[toc]

བོད་ཀྱི་སྐད་ཡིག་གི་གལ་གནད།(ཨང་དང་པོ།)

བསོད་ནམས་རྡོ་རྗེ། མ་སུ་རི་སློབ་གྲྭ།

༄༅།། སྤྱིར་སྐད་ཡིག་ནི་རང་ཅག་འགྲོ་བ་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ཁྱད་ནོར་ཞིག་ཡིན་པ་ནི་བརྗོད་མི་དགོས། དེའི་སྟེང་ནས་རང་ཅག་སྨྲ་ཤེས་དོན་གོ་བ་མིའི་རིགས་རྣམས་དུད་འགྲོ་སེམས་ཅན་གྱི་རིགས་ལས་ཆེས་ཁྱད་དུ་འཕགས་པ་དང་ཆེས་རིགས་རྩལ་ཆེ་བ་ཡོད་པ་མཚོན་ནུས། གཞན་ཡང་སྐད་ཡིག་ནི་མི་རིགས་སུ་འདྲ་ཞིག་ཡིན་རུང་གལ་གནད་ཤིན་ཏུ་ཆེ་སྟེ། སྐད་ཡིག་གི་ཐོག་ནས་མི་རིགས་རང་བཙན་པ་གང་ཞིག་མི་རིགས་གཞན་དང་མ་འབྲེལ་བར་རྣམ་པ་ཟུར་དུའམ་ལོགས་སུ་སྟོན་བྱེད་ཀྱི་ཚད་ཐིག་ཅིག་རང་བཞིན་གྱིས་གྲུབ་པ་ཡིན། ད་དུང་སྐད་ཡིག་གི་ཐོག་ནས་མི་རིགས་གང་ཞིག་གི་རྣམ་དཔྱོད་རྩལ་གྱི་རྣོ་ངར་ལེགས་ཉེས་དང་རིག་གཞུང་གི་དབུལ་ཕྱུག་ཀྱང་གསལ་པོ་རྟོགས་ནུས་པ་ལགས།
    ཡང་སྒོས་སུ་རང་ཅག་གངས་ཅན་པའི་ཤིན་ཏུ་རྩ་ཆེ་བའི་སྐད་ཡིག་འདི་ཉིད་ལ་ཆ་མཚོན་ན། སློབ་དཔོན་ཐོན་མིས་དཀའ་བ་ཁྱད་བསད་ཀྱིས་འབད་པའི་འབྲས་བུ་ཞིག་དང༌། རང་རེའི་སྔོན་གཤེགས་རྒྱལ་བློན་དང་ལོ་ཙཱ་བ་བྱང་ཆུབ་སེམས་དཔའ་བགྲང་གི་མི་ལང་པ་ཇི་སྙེད་ཅིག་གིས་སྐུ་ངལ་འཛེམ་མེད་དང་ཐ་ན་སྐུ་སྲོག་ཚུན་ཆད་ཕངས་མེད་འགྲོ་གྲོན་དུ་བཏང་ནས་སྐྱེ་འགྲོ་སྤྱི་ལ་སྨན་པའི་སངས་རྒྱས་ཀྱི་བཀའ་མདོ་སྔགས་དང་བཅས་པ་རང་ཅག་གདོང་དམར་བོད་རིགས་ཀྱི་སྐད་ཡིག་ནང་ལེགས་པར་བསྒྱུར་གནང་མཛད་པ་ནས་ད་ལྟ་འཛམ་གླིང་སྟེང་ནས་ངོམས་སུ་ཆོག་པའི་སྐད་ཡིག་ལོ་ངོ་སྟོང་ཕྲག་འགོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྐད་ཡིག་རྩེ་ཕུད་ཅིག་ཆགས་ཡོད། བོད་ཀྱི་སྐད་ཡིག་དེའི་ཐོག་ནས། དེང་སྙིགས་མ་ལྔ་ཧ་ཅང་གི་བདོ་བའི་དུས་འདིར་མི་རྣམས་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་ནས་ཟང་ཟིང་ཡ་མ་བརླ་བའི་འཚོ་བ་འབའ་ཞིག་ལ་རོལ་ནས་སེམས་ཀྱི་བདེ་བ་ལྟ་ཅི། ལུས་ཀྱི་བདེ་བ་ཡང་དབེན་པ་དེའི་ནང་ཆོས་ཀྱི་བསམ་པའི་དཔལ་ཡོན་གྱི་དཔལ་འབར་དར་ཁྱབ་ཏུ་བཏང་ནས་ལུས་ཅན་ཀུན་གྱི་སྡུག་བསྔལ་གསུམ་འཇོམས་ནུས་པའི་ནང་ཆོས་ནི་བོད་ཀྱི་སྐད་ཡིག་ནང་ཆ་ཚང་བ་དང་ཁུངས་དག་པ་ཞིག་ཡོད་པ་ཇི་བཞིན་སྐད་ཡིག་གཞན་དག་གི་ནང་མེད་ཅེས་བརྗོད་ཐུབ་པ་ཡིན། ནང་ཆོས་ཀྱི་གཞི་རྩ་ཡ་རབས་བཟང་སྤྱོད་དང་གཞན་ཕན་གྱི་བསམ་པ་དང༌། ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་སེམས་ཅན་ཕ་རོལ་པོ་ལ་འཚེ་བ་མེད་པ་རྒྱུ་མཚན་གྱི་རང་བཞིན་ལྡན་པའི་ཆོས་ལུགས་རྨད་དུ་བྱུང་བ་ཞིག་ཡིན་པ་ལས་རྟོག་བཟོ་སྒྲོ་བཏགས་ཀྱིས་བཅོས་པ་ཞིག་མིན། དེ་ལྟ་བུའི་ཆོས་ལུགས་ཆ་ཚང་བ་ནི་རང་ཅག་བོད་ཀྱི་སྐད་ཐོག་ཡོད་པ་ལས་གཞན་གྱི་སྐད་ཡིག་ཐོག་ཧ་ལམ་མེད། དེར་བརྟེན། ད་ལམ་ཡར་ཐོན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་འགྲོ་བ་མིའི་བདེ་སྐྱིད་ནི་ཕྱི་དངོས་པོའི་དཔལ་ཡོན་ཁ་ནས་བསྒྲུབས་མི་ཐུབ་པར་ནང་སེམས་ཀྱི་སྟེང་ནས་བསྒྲུབ་དགོས་པར་ཡིད་ཆེས་བྱེད་བཞིན་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་དང་ཉམས་ཞིབ་བྱེད་མི་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་ཡིན། དེ་ཡང་རང་རེའི་སྐད་ཡིག་ལ་མ་བརྟེན་པར་ནང་བསྟན་རིག་པའི་བྲོ་བ་ཆ་ཚང་བ་ཞིག་མྱོང་ཐུབ་རྒྱུ་ཧ་ལམ་ཁག་པོ་ཡིན། དེང་སྐབས་རང་ཅག་བོད་མི་རྣམས་རྒྱ་དམར་ཀླ་ཀློའི་བཀོལ་སྤྱོད་དང་མི་ཆོས་ལས་འདས་པའི་སྡུག་རྩུབ་མཐར་བསྐྲད་དང༌། རྒྱ་དམར་དང་བོད་པ་ཐ་དད་ཡིན་པའི་ས་མཚམས་དང་རང་ཅག་གི་རྒྱལ་ཁབ་གཙང་མ་ཡིན་པའི་དཔང་རྟགས་གཅིག་ནི་རང་རེའི་ཆོས་དང་རིག་གཞུང་སྤྱི་དང༌། ལྷག་པར་སྐད་ཡིག་ཆགས་ཡོད་སྟབས་དེ་ནི་རང་ཅག་རྣམས་བོད་པ་ཡིན་པའི་སྒྲུབ་བྱེད་དམ་མཚོན་བྱེད་དུ་གྲུབ་པ་ཡིན། འོན་ཀྱང་འདས་པའི་བགྲང་བྱ་བཞི་ཅུ་རྩ་གྲངས་རིང་རང་ཅག་གི་སྐད་ཡིག་རིག་གཞུང་བཅས་པ་ལ་ཉམས་རྒུད་བྱུང་ནས་དེང་གི་ཆར་བོད་ཀྱི་སྐད་ཡིག་དབྱིན་ཇི་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་གི་གཞན་དབང་དུ་གྱུར་དང་འགྱུར་བཞིན་ཡོད་པ་ཧ་ཅང་གི་ཡིད་སྐྱོ་བའི་གནས་རེད། སྐད་ཡིག་ལ་དོ་སྣང་གཅེས་འཛིན་མ་བྱས་ན༑ བདག་ཅག་གི་ཕ་མེས་ཡང་མེས་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ལ་ཁ་སྐྱེངས་དགོས་པ་ཞིག་དང༌། མ་འོངས་མི་རབས་རྗེས་མ་ཚོ་ལ་ངོ་གནོང་པ་ཞིག་ཆགས་མི་སྲིད་པ་མིན་པས། དེང་ཆར་སྐད་ཡིག་གི་རང་བཙན་ནི་བོད་རང་དབང་རང་བཙན་གྱི་གཞི་རྩའི་བསྒྲུབ་ཆ་ཡིན་པར་བརྟེན། རང་ཅག་བོད་མི་ཚང་མས་སྒོ་ཀུན་ནས་རང་རེའི་མི་རིགས་ཀྱི་སྐད་ཡིག་གི་རང་བཙན་ཆེད་རྒྱུན་དུ་བོད་སྐད་གཙང་མ་སྐྱོན་པ་དང༌། བོད་ཡིག་གང་ཐུབ་ཐུབ་གྱི་ཉིན་རེའི་འཚོ་བའི་ནང་དུ་དངོས་སུ་བཀོལ་སྤྱོད་ཡོང་བའི་རེ་འདུན་དང་བཅས།
ཞན་ཆ།     ལག་རྩལ་ལས་འབྱུང་བའི་ཁྱད་ནོར། ལག་རྩལ་ལས་བྱུང་བའི་ཁྱད་ནོར། རྣམ་སྤྱོད་རྩལ་གྱི་རྣོ་ངར། རྣམ་དཔྱོད་རྩལ་གྱི་རྣོ་ངར། མ་འབྲེལ་བ་རྣམ་པ་ཟུར་དུ། མ་འབྲེལ་བར་རྣམ་པ་ཟུར་དུའམ། དབུས་ཕྱུགས་གསལ་པོ། དབུལ་ཕྱུག་གསལ་པོ། འབད་པ་འབྲས་བུ་ཞིག། འབད་པའི་འབྲས་བུ་ཞིག། བྱང་ཆུབ་སེམས་པ། བྱང་ཆུབ་སེམས་དཔའ། རྩེ་ཕུད་ཞིག་ཆགས་ཡོད། རྩེ་ཕུད་ཅིག་ཆགས་ཡོད།  རྟོགས་བཟོ། རྟོག་བཟོ། སྨྲ་ཤེས་དོན་གོ་བ་མི་རིགས་རྣམས།སྨྲ་ཤེས་དོན་གོ་བ་མིའི་རིགས་རྣམས། བགྲངས་ཀྱི་མི་ལངས་པ་ཇི་སྙེད་ཞིག་གི། བགྲང་གིས་མི་ལང་པ་ཇི་སྙེད་ཅིག་གིས། སྙིགས་མ་ལྔ་ཧ་ཅང་གིས་གདངས་པའི་དུས་དེར། སྙིགས་མ་ལྔ་ཧ་ཅང་གིས་བདོ་བའི་དུས་འདིར། མི་རབ་རྗེས་མ།མི་རབས་རྗེས་མ།  

བོད་ཀྱི་སྐད་ཡིག་གི་གལ་གནད།(ཨང་གཉིས་པ།)

བསྟན་འཛིན་སྒྲོལ་དཀར། མོན་གྷོ་གཏན་སློབ།

༄༅།། སྙིགས་དུས་དམུས་ལོང་བདག་དང་བདག་འདྲ་བ། །འཁོར་བའི་གཅོང་རོང་གནས་ནས་ལྕགས་ཀྱུ་ཡི། །
འདྲེན་པར་མཛད་པའི་བཀའ་དྲིན་གསུམ་ལྡན་གྱི། །གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོར་འདུད། །
འདི་ནི་རྒྱ་མཚོ་ལས་ནི་ཆུ་ཐིགས་བཞིན། །བོད་ཀྱི་སྐད་ཡིག་གལ་གནད་མདོ་ཙམ་ཞིག།།
སྙིང་ནས་རང་བློས་གང་དཔག་གང་ཐུབ་ཅིག།།བདག་གིས་མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །

    བོད་ཀྱི་རྒྱལ་རབས་ཁག་ལ་གཟིགས་ན་ང་ཚོའི་བོད་ཀྱི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་སོགས་ཀྱི་སྐུ་ངལ་ཤིན་ཏུ་བསྐྱོན་ནས། ད་ལྟ་ང་ཚོ་བོད་ཀྱི་ཡི་གེ་འདི་ཉིད་གྲུབ་པ་ཡིན།
    ང་ཚོའི་ནང་པའི་མདོ་དང་བསྟན་བཅོས་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་གོ་བ་ལེན་ལེགས་ཤོས་དང༌། གསལ་ཤོས་ཆགས་ཡོད་པས། ད་ལྟའི་ཆར་འཛམ་གླིང་གི་མིརིགས་གཞན་རྣམས་ང་ཚོའི་སྐད་ཡིག་ཐོག་དོ་སྣང་བྱེད་བཞིན་ཡོད། བོད་ཀྱི་སྐད་ཡིག་ཐོག་བྱང་ཆུབ་པ་ཞིག་བྱུང་ན། ཆོས་ཀྱི་སློབ་སྦྱོང་བྱས་ན་དེ་ཙམ་གྱི་དཀའ་ངལ་མེད། དབྱིན་སྐད་སོགས་སྐད་ཡིག་གཞན་དུ་ཆོས་བསྒྱུར་ཡོད་ཀྱང༌། ཆོས་ཀྱི་གོ་བ་ཇི་མ་ཇི་བཞིན་བསྒྱུར་ཐུབ་མེད། དེ་ཡང་ང་ཚོའི་སྐད་ཡིག་གི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ན་ཡང་ང་ཚོ་བོད་མི་རྣམས་རང་ཉིད་ཀྱི་སྐད་ཡིག་ལ་དེ་ཙམ་གྱིས་དོ་སྣང་མི་བྱེད་པར། ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ཐོག་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། གལ་ཏེ་བོད་ཀྱི་སྐད་ཡིག་དེ་ཉམས་ཆག་ཏུ་ཕྱིན་པ་ཡིན་ན་སངས་རྒྱས་ཀྱི་ཆོས་ཀྱང་ཉམས་འགོ་ཚུགས་པ་སྟེ། ཆོས་ལུགས་ཀྱང་སྐད་ཡིག་ལ་བརྟེན་ནས་དར་སྤེལ་གནས་གསུམ་གྱི་བྱེད་ལས་ཅན་དུ་གྲུབ་པས་ཡིན་ནོ། བྱས་ཙང་བོད་ནང་གི་གནས་སྟངས་ཐོག་ལ་བསམ་བློ་གཏང་ན་བོད་མི་རྣམས་ལ་ཆོས་བྱེད་པའི་རང་དབང་སྤུ་ཙམ་མེད་པ་དེ་བཞིན་རང་གི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་མེད་པར་མ་ཟད། བོད་ཀྱི་སློབ་གྲྭའི་སློབ་དེབ་མང་ཆེ་བ་རྒྱ་སྐད་ཐོག་ཡོད་ཅིང༌། རྒྱལ་རབས་སོགས་ཀྱི་ནང་བོད་དེ་རྒྱ་མིའི་ཆ་ཤས་ཤིག་ཡིན་ཚུལ་མ་འོངས་བོད་ཕྲུག་རྣམས་ཀྱི་ཡིད་ནང་འཇགས་བཅུག་གི་ཡོད། དེ་བས་སློབ་ཕྲུག་ཚོའི་བསམ་བློའི་ནང་ལ་བོད་རྒྱ་གཉིས་ཐ་དད་ཡིན་པ་དང༌། སྔར་བོད་འདི་རང་བཙན་རྒྱལ་ཁབ་གཙང་མ་ཞིག་ཡིན་པ་སོགས་ཤེས་ཐུབ་རྒྱུ་ཁག་པོ་ཆགས་འདུག བོད་མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་དེ་རྒྱ་མིས་སྔོན་ཕྱི་ལོ་ ༡༩༤༩ ནས་བཟུང་ཡོད། མི་རིགས་རྩ་མེད་བཟོ་ཐབས་ཀྱི་ལམ་ཐོག་མ་དེ་མི་རིགས་དེའི་སྐད་ཡིག་མེད་པར་བཟོ་རྒྱུ་དང༌། རྗེས་སུ་རིག་གཞུང༌། ཆས་གོས་རྣམས་མཐུད་ཀྱི་ཡོད། བྱས་ཙང་རྒྱ་གཞུང་ནས་ལས་འགུལ་འདིའི་ཐོག་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པས། མ་འོངས་པ་ལ་ཡང་ལས་འགུལ་འདིའི་ཐོག་བྱ་བ་འདྲ་མིན་བརྩམ་ངེས་ཡིན།
    གལ་ཏེ་ང་ཚོ་བོད་སྐད་ཤེས་ཀྱི་མེད་པའི་ཚུལ་དུ་བཞག་ན། ང་ཚོའི་གདོང་དབྱིབས་དང༌། ཤ་མདོག་སོགས་ཕྱིའི་རྣམ་པ་གཅིག་མཚུངས་མི་རིགས་གཞན་མང་པོ་ཡོད་པས། དབྱེ་བ་འབྱེད་ཐུབ་རྒྱུ་དཀའ་བ་ཡིན། སོང་ཙང་མི་རིགས་དབྱེ་བ་འབྱེད་པའི་ཐབས་སམ་ཡང་ན་མཚོན་རྟགས་ལྟ་བུ་ནི་མི་རིགས་དེས་སྐད་གང་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ལ་རག་ལས་པར་སོང༌། སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཅིག་ངོས་འཛིན་བྱེད་ཀྱི་ཡོད་པ་བདེན་དོན་དུ་གྲུབ། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ྋགོང་ས་མཆོག་གི་ཐུགསརྗེ་འོད་ཟེར་ལ་བརྟེན། སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་དང༌། མཐུན་རྐྱེན་ཕུན་སུམ་ཚོགས་པ་ཤེས་ཡོན་ལྷག་བསམ་འཛོམས་པའི་དགེ་བའི་བཤེས་གཉེན་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་འཛོམས་པོ་ཡོད་པ་འདི་ཉིད་ཆུད་ཟོས་སུ་མི་གཏོང་བར་ཤེས་ཡོན་ལྡན་པའི་བོད་མི་བཟང་པོ་ཞིག་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་དགོངས་སྒྲུབ་མཁན་ཞིག་བྱ་རྒྱུར་འབད་འབུངས་བྱེད་དགོས།།
ཞན་ཆ།
    ལྕགས་ཀྱུས་ལྟར། ལྕགས་ཀྱུས་ཡིས། འདྲེན་པ་མཛད། འདྲེན་པར་མཛད། གསུམ་ལྡན་གྱིས། གསུམ་ལྡན་གྱི། བདག་གི་མདོར་བསྡུས། བདག་གིས་མདོར་བསྡུས། བོད་ཀྱི་ཡིག་གེ། བོད་ཀྱི་ཡི་གེ། དོ་སྣང་མ་བྱེད་པར། དོ་སྣང་མི་བྱེད་པར། བོད་དེ་རྒྱ་མིས་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ཀྱི་ཡོད་བོད་དེ་རྒྱ་མིའི་ཆ་ཤས་ཤིག་ཡིན་ཚུལ་བརྗོད་ཡོད། བྱེད་ཙང༌། བྱས་ཙང༌། འདྲ་མིན་བརྩམས་ངེས་ཡིན། འདྲ་མིན་བརྩམས་ངེས་ཡིན། ཐུགས་དགོངས་བསྒྲུབས་མཁན་ཞིག་བྱེད་ཐུབ་པ་དགོས། ཐུགས་དགོངས་སྒྲུབ་མཁན་ཞིག་བྱ་ཐུབ་པ་དགོས། སྙིགས་དུས་དམུ་ལོང༌། སྙིགས་དུས་དམུས་ལོང༌། སྙིང་གི་རང་བློས། སྙིང་ནས་རང་བློས། དམིགས་བསལ་གྱི་ཁྱད་ཆོས་ཞིག།དམིགས་བསལ་གྱི་ཁྱད་ཆོས་ཤིག། ཆུད་བཟོས་སུ་མི་བཏང་བར། ཆུད་ཟོས་སུ་མི་གཏོང་བར ༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོའི། ༸གོང་ས་༸སྐྱབས་མགོན་ཆེན་པོའི།

བོད་ཀྱི་སྐད་ཡིག་གི་གལ་གནད།(ཨང་གསུམ་པ།)

བསྟན་འཛིན་མཚུངས་མེད། ཌལ་ཧོར་གཏན་སློབ།

༄༅། །གུས་པས་དེ་རིང་བོད་ཀྱི་སྐད་ཡིག་གལ་ཆེ་བའི་སྐོར་མདོ་ཙམ་ཞུ་རྒྱུ༑ སྤྱིར་བཏང་སྐད་ཡིག་ཅེས་པ་དེ་ནི་སོ་སོའི་ལུང་པའི་སྐད་དང་ཡི་གེ་ལ་ཟེར། སྐད་ཡིག་འདི་ལུང་པའམ་ཡང་ན་རྒྱལ་ཁབ་དེའི་ཨ་མ་ལྟ་བུ་ཡིན། གང་ཡིན་ཟེར་ན། ཕྲུ་གུ་ཡག་པོ་ཆགས་མ་ཆགས་དེའི་ཨ་མ་ལ་རག་ལུས་པ་ལྟ་བུ་དང༌། རྒྱལ་ཁབ་གཅིག་གི་སྐད་ཡིག་ཚགས་ཚུད་པོ་ཞིག་མེད་ན་རྒྱལ་ཁབ་དེ་ཡང་རྒྱལ་ཁབ་གཞན་དང་མི་འདྲ་བར་ཤིན་ཏུ་ཉམས་ཆག་ཏུ་འགྲོ་རྒྱུ་ནི་སྨོས་མེད་རེད། སྐད་ཡིག་ནི་རྒྱལ་ཁབ་གཅིག་གི་མཚོན་རྟགས་དང་འདྲ་བ་ཡིན་པས་རྒྱལ་ཁབ་དེ་གཞན་གྱི་ཆ་ཤས་ཡིན་དང་མིན་ཟེར་བ་དེ་ཡང་སྐད་ཡིག་ལ་བལྟས་ནས་ང་ཚོས་གསལ་པོ་ཤེས་ཐུབ། དཔེར་ན། ང་ཚོ་བོད་མི་རིགས་ལ་ཆ་བཞག་ན་ང་ཚོའི་ལུང་པ་ནི་རྒྱ་མིའི་འོག་ལ་ཡོད་པ་དང༌། ཁོང་ཚོས་བོད་འདི་རྒྱ་མིའི་ཆ་ཤས་གཅིག་རེད་ཅེས་བརྗོད་ཀྱི་ཡོད་ནའང༌། ང་ཚོས་སོ་སོའི་སྐད་ཡིག་ལ་བདག་གཉེར་ཡག་པོ་ཞིག་བྱེད་བཞིན་བསྡད་ན་བོད་རྒྱ་གཉིས་ཐ་དད་ཡིན་ཞེས་མ་བརྗོད་ཀྱང་རང་བཞིན་གྱིས་ཁ་གྲག་པ་ཞིག་ཡིན། དེར་བརྟེན་སྐད་ཡིག་ནི་མི་རིགས་ཤིག་དང་རྒྱལ་ཁབ་གཅིག་གི་སྙིང་ལྟ་བུ་ཡིན་པས་སྐད་ཡིག་ཐོག་གསུང་བཤད་གནང་རྒྱུ་དང༌། སོ་སོའི་མི་རིགས་རྣམས་ལ་སྐད་ཡིག་གི་གལ་གནད་སྐོར་འགྲེལ་བཤད་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། སྐད་ཡིག་ནི་རྒྱལ་ཁབ་གཅིག་ལ་མཚོན་ན་ཤིང་སྡོང་གི་རྩ་བ་དང་འདྲ་བས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པར་མ་ཟད། ང་ཚོའི་བྱ་བའི་ཐོག་མའང་དེ་ཡིན་པ་ཤེས་དགོས། གལ་སྲིད་སྐད་ཡིག་ཚད་དང་ལྡན་པ་ཞིག་མེད་ན༑ རྩི་ཤིང་གི་རྩ་བར་ཆུ་མ་རེག་ནས་བསྐམས་པ་བཞིན་དུ་མི་རིགས་དེའི་རྟགས་མཚན་ཡང་མེད་པ་ཆགས་ངེས་ཡིན་པ་དང༌། མི་རིགས་གཞན་གྱི་འོག་ཚུད་རྒྱུའི་ཉེན་ཁ་ཡང་ཆེན་པོ་ཡོད་པར་བརྟེན་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན། དེ་ཡར་རྒྱས་གཏོང་བ་ལ་ཉིན་ལྟར་སོ་སོའི་ལུང་པའི་སྐད་ཡིག་བེད་སྤྱོད་བྱེད་པ་དང་ཕ་མ་དང་རྒན་ལགས་སུ་ལ་རུང་སོ་སོའི་ལུང་པའི་ཡི་གེའི་ཐོག་ཡང་ན་ཕྱག་བྲིས་གཏོང་དགོས། དེ་མིན་སློབ་ཕྲུག་རྣམས་ཉིན་ལྟར་སོ་སོའི་སྐད་ཡིག་ཐོག་བགྲོ་གླེང་དང་རྩོམ་འབྲི་རྒྱུ་ནི་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན་རྩོམ་དང་བགྲོ་གླེང་ཉིན་ལྟར་བྱས་ན་ཕྲུ་གུ་དེའི་སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ྋགོང་ས་མཆོག་གིས་ང་ཚོ་བོད་པའི་སྐད་ཡིག་དེ་ནམ་ཡང་ཉམས་ཆགས་སུ་གཏོང་མི་རུང་ཞེས་བཀའ་སློབ་གནང་གི་ཡོད། དེ་གནང་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། གལ་སྲིད་ང་ཚོ་སོ་སོའི་སྐད་ཡིག་བཞག་ནས་གཞན་གྱི་སྐད་ཡིག་བེད་སྤྱོད་བྱས་པ་ཡིན་ན། ཉིན་གཅིག་ང་ཚོ་སོ་སོའི་སྐད་ཡིག་དེ་ནམ་མཁའི་བར་སྣང་ལ་གཡེང་བ་ལྟ་བུར་ཉམས་ཆག་ཏུ་འགྲོ་རྒྱུ་ཡིན་པས། གལ་སྲིད་ང་ཚོའི་སྐད་ཡིག་དེ་ཚགས་ཚུད་པོ་དང་ཚད་དང་ལྡན་པ་ཞིག་མེད་ན། རྒྱ་མིས་བོད་དེ་ཁོ་ཚོའི་རྒྱལ་ཁབ་ཀྱི་ཆ་ཤས་གཅིག་ཡིན་ཞེས་ལབ་ན་ཡང་འགྲིགས་པ་ལྟ་བུ་དང༌། དེ་ཙམ་དུ་མ་ཟད་བོད་དེ་རྒྱ་མི་དང་ཐ་དད་རེད་ཅེས་བཤད་རྒྱུའང་ཁག་པོ་ཆགས་པ་ཡིན། བྱས་ཙང་སོ་སོའི་སྐད་ཡིག་ལ་དོ་སྣང་དང་བརྩི་བཀུར་བྱེད་དགོས་པ་ནི་རྒྱལ་ཁབ་དེའི་ནང་ཡོད་པའི་མི་དམངས་རྣམས་ཀྱི་བྱ་བ་ཐམས་ཅད་ཀྱི་ནང་ནས་ཐོག་མར་གལ་ཆེ་ཚུལ་ཡང་དེ་ལྟར་རེད། མདོར་ན། སྐད་ཡིག་ནི་མི་རིགས་དེའི་ངོ་བོ་མཚོན་བྱེད་ཡིན་པས་གལ་སྲིད་སྐད་ཡིག་བརླག་ན་མི་རིགས་དེའི་ངོ་བོ་མཚོན་བྱེད་བརླགས་པ་ཡིན་པས་ང་ཚོ་བོད་ཀྱི་སློབ་ཕྲུག་ཚོའང་མ་འོངས་བོད་ཀྱི་སོན་རྩ་ཆགས་རྒྱུ་ཤིན་ཏུ་དཀའ་བ་ཡིན་ནོ།།
ཞན་ཆ།    ལུང་པ་ཡ་ན། ལུང་པའམ་ཡང་ན། ཚབ་ཚུབ་པོ་ཞིག། ཚགས་ཚུགས་པོ། རྒྱལ་ཁབ་འདི་ཡང༌། རྒྱལ་ཁབ་དེ་ཡང༌། ཆ་བཞགས་ན། ཆ་བཞག་ན། ང་ཚོའི་སོ་སོའི་རྒྱལ་ཁབ། ང་ཚོས་སོ་སོའི་རྒྱལ་ཁབ། གསུང་སྐྱོབས་བྱས་རྒྱུ་ནི། སྲུང་སྐྱོབ་བྱ་རྒྱུ་ནི། ང་ཚོའི་བྱ་བ་ཐོག་མར་དེ་ཡིན། ང་ཚོའི་བྱ་བའི་ཐོག་མའང་དེ་ཡིན། རྒན་ལག རྒན་ལགས། བསྙན་བཞུ། སྙན་ཞུ།  བགྲོ་གླེངས། བགྲོ་གླེང༌། ལབ་ན་ཡང་བསྒྲིག་པ། ལབ་ན་ཡང་འགྲིགས་པ། རེད་ཞེས་བཤད་རྒྱུ་ཁག་པོ་ཆགས། རེད་ཅེས་བཤད་རྒྱུའང་ཁག་པོ་ཆགས་ སྐད་ཡིག་ཞེས་པ། སྐད་ཡིག་ཅེས་པ། རགས་ལུས་པ། རག་ལུས་པ། རང་བཞིན་གྱི་ཁ་དྲག་པ་ཞིག། རང་བཞིན་གྱིས་ཁ་གྲག་པ་ཞིག། རྩོམ་བྲིས་རྒྱུ་ནི། རྩོམ་འབྲི་རྒྱུ་ནི། སྐད་ཡིག་ཡར་རྒྱས་འགྲོ་རྒྱུ་ནི་ཕན་ཐོག་ཆེན་པོ་ཡོད། སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཉམས་ཆགས་སུ། ཉམས་ཆག་ཏུ། སྐད་ཡིག་བླག་ན། སྐད་ཡིག་བརླག་ན།

མདུན་ཤོག

Menu