཟིག་གི་ཁ་ལ་ཤོར། ཕྲག་པ་ནས་ཤ་ཚིལ་འདྲེས་མ་རྡོག་པོ་གཅིག་བཅད། ཡང་བསྐྱར་ལྡང་སྐབས་དེ་མ་ཐག་ཏུ་འདན་མས་གཟིག་གི་མགོ་ལྤགས་བཟུང་སྟེ་ཁོང་དང་གཟིག་གཉིས་ཨ་ལོག་ཡང་ལོག་རྒྱག་གིན་བྲག་རྩ་ཞིག་ཡོད་ས་བར་དུ་གྲིལ། མཐར་འདན་མས་མྱུར་ཤེད་ཀྱིས་ཁོང་གི་སྐེད་ཀྱི་གློ་གྲི་བླངས་ནས་གཟིག་གི་བྲང་ཐོག་ནས་མར་གཅིག་བརྒྱབ་པས། གཟིག་སྙིང་དུམ་བུར་གཤགས། བསྐྱར་དུ་གཟིག་གིས་ཁ་གདངས། མཆེ་བ་གཙིགས་ཏེ་འདན་མའི་ཐོག་ལ་ལྡང་ཚེ། འདན་མས་ནུས་ཤུགས་ཅི་ཡོད་ཀྱིས་གཟིག་གི་ཁ་ནང་དུ་གཅིག་བསྣུན་ཏེ་གློ་གྲིའི་སྣེ་ཁ་ཀླད་པ་ནས་བུད། དེ་མ་ཐག་ས་ལ་འགྱེལ་ནས་ཤི   འདན་མ་ཡང་ཐང་ཆད། གདོང་ལ་རྔུལ་ནག་གིས་ཁེངས། ཕྲག་གཡས་པ་ནས་ཁྲག་གིས་དམར་རྫབ་རྫབ། བེར་ཆེན་དང་ལྭ་བའི་ཕྱོགས་གང་སར་གཤགས་ཏེ་ལོ་གསུམ་སོང་བའི་རི་རྩེའི་བལ་རྩེ་ཞིག་དང་འདྲ། ཁོང་གི་གློ་གྲི་སྐེད་ཀྱི་གྲི་ཤུབས་ནང་བསྡུས། ལག་གཡས་ཀྱིས་སྐེད་པའི་ཤང་ལང་ཕྱུང་སྟེ་སར་བཙུགས། གཟིག་རོ་སྟན་བྱས་ཏེ་ངལ་གསོ་བའི་སྐབས་ཕར་ལྟ་ཚུར་ལྟ་ཞིག་བྱས། ཕྱོགས་བཞི་མཚམས་བརྒྱད་སྟོང་སང་སང༌། རྟ་གཉིས་ཀྱང་མཐོང་སར་མི་འདུག ཁྲོ་ཐུང་ཡང་རིག་ས་ལ་མེད་པར་གྱུར་འདུག འདན་མ་ཡར་ལངས། ལག་གཡོན་པས་གཟིག་གི་རྔ་མ་བཟུང་སྟེ་ཕྲག་ལ་ཁུར། མཚེར་སའི་འགྲམ་གྱི་གོང་འབབ་བསྐོལ་སར་བསླེབས། གཟིག་དེ་ལ་བཞག་སྟེ་ཕར་ཚུར་ལ་ཅུང་ཙམ་སོང་སྟེ་བལྟས་ཀྱང་མི་རྟ་གང་ཡང་མཐོང་རྒྱུ་མེད། ལོ་མ་ཁྲག་ཆོད་ཅིག་བཏུས་ཏེ་ཕྲག་པའི་རྨ་ཁ་ལག་རྗེས་འདྲ་བ་ནས་ཁྲག་དམར་འཁྱིལ་འཁྱིལ་བ་འགོག་ཐབས་བྱས། ཅུང་ཙམ་འགོར་རྗེས་ནུབ་ཕྱོགས་སུ་ཉག་ཁ་ཞིག་ཡོད་པ་ནས་ཁྲོ་ཐུང་གིས་རྟ་གཉིས་ཀ་བཟུང་བ་དང༌། ཁོང་དང་ལྷན་སྐྱ་མི་གཉིས་བཅས་ཚུར་འདན་མའི་སར་བསླེབས། སྐྱ་མི་གཉིས་རྟ་ལས་བབས་ཅིང་ཁོང་གཉིས་ལས་མི་རྒན་པ་ཨ་ར་དཀར་པོ་ཅན་དེས་འདན་མའི་མདུན་ལ་ཚུར་ཅུང་བཅར་ཏེ་གླུ་འདི་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ང་དང་ང་ངོ་མ་ཤེས་ན། །གླིང་གི་ཨ་མྱེ་ཁྲ་རྒན་ཡིན། །འཕྲུ་སྔོན་ཅན་གྱི་དབུ་ཁྲིད་ཡིན། །ས་དང་ས་ངོ་མ་ཤེས་ན། །ས་འདི་གླིང་དཀར་སྟོད་ཀྱི་ས། །སྟག་གཟིག་དོམ་དྲེད་འཕར་སྤྱང་ཀི །སྔ་དྲོ་གཟན་ལ་འདུར་བའི་ལམ། །ཕྱི་དྲོ་ཚང་ལ་འདུར་བའི་ཡུལ། །སྦྲ་ནག་ཚང་བཙན་པོ་གནས་འཆའ་ས། །ཡར་མཐོང་བ་ཨ་སྔོན་དགུང་གི་མཁའ། །མར་བལྟས་ན་དོག་མོའི་བྲག་རོང་ཡུལ། །ཕར་སོང་ན་བྲག་དང་ནགས་ཚལ་ཡིན། །ཚུར་འོང་ན་སྤང་དང་གད་གཡང་ཕྲད། །ས་འདི་ནས་ལོ་ལྟར་སྟག་གཟིག་གིས། །སྨན་ཆུ་ལེན་བུ་མོ་བསད་ནས་འཁུར། །ནང་ཕ་མ་མང་པོ་སྡུག་ལ་སྦྱར། །གླིང་སྟག་ཤར་མང་པོར་ཁོང་ཁྲོ་བསླངས། །དེ་ཡིན་ཡང་ང་ཚོར་བྱ་ཐབས་བྲལ། །གླིང་དཔའ་རྟུལ་ཁྲོད་ཀྱི་འདན་མ་ཁྱེད། །མཚན་སྙན་གྲགས་སྔར་ལས་ཐོས་མོད་ཀྱང༌། །སྐུ་དངོས་སུ་མཇལ་བ་དེ་རིང་ཤར། །གནས་འདི་ཡི་གཟིག་ཆེན་གཏུམ་པོ་འདི། །སྲོག་བླངས་པས་གླིང་དཀར་སྟོད་ཀྱི་སྡེའི། །ནང་ན་ཟླའི་སྲོག་རྣམས་ཁྱོད་ཀྱིས་སྐྱབས། །གནས་འདི་ལ་ལེགས་སྐྱེས་ཆེ་ཙམ་ཕུལ། །གླིང་ཁྲོ་ལུའི་དེ་ཉིད་བསྟན་པ་དེ།  །ཐུགས་དགོངས་པ་མ་ཚོམ་དཔའ་རྟུལ་ལགས། །ཕ་རིའི་རྒྱབ་ཀྱི་དུད་ལྷོག་འདི། །གླིང་དཀར་སྟོད་ཀྱི་མི་སེར་གྱིས། །དཔའ་རྟུལ་ཁྱེད་ཉིད་ཕེབས་སུ་ལགས། །ད་མི་འདུག་ང་ཚོ་ཕར་ལ་འགྲོ། །སྐུ་ཉིད་ཀྱིས་ངལ་གསོ་མཛད་པར་རིགས། །གནས་འདི་ལ་གླིང་གི་དཔའ་རྟུལ་བྱོན། །ངེད་འབངས་མི་ཀུན་གྱིས་དགའ་བསུ་བྱེད། །
    ཅེས་ཨ་མྱེ་ཁྲ་རྒན་གྱིས་གླུ་དེ་ལྟར་ཕུལ། ཁྲོ་ཐུང་ངོ་ཚ་དང་ངོ་གནོང་ཞིག་གིས་ཅི་ཡང་མི་སྨྲ་བར་འདན་མའི་ལག་ཏུ་སྲབ་མདའ་བཞག གཟིག་རོ་ཨ་མྱེ་ཁྲ་རྒན་གྱི་རྒྱབ་ཏུ་ཁུར་ཏེ་རྟ་བཞོན། གཞན་རོག་པ་ཕོ་སར་གཡུ་མགོན་བཅས་ཁོང་གསུམ་ག་ལ་རྒྱབ་ཀྱི་གླིང་དཀར་སྟོད་ཀྱི་འབྲོག་སྡེའི་ཕྱོགས་སུ་བཞུད།
    སྐྱེས་ཕོ་སར་མོ་སར་ཚོས་འདན་མ་དང་ཁྲོ་ཐུང་གཉིས་ཕེབས་བསུ་བྱས།   ཇ་ཆང་མཚར་གླུ་མང་པོ་བླངས། སྤོ་བོ་དང་རྨོ་བོ་ཚོའང་ཁོང་གཉིས་ཀྱི་སར་བཅར་ཏེ། གནའ་གཏམ་དང་ད་གཏམ་བཅས་གཏམ་གླིང་མང་པོ་མཛད། ལྷག་པར་དུ་གླིང་ཡུལ་གྱི་མཐའ་མཚམས་རྨ་སྨད་གཡུ་ལུང་སུམ་མདོའི་ཕྱོགས་ཀྱི་གླིང་གི་འབངས་མི་ཚོར་འཚམ་འདྲི་ཡང་ཡང་ཞུས། གཟིག་ལྤགས་དེ་སྔར་ལོ་དེ་གའི་ཕོ་སར་དགྲ་བླ་ཟེར་བ་ཞིག་གིས་སྟག་གདུག་པ་ཅན་ཞིག་ཡོད་པ་དེ་བསད་པར་ཐོས་ནས། འདན་མས་ཁོང་ལ་དཔའ་རྟགས་ཀྱི་དོད་དུ་ཕུལ། ས་རུབ་ནས་ཀྱང་བུད་ཤིང་སྤུངས་ཏེ་མེ་ཕུང་སྐོར་བྲོ་བརྒྱབ་ཅིང་ཡུན་རིང་སྤྲོ་གཡེང་ངང་ལྷག ཕྱི་ཉིན་ཉི་ཟེར་ཤར་རིའི་རྩེ་ནས་འཕྲོ་སྐབས། འདན་མ་དང་ཁྲོ་ཐུང་གཉིས་རྨ་ཡུལ་ཕྱོགས་སུ་ལམ་ལ་ཆས། རི་དྭགས་ཤྭ་བ་དང་དགོ་བ། ཁ་ཤ   ཤྭ་སྐྱ་སོགས་ཀྱིས་ཞོགས་ཀ་ཉི་མ་རྩེ་ཤར་དང༌། དགོང་མོའི་ས་མ་རུབ་མཚམས་སུ་ཆུ་འཐུང་བར་ལུང་གཞོངས་དང་རྫ་ཁུགས་དག་ཏུ་ཡོང་ཞིང༌། སྤྱིར་ཡུ་མོ་ཚོས་དུས་ཡུན་རིང་པོའི་བར། ཤྭ་ཕོའི་འདོད་པ་བཞིན་བྱེད་པ་སྤོང་བས། ཤྭ་ཕོ་ཚོས་ཡུ་མོ་རྣམས་ཉིན་གྲངས་མང་པོའི་རིང༌། རྫ་ཁུག་དང་ནགས་གསེབ་བཅས་སུ་བཀག མཐར་ཤྭ་ཕོ་ཚོས་ཡུ་མོ་རྣམས་ཆུ་ཁར་དེད།  སྐོམ་པས་ཧ་ཅང་གདུང་བའི་ཡུ་མོ་ཚོས་ཤྭ་ཕོ་དག་གིས་ཅི་བྱེད་ཀྱང་བྱེད་དུ་འཇུག་བཞིན་སྐོམ་ཚད་མ་གསོ་བར་དུ་ཆུ་འཐུང༌། ཚུལ་འདི་དུད་འགྲོ་ཤྭ་བའི་རིགས་ཀྱི་བྱེད་ལུགས་ཁྱད་པར་བ་ཞིག་ཡིན།
    དེ་ལྟར་རྔོན་པ་ཚོ་ཞོགས་པ་སྔ་པོ་ལངས་ནས་རི་ལ་འགྲོ་བཞིན། དེ་རིང་ཡང་རྫ་ཁུག་དང་རི་ཁུག་ན་ཤྭ་བ་དང་ཡུ་མོ། ཤྭེའུ་སོགས་ཁྱུ་སྐོར་བྱས་ནས་རྒྱུ་བཞིན་པ་མཐོང་རྒྱུ་ཡོད་ཅིང༌། ལུང་གཞོངས་དང་རི་མ་ཐང་མཚམས་སུ་དགོ་བ་དང་ཁ་ཤ གླ་བ་སོགས་འགྲོག་བཞིན་འགྲོག་བཞིན་བྱེད་སྐབས། ཁྲོ་ཐུང་གིས་ལག་པ་ཚ་བོ་ཆགས། སྟག་རལ་ལ་ལག་པ་འཆང་ཙམ་འཆང་ཙམ་བྱེད་པ་དེ། འདན་མས་མཐོང་སྟེ་ཁྲོ་ཐུང་ཐོག་ལ་ཅི་ཡང་མི་སྨྲ་བར་སྡང་མིག་སྐར་ཆེན་འདྲ་ཞིག་བྱས། ཁྲོ་ཐུང་གིས་རང་འཇགས་སུ་རྟ་ལ་ཡོབ་རྡེབ་བྱེད་བཞིན་འདན་མའི་རྗེས་སྙེགས།
    མཛོ་ངུ་ལ་ཞེས་པའི་ལ་ཆེན་ཞིག་ཡོད་པའི་ལ་ཁར་སླེབས་སྐབས།  ལ་ཁའི་རྡོ་འབུམ་ཁ་གསོ། ལབ་རྩེ་བསྟོད། ཁྲོ་ཐུང་གིས། ཀི་ ཁའི་ལྷ་ཡག ཁའི་ལྷ་ཡག ཁའི་ལྷ་དཀར་པོ་ངོ་སོ་བཅུ་གསུམ་གྱེན་དུ་བསྟོད་རྒྱུ་ཁྱེད་སོགས་རྗོད་བཞིན། འདན་མ་དང་ཁོང་གཉིས་ཀྱིས་ཞྭ་ཕུད་ནས་གླིང་གི་ཡུལ་ལྷ། གཞི་བདག་རིགས་ཀྱི་མཚན་ནས་བོས།
    སྐབས་འདིར་གློ་བུར་གྱིས་ལུང་གཞོངས་ནས་ཡར་སྨུག་པ་འཁྲིགས་ཏེ་འགྲོ་ལམ་བརླགས། ལ་ཁར་ལམ་ཕྲན་བཅུ་ཕྲག་ལས་བརྒལ་བའི་གྱེས་སོ་ཡོད་པས། འཕྲེད་ལམ་དང་ཐུར་ལམ། གསེག་ལམ། ཁུགས་ལམ། གཤོང་ལམ། རྒྱ་ལམ་སོགས་གང་ལ་འགྲོ་དགོས་ཆ་མ་འཚལ་སྐབས། འདན་མ་ན་རེ།  ལམ་གོང་མ་མི་འབུད་ལྷ་ལམ་རེད། ལམ་ཞོལ་མར་མི་འབུད་གདོན་ལམ་རེད། ལམ་བར་མ་ལ་བུད་ན་མི་ལམ་རེད། དོན་མཐའ་དག་འགྲུབ་པའི་ལམ་བཟང་རེད་ཅེས་བརྗོད་ནས་ལམ་བར་མ་ནས་སོང༌། སྨུག་པ་ཆེར་འཁྲིགས།  སྐབས་ཤིག་ནས་ཆར་ཐིགས་རེའང་སར་ལྷུང་བཞིན་གདའ། མུ་མཐུད་ནས་ལམ་བུ་མ་བརླགས་པར་བྱས་དེ་སྐྱོད་བཞིན་པའི་སྐབས་སུ། ཁོང་གཉིས་ཀྱི་མདུན་གྱི་སྨུག་པའི་གསེབ་ནས་གློ་བུར་དུ་སྤྱང་ཀི་གསུམ་བུད། དེ་མ་ཐག་རྟས་དགུག་ཅིང་མཐར་ཁོང་གཉིས་ཆ་སར་ཟགས། རྟ་གཉིས་ཀ་ལག་ནས་ཤོར། གཉིས་ཆ་རྦབ་ཏུ་འགྲིལ་ཀྱང་འདན་མས་སུར་དཀར་བོངས་ཚད་ཅིག་ལ་ལག་པས་འཇུས་ཏེ་སྡོད་ཐུབ་པ་བྱུང༌། ཁྲོ་ཐུང་གིས་མདུང་དམ་དུ་འཛིན་ཟིན། གཟུགས་པོ་ཇེ་སྒོང་ནས་ཇེ་སྒོང་དུ་གྱུར་དེ་མཐར་ལྒང་བུ་བཞིན་གྱུར་ནས། རྦབ་ཏུ་འགྲིལ་བ་དང་ལྷན་དུ་སྨུག་པའི་ཁྲོད་དུ་བཏུམས།
    མགོ་ནག་མིའི་ངག་རྒྱུན་ཞིག་ལ། ཝ་མོ་གཡོ་སྒྱུ་ཚ་པོ། དུག་སྦྲུལ་ཞེ་སྡང་གི་ཕུང་པོ། སེངྒེ་ང་རྒྱལ་ཆེན་པོ། ཤྭ་བ་བྱང་སེམས་ཆེན་པོ། ཞེས་ཟེར་བ་ལྟར། ཁྲོ་ཐུང་རྦབ་ཏུ་འགྲིལ་ཡོང་བའི་ཞོལ་གྱི་ཐད་ཀ་ནས་ཤྭ་བ་ཞིག་གིས་རྐང་བཞི་སར་བསྐུམས་ཏེ་བསྡད། ཤྭ་བའི་རྒྱབ་ཁྲོ་ཐུང་རྦབ་ཏུ་འགྲིལ་ཡོང་བའི་ཕྱོགས་སུ་གཏད་དེ་ཁྲོ་ཐུང་གི་སྲོག་བསྐྱབས། འོན་ཀྱང་ཁྲོ་ཐུང་གིས་དེ་མ་ཐག་ཤྭ་བའི་ལོང་གའི་ཐད་ལ་མདུང་གིས་གཅིག་བརྒྱབ་ནས་ཤྭ་བའི་ཚེ་སྲོག་བཅད། ཞིབ་མོར་ཤྭ་བའི་རོ་ལ་བལྟས་ཙ་ན། ཤྭ་བའི་རྣ་གཤོག་ལ་བུ་ག་བརྟོལ་ཏེ་རྣ་ཚལ་བཏགས་ཡོད་ཅིང༌། རྒྱབ་ཀྱི་སྤུ་གསེང་དུ་གྲ་མ་མང་པོ་འཚངས་བསྡད་པ་མཐོང་སྟེ། ཁྲོ་ཐུང་གི་བསམ་པར། ཤྭ་བ་འདི་གཞི་བདག་གི་སྒོ་ཟོག་ཅིག་ཡིན་པ་ཐག་གིས་ཆོད། ཕལ་ཆེར་ཨ་མྱེས་རྨ་ཆེན་གྱིས། ངེད་གཉིས་ལ་དངོས་གྲུབ་གནང་བ་འདྲ། དེ་ལྟར་སེམས་བཞིན་པའི་སྐབས། འདན་མས་ཀི་རིང་ཞིག་བཏབས་པ་དེའི་བྲག་ཆས་ལུང་པ་ཁེངས། དེ་ཁྲོ་ཐུང་གིས་ཐོས་ནས་ཕར་ཀི་རིང་ཞིག་བཏབ། མཐར་འདན་མས་རྟ་གཅིག་བཞོན། གཅིག་ཁྲིད་དེ་ཁྲོ་ཐུང་གི་སར་བསླེབས། ཁྲོ་ཐུང་གིས་ངར་ངར་དང་སྤམ་མདོག་གིས་ཤྭ་བ་བསད་ཚུལ་ཞིབ་པར་བཤད་པར། འདན་མ་ན་རེ། དྲིན་ཆེན་ལ་དྲིན་ལན་ལོག་འཇལ་རེད། རང་གི་ཕ་མ་བསད་པ་དང་ཁྱད་པར་ཅི་ཡོད་སོགས་བརྗོད་ནས་བཀའ་བཀྱོན་ནན་པོ་བྱས། སྨུག་པ་དེངས་ནས་རྨ་སྨད་ལ་འགྲོ་བའི་ལམ་སྣེ་ཟིན། ལམ་བར་དུ་ཤ་བའི་དགེ་རྩའི་དོན་དུ། རྡོ་བདག་མེད་ལ་རྡོ་འབུམ་སྤུངས། ཆུ་བདག་མེད་ལ་ཆུ་དཔལ་བརྒྱབ། བྱ་དང་རི་དྭགས་བཅས་སྲོག་ཆགས་ཀྱི་རིགས་ཀུན་ལ་གནོད་འཚེའི་སྤྱོད་པ་བསྡམས། ཁྲུང་ཁྲུང་གི་ཕྲུ་གུ་འཕུར་རྩལ་མ་རྒྱས་པ་མང་པོའི་ཐོག་ལ་གླག་གིས་གསོད་གྲབས་བྱེད་ཀྱིན་པ། གླགས་མི་རྙེད་པར་མཛད། ན་གཞུང་རྣམས་སུ་ཉ་ལྕོང་རིགས་ཉི་མས་སྐམ་བཞིན་པ་མཚོ་དང་མཚེའུ་དག་ཏུ་བསྐྱལ།  ཚེ་སྲོག་མང་པོ་བསྐྱབས་ནས་ཤ་བ་ལ་དགེ་བ་རྒྱ་ཆེན་མཛད། རྟ་བོའི་ཉིན་ལམ་ཞིག་ལ་མདུན་ཕྲག་གཅིག་འགོར།
    གནམ་ས་འབྲེལ་མཚམས་ཀྱི་བས་མཐའ་ན། རྨ་སྨད་གཡུ་ལུང་སུམ་མདོའི་དུད་ཚང་རྣམས་ཀྱི་སྦྲ་གུར་ཐོག་ནས། དུ་བ་སྔོ་ལྷོག་ལྷོག་ཏུ་མཁའ་ལ་འཁྱིལ། སྨན་ཤར་ཚོའི་པང་ན་བཞོ་ཟས་ཐོགས་ཏེ་མ་ཎི་དང་སིདྡྷིའི་བཞོ་དབྱངས་འཐེན། སྟག་ཤར་ཚོས་རྟ་ལ་རྔོག་བཅོས་བྱེད། མདའ་གྲི་མདུང་གསུམ་ལ་སྣེ་ཕུད་པ་སོགས་སོ་སོའི་ལས་ལ་བྲེལ། མི་ཆུང་དང་དགྲ་ལྷ་བཅས་ཕོ་སར་ཁ་ཤས་ཤིག་གིས། རྒྱང་རིང་ནས་འདན་མ་དང་ཁྲོ་ཐུང་གཉིས་ཡོང་གི་ཡོད་པ་མཐོང་སྟེ་ལམ་སྣེར་ཕེབས་བསུར་བརྒྱུགས། གླིང་གི་སྟོད་སྨད་བར་གསུམ་གྱི་འབངས་མི་རྣམས་ཞི་བདེ་དང་བག་ཕེབས་ཀྱི་འཚོ་བ་རོལ་བར་མཛད་དོ། །

བརྒྱད་པ།

སྤྲིན་ཐང་ཡུལ་ནས་མདའ་རྩལ་འགྲན། །རྒྱལ་བློན་གླིང་ལ་ཕེབས་ལམ་ནས། །
ཁྲོ་ཐུང་དང་ནི་སྟོབས་ཆེན་གྱིས། །ཤྭ་བ་རྔོན་མཐར་ཤྭ་རོ་རྩོད། །

    ལུག་ཟླའི་ཚེས་འགོ་ཞིག་ལ་རི་སྒང་ཐམས་ཅད་ཁ་བས་གཡོགས། རྫ་ཆུ་དང་ལུང་ཆུ་ཀུན་གྱི་ཤག་ཤག་གི་བཞུར་རྒྱུན་དེ་དར་གྱི་སྦུབས་སུ་ཉིལ་ཉིལ་དང་མྱུག་མྱུག་གིས་དྲངས། རི་གཤོང་དང་སྤང་ཐང་གི་རྩྭ་འཇག་མ་རྣམས་ལ་བསེར་བུ་རླུང་གིས་རམ་འདེགས་བྱས་ཏེ་ཤུགས་གླུའི་རྒྱུན་ཐག་བར་མེད་དུ་སྲིང༌། ཁུ་བྱུག་མོན་ལ་ལོག་རྗེས་བྱིའུ་འཇོལ་མོས་ཀྱུར་ཀྱུར་དང་ཀྱིར་ཀྱིར་ཞེས་གསུང་སྐད་རྟག་ཏུ་སྒྲོག ཁ་བ་ཞི་བའི་རི་འདབས་དང་མཚེར་ས་རྣམས་སུ་ནོར་གནག་རྣམས་རྩྭ་ཁར་རྒྱུ། གླིང་གི་རྒྱལ་བློན་རྣམས་ཞལ་གླིང་ལ་བསྒྱུར་ནས། སུམ་ཡུལ་གྱི་མི་བགྲས་གཞོན་ཀུན་གྱིས་རྒྱལ་པོའི་གསེར་ཞལ་མཇལ་བ་དང༌། གླིང་རྗེ་གེ་སར་རྒྱལ་པོས་ཆོས་དང་ཁྲིམས་སོགས་དགེ་བཅུའི་སྤང་བླང་མ་འཛོལ་བ་དགོས་ལུགས་སོགས་བཀའ་སློབ་ཡང་ཡང་བསྩལ། ཞག་བཅུ་དྲུག་ཐོག་གྲུ་གུའི་ཡུལ་དུ་ཕྱག་ཕེབས་གནང་སྟེ། གྲུ་གུའི་སེར་སྐྱ་ཕོ་མོ་རྣམས་ལ་བཀའ་ཆོས་དང་གདམས་ངག་མང་དུ་གནང་ནས་ཞག་བཅུ་ཕྱིན་མཚམས། གྲུ་གུ་ནས་ཞལ་གྱེས་ཏེ་འབེལ་རའི་ཡུལ་དང༌། ཞང་ཡུལ་བརྒྱུད་ནས་ཕེབས་སྐབས་ཞང་བློན་སྟག་མོ་ཁྲི་བརྟན་གྱིས་ཕེབས་བསུ་ལེགས་པར་ཞུས་ནས་ཞང་ཡུལ་སྤྲིན་ཐང་ཕྱུག་མོར་བཞུགས། སྤྲིན་ཐང་དུ་བཞུགས་རིང་གཡུལ་ལྷ་དང་དུང་སྐྱོང་གཉིས་སྤྲོ་གཡེང་དང་ལྷན་མདའ་རྩལ་འགྲན་དུ་སྤྲིན་ཐང་གི་རྒྱབ་རིར་སོང༌།
    རྟ་བོ་བང་རྩལ་གྱིས་རྒྱུག་སྐབས། གཡུ་ལྷས་སྐེད་གཡས་ཀྱི་སྟག་རལ་ནས་མདའ་ཞིག་བླངས། གཞི་རྒྱུན་ལ་ཚ་གི་ཚི་གི་མེད་པར་སྦྱར་ཏེ་ནམ་མཁར་བྱ་གླག་ཅིག་འཕུར་བཞིན་པའི་རྭ་མཆུའི་སྔོན་དུ་མཐོ་བཞི་ཙམ་གྱི་བར་སྣང་དུ་གཅིག་འཕངས་ནས། དག་དག་གླག་གི་གཤོག་གཡས་ཀྱི་རྩ་བ་ནས་ཕུགས་ཏེ་སྙིང་དུམ་བུར་བཏང༌། གཤོག་པ་གཡོན་ནས་མདའ་མགོ་ཐོན་ཏེ་གནམ་རྡོ་ས་ལ་ཟགས་པ་བཞིན་སྐད་སྒྲ་ཞིག་དང་བཅས་ཁོང་གཉིས་ཀྱི་མདུན་དུ་ལྷུང༌། མདའ་སྒྲོ་བཟོ་བར་གླག་གི་སྒྲོ་འཕྲུ་བཏོགས་ཏེ་རྒྱབ་ཁུག་ཏུ་ཁུར།      ཡུད་ཙམ་རྗེས་སུ་ཐང་ནག་ཅིག་ཤར་རིའི་རྩེ་ནས་ལྡིང་སྐོར་རྒྱག་བཞིན་དལ་བུར་
གཡུ་ལྷ་དང་དུང་སྐྱོང་གཉིས་ཀྱི་མདའ་རྩལ་འགྲན་གྱིན་པའི་ཕྱོགས་སུ་འཕུར་བྱུང༌། དུང་སྐྱོང་གིས་བསམ་པར། གཡུ་ལྷའི་མདའ་རྩལ་ལས་རང་གི་མདའ་རྩལ་བཟང་བ་མིན་ན་ངན་མིན། དེ་རིང་གཡུ་ལྷའི་མདུན་ནས། བདག་གི་རྩལ་ཡོད་དགུ་འདོན་དགོས་བསམ་སྟེ་ཅུང་གཡུ་ལྷའི་སྔུན་ལ་བརྒྱུགས་ཏེ། ཐང་ནག་ཚུར་འཕུར་ཡོང་བའི་ཐད་ནས་ལག་གཡོན་གྱིས་གཞུ་འཆང་ལ་དམ་བཟུང་ཞིག་བྱས། ལག་གཡས་ཀྱིས་མདའ་མོ་གཞུ་རྒྱུན་ལ་སྦྱར་རྩིས་མང་ཙམ་བྱས་ཀྱང༌། མདའི་ལྟོང་ཀ་གཞུ་རྒྱུན་དུ་སྦྱར་མ་ཐུབ། དེ་དང་ལྷན་ཤར་ཕྱོགས་ཀྱི་རིའི་གདོང་སྣེ་ནས་ཤ་བ་བརྒྱད་ལག་ཅིག་གློ་བུར་དུ་ཐོན་ཏེ་ཁོང་གཉིས་ཀྱི་རྟ་འདྲོགས། དུང་སྐྱོང་གི་རྟའི་གོང་ཐག་ཆད། སྙེད་ཐག་ཞིག དུང་སྐྱོང་གི་རྐང་པ་གཡས་པ་ཡོབ་ཆེན་དུ་ཐོགས་ཏེ་ལག་རྡོས་རྙོབ་ཙམ་ཞིག་ཏུ་རྟས་དྲུད་ནས་བརྒྱུགས། མཐར་གོང་སྙེད་ཆད་པའི་རྐྱེན་གྱིས་རྟ་དང་མི་སྒ་སོ་སོར་གྱུར། གཡུ་ལྷ་རྟ་ཐོག་ནས་གད་མོ་ཤོར་ཏེ་ལྷུང་གྲབས་ལྷུང་གྲབས་བྱས། དེ་རྗེས་ཁོང་གི་རྟ་ལ་ལྕག་གིས་ལན་གཅིག་བསྐུལ་ཏེ་དུང་སྐྱོང་གི་རྟའི་རྗེས་སྙེགས། དུང་སྐྱོང་གི་རྟ་དང་གཡུ་ལྷ་གཉིས་ཐག་ཉེ་རུ་གྱུར་སྐབས། གཡུ་ལྷས་རང་ཉིད་རྟ་ཐོག་ནས་དུང་སྐྱོང་གི་རྟ་ཐོག་ཏུ་ཤུགས་ཀྱིས་མཆོངས་ཏེ་རྟ་ཁ་བཀག་ནས་བཟུང༌། ཚུར་དུང་སྐྱོང་གི་སར་བསླེབས་ནས་གད་མོ་ཆུང་ངུ་ཞིག་དང་བཅས་གླུ་ཚིག་རང་ངོ་རང་སྤྲད་ཅེས་པ་འདི་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །རྒྱ་རྫོང་སྟག་མོ་མཆོང་ས་ལ། །སྤང་རིའི་ཝ་མོ་འདུག་ཤེས་བྱོས། །ཝ་མོའི་རྐང་པ་ཆག་ཉེན་ཡོད། །ཤཱཀྱ་ཐུབ་པའི་མདུན་ས་ན། །ཤ་རིའི་བུ་ཡིས་བག་ཡོད་བྱོས། །དུག་གསུམ་དགྲ་བོ་ལང་ཉེན་གདའ། །དུག་སྦྲུལ་ནག་པོའི་འཁྱུག་འགྲོས་ལ། །ས་འབུ་མིག་མེད་བློ་མ་འཁོར།། ཁྭ་ཏ་ནག་པོས་འཛིན་ཉེན་ཆེ། །བྱ་རྒྱལ་ཁྱུང་གི་གཤོག་རྩལ་ལ། །བྱེ་མ་ལེབ་ཀྱིས་བརྣབ་སེམས་སྤོངས། །ཆར་རླུང་དྲག་པོས་བཅོམ་ཉེན་ཆེ། །ང་རྩལ་དྲུག་རྫོགས་པའི་གཡུ་ལྷ་ཡིས། །ཡངས་ཤིང་རྒྱ་ཆེའི་སྤྲིན་ཐང་དུ། །ལུས་ཀྱི་རྩལ་དྲུག་ངོམ་པ་འདི། །བུ་དཔའ་བོའི་རིགས་ཀྱི་རང་གཤིས་ལགས། །དུང་སྐྱོང་ཟེར་བའི་བག་བྲོ་བོ། །རང་གི་རྐང་ལག་བདག་སྐྱོང་བྱོས། །ཤེས་བཞིན་བསྟེན་ན་མཁས་པ་ཡིན། །རང་སེམས་རང་གིས་མ་མནན་ན། །རང་མཚང་ངན་པ་སྟོན་ཉེན་གདའ། །དུས་དེ་རིང་བྱུང་བའི་ཟློས་གར་འདི། །ནང་ན་ཟླས་གོ་ན་ངོ་རེ་ཚ།། ཕྱི་དགྲ་བོས་རིག་ཚེ་ཁུང་དགོད་འཆོར། །ཨེ་གོ་གླུ་ལ་དོན་ཆེན་ཡོད། །རང་ངོ་སྤྲད་པའི་གླུ་ཐུང་འདི། །གོ་ན་འཇིག་རྟེན་གནས་ལུགས་ལགས། །མ་གོ་གླུ་ལ་འབྲེལ་བ་མེད། །
    ཅེས་དེ་ལྟར་བླངས་ཏེ་གཡུ་ལྷས་དུང་སྐྱོང་གི་ལག་ཏུ་སྲབ་མདའ་བཞག་སྟེ། སྤྲིན་ཐང་གི་ལྷོ་ནུབ་ཕྱོགས་ལ་ནགས་ཚལ་སྟུག་པོ་ཞིག་ཡོད་སའི་ནགས་མཐར་བཞུད། ནམ་མཁའ་སྔོ་ལ་དྭངས་ཤིང་མཁའ་འོག་གི་རྫ་རི་ཐམས་ཅད་གངས་ཀྱིས་བཟུང༌།  ཨ་ཁུ་དང་ཨ་མྱེས་དབུ་ལྟར་དཀར་བའི་གངས་རི་དག་གིས། གླིང་གི་རྒྱལ་ཁབ་ལ་ཅི་འདྲའི་མཛེས་སྡུག་ལྡན་པའི་ལེགས་སྐྱེས་རེ་ཕུལ་ཡོད་པའི་སྣང་བ་སྟེར། མུ་མཐའ་བྲལ་བའི་ཐང་ཆེན་གྱི་རྩྭ་དང༌། འཇག་མ་རྣམས་ཁ་མདོག་སེར་པོར་གྱུར་ཏེ། གསེར་གྱི་་ཞིག་དང་མཚུངས། རིན་ཆེན་གཏེར་ཁའི་རིགས་སྣ་ཚོགས་ལས་གྲུབ་པའི་གནས་འདིས། ཅི་འདྲའི་འཛད་མེད་འཚོ་བའི་ལོངས་སྤྱོད་ཅིག་གླིང་གི་འབངས་མི་དང་སྒོ་ཟོག་སེམས་ཅན་ལ་ཕུལ་ཡོད་པ་ཤུགས་ཀྱིས་རྟོགས། རྫ་ཆུ་དང་ལུང་ཆུ་རྣམས་ཀྱི་འགྲམ་ནས་བལྟས་ན། བསིལ་ཞིང་དྭངས་ལ་རྙོག་པ་མེད་པའི་ཆུ་ནང་དུ། ཚོན་དཀར་སེར་དམར་ལྗང་ལས་གྲུབ་པའི་རིན་ཆེན་མཆོང་རྡོ་དག་ཁྲ་ཀྲིག་ཀྲིག་ཤར་ཞིང༌། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་རྣམས་མཐོང་བའི་ཚེ་ན། ནད་རིགས་བཞི་བརྒྱ་རྩ་བཞི་བྱང་ཞིང་དག་བྱེད་ཀྱི་ནུས་ལྡན་དུ་ཚོར། རྒྱང་རིང་ནས་མཐོང་ཚེ། སྔོ་ཀྲིག་ཀྲིག་ངང་གཡུ་འབྲུག་སྔོན་མོ་ཐང་ལ་རྒྱུ་བ་དང་འདྲ། མ་ཟད་བོད་ཆེན་པོའི་གླིང་ཡུལ་གྱི་ཆུ་མིག་ལྟེང་ཀ་དང༌། ལུང་ཆུ་རྣམས་ཀྱིས། བོད་ཆེན་པོའི་མཐའི་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ཀྱི་མི་དང་སྲོག་ཆགས། རྩི་ཤིང་དང་ནགས་ཚལ་ཀུན་ལ་ཚེ་སྲོག་སྦྱིན་པར་བྱེད་དེ། འཛད་པ་མེད་པའི་བདུད་རྩིའི་ཆུ་རྒྱུན་ཞིག་ལེགས་སྐྱེས་ཀྱི་ཚུལ་དུ་ཅི་ཙམ་རེ་ཕུལ་མྱོང་བ་སུས་དཔག་ནུས། ཨོ་དགོངས་པ་མ་ཚོམ། དུང་སྐྱོང་དང་གཡུ་ལྷ་གཉིས་ཀྱི་སྒྲུང་བཤད་རྒྱུ་དེ། མཛེས་སྡུག་ལྡན་པའི་གླིང་གི་ཡུལ་ལྗོངས་འདིས་རྦད་དེ་བཅད་སོང༌།
    དགུན་ཁའི་དུས་འདིར་ཡང་ནགས་ཚལ་རྣམས་རྒྱུན་ལྡན་ལྟར། ལྗང་ནག་ལྟེམ་མེ་ཡོད་ཅིང༌། གཡུ་ལྷ་དང་དུང་སྐྱོང་གཉིས་ཀྱིས་ད་དུང་ནགས་མཐའ་ནས་མདའ་རྩལ་འགྲན། དུང་སྐྱོང་གི་མདའ་རྩལ་གཡུ་ལྷ་ལས་ཅུང་ཞན་རུང༌། རྟ་སྦངས་རེ་མིག་གིས་རིག་རྒྱང་མཚམས་སུ་ཡོད་པ་རྣམས། མདའ་མོ་ཅི་ཙམ་འཕངས་པ་དེ་ཙམ་གྱིས་གཅིག་ཀྱང་མི་ལུས་པར་ནག་མེད་དེ། ནག་མེད་དེ་རྟ་སྦངས་རྣམས་རྩྭ་སྐྱའི་ཁྲོད་དུ་སྤུར་འགྲོ་བ་དང༌། ཁོང་གཉིས་ཀྱིས་མདའ་ཡར་ནམ་མཁར་འཕངས་ན། དྲང་ཤེད་ཀྱིས་ནམ་མཁའི་མཐོང་ནས་ཡལ་འགྲོ་ཞིང༌། རྒྱང་རིང་གི་ཁ་གཏད་ནས་ཡར་ཙོག་སེ་ལང་ཡོད་པའི་ཕ་བོང་དང༌། བྲག་གཡའ་མ་དག་མེ་རྟགས་དང་དུད་གོར་ལྷན་དུ་ཚལ་བར་གཏོར། གསོམ་ཤིང་གི་མཐུག་པོ་དང་ཡལ་ག་ཕྲ་མོ་གང་ལ་དམིགས་པ་དེ་ལ་ཕོག་སྟེ་རྩ་བར་ཟག
    ཉིན་གུང་བསླེབས་ནས་གཡུ་ལྷས་དུང་སྐྱོང་ཆུ་ལེན་དུ་མངགས། རྫ་ཆུའི་ཁ་ནས་དུང་སྐྱོང་གིས་ཆུ་ལེན་སྐབས། གཡུ་ལྷས་དུང་སྐྱོང་གི་མགོའི་ཞྭ་མོ་ལྟག་རིང་གི་རྩེ་དམིགས་འབེན་དུ་བཞག་སྟེ་མདའ་གཅིག་འཕངས། མདས་ཞྭ་མོ་ལྟག་རིང་གི་རྩེ་ཕུག ཞྭ་མདའ་རྩེར་བསྐོན་ནས་རྒྱང་གྲགས་གཅིག་གི་སར་གཡུགས།  ཁོང་ཁྲོའི་མེ་འབར་བའི་དུང་སྐྱོང་གིས་ཆུ་བླངས་ནས་ཡོང༌། ཁོང་ན་རེ། རིན་ཆེན་ཚེ་སྲོག་རིན་པོ་ཆེ་རུ་མ་མཐོང་རུང༌། མི་གཅིག་སྲོག་གཅིག་ཡིན་པ་ངོས་འཛིན་ལོས་དགོས། བདག་བསད་ན་ཆོས་རྒྱལ་ལ་ཅི་ཟེར། བདག་གི་མནའ་མ་ཆོས་སྒྲོན་གྱིས་ཁྱོད་ཟ་མ་ཐུབ་ནའང༌། དམོད་ཚིག་རྣམས་ཁྱོད་ཀྱིས་རྣ་བར་བཟོད་དམ། རྩེད་འཇོ་ལ་ཚད་མེད་ན་ཨ་ལུ་དང༌། སྲོག་ལ་རིན་ཐང་མ་བཞག་ན་ཀླ་ཀློ་ཡིན་པ་ཨེ་གོ  ཞེས་གཤེ་གཤེ་མང་པོ་བཏང་མཐར། གཡུ་ལྷས་དུང་སྐྱོང་ལ་ལན་དུ། སྤོབས་དགུ་བརྩེགས་ཀྱི་གླུ་འདི་འདྲ་ཞིག་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གཡུ་ལྷ་གཞོན་པའི་དུས་སྐབས་སུ། །ལུས་ཀྱི་གྲིབ་མར་འདྲོག་པའི་སྐབས། །མི་རྩེ་དགུ་རྩེ་བྱེད་དུས་སུ། །རྒྱ་རྫོང་སྟག་མོ་རྩལ་མེད་རུང༌། །ཁུ་ཚུར་ལག་པས་བསད་མྱོང་ཡོད། །ཤྭ་བ་ཤྭ་སྐྱ་མིང་ཆེ་ཡང༌། །རྐང་བདས་བཟུང་བའི་ལོ་རྒྱུས་བཞག །ནམ་མཁའི་བྱ་ཕོ་མཐོ་དྲགས་ཀྱང༌། །ལག་རྡོས་ས་ལ་ཕབ་པར་བྱས། །དྲེད་མོང་ཟེར་བའི་ཟོག་པོ་ཆེ། །བེ་ཤིང་དབྱུག་པས་ཆམ་ལ་ཕབ། །མདུང་སྤུ་གྲི་མཁའ་ལ་ཕྱར་བ་ལ། །མར་ཕབ་པ་དོན་མེད་བྱུང་མྱོང་མེད། །གཞུ་མདའ་མོའི་ལྟོང་ཀ་སྦྱར་བ་ལ། །དོན་མེད་ལ་འཕངས་པའི་ལོ་རྒྱུས་དཀོན། །ཞྭ་མོ་མདའ་རྩེར་བསྐོན་པ་དེ། །ཧ་ལས་དགོས་ན་རང་མཚང་ཡིན། །མདའ་རྩལ་རྫོགས་པའི་སྟག་ཤར་ལ། །གདེང་ཚོད་མེད་ན་གུ་རེ་མེད། །སེངྒེ་དཀར་མོ་གངས་ནས་འགྱིང༌། །གཅན་གཟན་རྒྱལ་པོར་བསྐོས་པའི་རྟགས། །རྒྱལ་རྫོང་སྟག་མོའི་གླ་སྒྱིང་དེ། །ནགས་ཚལ་དབང་དུ་བསྡུས་པའི་རྟགས། །དྲུག་འགྱུར་སྤོབས་པ་དགུ་བརྩེགས་གླུ། །གོ་ན་རྣ་བའི་བདུད་རྩི་ཡིན། །མ་གོ་གླུ་ལ་འབྲེལ་བ་མེད། །
    ཅེས་གླུ་དེ་ལྟར་བླངས་ནས་གཡུ་ལྷ་དང་དུང་སྐྱོང་གཉིས་ཚུར་ཡོང་སྐབས། སྤང་ལེབ་ཆེན་ཞིག་གི་འགྲམ་ལ་སླེབས་པ་ན། སྤང་རྫ་གཉིས་གྱི་ཕྱོགས་སུ་ཞིབ་མོར་བལྟས་པས། ཤྭ་བ་གཉིས་ཉལ་བསྡད་པ་མཐོང༌། གཡུ་ལྷ་ན་རེ། མདའ་རྩལ་བྱང་ཆུབ་པ་ཞིག་ལ་མཚོན་ན། རི་དྭགས་ཉལ་བསྡད་སྐབས་རྔོན་ན་རྔོན་པ་མཁས་ཀྱང་དོན་གོ་ཆུང༌། དེ་ལས་དེ་རིང་ནི་མདའ་རྩལ་འགྲན་དུ་ཡོང་བ་ཡིན་པས། ཤྭ་བ་གཉིས་ཀྱི་ཉེ་སར་བཅར་ཏེ། དང་པོ་ཁོང་གཉིས་དཀྲོག  གཉིས་པ་འབྲོ་རུ་བཅུག གསུམ་པ་སྔུན་བླངས་ནས་སྐོར་བ་རྒྱག་ཏུ་བཅུག་མཚམས། མདའ་མོ་སྟག་རལ་ནས་བླངས་ཏེ་འཕེན་དགོས། ཞེས་གྲོས་བྱས་པར། དུང་སྐྱོང་ཡང་འཐད། ཁོང་གཉིས་ག་ལེར་འགྲམ་དུ་བཅར་སྐབས། ཤ་བ་གཅིག་བརྒྱད་ལག་ཅིག་དང་གཞན་པ་བཅུ་དྲུག་ལག་ཅིག་ཡིན་ཏེ། ཤ་བ་བཅུ་དྲུག་ལག་དེ་གཡུ་ལྷས་རྔོན་རྒྱུ་བྱས།
    སྐབས་དེར་གཡུ་ལྷས་ཀི་ཐུང་ཞིག་བྱས་པ་དང་རྟ་ལ་ཞོན། ཤྭ་བ་དེད་དེ་མཐར་སྔུན་བླངས་པ་དང་མཉམ་དུ། རྒྱུག་བཞིན་རྒྱུག་བཞིན་ཤྭ་བའི་སྣ་བ་གཉིས་ནས་རླངས་པ་འཐུལ་མ་མཚམས་དེ་འབེན་དུ་བླངས་ཏེ་གཅིག་འཕངས། ཤྭ་བའི་སྐེ་གཡས་ཕྱོགས་ནས་ཕུག་སྟེ་གཡོན་ཕྱོགས་ནས་མདའ་མགོ་ཐོན། ད་དུང་ཤྭ་བའི་མགྱོགས་ཚད་དལ་དུ་མ་སོང་བར། གཡུ་ལྷས་བསྐྱར་དུ་མདའ་མོ་ཞིག་བླངས་ཏེ་ཤྭ་བའི་དང་གའི་དཀྱིལ་དུ་ཐེངས་གཅིག་བརྒྱབས་པས། སྐད་ཅིག་དེ་ཉིད་དུ་ས་ལ་འགྲིལ། ཨ་ལོག་ཡང་ལོག་གསུམ་བརྒྱབ་མཐར་དྲན་མེད་དུ་བརྒྱལ། དེ་མ་ཐག་གཡུ་ལྷ་རྟ་ལས་བབས་ཏེ་སྐེད་པའི་གློ་གྲི་ཕྱུང༌། མ་ཎི་ཞིག་འདོན་ཞོར་ཤྭ་བའི་བྲང་ནས་ཅུང་ཙམ་གཤགས་ཏེ་སྲོག་རྩ་བཅད།
    ཇ་ཡུན་ཙམ་ཞིག་སོང་ཕྱིན། ད་གཟོད་དུང་སྐྱོང་མི་རྟ་གཉིས་ཐང་ཆད་དེ་གཡུ་ལྷའི་སར་བསླེབས། དུང་སྐྱོང་ན་རེ། ཤྭ་བ་བརྒྱད་ལག་དེ་དེད་དེད་ཀྱི་མཐའ་མར། རྫ་ཁ་ཞིག་ནས་བརྒལ་སོང༌། སྟག་རལ་སྟོང་བར་གྱུར་ཚེ་འཕངས་ཀྱང་ཤྭ་བ་བསད་མ་ཐུབ།    ཁ་ཚུམས། མི་ངན་ཁ་ན་མ་ཐུབ་མ་འཇོན་ཞིག་མ་གཏོགས་ཐུབ་རབས་འཇོན་རབས་ཤིག་གཅིག་ཀྱང་ཡོད་པ་མ་རེད། དེ་ལས་མདུན་གྱི་ཤྭ་བོའི་རོ་དེ་བཤོས་ཤིག ཅེས་གཡུ་ལྷས་བཤད་པ་བཞིན། དུང་སྐྱོང་གིས་ཤྭ་བ་བཤས། ཤ་དང་པགས་པ་བགོ་བཤའ་མདའ་མོའི་ལྟོང་ཀ་གཤགས་པ་ལྟར་བརྒྱབ་སྟེ། ཤྭ་བའི་སྟོད་ཚིལ་གཅིག་པོ་ཁུག་མ་ཆེན་པོ་ཞིག་གི་ཁ་གང༌།
     ཤྭ་བ་བསད་དེ་ཁོང་གཉིས་ཚུར་ལོག་འོང་བ་ཁྲོ་ཐུང་གིས་མཐོང་ནས། སྟོབས་ཆེན་ལ་རྔོན་པ་ཨེ་འགྲོ་ཟེར། སྟོབས་ཆེན་གྱིས་དེ་ཡོང་བརྗོད་ནས་སྟག་རི་རྩེ་རྒྱལ་གྱི་ངོས་སུ་སླེབས་སྐབས། རི་ངོས་སུ་ཤྭ་བ་གསུམ་ལངས་ནས་འདུག་པ་མཐོང༌། སྟོབས་ཆེན་གྱིས་མདའ་གཅིག་འཕངས་ནས་ཤྭ་བ་གཅིག་བསད། ཡང་སྟོབས་ཆེན་གྱིས་མདའ་གཉིས་པ་འཕངས་པ་དང་ཁྲོ་ཐུང་གིས་མདའ་གཅིག་འཕངས་པ་དུས་མཚུངས་སུ་ཆགས་པས། ཤ་བ་གཅིག་འགྲིལ་ནས་བྱུང༌། ཁྲོ་ཐུང་དང་སྟོབས་ཆེན་གཉིས་སུ་མགྱོགས་ལ་ཐོབ་བྱས་ནས་རྒྱུག ཁྲོ་ཐུང་ཞེ་སྡང་དྲག་པོ་ལངས་ནས་ངོ་གདོང་དམར་པོར་གྱུར། རྒྱ་དང་སྨ་ར་རྣམས་ཟང་ཟིང་གིས་སྲིན་གྲིའི་གྲི་མགོ་འཕུར་བཞིན་གླུ་འདི་ལྟར་བླངས་སོ། །    
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུཌ་རེད། །སྟག་རི་སྤྲིན་གྱི་གཞལ་ཡས་ནས། །བོན་སྲས་སྟག་ལྷ་མེ་འབར་མཁྱེན། །མཁྱེན་གཟིགས་ཁྲོ་རྒྱལ་གྲོགས་ལ་བྱོན། །ས་འདི་ས་ངོ་མ་ཤེས་ན། །ཞང་ཞུང་ཡུལ་གྱི་རྒྱབ་རི་རེད། །སྟག་རི་རྩེ་རྒྱལ་མར་གཤམ་རེད། །ཟངས་རི་རྔམས་ཡག་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །རང་ཁྲ་མོ་འགོ་འཛིན་ཁྲོ་རྒྱལ་ཟེར། །ཕོ་རོག་སྙིང་རྫོང་ནང་བཅུད་ཀྱི། །འགྲན་མེད་རྒྱལ་པོའི་ཁུ་བོ་ཡིན། །ཁོ་རེ་སྟོབས་ཆེན་ཝ་མོའི་བུ། །ཧམ་ཆེན་སྤྲང་པོའི་རྒྱགས་གཏམ་དེ། །ཕ་ཕྱུག་པོའི་བུ་ལ་འགྲོ་ལེ་མིན། །རྫབ་ཆེན་བུ་མོའི་ཧམ་གཏམ་དེ། །བཙུན་མོའི་སྙན་ལ་འགྲོ་ལེ་མིན། །ཕོ་ཁྱོད་དང་རང་གཉིས་འདྲ་ལེ་མིན། །མི་འདྲའི་རྩ་བ་ཤོད་ཟེར་ན། །ང་འགྲན་མེད་རྒྱལ་པོའི་ཁུ་བོ་དང༌། །ཁྱོད་ཡུལ་ཤོར་སོག་གི་བློན་པོ་གཉིས། །འདྲ་བསམ་འགྲན་ས་ག་ལ་ཡོད། །གངས་སྟོད་སེངྒེའི་གཡུ་རལ་དང༌། །གྲོང་གསེབ་ཁྱི་ཡི་སྐྱག་རལ་གཉིས། །འདྲ་ལེ་བསམ་ཀྱང་འདྲ་ས་མེད། །སེར་པོ་གསེར་དང་ར་གན་གཉིས། །འདྲ་བསམ་དོ་ས་ཅི་ལ་ཡོད། །ཤྭ་ཕོ་ཆེན་ཁྲོ་ལུའི་མདའ་ཡིས་ཕབ། །ཤ་ཞིམ་པོ་ཝ་མོས་ཟ་འདོད་གདའ། །དེ་བསམ་ལེ་བཞིན་དུ་འགྲུབ་ནི་མིན། །ཤྭ་དུང་ར་ང་ལ་མ་བྱུང་ན། །ང་ཁྲོ་རྒྱལ་ཤི་བའི་རོ་དང་འདྲ། །ཁྱེད་སྟོབས་ཆེན་ཝ་མོའི་ཡིད་ལ་ཞོག །
    ཅེས་གླུ་དེ་ལྟར་བླངས་ནས་ཤྭ་རོའི་འགྲམ་དུ་འོང་བས། སྟོབས་ཆེན་ན་རེ། ཁྱོད་ཁྲོ་རྒྱལ་དགོངས་པ་མ་ཚོམ། ཤྭ་བར་མདའ་མོ་མཉམ་འཕེན་རེད། ཤྭ་རོ་མཉམ་དུ་བྱས་ཆོག་ཟེར། ཁྲོ་ཐུང་འདོད་པ་མ་གང་བས། ཉན་འཇོག་མེད་པར་གྲི་མགོ་འཕུར་བཞིན། ཤྭ་རོ་བདག་སྤྲོད་ལེན་རྩིས་བྱས། སྟོབས་ཆེན་ཞེ་དགོད་ལངས་ནས་ཁོ་རེ་ཁྲོ་ཐུང་ཝ་མོ་སྡར་ཐུང་ཁྱོད། འཇམ་པོའི་གཏམ་ལ་མ་ཉན་ན། ད་རྒོད་པོ་ཡོད་ན་ཐོན་ཤོག་བརྗོད་དེ། མྱུར་དུ་ཁྲོ་ཐུང་གི་འགྲམ་རྩར་ཁུ་ཚུར་གཅིག་བརྒྱབ་ནས་ཐང་ལ་འགྲིལ། སོག་བློན་ནམ་མཁའ་ཐོག་བཟུང་མྱུར་དུ་ཡོང་ནས། ཁྲོ་ཐུང་ཡང་བསྐྱོར་ཏེ་གཡས་ཉེ་གཡོན་ཕྱོགས་མེད་པའི་གླུ་འདི་བླངས་སོ། །
    གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །རྫོང་བཙན་དཀར་མོ་རབ་ཁྲམ་ནས། །སོག་རི་ནོར་བུ་རྩེ་རྒྱལ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ཞང་རི་སྟག་མོའི་མར་གཤམ་རེད། །ང་དང་ང་ངོ་མ་ཤེས་ན། །སོག་སྨད་བྱེ་རྫོང་ཕྱུག་མོ་ནས། །བློན་ཆེན་ནམ་མཁའ་ཐོག་བཟུང་ཟེར། །གེ་སར་བླ་མའི་ཆོས་བློན་ཡིན། །སྟག་རོང་དཔོན་པོ་ཁྲོ་རྒྱལ་ཁྱེད། །དགོངས་ཚོམ་མ་གནང་ཁྲོ་རྒྱལ་དཔོན། །ཐུགས་དགོངས་རྒྱ་ཆེ་ཁོག་ཡངས་ལ། །གཉེར་བསྡུ་རལ་གསིག་གནང་རྒྱུ་མེད། །སྤྱན་མིག་ཐོ་རེངས་སྐར་ཆེན་ལ། །མེ་སྟག་ཟི་ར་འཚུབ་རྒྱུ་མེད། །སྐུ་ལུས་རི་རྒྱལ་ལྷུན་པོ་ལ། །གཡོ་འགུལ་རླུང་བསྐྱོད་མཛད་རྒྱུ་མེད། །ཤྭ་བོའི་ཁྲག་གི་རྭ་ཅོའི་དོན། །དཔོན་བློན་ནང་འཁྲུགས་ཅི་ལ་དགོས། །གནའ་མི་བོད་ཀྱི་གཏམ་དཔེ་ལ།། བོན་ཆུང་རང་མགོ་ཐོན་ཁ་དེར། །གདམ་ངག་མ་ཉམས་བན་བོན་ཚོ། །སྟག་ཤར་དགྲ་མགོ་འདུལ་ཁ་དེར། །ནང་གྱོད་མ་བྱེད་ཕོ་གསར་ཚོ། །སྨན་ཆུང་གཞན་སྒོ་འགྲིམ་ཁ་དེར། །གནས་ཉེས་མ་འཁུར་བུ་མོ་ཚོ། །རྒྱལ་བློན་རང་ཡུལ་འབྱོར་ཁ་དེར། །ནང་འཛིང་མ་གཏུག་བློན་ཆེན་གཉིས། །ཤྭ་བ་བསད་པའི་རོ་ཡི་དོན། །མི་ཆེན་ནང་འཛིངས་གཏུགས་པ་དེ། །ཁྲོམ་པས་ཤེས་ན་མི་ཁ་ཆེ། །རྒྱལ་བློན་གསན་ན་དགོངས་པ་འགལ།། དུས་ད་སོང་སྡུག་ལ་ཕྱི་མ་སྡུག །ལས་དམ་ཚིག་ཉམས་ནས་ངན་འགྲོར་ལྷུང༌། །ལས་དེ་འདྲ་མ་བསགས་བློན་ཆེན་གཉིས། །དུང་ར་སྟོབས་ཆེན་བློན་གྱིས་ཁུར། །ཤྭ་རོ་ཁྲོ་རྒྱལ་དཔོན་གྱིས་མཛོད། །ཕྱི་དགྲ་མི་ཐུབ་ནང་འཛིངས་དེ། །ཐབས་སྡུག་ལས་ཡིན་ཨ་དགོས་ཆུང༌། །ད་མི་འདུག་ཨེ་གོ་སྒར་དུ་འགྲོ། །ཨེ་རེད་ཨ་ཁུ་དཔུང་རོགས་ཚོ། །གོ་ན་བློན་གཉིས་ཐུགས་ལ་ཞོག །
    ཅེས་དེ་ལྟར་བླངས་པ་དང༌། སྟོབས་ཆེན་དང་ཁྲོ་རྒྱལ་གཉིས་ཀས་གཏམ་འདི་བདེན་པར་གོ་ནས་ཤྭ་རོ་བགོས་ཏེ་བྱོན། ས་རུབ་པ་དང་སྒར་དུ་འབྱོར། ཤྭ་ལྤགས་སྙེད་ཐག་དང་ཡོབ་ལོང༌། སྲབ་མདའ། མཐུར། གློ་ཐག་བཅས་བཟོ་སྐྱེད་དུ་ཉལ། དེ་ནུབ་རྒྱལ་བློན་རྣམས་བྱེ་རི་བརྒྱུད་ནས་ཕེབས་རྒྱུའི་གྲོས་ཁ་བཅད། བྱེ་བློན་ཆོས་འགྲུབ་སྔོན་དུ་བྱེ་རིར་བྱོན། ཕྱི་ཉིན་སྒར་བཀྱག་ནས་ཐོན་པས། ཞག་བཅུ་དང་ཉིན་ཕྱེད་ཙམ་ལ་བྱེ་རིའི་ཡུལ་དུ་འབྱོར་ཁར། བྱེ་བློན་ཆོས་འགྲུབ་ཀྱིས་རྒྱལ་མཆོག་གི་ཕེབས་བསུར་བཅར་བ་དང༌། རྒྱལ་བློན་རྣམས་གདན་ཞུ་བྱས། གསོལ་འདྲེན་ལེགས་པར་བྱས་ཏེ་ཞག་བདུན་གཅིག་རིང་དགའ་སྐྱིད་དཔལ་ལ་ལོངས་སུ་སྤྱད་དོ།། །།

མདུན་ཤོག

Menu