གཉིས་པ། སྔ་མ་གང་ལྟར་གྱུར་པའི་ཚུལ་ཞར་བྱུང་གི་ཚུལ་དུ་བཤད་པ་ལ། སློབ་དཔོན་ཐོན་མིས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་གསུངས་པའི་དོན་ནི། སྔ་མ་ཞེས་པ་ནི་སྔར་བཤད་ཟིན་པ་བདག་གཞན་དུས་གསུམ་གྱི་རྣམ་གཞག་སྟེ་ལས་ཚིག་འཆད་པའི་སྐབས་དེ་ཉིད་ཡིན་ཞིང༌། སྐབས་འདིར་རྗེས་འཇུག་ཞུགས་ནས་མིང་དོན་དུ་གྲུབ་ཟིན་པ་མ་ཟད། ལས་ཚིག་ཏུ་གྲུབ་པ་རྣམས་ལ་ནི། དེས་དངོས་པོ་བདག་གཞན་དང༌། དུས་གསུམ་གྱི་ཚུལ་ཇི་ལྟར་སྟོན་ཞེ་ན། ལས་ཚིག་དེའི་སྔོན་དུ་ཞུགས་པའི་སྔོན་འཇུག་གི་ནུས་པ་བཞིན་འཇུག་པར་འགྱུར་བས། རྗེས་འཇུག་དང་བཅས་མིང་དོན་དུ་གྲུབ་པ་དེར་བསྟུན་ནས་སྦྱོར་རྒྱུ་ལས་མ་འདས།
     རྗེས་འཇུག་རྣམས་ཀྱིས་དུས་གསུམ་རང་དབང་དུ་བསྟན་པ་ཡོད་ཀྱང༌། དེ་དག་སྔོན་འཇུག་གིས་བསྟན་པ་དང་བསྡུར་ན་ཤིན་ཏུ་ཉུང་བ་དང༌། ལྷག་པར་རྗེས་འཇུག་ནི་མིང་དུ་འགྲུབ་ཆེད་གཏན་ལ་ཕབ་པའི་ཡི་གེ་ཞིག་ཡིན་ཞིང༌། སྔོན་འཇུག་ནི་དེ་ལས་ལྡོག་སྟེ་ལས་ཚིག་རྣམས་བདག་གཞན་དུས་གསུམ་དུ་བསྒྲུབ་པར་བྱ་ཆེད་གཏན་ལ་ཕབ་ཡོད་པས། དེ་གཉིས་བར་གྱི་ས་མཚམས་གསལ་བ་དང༌། འོན་ཀྱང་འདིའི་སྐབས་སུ་ཀུན་མཁྱེན་སི་ཏུ་མཆོག་གིས་ཁ་ཅིག་གསུམ་1བཀག་པ་ནི་དོན་ལ་གནས་པས་དེར་ཞིབ་ཏུ་དཔྱད་ན་འདིའི་སྐབས་ཀྱི་གནས་ཚུལ་རྣམས་ཇེ་གསལ་དུ་འགྱུར་བར་ཕན། སྐབས་འདིར་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས། 2འོན་ཀྱང་བྱེད་པོ་གཞན་དངོས་དང༌། །འབྲེལ་བའི་འདས་ལ་འའི་སྔོན་འཇུག །མེད་པར་ངེས་ཤིང༌། ཞེས་གསུངས་པ་ནི་ཤིན་ཏུ་ཐལ་ཆེ་བར་སྣང་སྟེ། སྔོན་འཇུག་འ་ཡིག་འདས་པར་འཇུག་མཁན་ཤིན་ཏུ་མང༌། འོན་ཀྱང་ཁོང་ཉིད་ཀུན་མཁྱེན་སི་ཏུ་མཆོག་གིས། རྗེས་འཇུག་བཤད་པའི་སྐབས་འདིར་འ་3ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ནི་གསལ་བར་མཐོང་བ་ཞེས་པའི་གསུང་འདི་ཉིད་གོ་བ་ཕྱིན་ཅི་ལོག་ཏུ་ཕྱིན་པ་ཡིན་ནམ། ཡང་ན་དོན་གནད་ཅིག་ལ་འཁྲུལ་བར་སྣང༌། འདི་ལ་འཁྲུལ་ཡོད་ན་ནི། སྐབས་འདིར་ཀུན་མཁྱེན་སི་ཏུ་མཆོག་གིས་རྗེས་འཇུག་འ་ཡིག་གསུང་བཞིན་ཡོད་པ་ལས་སྔོན་འཇུག་གིས་འ་ཡིག་མིན་པས་འདི་གཉིས་འཁྲུལ་བར་མི་བྱ་བ་གལ་ཤིན་ཏུ་ཆེ། འོན་ཀྱང་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གི་གཞུང་སྔ་ཕྱི་ཀུན་ཏུ་འདི་དང་མཚུངས་པའི་འཁྲུལ་བའི་གནས་དང༌། དོགས་པ་ཡོད་པའི་གནས་མང་ཙམ་ཡོད་པས། བློ་ལྡན་རྣམས་ཀྱིས་གཟིགས་དུས་བརྟག་དཔྱད་དང་བཅས་གཟིགས་རྒྱུ་ནི་གལ་ཆེའོ། །
    སྐབས་འདིར་སྔོན་འཇུག་མེད་པའི་ལས་ཚིག་དུས་གསུམ་ལ་འཇུག་པ་རྣམས་ཀྱི་དཔེ་མཚོན་ཙམ་བཀོད་ན་འདི་ལྟར།

    ཟས་ཀྱིས་ངོམས་བྱ་ངོམས་བྱེད་ཀུན་ནས་ངོམས། །བློ་ཡིས་ལྕོགས་བྱ་ལྕོགས་བྱེད་ཀུན་ནས་ལྕོགས། །
    རྟ་སོགས་གླ་བྱ་གླ་བྱེད་ཁ་སང་གླས། །གཏམ་སོགས་གླེང་བྱ་གླང་བྱེད་གླེངས་ནས་གྲུབ། །
    རྐང་པས་གླེབ་བྱ་གླེབ་བྱེད་ཀུན་ནས་གླེབས། །ལྷན་པ་གླན་བྱ་གློན་བྱེད་གླན་ནས་གྲུབ། །
    དངོས་ཆས་ཉར་བྱ་ཉར་བྱེད་རབ་ཏུ་ཉརད། །མལ་དུ་ཉལ་བྱ་ཉལ་བྱེད་དེ་སྔོན་ཉལད། །
    ལག་པས་ཉུག་བྱ་ཉུག་བྱེད་རབ་ཏུ་ཉུགས། །རིན་གྱིས་ཉོ་བྱ་ཉོ་བྱེད་ཐམས་ཅད་ཉོས། །
    གཅིག་ཏུ་སྤུང་བྱ་སྤུང་བྱེད་ཐམས་ཅད་སྤུངས། །ཉོན་མོང་སྤང་བྱ་སྤོང་བྱེད་ཡོངས་སུ་སྤངས། །
    གོང་དུ་སྤར་བྱ་སྤོར་བྱེད་ཡོངས་སུ་སྤརད། །གཞན་དུ་སྤྱུག་བྱ་སྤྱུག་བྱེད་ཐམས་ཅད་སྤྱུགས། །
    ལོངས་སུ་སྤྱད་བྱ་སྤྱོད་བྱེད་རབ་ཏུ་སྤྱད། །རྒྱན་གྱིས་སྤྲས་བྱ་སྤྲས་བྱེད་ཡོངས་སུ་སྤྲས། །
    ཕྲིན་སོགས་སྤྲིང་བྱ་སྤྲིང་བྱེད་ཡོངས་སུ་སྤྲིངས། །ཐལ་བ་སྤྲུག་བྱ་སྤྲུག་བྱེད་ཡོངས་སུ་སྤྲུགས། །
    འོད་སོགས་སྤྲོ་བྱ་སྤྲོ་བྱེད་ཡོངས་སུ་སྤྲོས། །དངུལ་སོགས་སྤྲད་བྱ་སྤྲོད་བྱེད་ཁ་སང་སྤྲད། །
    རི་མོ་ཕྱི་བྱ་ཕྱི་བྱེད་ཡོངས་སུ་ཕྱིས། །རྣ་བ་བླག་བྱ་བླག་བྱེད་རབ་ཏུ་བླགས། །
    སྲོག་སོགས་བླུ་བྱ་བླུ་བྱེད་དེ་སྔོན་བླུས། །ཇ་སོགས་བླུག་བྱ་བླུག་བྱེད་ཡོངས་སུ་བླུགས། །
    ཁྱི་ཡིས་རྦད་བྱ་རྦོད་བྱེད་ཁ་སང་རྦད། །དྲི་མས་སྦག་བྱ་སྦག་བྱེད་ཡོངས་སུ་སྦགས། །
    ཏིང་ཕོར་སྦུབ་བྱ་སྦུབ་བྱེད་ཡོངས་སུ་སྦུབས། །ལྐོག་ཏུ་སྦ་བྱ་སྦེད་བྱེད་ཡོངས་སུ་སྦས། །
    ཆུ་ཡིས་སྦང་བྱ་སྦོང་བྱེད་ཡོངས་སུ་སྦངས། །མེ་སོགས་སྦར་བྱ་སྦོར་བྱེད་ཡོངས་སུ་སྦརད། །
    ཟས་སོགས་སྦྱིན་བྱ་སྦྱིན་བྱེད་ཡོངས་སུ་བྱིན། །སྐད་སོགས་སྦྱང་བྱ་སྦྱོང་བྱེད་ཡོངས་སུ་སྦྱངས། །
    ཐལ་མོ་སྦྱར་བྱ་སྦྱོར་བྱེད་ཡོངས་སུ་སྦྱརད། །ལྷན་དུ་སྦྲག་བྱ་སྦྲག་བྱེད་ཡོངས་སྦྲགས། །
    གྲོགས་སོགས་སྦྲན་བྱ་སྦྲོན་བྱེད་ཡོངས་སུ་སྦྲནད། །མཆེ་བས་རྨུག་བྱ་རྨུག་བྱེད་ཡོངས་སུ་རྨུགས། །
    སོ་ཡིས་རྨུར་བྱ་རྨུར་བྱེད་རབ་ཏུ་རྨུརད། །ཞིང་སོགས་རྨོ་བྱ་རྨོད་བྱེད་ཡོངས་སུ་རྨོས། །
    གཞན་ལ་སྨད་བྱ་སྨོད་བྱེད་རབ་ཏུ་སྨད། །གཏམ་སོགས་སྨྲ་བྱ་སྨྲ་བྱེད་དེའི་སྔོན་སྨྲས། །
    ཡར་ལ་ཞུ་བྱ་ཞུ་བྱེད་ཡོངས་སུ་ཞུས། །ལྐོག་ཏུ་ཡིབ་བྱ་ཡིབ་བྱེད་ཡོངས་སུ་ཡིབས། །
    མང་པོས་རུབ་བྱ་རུབ་བྱེད་ཡོངས་སུ་རུབས། །ལས་ལ་རེམ་བྱ་རེམ་བྱེད་རབ་ཏུ་རེམས། །
    གྱེན་དུ་ལང་བྱ་ལང་བྱེད་ཡོངས་སུ་ལངས། །གཏམ་སོགས་ལབ་བྱ་ལབ་བྱེད་ཡོངས་སུ་ལབས། །
    ལག་ཏུ་བླང་བྱ་ལེན་བྱེད་ཡོངས་སུ་བླངས། །དབྱངས་སོགས་གྱེར་བྱ་གྱེར་བྱེད་ཡོངས་སུ་གྱེརད། །
    གོས་སོགས་གྱོན་བྱ་གྱོན་བྱེད་ཡོངས་སུ་གྱོནད། །ཕྱིར་ལ་ནུར་བྱ་ནུར་བྱེད་རབ་ཏུ་ནུརད། །
    རླུང་ལ་སྤུར་བྱ་སྤུར་བྱེད་ཡོངས་སུ་སྤུརད། །ནོར་སོགས་སྤེལ་བྱ་སྤེལ་བྱེད་ཡོངས་སུ་སྤེལད། །
    སྒྱུ་མ་སྤྲུལ་བྱ་སྤྲུལ་བྱེད་ཡོངས་སུ་སྤྲུལད། །ཕན་ཚུན་སྦྲེལ་བྱ་སྦྲེལ་བྱེད་ཡོངས་སུ་སྦྲེལད། །
    གྲོས་སོགས་མོལ་བྱ་མོལ་བྱེད་ཡོངས་སུ་མོལད། །གཞན་ཡུལ་མྱུལ་བྱ་མྱུལ་བྱེད་ཡོངས་སུ་མྱུལད། །
    ལྡུམ་བུ་ཡུར་བྱ་ཡུར་བྱེད་ཡོངས་སུ་ཡུརད། །བདེ་བར་རོལ་བྱ་རོལ་བྱེད་ཡོངས་སུ་རོལད། །
    ལན་སོགས་ལྡོན་བྱ་ལྡོན་བྱེད་ཡོངས་སུ་ལྡོནད། །

    ཅེས་ལ་སོགས་ནི་སྔོན་འཇུག་མེད་པའི་རིགས་ཡིན་ལ། དེ་དག་ལས་མང་ཆེ་བ་ནི་ཡང་འཇུག་ཙམ་དང༌། དབྱངས་ཙམ་ལས་འགྱུར་བ་ཆེར་མེད་པའང་ཤེས་པར་བྱའོ། །
རྗེས་འཇུག་ཕོ་ཡིག་རྣམས་འདས་པ་ལ་འཇུག་པ་ནི། བཀས། བཀད། བཀབ། སོགས་དང༌། དེ་བཞིན་དངོས་པོ་གཞན་ལ་འཇུག་པ་ནི། བསྒྲུབ་བྱ། བསྒྲུབ་པར་བྱ། ཤིང་སོགས་གཅད་བྱ། གཅད་པར་བྱ། རྡོ་སོགས་དགས་བྱ། དགས་པར་བྱ་ཞེས་པ་དང༌། རྗེས་འཇུག་མོ་ཡིག་དངོས་པོ་བདག་ལ་འཇུག་པ་ནི། གཞུང་ཚིག་སོགས་སྐྱོར་པ་པོ། སྐྱོར་པར་བྱེད། ཡི་གེ་སོགས་སྐུར་བ་པོ། སྐུར་བར་བྱེད། ས་དོང་སོགས་རྐོ་བ་པོ། རྐོ་བར་བྱེད། སྨན་སོགས་བཀུ་བ་པོ། བཀུ་བར་བྱེད། ནོར་རྐུ་བ་པོ། རྐུ་བར་བྱེད། ཞེས་པ་དང༌། རྗེས་འཇུག་གི་མ་ནིང་དངོས་པོ་གཞན་ལ་འཇུག་པ་ནི།

    བཀླག་བྱའི་ཡི་གེ་བཀླག་པར་བྱ། །དཀྲོག་བྱའི་འོ་མ་དཀྲོག་པར་བྱ། །
    བསྐུལ་བྱའི་ཐུགས་རྗེ་བསྐུལ་བར་བྱ། །བསྐོན་བྱའི་ཞྭ་མོ་བསྐོན་པར་བྱ། །
    བསྐྱུང་བྱའི་སྐྱོན་ཆ་བསྐྱུང་བར་བྱ། །བསྐམ་བྱའི་གོས་སོགས་བསྐམ་པར་བྱ། །
    བསྐྱལ་བྱའི་མགྲོན་པོ་བསྐྱལ་བར་བྱ། །

    ཞེས་དང༌། དེ་དག་དངོས་པོ་བདག་ལ་འཇུག་པ་ནི། ཆུ་སོགས་ལ་རྐྱལ་བ་པོ། རྐྱལ་བྱེད། ནོར་སོགས་སྐུང་བ་པོ། སྐུང་བྱེད། རྐང་པ་སོགས་སྐུམ་པ་པོ། སྐུམ་བྱེད། གོས་སོགས་སྐོན་པ་པོ། སྐོན་བྱེད། ཡི་གེ་སོགས་ཀློག་པ་པོ། ཀློག་བྱེད། ལ་སོགས་པས་ཤེས་པར་བྱ། དེ་དག་ནི་རྗེས་འཇུག་ཁོ་ནའི་ནུས་པས་མིན་ལ། སྔོན་འཇུག་དང་བཅས་པའམ་ཡང་ན་སྔོན་འཇུག་ལ་གཞོགས་འདེགས་ལྟ་བུས་གྲུབ་པའང་ཡོད། དེ་ལྟར་སྔ་མ་གང་ལྟར་གྱུར་པའི་ཚུལ་ཅུང་ཟད་ཅིག་ཞར་བྱུང་གི་ཚུལ་དུ་བཤད་པ་རེ་ཞིག་གྲུབ་པར་བྱས་པའོ། །
གཉིས་པ། ཞར་བྱུང་བརྩེགས་འདོགས་སོགས་ཀྱི་ཡི་གེ་བཤད་པ་ནི། རྩ་བ་ལས།

    གདགས་དང་བརྗོད་པའི་ཁྱད་པར་ནི། །ཀ་ག་པ་བ་ཟ་ས་གཉིས། །
    ལ་ཡི་ཡི་གེ་བཏགས་པ་དང༌། །ཀ་ཁ་ང་ཇ་ཏ་ད་ན། །
    སྟེང་དུ་ར་ཡིས་བརྒྱན་པ་དང༌། །དེ་བཞིན་ས་ཡིས་བརྒྱན་པ་དང༌། །

    ཞེས་གསུངས་པའི་དོན་ནི། ཡི་གེ་རྣམས་ལ་གདགས་པའམ་མགོ་འདོགས་མི་འདྲ་བ་དང༌། དེར་བརྗོད་པ་མི་འདྲ་བའི་ཁྱད་པར་མཆིས་པ་ནི༑ ཀ་ག་པ་བ་ཟ་ས་རྣམས་ལ། འོག་ཏུ་ལ་ཡིག་བཏགས་པས། ཀླ་གླ་བླ་ཟླ་སླ་བཅས་སུ་གྲུབ། འོན་ཀྱང་སྐབས་འདིར་གཞུང་གི་ཚིག་ཟིན་ལྟར་ན། ཀ་ག་པ་བ་ཟ་ས་སྟེ་དྲུག་པོར་ལ་བཏགས་འཇུག་པ་ལྟ་བུར་སྣང་ཡང༌། ཕལ་ཆེར་ཡི་གེ་ཉམས་པ་མིན་ནམ་སྙམ། དེའི་རྒྱུ་མཚན་ནི། པ་ལ་འདོགས་ཅན་ལ་ཡིག་མི་ཐོབ་པ་དང༌། གཞུང་ཚིག་ནི་ཀ་ག་པ་བ་ཟ་ས་གཉིས། །ཞེས་པའི་གཉིས་ཞེས་པར་དོན་ཡང་མ་མཆིས་པས་གཞུང་ཚིག་ཉམས་པ་ར་འཕྲོད་ནུས། དེས་ན་ཀ་ག་བ་དང་ཟ་ས་གཉིས། །ཞེས་པ་ལྟ་བུར་སྣང་བས་དཔྱད་པར་བྱ། དེ་བཞིན་ཀ་ཁ་ང་ཇ་ཏ་ད་ན་རྣམས་ཀྱི་སྟེང་དུ་ར་ཡིག་གིས་བརྒྱན་པས། རྐ་རྔ་རྗ་རྟ་རྡ་རྣ་བཅས་དང༌། སྐབས་འདི་ལས་ཀྱང་ཁ་ལ་ར་མགོ་མི་ཐོབ་པས། འདིར་ཡང་བྲིས་ནོར་ཐེབས་པར་སྣང་སྟེ། ཀ་ག་ང་ཇ་ཏ་ད་ན། །ཞེས་པ་མིན་ནམ་སྙམ། དེ་ལྟར་ཡིན་པའི་དབང་དུ་བཏང་ན། རྒ་ཞེས་བདུན་དུ་གྲུབ། དེ་དག་ལ་ས་ཡིས་བརྒྱན་པས། སྐ་སྒ་སྔ་སྟ་སྡ་སྣ་དྲུག་ཏུ་འགྱུར་བ་ལས་བདུན་དུ་མི་འགྱུར་ཏེ། ཇ་ལ་ས་མགོ་མི་ཐོབ། དེས་ན་གོང་གི་གཞུང་ཚིག་དེ་དག་ལ་སླར་ཡང་དཔྱད་དགོས་པར་སྣང༌། དེ་ནི་ཕལ་ཆེར་ཉ་ཡིན་པར་མངོན། གང་ཞེ་ན། གསལ་བྱེད་ཡི་གེ་རྣམས་གོ་རིམ་ཇི་བཞིན་གནས་པ་ལས་ཤེས་ཏེ། ང་ཡི་རྗེས་དང་ཏ་ཡི་གོང་དུ་ས་མགོ་ཅན་ཐོབ་ས་ནི་ཉ་ལས་མེད་པས་ཤེས་ནུས་སོ། །

    ཀ་ཁ་ང་ཅ་ཇ་ཏ་ད། །སྟེང་དུ་ལ་ཡིས་བརྒྱན་པ་ནི། །
    དོན་ལ་ཐ་དད་ཡོད་པའི་ཕྱིར། །མ་བུ་ཐ་དད་གནས་པ་ཡིན། །

    ཞེས་གསུངས་པའི་དོན་ནི། ཀ་ཁ་ང་ཅ་ཇ་ཏ་ད་རྣམས་ཀྱི་སྟེང་དུ་ལ་ཡིག་གིས་བརྒྱན་པ་ནི། ལྐ་ལྔ་ལྕ་ལྗ་ལྟ་ལྡ་བཅས་སུ་གྲུབ་པ་དང༌། དེའི་ནང་དུའང་ཁ་ལ་ལ་མགོ་མི་ཐོབ་པས། གཞུང་ཚིག་གོང་བཞིན་བཅོས་དགོས་པར་སྣང༌། ཀ་ག་ང་ཅ་ཇ་ཏ་ད། །ཞེས་སུ་བཅོས་ན། བདུན་པོར་ལ་མགོ་ཐོབ་པར་འགྱུར་བས་དཔྱད་པར་འཚལ། དེ་དག་རྣམས་ནི་འདོགས་དང་མགོས་བརྒྱན་པ་དང་མ་བརྒྱན་པ་གཉིས་ཀྱི་དོན་ནི་ཐ་དད་དུ་ཡོད་དེ། མ་བུ་ཐ་དད་དུ་གནས་པ་ཡིན་ཞེས་པའི་དོན་ནི། མགོ་འདོགས་ཀྱིས་མ་བརྒྱན་པ་རྣམས་ནི་མ་ཞེས་གསུངས། དེའི་དོན་ནི་ཕ་མའི་ཡི་གེ་རྣམས་གཅིག་ཏུ་བསྡུས་ནས་མ་ཞེས་གསུངས་པ་དང༌། མགོ་འདོགས་ཀྱིས་བསྒྱུར་བ་རྣམས་ནི་བུའི་ཡི་གེར་བཞག རྒྱུ་མཚན་དེ་ཡིས་ཐ་དད་དུ་བསྟན་ཏོ། །

    མ་ཡི་ཡི་གེ་ཆུང་བ་སྟེ། །བུ་ཡི་ཡི་གེ་ཆེ་བ་ཡིན། །
    བརྗོད་པ་ཐ་དད་ཤེས་པར་བྱ། །

    ཞེས་གསུངས་པའི་དོན་ནི། སྔར་བཤད་པ་དེ་ཉིད་དེ། མ་ཡི་ཡི་གེ་ཆུང་བ་ཞེས་པ་ནི་མགོ་འདོགས་སོགས་ཀྱིས་མ་བརྒྱན་པའི་གསལ་བྱེད་སུམ་ཅུར་དགོངས་ཡོད་པས་ཆུང་བ་ཞེས་གསུངས། སྤྱིར་མ་ཡི་ཡི་གེ་ནི་ཨ་དང༌། གསལ་བྱེད་ལྷག་མ་ཉེར་དགུ་ལ་ཕའི་ཡི་གེ་ཞེས་སུ་བརྗོད་དེ། རྗེ་བཙུན་བསོད་ནམས་རྩེ་མོས། 4ཨ་ཉིད་མ་ཡི་ཡི་གེར་བརྗོད། །ལྷག་མ་རྣམས་ནི་ཕ་ཡིན་ནོ། །ཞེས་གསུངས། དེ་ཉིད་ལས། ཕ་མ་སུམ་ཅུ་ཐམ་པ་འོ། །ཞེས་དང༌། ཕ་མ་གཉིས་ལ་འབྱུང་བར་བརྗོད། །ཅེས་སོགས་ལས་གསལ་བྱེད་རྣམས་ལ་ཕ་མའི་ཡི་གེ་ཞེས་གཅིག་ཏུ་ངོས་འཛིན་པ་དེ་ལ་མའི་ཡི་གེ་ཞེས་སྐབས་འདིར་ངོས་འཛིན་མཛད་པར་ཟད། དེས་ན་མ་ཡིག་ཆུང་བ་དང༌། བུ་ཡིག་ནི་མགོ་འདོགས་སོགས་ཀྱིས་བརྒྱན་པ་རྣམས་ཡིན་ཞིང་དེ་དག་ཆེ་བ་ཡིན་པ་གདངས་ལས་ཤེས་པར་འགྱུར་ལ། དེ་གཉིས་ཀྱི་བརྗོད་པའང་ཐ་དད་དུ་ཤེས་དགོས་སོ། །

    ཀ་ཁ་ག་པ་ཕ་བ་མ། །དེ་ལྟར་ཡི་གེ་བདུན་པོ་དང༌། །
    ཀ་ཁ་ག་ཅ་ཙ་ཆ་ཚ། །ཞ་ར་ཤ་ས་བཅུ་གཅིག་དང༌། །
    ཀ་ཁ་ག་ཏ་ད་པ་ཕ། །བ་མ་ས་ཧ་བཅུ་གཅིག་ལ། །
    ཡ་སྟ་ར་སྟ་ཝ་སྟ་གསུམ། །གོ་རིམ་བཞིན་དུ་ཤེས་པར་བྱ། །

    ཞེས་གསུངས་པའི་དོན་ནི། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་ཡ་བཏགས་བཏགས་པའི་ཡི་གེ་བདུན་དང༌། ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་ར་བཏགས་བཏགས་པ་བཅུ་གཅིག་དང༌། ཀྭ་ཁྭ་གྭ་ཅྭ་ཙྭ་ཆྭ་ཚྭ་ཞྭ་རྭ་ཤྭ་སྭ་བཅས་བཅུ་གཅིག་ལ་ཝ་བཏགས་ཀྱིས་བརྒྱན་པ་ཡིན། འོན་ཀྱང་སྐབས་འདིར་གོང་གི་ཚིགས་བཅད་དེ་དག་གི་གོང་འོག་བརྗེ་དགོས་པར་སྣང་སྟེ། ཀ་ཁ་ག་ཏ་ད་པ་ཕ། །བ་མ་ས་ཧ་བཅུ་གཅིག་དང༌། །ཞ་ར་ཤ་ས་བཅུ་གཅིག་ལ། །ཡ་སྟ་ར་སྟ་ཝ་སྟ་གསུམ། །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་པ་ལྟ་བུ་ཡིན་ནམ། ཡང༌། ཡ་སྟ་ཝ་སྟ་ར་སྟ་གསུམ། །ཞེས་པ་ལྟ་བུར་འགྱུར་བཅོས་གང་རུང་མ་བྱས་ན་འགྲེལ་དཀའ་བར་སྣང་བས་དཔྱད་པར་བྱ། སྐབས་འདིར་རྗེ་བཙུན་བསོད་ནམས་རྩེ་མོས། 5ཀ་ལ་ཡ་ར་ལ་གསུམ་གདགས། །ཁ་ལ་ཡ་ར་གཉིས་གདགས་ཤིང༌། །ག་ལ་ཡ་ར་ལ་གསུམ་མོ། །ཏ་དང་ང་(ད་)ལ་ར་གདགས་ཤིང༌། །པ་ཕ་གཉིས་ལ་ཡ་ར་འོ། །བ་ལ་ཡ་ར་ལ་གསུམ་སྟེ། །མ་ལ་ཡ་ར་ཟ་ལ་ལ། །ར་ལ་ཀ་ག་ང་ཅ་ཉ། །ཏ་ད་ན་པ་མ་ཙ་ཚ། །ལ་དང་དེ་ལྟར་བཅུ་བཞི་གདགས། །ལ་ལ་ཀ་ག་ང་ཅ་ཆ། །ཏ་ད་བ་པ་བ་ཧ་བཅུ་གདགས། །ས་ལ་ཀ་ག་ང་ཉ་ཏ། །ད་ན་པ་མ་མ་ཙ་ར། །ལ་སྟེ་དེ་ལྟར་བཅུ་གསུམ་གདགས། །ཧ་ལ་ར་ནི་གདགས་པ་འོ། །ཝ་ནི་ཀུན་ལ་གདགས་རུང་ཡང༌། །སྐབས་ཀྱི་བཅོ་ལྔ་དག་ལ་འཇུག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །

    གུ་གུ་འགྲེང་བུ་ན་རོ་དང༌། །ཞབས་ཀྱུ་ཀུན་ལ་འབྱུང་བ་ཡིན། །

    ཞེས་གསུངས་པའི་དོན་ནི། གི་གུ་དང་འགྲེང་བུ། ན་རོ་དང་ཞབས་ཀྱུ་སྟེ་དབྱངས་བཞི་ནི་རྐྱང་པའི་ཡི་གེ་དང༌། འདོགས་ཅན། བརྩེགས་པ། དེ་དག་འཕུལ་ཅན་དང་འཕུལ་མེད་གང་ཡིན་ཡང་སྦྱར་རུང་བ་དང་འཇུག་རུང་ཡིན་པར་གསུངས་ཏེ། དབྱངས་ཡིག་ཡིན་ན་མིང་གཞི་ཀུན་ལ་སྦྱར་རུང་ཡིན་པས་ཁྱབ་པའི་ཕྱིར་རོ། །
    སྤྱིར་བོད་ཀྱི་ཡི་གེ་ནི་དབྱངས་གསལ་གཉིས་དང༌། གསལ་བྱེད་རྣམས་ལས་མིང་གཞི་ལ་རྐྱང་འདོགས་བརྩེགས་གསུམ་དང༌། འཕུལ་རྟེན་གཉིས་བཅས་སུ་འདུས་པ་དང༌། འཕུལ་རྟེན་གཉིས་ནི་ངོ་སྤྲོད་བྱས་དང་བྱེད་བཞིན་པ་ཡིན་པས་ཟུར་དུ་བཤད་དགོས་མ་མཆིས་ཀྱང༌། མིང་གཞིའི་རྐྱང་འདོགས་བརྩེགས་གསུམ་རྣམས་ཅུང་ཟད་བཤད་པ་ལས། སྐབས་འདིའི་རྐྱང་པ་ནི་འདོགས་དང་མགོ་གཉིས་མེད་པ་ལ་གོ་དགོས་པ་དང༌། འདོགས་ཡ་ར་ལ་ཝ་བཞི་དང༌། མགོ་ལ་ར་ལ་ས་གསུམ་དུ་ངེས། དེ་དག་ལས་ཡ་བཏགས་ཅན་བདུན་ཡོད་དེ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་རྣམས་ནི་ཡིན་ལ། ར་བཏགས་ཅན་བཅུ་གཅིག་ཡོད་དེ། ཀྲ་ཁྲ་གྲ་ཏྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་བཅས་དང༌། ལ་བཏགས་ཅན་གྱི་ཡི་གེར་བཞི་དང་དྲུག་ཅེས་གྲངས་སུ་འདྲེན་མཁན་མཆིས་མོད། གང་ལྟར་ཀླ་གླ་བླ་ཟླ་བཅས་བཞི་དང༌། དེའི་ཐོག་ལ་རླ་སླ་གཉིས་བསྣན་པས་དྲུག་ཏུ་འདོད། ཝ་བཏགས་ནི་བྱིས་པ་བདེ་འཇུག་ལས་མིང་གཞིའི་ཡི་གེ་ཐམས་ཅད་ལ་འཇུག་རུང་དུ་གསུངས་པ་དང༌། གཞན་ཡང་བཅུ་བཞིར་འཇུག་པར་གསུངས་པ་དང༌། ད་ལྟ་དངོས་སུ་ལག་ལེན་དུ་བཞུགས་པ་བཅུ་གཉིས་ཙམ་དུ་སྣང༌། དེ་དག་ནི་ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་བཅས་བཅུ་གཉིས་ལ་འཇུག་པ་ཡིན་ནོ། །
    མགོ་ཅན་གསུམ་ལས་ར་མགོ་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རྣམས་དེའི་ཐོག་ལ་རླ་བསྣན་ནས་བཅུ་གསུམ་དུ་བགྲངས་མཁན་ཡང་ཡོད། ལ་མགོ་ཅན་བཅུ་སྟེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་རྣམས་སོ། །ས་མགོ་ཅན་གྱི་ཡི་གེ་བཅུ་གཉིས་ཡོད་དེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ་བཅས་ཡིན་ཞིང་དེ་ལ་འཕུལ་ཡིག་དང༌། སུམ་བརྩེགས་ཅན་སོགས་ཀྱི་དབྱེ་བ་མང་དུ་བཞུགས་མོད། དེ་དག་ནི་བྱིས་པ་བདེ་འཇུག་དང༌། ཨ་ལག་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་གཟིགས་ནས་ཤེས་པར་བྱའོ། །

    འདིར་མང་སྤྲོས་པས་ཅི་ཞིག་བྱ། །ཆོས་ཀྱི་སྐད་དང་མཐུན་པ་ཡིས། །
    རང་ཡུལ་སྐད་ངན་སྤང་བར་བྱ། །

    ཞེས་གསུངས་པའི་དོན་ནི། འདིར་ཡི་གེ་བཤད་པ་མང་དུ་སྤྲོས་པས་ཅི་ཞིག་བྱ་སྟེ། དགོས་པ་མེད་པར་བསྟན། དེའི་དོན་ནི་ཡི་གེའི་སྐོར་རྣམས་གཞུང་གཞན་དང་གཞན་རྣམས་དང༌། ལྷག་པར་སློབ་དཔོན་བསོད་ནམས་རྩེ་མོའི་གསུང་དང༌། ཆོས་རྗེ་རང་ཉིད་ཀྱིས་ཀྱང་དེའི་ཚུལ་གཞུང་གཞན་དང། གཞུང་འདི་ཉིད་སོགས་སུ་གསལ་བ་མ་ཟད། གཙོ་བོ་ནི་བོད་དུ་གཅིག་གྱུར་ཡིན་པའི་ཆོས་ཀྱི་སྐད་དེ། ཡིག་སྐད་དང་མཐུན་པར་བྱས་ཏེ་རང་ཡུལ་གྱི་སྐད་དམ་ཡུལ་སྐད་རྣམས་དོར་བར་བྱ་བའམ། ཡིག་སྐད་དང་བསྟུན་པར་བྱ་དགོས་པར་འདོམས་པར་མཛད། འདི་ནི་ཤིན་ཏུ་གལ་ཆེ་སྟེ། དེང་སྐབས་བོད་ལ་ཡུལ་སྐད་གཙོ་བོ་རིགས་གསུམ་དུ་གྱེས་པ་དང༌། དེ་ལས་ནང་གསེས་མང་དུ་གྱེས་པའི་དབང་གིས་ཡུལ་ལུང་ཕན་ཚུན་ལ་ངག་ཐོག་ནས་གོ་བརྡ་ཇི་བཞིན་འཕྲོད་དང་མི་འཕྲོད་པའི་དཀའ་ངལ་འབྱུང་བཞིན་པ། རང་ཅག་གིས་མིག་མཐོང་ལག་ཟིན་དུ་གནས་པ་དེ་ག་ལས་མ་འདས། དེ་དག་གཅིག་ཏུ་བསྒྲིལ་བ་ལ་རང་ཅག་ལ་ཡོད་པའི་རྨང་གཞི་མཐུག་ཤོས་ནི། ཡིག་སྐད་དམ་ཆོས་སྐད་ཉག་གཅིག་ཡིན་ཞིང༌། དེ་ལ་བསྟུན་ནས་རིམ་པར་བཅོས་ན་མི་རིང་བར་བོད་ཀྱི་ཡུལ་ལུང་ཀུན་གྱི་སྐད་གཅིག་ཏུ་ཆགས་པར་དཀའ་ངལ་གང་ཡང་མེད། དེའི་རྒྱུ་མཚན་ནི་ཡིག་ཐོག་གི་སྐད་གཅིག་ཡིན་པའི་ཕྱིར། འདི་ནི་ཆོས་རྗེ་མཆོག་གིས་རང་རིགས་རྣམས་ལ་གདམས་པའི་གསུང་རྩ་ཆེན་ཞིག་དང༌། ངེས་པར་དུ་ཉམས་སུ་ལེན་དགོས་པའི་མན་ངག་ཅིག་ཀྱང་ཡིན་ནོ། །
    གསུམ་པ། ཚིགས་བཅད་འགྲོལ་བའི་ཚུལ་ནི། རྩ་བ་ལས།

    ཚིགས་སུ་བཅད་ལ་མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །
    དེ་ནི་དེ་བཞིན་སྦྱར་བར་བྱའོ། །

    ཞེས་གསུངས་པའི་དོན་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀྱི་དགོངས་དོན་སྡོམ་དུ་མཛད་པའི་ཚིགས་སུ་བཅད་པ་རྣམས་ལ། ཕྲད་དང་རྣམ་དབྱེ། མིང་མཐའ་སོགས་བསྡུས་ཏེ་མཚམས་སྦྱོར་བྱས་ཡོད་པ་སྤྱི་དང༌། ལྷག་པར་ཅུང་ཟད་བསྡུས་པ་ཡོད་པ་ཡིན་ན་ཡང༌། དེ་དག་ནི་སྔོན་མ་བསྡུས་པའི་གནས་སྐབས་སམ་ཡང་ན། སྐབས་དེར་ཐོབ་འོས་པའི་ཕྲད་དང་རྣམ་དབྱེ་རྣམས་ཚུལ་བཞིན་དུ་སྦྱར་དགོས་པ་དང༌། དེ་ལྟར་སྦྱར་ན་དེའི་དོན་བདེ་བླག་ཏུ་རྟོགས་པའི་ཐབས་སུ་འགྱུར་བ་མ་ཟད། ཚིགས་བཅད་འགྲོལ་ཚུལ་ཡང་དེ་ལས་མ་འདས། དཔེར་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ལྟ་བུ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཞེས་པ་བསྡུས་པ་ལས་བྱུང་བ་དང༌། འགྲོལ་དུས་དེ་བཞིན་སྦྱར་ན་དོན་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །

ཨེ་མ་ཐོན་མིའི་ཐུགས་མཚོ་བསྲུབས་པ་ལས། །ལེགས་བྱུང་བསིལ་ལྡན་ལྗོངས་ཀྱི་ཡི་གེ་དཔལ། །
བགྲང་བྱ་སྟོང་གིས་ཆོད་པའི་དུས་སྐབས་འདིར། །འོད་ཀྱི་རོལ་རྩེད་འབྱེད་པ་ཡི་གར་སྡུག །

རྗེས་འཇུག་བཅུ་ཡི་སྤྲོ་བསྡུའི་བཀོད་པ་ལས། །མཚམས་སྦྱོར་སྒེག་མོའི་ཟུར་གྱི་མིག་ཞགས་དང༌། །
སྒྲ་དོན་གཅིག་ཏུ་བསྡེབས་པའི་འཇོ་སྒེག་གིས། །ཡངས་པའི་འདོད་ལྡན་འཛིན་མ་གཅིག་ཏུ་བཅིངས། །

དེ་ལས་ཕྲད་དང་དེ་ལ་མཚམས་སྦྱོར་བའི། །དོན་གསལ་བརྗོད་བདེ་རོལ་རྩེད་སྟོང་ཕྲག་གི །
སྒྲ་ཡི་གཟེགས་མའི་ཟློས་གར་བསྒྱུར་བ་ན། །ཆོས་རྣམས་མ་འདྲེས་ཡིད་ངོར་གཅིག་ཏུ་གསལ། །

སྟོང་ཕྲག་བརྒྱད་ཅུའི་གནས་རྣམས་ཇི་ལྟ་བུར། །འཕུལ་རྟེན་མིང་གསུམ་ཟློས་པའི་རི་མོ་ལ། །
གཅིག་ཏུ་ཤར་བའི་བཀོད་པ་འབུམ་གྱི་བཞིན། །རྒྱལ་སྲས་ཚོགས་ཀྱི་ཕྱག་སོར་སྙིང་གར་ཟུམ། །

བརྟན་གཡོས་བཀོད་པའི་རྣམ་པ་བརྗོད་ཀླས་ཀྱང༌། །དབྱངས་གསལ་སོ་བཞིས་ཕྱེ་བའི་རི་མོ་ལས། །
ཀུན་རྟོག་འདབ་མ་གྲོལ་བའི་གཡས་འཁྱིལ་དུང༌། །གང་ཐུགས་ཀློང་ནས་བུས་པར་གཅིག་ཏུ་དད། །

འདི་ལྟར་ཤར་བའི་འོད་ཀྱི་སྤྲོ་སྡུད་ལ། །ཆགས་པའི་ཡིད་ཀྱིས་ཕྱོགས་སུ་བལྟས་པ་ལས། །
སྒྱུ་མའི་དྲྭ་བ་སྟོང་གི་བཀོད་པ་རྣམས། །མི་ཤིགས་སྙིང་གི་སྒྲོམ་དུ་ཅི་བདེར་རྩེན། །
    ཞེས་པ་བར་སྐབས་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

    གསུམ་པ། རྗེས་འཇུག་ཡི་གེ་རྣམས་དགོས་པ་ཅི་ཕྱིར་འཇུག་པ་བཤད་པ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ། མདོར་བསྟན་པ་ནི། རྩ་བ་ལས།

    ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཡི་གེའི་ཁོང་ནས་མིང་འབྱུང་སྟེ། །
    མིང་གི་ཁོང་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་བྱེད་པའོ། །

    ཞེས་གསུངས་པའི་དོན་ནི། རྗེས་འཇུག་ཡི་གེ་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཡི་གེ་དུ་མ་འདུས་པ་ལས་མིང་གྲུབ་པར་བྱེད་པ་དང༌། མིང་དུ་མ་འདུས་པ་ལས་ཚིག་གྲུབ་པར་བྱེད་པ་དང༌། དེ་ལྟའི་ཚིག་གིས་དོན་རྣམས་ཇི་བཞིན་སྟོན་པར་བྱེད་ཅེས་གསུངས། ཡི་གེ་དུ་མ་འདུས་ཀྱང་རྗེས་འཇུག་ཡི་གེ་གང་ཡང་རུང་བ་ཞིག་མ་ཞུགས་ན་མིང་དུ་གྲུབ་པ་མི་སྲིད་དེ། ཐོན་མིས། རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱར་བ་ཡོད་མི་སྲིད། །ཅེས་གསུངས། དེ་ལས་མིང་དུ་མ་འདུས་པ་ལས་ཚིག་གྲུབ་མོད། དེར་ཡང་རྗེས་འཇུག་བཅུ་པོ་གང་ཡང་རུང་བ་ཞིག་མ་ཞུགས་ན། ཚིག་ཏུ་གྲུབ་པ་མི་སྲིད་དེ། རྣམ་དབྱེ་དང་ཚིག་ཕྲད་རྣམས་ནི། རྗེས་འཇུག་ལས་གྲུབ་པའམ་ཡང་ན་རྗེས་འཇུག་དང་མཉམ་དུ་གྲུབ་པ་ཡིན་ཞིང༌། གང་ལྟར་རྗེས་འཇུག་ལས་མ་གྲུབ་པ་རེ་ཟུང་ཡོད་ཀྱང༌། དེ་དག་རྣམས་མཚམས་སྦྱོར་བྱེད་དུས་རྗེས་འཇུག་ལ་མཚམས་སྦྱོར་དགོས་པས། ཚིག་གྲུབ་པར་བྱེད་པའང་རྗེས་འཇུག་གི་བྱེད་ལས་སུ་ངེས། དེ་བཞིན་ཚིག་འདུས་པ་ལས་དོན་རྣམས་ཇི་བཞིན་སྟོན་པའང་མཚམས་སྦྱོར་ལས་གྲུབ་དགོས་པས། དེ་ཡང་རྗེས་འཇུག་གི་ནུས་པས་ཡིན་པ་ཤེས་དགོས་སོ། །
    གཉིས་པ། རྒྱས་པར་བཤད་པ་ལ་གཉིས་ཡོད་དེ། མིང་བཤད་པ་དང༌། ཚིག་བཤད་པ་གཉིས་ལས། དང་པོ། མིང་བཤད་པ་ལའང་གཉིས་ཏེ། སྤྱིའི་དབྱེ་བ་བཤད་པ་དང༌། བྱེ་བྲག་སོ་སོར་བཤད་པ་གཉིས། དང་པོ། མིང་གི་དབྱེ་བ་སྤྱིར་བཤད་པ་ནི། རྩ་བ་ལས།

    མིང་ལ་གྲུབ་དང་རྗེས་གྲུབ་གཉིས། །

    ཞེས་གསུངས་པའི་དོན་ནི། རྩ་བའི་མིང་ལ་དབྱེ་ན་གཉིས་སུ་འགྱུར་ཏེ། གྲུབ་པའི་མིང་ངམ་འདོད་རྒྱལ་གྱི་མིང༌། རྗེས་སུ་གྲུབ་པའི་མིང་གཉིས་ཡོད་པ་ལས། འདོད་རྒྱལ་ལམ་གྲུབ་པའི་མིང་ནི། ཆོས་རྗེ་མཆོག་གི་སྒྲ་འཇུག་ལས། ཆོས་གང་ལ། 6དེ་མེད་བཞིན་དུ་བཏགས་པ་སྟེ་དཔེར་ན་བུམ་པ་དང་ཀ་བ་ལ་སོགས་པ་བཞིན་ནོ།  །དེ་གཞན་ལ་མ་ལྟོས་པའི་ཕྱིར་ངེས་ཚིག་བསྒྲུབ་ཏུ་མེད་དེ་ཆོས་ཉིད་བཞིན་ནོ། །ཞེས་གསུངས་པ་དང༌། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 7འདོད་རྒྱལ་ནི་རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དངོས་པོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་བར་གྱུར་པས་འདོད་རྒྱལ་ཟེར་རོ། །ཞེས་གསུངས་པ་ལྟར། འདོད་རྒྱལ་གྱི་མིང་ངམ་གྲུབ་པའི་མིང་ནི། ཐོག་མའི་མིང་ཡིན་ཞིང་དེ་ལ་ངེས་ཚིག་མེད་པར་བཏགས་པའི་མིང་དུ་འདོད། དེ་བཞིན་རྗེས་སུ་གྲུབ་པའི་མིང་ནི། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 8ཐ་སྙད་དེ་ལྟར་བཏགས་པ་ལ་རྒྱུ་མཚན་བཤད་དུ་ཡོད་དེ༑ ཞེས་གསུངས་པ་ལྟར་ཡིན་ཞིང༌། གྲུབ་པའི་མིང་གྲུབ་པའི་རྗེས་སུ་གྲུབ་པས་རྗེས་གྲུབ་ཅེས་དང༌། དངོས་པོ་དེར་མིང་དེ་ལྟར་བཏགས་པའི་བཏགས་དོན་བཤད་དུ་ཡོད་པ་གཉིས་ནི་རྗེས་གྲུབ་ཀྱི་མིང་གི་ཁྱད་ཆོས་སུ་སྣང༌།
    གཉིས་པ། བྱེ་བྲག་སོ་སོར་བཤད་པ་ནི། རྩ་བ་ལས།

    དང་པོ་འདོད་རྒྱལ་ཕྱི་མ་ལ། །རྣམ་གཉིས་དོན་ལྡན་བརྒྱད་ཡིན་ཏེ། །
    ཡིན་དང་ངོ་བོར་གྲུབ་པ་དང༌། །དངོས་པོའི་རྐྱེན་དངོས་བཏགས་པ་ལྔ། །
    ཡོད་ཕན་བྱེད་ལས་འདྲ་བ་འོ། །

    ཞེས་གསུངས་པའི་དོན་ནི། སྤྱིར་འདོད་རྒྱལ་ལ་ཐོག་མའི་འདོད་རྒྱལ་དང༌། རྗེས་སུ་གྲུབ་པའི་འདོད་རྒྱལ་ཞེས་གཉིས་སུ་བཞེད་མཁན་ཡོད་ཀྱང་སྐབས་འདིར་དབྱེ་བ་དེ་ལྟར་འཐད་པར་མི་སྣང་བས། འདོད་རྒྱལ་ལམ་གྲུབ་པའི་མིང་ལ་ནང་གསེས་དབྱེ་བ་མ་ཕྱེ་ན་ལེགས་པར་སྣང༌། ཕྱི་མ་རྗེས་སུ་གྲུབ་པའི་མིང་ལ་རྩ་བའི་དབྱེ་བ་གཉིས་སུ་འགྱུར་ཏེ། དོན་ལྡན་རྗེས་གྲུབ་དང༌། ལོག་པ་རྗེས་གྲུབ་གཉིས་ལས། དང་པོ། དོན་ལྡན་རྗེས་གྲུབ་ལ་ནང་གསེས་ཞིབ་ཏུ་དབྱེ་ན་བརྒྱད་དུ་ཡོད་དེ། དངོས་མིང་གསུམ་དང༌། བཏགས་མིང་ལྔར་ཕྱེ་བས་སོ། །
    དང་པོ་དངོས་མིང་གསུམ་བཤད་པ་ལ། དངོས་མིང་ཞེས་པའི་དོན་ནི། དོན་གཞན་ལ་མ་ལྟོས་པར་རང་གི་ངོ་བོ་གྲུབ་པ་ཡིན་ཞིང༌། དེ་ལ་དབྱེ་ན་གསུམ་ཡོད་དེ། ཡིན་པར་སྒྲུབ་པ་དང༌། ངོ་བོ་སྒྲུབ་པ་དང༌། དངོས་པོའི་རྐྱེན་གྱིས་སྒྲུབ་པ་བཅས་ལས། དང་པོ་ཡིན་པར་སྒྲུབ་པ་ནི། 9རང་གི་ངོ་བོའི་ངེས་ཚིག་གིས་རང་ཉིད་ཡིན་པར་སྒྲུབ་པ་སྟེ། ཀུན་མཁྱེན་རོང་ཟོམ་ཆེན་པོས། ཡིན་པར་བསྒྲུབ་པས་ནི་རང་གི་ངོ་བོ་ཙམ་བསྒྲུབ་ཅིང་གཞན་ལ་ཟུར་མི་ཟ་བའོ། །ཞེས་གསུངས་པ་དང༌། ཆོས་རྗེ་ས་པཎ་གྱི་སྒྲ་འཇུག་ལས། ངོ་བོར་བསྒྲུབ་ཅིང་གཞན་ལ་ཟུར་མི་ཟ་བའོ། །ཞེས་གོང་དང་གཅིག་མཚུངས་སུ་གསུངས། དེས་ན་དོན་གཉིས་ཏེ་ངོ་བོར་སྒྲུབ་པ་དང༌། གཞན་ལ་ཟུར་མི་ཟ་བ་གཉིས་འཛོམས་པའི་མིང་གང་ཡིན་པ་དེ་ལ་གོ་དགོས། དེས་ན་གོང་བཤད་ལྟར༌། ཤིང་ལས་གྲུབ་པའི་སྒམ་ལ་ཤིང་སྒམ་ཞེས་བརྗོད་ན༑ དེ་ཉིད་རང་གི་ངོ་བོར་སྒྲུབ་པ་ཡིན་ཏེ། རང་གི་ངོ་བོ་ཤིང་ལས་གྲུབ་པའི་སྒམ་ཡིན་པ་དང༌། ཤིང་སྒམ་ཞེས་པའི་མིང་གིས་གཞན་ལ་ཟུར་ཟ་མི་བྱེད་པ་སྟེ། རང་གི་ངོ་བོ་ཁོ་ན་མཚོན་པ་ཙམ་ཡིན་པས་སོ། །
    ངོ་བོས་སྒྲུབ་པའི་མིང་གང་ཡིན་པ་དེས་བཏགས་པའི་མིང་ལྔ་སྤོང་བར་བྱེད་ནུས་པ་ཞིག་སྟེ། དེ་དེའི་ཕྱིར་ཞེས་པའི་ངེས་ཚིག་གིས་མཚོན་ནུས་པ་ཞིག་དགོས། དེ་ལ་ཀུན་མཁྱེན་རོང་ཟོམ་ཆེན་པོས། ངོ་བོ་བསྒྲུབ་པའི་སྒྲས་བཏགས་པའི་མིང་ལྔ་སྤོང་ཞིང་སེལ་བར་བྱེད་དེ། མེ་ནི་མེའོ་ཞེས་བརྗོད་ན་འདི་མེ་དངོས་ཡིན་གྱི། མེ་ལ་ཡོད་པ་ལ་སོགས་པ་ལྔ་ནི་མ་ཡིན་ནོ་ཞེས་པའོ། །ཞེས་གསུངས་པ་དང༌། དེ་བཞིན་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། ངོ་བོ་བསྒྲུབ་པ་ནི་རང་གི་རྫས་བསྒྲུབ་པ་སྟེ། དཔེར་ན་མེ་ནི་མེའོ་ཞེས་བརྗོད་པ་ན་ཡོད་པ་ལ་སོགས་པ་བཏགས་པའི་མིང་ལྔ་སྤོང་བའོ།། ཞེས་གསུངས་པས་གཞུང་གཉིས་ཀའི་དགོངས་པ་མཐུན། དེས་ན་འདིས་མཚན་ཉིད་ཀྱིས་མཚན་གཞི་སྒྲུབ་པ་ལྟ་བུར་གོ་དགོས་ཏེ། དཔེར་ན། ལྟོ་ལྡིར། ཞབས་ཞུམ། ཆུ་སྐྱོར་བའི་དོན་བྱེད་པ་གང་ཡིན་པ་དེ་ནི་བུམ་པའོ། །ཞེས་པ་ལྟ་བུ་སྟེ། དེ་ལ་ཡོད་པ་སོགས་བཏགས་པའི་མིང་ལྔ་སྤོང་བ་དང༌། རང་གི་ངོ་བོས་རྫས་སྒྲུབ་པའི་ནུས་པ་གཉིས་ཀ་ལྡན། དེ་ལྟར་མིན་པར་གོང་གི་གཞུང་གཉིས་ཀའི་ཚིག་ཟིན་ལྟར་བཟུང་ན། དོན་ལ་གནོད་པ་མེད་ཀྱང་ཚིག་གིས་གནོད་པ་ཅུང་ཟད་མེད་དམ་སྙམ། དོན་ལྡན་གྱི་མིང་ནི་རྗེས་གྲུབ་ཀྱི་མིང་གི་ནང་གསེས་ཤིག་ཡིན་ཡང༌། མེ་ལ་མེའོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་འདོད་རྒྱལ་གྱི་མིང་ལས་མ་འདས། དེ་ཙམ་དུ་མ་ཟད་རང་གི་རྫས་སྒྲུབ་པ་ཡང་མི་འབྱུང་བར་སྣང༌། མེ་ནི་རང་གི་ངོ་བོ་ལ་བཞག་སྟེ་ངོ་བོ་དེས་སྒྲུབ་པའི་རྫས་ནི་མེའོ་ཞེས་བརྗོད་ན་ཅུང་ཟད་མི་བདེ་བར་མངོན། དེས་ན་ཚ་ཞིང་བསྲེགས་པར་བྱེད་པ་གང་ཡིན་པ་དེ་ནི་མེའོ་ཞེས་བརྗོད་ན་གོང་གི་མཚན་ཉིད་དེས་ཇི་བཞིན་མཚོན་ནུས། འོན་ཀྱང་དོན་ལ་གོང་གི་ཚིག་དུམ་དེ་ཡང་དེ་ལྟར་གོ་བ་ལེན་རྒྱུ་ལས་མ་འདས། དེས་ན་ཚིག་ཙམ་ལས་དོན་ལ་ཁྱད་པར་མེད་པའང་མཁྱེན་གལ་ཆེ། དེས་ན་འདི་དག་ལ་བརྟེན་ནས་གཞི་གསེར་ལས་གྲུབ་པའི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དངོས་པོ་གང་ཡིན་པ་དེ་ལ་གསེར་བུམ་ཞེས་བརྗོད་པ་ལྟ་བུ་ཡིན་ནོ། །
    དངོས་པོའི་རྐྱེན་ནི་རང་གི་ཁྱད་པར་སེལ་བར་བྱེད་པའི་ནུས་པ་ཅན་གྱི་མིང་ཡིན་ཞིང༌། དེ་ལ་ཀུན་མཁྱེན་རོང་ཟོམ་ཆེན་པོས། དངོས་པོའི་རྐྱེན་ནི་རང་གི་ཁྱད་པར་སེལ་བར་བྱེད་དེ། ཚ་བ་ཉིད་ཅེས་བརྗོད་ན་ཚ་བ་ཁོ་ན་མེ་ཡིན་གྱིས་གསལ་བ་ལ་སོགས་པའི་ཡོན་ཏན་གཞན་ནི་མ་ཡིན་ནོ་ཞེས་བྱའོ། །ཞེས་གསུངས་པ་དང༌། ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། དངོས་པོའི་རྐྱེན་བསྒྲུབ་པ་ནི། རང་གི་ལྡོག་པ་ཕྱོགས་གཅིག་བསྒྲུབ་པ་སྟེ༑ དཔེར་ན་མེ་ནི་གསལ་བའོ་ཞེས་བརྗོད་པ་ན། ཚ་བ་ལ་སོགས་པ་ལྡོག་པ་གཞན་སེལ་བའོ། །ཞེས་གསུངས། དེས་ན་གཞུང་གོང་འོག་གཉིས་ཀའི་དགོངས་པ་མཐུན་པ་དང༌། དངོས་པོའི་རྐྱེན་གྱི་སྒྲུབ་པ་ཞེས་པའི་དངོས་པོ་ནི༑ སྐབས་འདིར་ཁྱད་ཆོས་ལ་གོ་དགོས། སྤྱིར་དངོས་པོ་ཞེས་པ་ནི་གོ་བ་མི་འདྲ་བ་དུ་མར་འཇུག་པ་ཞིག་སྟེ། ནང་དོན་ལ་དངོས་པོ་དང༌། རྟག་དངོས་གཉིས་སུ་དབྱེ་བའི་དངོས་པོ་དང༌། མཚན་ཉིད་ལའང་དངོས་པོ་འཇུག་མོད། སྐབས་འདིར་དེ་དག་མིན་པར་ཁྱད་ཆོས་སམ་ལྡོག་པར་སྣང༌། དེས་ན་ཁྱད་ཆོས་ཕྱོགས་རིས་པ་ལས་དྲངས་པའི་མིང་གང་ཡིན་པ་དེ་དག་ལ་ངེས་ཚིག་ཀྱང་ཁྱད་ཆོས་ཕྱོགས་རིས་པ་ལས་འདྲེན་དགོས་པས། དེ་རྣམས་ལ་དངོས་པོའི་རྐྱེན་གྱིས་སྒྲུབ་པའི་མིང་ལ་བཞག དཔེར་ན་བསིལ་བའི་འོད་ཟེར་དང་ལྡན་པའི་དངོས་པོར། བསིལ་ཟེར་ཅན་ཞེས་བརྗོད་པ་ན། བསིལ་བའི་འོད་ཟེར་དང་ལྡན་པ་ནི་ཟླ་བ་ཡིན་པར་གོ་མོད། དཀར་ཞིང་གསལ་བ་ལ་སོགས་པའི་ཁྱད་ཆོས་རྣམས་སེལ་བར་འགྱུར་བས་འདི་རིགས་ཀྱི་མིང་ལ་དངོས་པོའི་རྐྱེན་གྱིས་བསྒྲུབས་པའི་མིང་ཡིན། དེས་ན་དངོས་མིང་ལ་གསུམ་ཡོད་པ་ནི་རིམ་བཞིན། ཡིན་པ། མཚན་ཉིད་ཀྱིས་སྒྲུབ་པ། ཁྱད་ཆོས་ཕྱོགས་རིས་པས་བསྒྲུབས་པ་བཅས་སུ་འདུས་ལ། དེ་དག་ཀྱང་རིམ་བཞིན་རང་གི་ངོ་བོ་ཙམ་སྒྲུབ་པ་དང༌། རང་གི་ངོ་བོས་སྒྲུབ་པས་བཏགས་པའི་མིང་ལྔ་སོགས་སྤོང་བ། རང་གི་ཁྱད་ཆོས་ཕྱོགས་རིས་པས་སྒྲུབ་པས་ཁྱད་ཆོས་གཞན་རྣམས་སེལ་བ་བཅས་ལ་གོ་དགོས་སོ། །
    གཉིས་པ་བཏགས་མིང་ལྔ་ནི། 10བཏགས་པའི་མིང་ལྔ་རིམ་བཞིན་བཤད་པ་ལས། དང་པོ་རྟེན་ལ་བརྟེན་པ་བཏགས་པའམ་ཡོད་པ་ལ་སྦྱར་བ་ནི། རྩ་བ་ལས། རྟེན་ལ་བརྟེན་པ་བཏགས་པ་དང༌། །ཞེས་གསུངས། རྟེན་ལ་བརྟེན་པ་བཏགས་པ་ནི་དེ་ཡོད་ཕྱིར་ཞེས་པ་ཡིན་ཞིང༌། དཔེར་ན། སྐྱེས་བུ་རྩལ་ཡོད་པ་ལ་རྩལ་ཅན་ཞེས་པ་ལྟ་བུ་ཡིན་ཏེ། རྟེན་སྐྱེས་བུ་ལ་བརྟེན་པ་རྩལ་ཡིན་མོད། མིང་འདོགས་པའི་སྐབས་སུ་བརྟེན་པ་རྩལ་ནི་རྟེན་ལ་བཏགས་པས་རྟེན་ལ་བརྟེན་པ་བཏགས་པ་ཞེས་གསུངས། དེ་ཡོད་ཕྱིར་ཞེས་པ་ནི་དེ་བཞིན་ཏེ་རྟེན་ལ་ཡོད་པའི་བརྟེན་པ་ཡིན་པ་དེའི་ཕྱིར་ཞེས་པའི་ངེས་ཚིག་འཇོག་རྒྱུ་ལས་མ་འདས། སྐབས་འདིར་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། དང་པོ་ལ་གཉིས་ཏེ། རྫས་ཐ་དད་ལྡོག་པ་གཅིག་ལ་བརྟེན་པ་དང༌། ལྡོག་པ་ཐ་དད་རྫས་གཅིག་ལ་བརྟེན་པའོ། །དང་པོ་ནི། ས་བོན་འདེབས་པ་ལ་ཞིང་འདེབས་པ་དང༌། མི་ངན་གྱི་རྟེན་བྱས་པ་ལ་མི་ངན་ལྟ་བུའོ། །གཉིས་པ་ནི་ཡོན་ཏན་ཡོད་པ་ལ་ཡོན་ཏན་ཅན་ནམ། རྩལ་ཡོད་པ་ལ་རྩལ་ཅན་ལྟ་བུའོ། །ཞེས་གསུངས། དེ་ལས་ལྡོག་པ་དང་རྫས་ཞེས་གསུངས་པ་ནི། ལྡོག་པ་ནི་ཁྱད་ཆོས་དང་རྫས་ནི་ཁྱད་གཞི་ཡིན། དེས་ན་ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་ལ་བརྟེན་པའམ་ཡོད་པ་དང༌། ཁྱད་ཆོས་ཐ་དད་ཁྱད་གཞི་གཅིག་ལ་བརྟེན་པའམ་ཡོད་པའི་ཚུལ་དུ་གནས་པ་ཞིག་སྟེ། ཞིང་དང་ས་བོན་གཉིས་གཞི་ཐ་དད་པ་དང༌། ཡོན་ཏན་དང་དེ་ལྡན་གྱི་གང་ཟག་བར་ལ་ཁྱད་གཞི་དང་ཁྱད་ཆོས་ཀྱི་འབྲེལ་བ་གྲུབ། ཚུལ་འདི་ལྟ་བུའི་སྒོ་ནས་ཞིབ་ཏུ་མཁྱེན་པར་བྱ་རྒྱུ་ནི་གལ་ཆེའོ། །
    གཉིས་པ་ཕན་པར་སྦྱར་བ་ནི། རྩ་བ་ལས། བརྒྱུད་པའི་རྒྱུ་ལ་འབྲས་བུ་དང༌། །ཞེས་གསུངས། བརྒྱུད་པའི་རྒྱུ་ལ་འབྲས་བུའི་མིང་དུ་བཏགས་པ་ནི། བརྒྱུད་པའི་རྒྱུ་དེ་ཉིད་འབྲས་བུ་དེ་ལ་ཕན་པའི་དབང་གིས་སྦྱར་བ་ཡིན་ཏེ། དཔེར་ན། ཆུ་ལུད་ལ་ཁ་ཟས་ཞེས་པ་ལྟ་བུ། ཆུ་ལུད་ནི་ཁ་ཟས་ཀྱི་བརྒྱུད་པའི་རྒྱུ་ཡིན་པ་མ་ཟད། ཁ་ཟས་གྲུབ་པ་ལ་ཕན་པའི་ཕྱིར་དེ་ལྟར་བཤད། ཚུལ་འདིར་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། ལུས་(ལུད་)ལ་ཟས་ཡིན་ལྟ་བུའམ། སྨན་ལ་སྲོག་ཡིན་ཞེས་པ་ལྟ་བུ་ཞེས་གསུངས་སོ། །
    གསུམ་པ་བྱེད་པར་སྦྱར་བ་ནི། རྩ་བ་ལས། དངོས་ཀྱི་རྒྱུ་ལ་དེ་བཞིན་དང༌། །ཞེས་གསུངས། དེའི་དོན་ནི་དངོས་བརྒྱུད་གང་ཡིན་པ་དེ་ལ་འབྲས་བུའི་མིང་བཏགས་པ་སྟེ། དཔེར་ན། གསེར་ལ་རྒྱན་ཆ་ཞེས་བརྗོད་པ་ལྟ་བུར་མངོན། གསེར་དེ་ཉིད་སྐབས་དེར་རྒྱན་ཆ་མིན་ན་ཡང༌། རྒྱན་ཆ་འགྲུབ་བྱེད་ཀྱི་དངོས་རྒྱུ་ཡིན་པའམ་རྒྱན་ཆ་བྱེད་པའི་ཆ་ནས་བཏགས་པས། དེ་བྱེད་པའི་ཕྱིར་ན་དེ་ལྟར་བཏགས་ཞེས་པ་དང༌། ཡང་ན་དངོས་པོའི་ཡིན་པ་ལ་འབྲས་བུའི་མིང་བཏགས་པས་དེ་ལྟར་བརྗོད། ཚུལ་འདིར་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། ཡོས་འཐགས་པ་ལ་ཕྱེ་འཐགས་པ་ལྟ་བུ་ཞེས་གསུངས་པ་རྣམས་ནི་གཅིག་ཏུ་གྲུབ།
    སྐབས་འདིར་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས་བཏགས་པའི་མིང་བཞི་ལས་མ་གསུངས། དེ་ཡང་ཕན་པ་དང་བྱེད་པ་གཉིས་ཕྱོགས་གཅིག་ཏུ་བསྡུས་ནས་གསུངས་ཡོད་དེ། ཆོས་རྗེ་མཆོག་གིས། རྒྱུ་འབྲས་བུར་བཏགས་པ་གཉིས་ཏེ། བརྒྱུད་པའི་རྒྱུ་ལ་འབྲས་བུར་བཏགས་པ་དང༌། དངོས་ཀྱི་རྒྱུ་ལ་འབྲས་བུར་བཏགས་པའོ། །དང་པོ་ནི། ལུད་ལ་ཟས་ཡིན་ལྟ་བུའམ། སྨན་ལ་སྲོག་ཡིན་ཞེས་པ་ལྟ་བུའོ། །གཉིས་པ་ལ་ནི། ཡོས་འཐགས་པ་ལ་ཕྱེ་འཐགས་པ་ལྟ་བུའམ། སྨན་ལ་སྲོག་ཡིན་པ་ལྟ་བུའོ། །ཞེས་གཅིག་ཏུ་བསྡུས་ནས་གསུངས། འདི་གཉིས་གཅིག་ཏུ་བསྡུས་ཀྱང་མི་འགལ་བ་མ་ཟད། རང་ཉིད་གང་ཡིན་པའི་དོན་སོ་སོར་མཚོན་ནུས། བརྒྱུད་པའི་རྒྱུ་ལ་འབྲས་བུའི་མིང་བཏགས་པ་ནི་ཕན་པ་དང༌། དངོས་བརྒྱུད་ཀྱི་མིང་ལ་འབྲས་བུའི་མིང་བཏགསཔ་ནི་བྱེད་པ་ལ་སྦྱོར་རྒྱུ་ལས་མ་འདས། དེས་ན་དེ་གཉིས་གཅིག་ཏུ་བཤད་པའམ། ཡང་ན་སོ་སོར་བཤད་པ་གང་བྱས་ཀྱང་རུང་ངོ༌། །
    བཞི་པ་ལས་ལ་སྦྱར་བ་ནི། རྩ་བ་ལས། འབྲས་བུའམ་བྱ་བར་འགྱུུར་བ་ལ༑ ༑དེ་ལ་རྒྱུ་ཡི་མིང་བཏགས་པའམ། །ཞེས་གསུངས། འབྲས་བུའམ་བྱ་བར་འགྱུར་བ་གང་ཡིན་པ་དེ་ལ་རྒྱུ་ཡི་མིང་བཏགས་པ་ཞིག་ལ་གོ་དགོས། ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། འབྲས་བུ་ལ་རྒྱུར་བཏགས་པ་ནི། མེ་བྱེད་པ་ལ་མེ་ཤིང་ལྟ་བུའོ། །ཞེས་གསུངས། དེས་ན་མེ་བྱ་བར་འགྱུར་བ་གང་ཡིན་པ་དེ་ལ་མེ་ཤིང་ཞེས་བཏགས་པ་སྟེ། ངེས་ཚིག་འདྲེན་པའི་ཚེ་ན། ཤིང་གང་ཡིན་པ་དེ་མེ་བྱ་བར་འགྱུར་བའི་ཕྱིར་ན་མེ་ཤིང་ཞེས་བརྗོད། ཅེས་ངེས་ཚིག་པ་འདྲེན་རྒྱུ་ལས་མ་འདས། དེ་བཞིན་རས་འཚེམ་པ་ལ་གོས་འཚེམ་པ་དང༌། ཤིང་བཟོ་བ་ལ་སྒམ་བཟོ་བ་སོགས་མཐའ་ཡས་པར་སྣང༌།
    ལྔ་པ་འདྲ་བར་སྦྱར་བ་ནི། རྩ་བ་ལས། དཔེ་གཞན་གྱིས་ནི་མིང་དག་དང༌། །ཞེས་གསུངས། དེའི་དོན་ནི། རང་མ་ཡིན་པའི་དཔེ་གཞན་གྱི་སྒོ་ནས་མིང་བཏགས་པ་ལ་འདྲ་བ་ཞེས་བརྗོད་དེ། དཔེར་ན། སེང་གེ་དང་འདྲ་བ་ལ་སེང་གེ་ཞེས་བརྗོད་པ་ལྟ་བུ་ཡིན། སྐབས་འདིར་ཆོས་རྗེ་ས་པཎ་མཆོག་གི་སྒྲ་འཇུག་ལས། འདྲ་བ་དངོས་ཀྱི་མིང་བཏགས་པ་ལའང་གཉིས། རྫས་འདྲ་བ་དང༌། ལྡོག་པ་འདྲ་བའོ། །དང་པོ་ནི། སེམས་ཅན་ལ་སངས་རྒྱས་ཞེས་བཤད་པ་ལྟ་བུའོ། །གཉིས་པ་ནི། སྐྱེས་བུ་མཛེས་པ་ལ་ལྷ་ཞེས་བརྗོད་པ་ལྟ་བུའོ། ། ཞེས་གསུངས། དངོས་མིང་གསུམ་དང་བཏགས་མིང་ལྔའི་སྐོར་རང་ཉིད་ཀྱིས་བྲིས་པའི་སྨྲ་སྒོའི་འགྲེལ་པ་བློ་གསལ་རིག་པའི་རོལ་རྩེད་ལས་ཚན་བཤུ་བྱས་པ་ལགས།
    ལོག་པ་རྗེས་གྲུབ་ནི། ཁྱི་ནག་པོར་དུང་ཞེས་བརྗོད་པ་ལྟ་བུ་སྟེ། དེ་ལ་ངེས་ཚིག་གིས་བསྙད་ན་ཕྱིན་ཅི་ལོག་ཏུ་འགྱུར་བ་རྣམས་ཡིན་ཞིང༌།  དེ་དག་ནི་རྗེས་གྲུབ་ཡིན་ཏེ་གྲུབ་པའི་མིང་གི་རྗེས་སུ་གྲུབ་པ་དང༌། དོན་ལྡན་གྱི་མིང་མ་ཡིན་ཏེ་ངེས་ཚིག་གིས་ཇི་བཞིན་བསྙད་དུ་མི་རུང་བའི་ཕྱིར། དེ་ལྟར་འདོད་རྒྱལ་དང་རྗེས་གྲུབ་གཉིས་དང༌། རྗེས་གྲུབ་དོན་ལྡན་དང་ལོག་པ་གཉིས་ཡོད་པ་ལས། དོན་ལྡན་ལ་དངོས་མིང་གསུམ་དང༌། བཏགས་མིང་ལྔར་ཡོད་པའི་དངོས་མིང་གསུམ་ནི། ཡིན་པར་སྦྱར་བ། ངོ་བོར་གྲུབ་པ། དངོས་པོའི་རྐྱེན་དངོས་རྣམས་དང༌། བཏགས་པ་ལྔ་ནི། ཡོད་པ། ཕན་པ། བྱེད་པ༑ ལས། འདྲ་བར་སྦྱར་བ་རྣམས་དང་བཅས་བརྒྱད་ཡོད་དོ། །
    གཉིས་པ། ཚིག་བཤད་པ་ལ། དབྱེ་བའི་རྣམ་གཞག་བཤད་པ་དང༌། བསྡུ་བའི་རྣམ་གཞག་བཤད་པ་གཉིས་ལས། དང་པོ། དབྱེ་བའི་རྣམ་གཞག་བཤད་པ་ནི། རྩ་བ་ལས།

    ཚིག་གི་དབྱེ་བསྡུ་བྱེད་པ་བརྒྱད། །དངོས་ལས་བྱེད་ཆེད་འབྱུང་གནས་འབྲེལ། །
    གནས་དང་བྱེད་པོ།

    ཞེས་གསུངས་པའི་དོན་ནི། སྤྱིར་ཚིག་ལ་དབྱེ་བ་གཉིས་ཏེ། དབྱེ་བ་དང་བསྡུ་བ་གཉིས་ལས། དབྱེ་བ་ལའང་རྣམ་པ་བརྒྱད་དུ་ཡོད། དེ་དག་ནི། དངོས་སམ་ངོ་བོ་ཙམ་སྟོན་པ་དང༌། ལས་སུ་བྱ་བ་དང༌། བྱེད་པ། དགོས་ཆེད། འབྱུང་ཁུངས།  འབྲེལ་བ། གནས་གཞི། འབོད་པ་རྣམས་ནི་བྱེད་པ་ཡིན་ཞིང་དེ་དག་ལ་རྣམ་དབྱེ་ཞེས་བརྗོད་དོ་ཞེས་བསྟན། དེས་ན་སྐབས་འདིར་ཤེས་དགོས་པ་ནི་རྣམ་དབྱེ་ཞེས་པ་དེ་ཉིད་ཡིན་ཞིང༌། དེང་སྐབས་རྣམ་དབྱེ་ལ་གོ་དོན་མི་འདྲ་བ་མང་པོ་ཞིག་འཇོག་བཞིན་ཡོད་མོད། དེའི་ནང་ནས་རིགས་གཅིག་གིས་རྣམ་དབྱེ་ངོས་འཛིན་ཡང་གཙང་མ་ཞིག་མ་ཐོན་པར་སྣང༌། སྤྱིར་རྣམ་དབྱེ་ཞེས་པའི་དོན་ནི། རྣམ་པ་དབྱེ་བ་ཞེས་པ་ཡིན་ཞིང༌། དེང་སྐབས་དེ་ལ་དབྱེ་ན་ཞེས་པའི་དབྱེ་བར་མི་གོ་བར། དེ་གཉིས་སོ་སོར་དབྱེ་ན་ཞེས་པའི་དབྱེ་བར་གོ་མཁན་མང་དུ་སྣང༌། དེ་ལ་བརྟེན་ནས་རྣམ་དབྱེ་གཞུང་བཞིན་རྟོགས་མ་ཐུབ་པ་སྟེ། རིགས་གཅིག་གིས་ཕྲད་ཀྱི་ནུས་པ་ཙམ་དང༌། རིགས་གཅིག་གིས་གཞུང་གི་གོ་དོན་བཙན་སྦྱོར་བྱས་པ་ལས་རྣམ་དབྱེའི་དོན་མ་ཤེས་པར་ཟད། ཐ་ན་རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་ཁྱད་པར་ཅི་ཡོད་ཅེས་དྲིས་ན། མང་པོ་ཞིག་གིས་རྣམ་དབྱེ་ཡིན་པའི་ཕྲད་དེ་དག་གིས་དེ་ཉིད་སྦྱར་བྱའི་ཚིག་དོན་གོང་འོག་གཉིས་སོ་སོར་འབྱེད་པའི་ནུས་པ་ཡོད་ཅེས་མིག་བཙུམ་ནས་ལན་འདེབས་བཞིན་ཡོད། དེ་དག་ལ་འདི་ཉིད་འདྲི་སྟེ། འོ་ན་དང་སྒྲ་ཡང་རྣམ་དབྱེ་ཡིན་པའི་ཕྲད་ཡིན་པར་འགྱུར་ཏེ། དང་སྒྲས་ཀྱང་རང་ཉིད་སྦྱར་བྱའི་ཚིག་དོན་གོང་འོག་གཉིས་སོ་སོར་འབྱེད་པའི་ཕྱིར། དེ་བཞིན་ལྷག་བཅས་ཀྱི་ཕྲད་སོགས་དེར་ཐལ་དགོས་པར་སྣང༌། དེ་ལྟར་ཡིན་ན་རྣམ་དབྱེ་དམིགས་བསལ་མེད་ཀྱང་རུང་བར་འགྱུར་ཏེ། ཕྲད་དེ་དག་གིས་བྱ་བ་བྱེད་པའི་ཕྱིར། གོ་བ་འདི་དག་ཡོང་དགོས་དོན་ནི། རྣམ་དབྱེ་ཞེས་པའི་རྣམ་པ་དབྱེ་བ་ཞེས་པ་དེ་ཉིད། སོ་སོར་དབྱེ་བའི་དོན་ལ་གོ་བར་མཛད་ནས་སྐྱོན་དེ་དག་བྱུང༌།
    འོ་ན་རྣམ་དབྱེ་ཞེས་པའི་དོན་ནི་སོ་སོར་དབྱེ་བའི་དོན་མིན་ན་གང་ཡིན་ཞེ་ན། དེ་ནི་འདི་ལྟར་ཡིན་ཏེ། དེ་ལ་དབྱེ་ན་མི་འདྲ་བ་འདི་དག་ཡོད་ཅེས་པ་དང་མཚུངས་ཏེ། དཔེར་ན། མིང་གཅིག་ལ་དོན་གྱི་རྣམ་པར་ཤར་ཚུལ་གྱིས་དབྱེ་ན་བརྒྱད་དམ་བདུན་ཡོད། དེ་དག་ནི་རྣམ་དབྱེ་ཡིན་ཏེ། མིང་དེ་ཉིད་རང་གི་ངོ་བོ་ཙམ་སྟོན་པའི་གནས་སྐབས་ཤིག་དང༌། མིང་དེ་ཉིད་ལས་སམ་བྱ་བའི་གཞི་རྣམ་པར་ཤར་བའི་སྐབས་ཤིག་དང༌། མིང་དེ་ཉིད་བྱེད་པ་པོའམ་བྱེད་པའི་རྣམ་པར་ཤར་བའི་སྐབས་ཤིག་དང༌། མིང་དེ་ཉིད་དགོས་པའི་གཞིར་ཤར་བའི་སྐབས་དང༌། དེ་བཞིན་འབྱུང་སའི་ཁུངས་ཀྱི་རྣམ་པར་ཤར་བའི་སྐབས་དང༌། འབྲེལ་བར་བྱ་བའི་གཞིའི་རྣམ་པར་ཤར་བའི་སྐབས་དང༌། རྟེན་པར་བྱ་བའི་གནས་ཀྱི་རྣམ་པར་ཤར་བའི་སྐབས་དང༌། འབོད་པར་བྱ་བའི་རྣམ་པར་ཤར་བའི་སྐབས་ཡོད་པ་དེ་དག་ལ་རྣམ་དབྱེ་ཞེས་བརྗོད། མདོར་བསྡུས་ནས་བཤད་ན། རྣམ་དབྱེ་ནི་མིང་གཅིག་ལ་རྣམ་པ་མི་འདྲ་བ་བདུན་ནམ་བརྒྱད་དུ་དབྱེ་བར་བྱ་བ་དེ་ལ་གོ་དགོས། དེ་ལྟར་གོ་ན་ཚིག་ཕྲད་དང་རྣམ་དབྱེ་བར་གྱི་མི་འདྲ་བའི་གནད་འགག་རྟོགས་ཐུབ་པ་མ་ཟད། བརྡ་སྤྲོད་པའི་གཞུང་ལ་སྦྱོང་མཁན་རྣམས་ཀྱིས་རྣམ་དབྱེ་མི་རྟོགས་པའི་དཀའ་ངལ་ཡང་རང་བཞིན་གྱིས་མེད་པར་འགྱུར་ངེས་ཡིན།
    གོང་གསལ་དེ་དག་ལས་ཀྱང་གོ་བདེ་བར་བཏང་ན་མིང་ལ་རྣམ་པ་མི་འདྲ་བའི་འགྱུར་བའི་དབང་གིས་དབྱེ་ན་བདུན་ནམ་བརྒྱད་ཡོད་དེ། མིང་རང་གི་ངོ་བོའི་སྐབས་དང༌། མིང་རང་ཉིད་ལས་སམ་གཞིའི་སྐབས་སོགས་ཡོད་པའི་ཕྱིར། གནས་ཚུལ་འདིའི་ཐོག་ནས་རྣམ་དབྱེ་ཞེས་པའི་གོ་བ་ཇི་བཞིན་ལེན་ཐུབ། དེས་ན་རྣམ་དབྱེ་གཉིས་པ་སོགས་ཀྱི་ཕྲད་དེ་དག་ཡིན་ཞེ་ན༑ ཕྲད་དེ་དག་ནི་མིང་དེ་ཉིད་ལས་སོགས་ཀྱི་རྣམ་པར་སྐྱེད་བྱེད་དུ་འགྱུར་བ་སྟེ། དཔེར་ན། ནགས་སུ་ཤིང་བཅད། ཅེས་པའི་སྐབས་སུ་ནགས་དེ་ཉིད་གཞིའི་རྣམ་པར་སྐྱེད་བྱེད་ཡིན་ལ། དེ་ལྟར་སྐྱེད་པར་བྱེད་མཁན་ནི་སུ་ཞེས་པའི་ལ་དོན་གྱི་ཕྲད་དེ་ཡིན། དེ་ལ་བརྟེན་ནས་སུ་ཞེས་པའི་ཕྲད་དེ་ལ་སྐབས་དེར་རྣམ་གཉིས་པའི་ཕྲད་ཅེས་བརྗོད་དེ། ནགས་དེ་ཉིད་བྱ་བའི་གཞིའི་རྣམ་པར་སྐྱེད་པའི་ནུས་པ་གཙོ་བོར་འདོན་མཁན་དེ་ཡིན། དེ་བཞིན་གཞན་རྣམས་ལའང་དེ་ལྟར་སྦྱར་ན་ཇི་བཞིན་ཤེས་ཐུབ།
    དེང་སྐབས་བཞག་པའི་རྣམ་དབྱེའི་གོ་དོན་ནི། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། 11ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ། ཞེས་གསུངས་པ་དང༌། དེ་བཞིན་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 12ངོ་བོ་དང་ཡུལ་བྱ་བ་བྱེད་པ་པོ་དང་བྱེད་པ། ཁྱད་ཆོས་དང་ཁྱད་གཞི་སོགས་གང་རུང་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་བར་བྱེད་པས་ན། རྣམ་དབྱེ་ཞེས་བརྗོད་དོ། །ཞེས་གསུངས་པ་གཉིས་ལས། དང་པོ་ནི། གོང་ནས་བཤད་ཟིན་པ་དེ་ཉིད་ཇི་བཞིན་ཞལ་གྱིས་བཞེས་པ་ལྟ་བུར་སྣང་བ་དང༌། གཉིས་པ་ནི། གུས་པས་འདོད་པའི་རྣམ་དབྱེ་གོ་དོན་དང་བར་ཐག་ཉེ་ན་ཡང་དེ་ཙམ་གྱིས་འཇོག་མི་ཐུབ་སྟེ། ད་དུང་སོ་སོར་དབྱེ་བ་ཞེས་པའི་དོན་གོང་བཀོད་དང་ཕྱོགས་མཚུངས་སུ་འདོད་པར་མངོན། དེས་ན་རྣམ་དབྱེའི་གོ་དོན་གང་འདྲ་ཞིག་དགོས་ཤེ་ན། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 13ངག་གཞན་རྣམ་དབྱེ་བརྒྱད་པོ་གང་རུང་གི་གནས་སྟོན་བྱེད་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་དེ། རྣམ་དབྱེའི་མཚན་ཉིད། ཅེས་གསུངས་པ་ནི་ཡིན་ཏེ༑ ངག་གཞན་ཞེས་པ་ནི་སྐབས་འདིར་མིང་ལ་བཞག་ན་འགྲིག་སྟེ། དཔེར་ན་བུམ་པ་ཞེས་པའི་སྒྲ་ལྟ་བུར་གོ དེ་ཉིད་རྣམ་དབྱེ་བརྒྱད་པོ་ཞེས་པའི་དབྱེ་བར་བྱ་བའི་གནས་རྣམས་ཡིན་ཞིང༌། དེ་དག་ལས་གནས་གང་རུང་དུ་རྣམ་པར་དབྱེ་བར་བྱ་བའི་སྒྲ་ཞེས་པ་ནི། སྐབས་དེར་རྣམ་དབྱེ་རུ་བསྐྱེད་པར་བྱ་བ་དེ་ཉིད་མིན་པར། སྐྱེད་པར་བྱེད་མཁན་གྱི་ཕྲད་སོགས་ལ་གོ་དགོས་པ་དང༌། དེ་དག་གི་ནུས་པས་གནས་དེའི་རྣམ་པར་སྐྱེད་པས་རྣམ་དབྱེ་ཞེས་ངོས་བཟུང་བ་སྟེ། འདི་ཉིད་ཤིན་ཏུ་ལེགས། དེ་ལྟར་མ་བཤད་པར་མིང་ཚིག་དེ་ཉིད་གཞན་དང་མ་འདྲེས་པ་ཞེས་བརྗོད་ན། མིང་ཡིན་ན་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གསལ་བར་ནུས་པའི་ཁྱད་ཆོས་རང་ཆས་སུ་ཡོད་པ་ལ། རྣམ་དབྱེ་ཟུར་དུ་བཤད་མི་དགོས་པ་དང༌། དེ་བཞིན་ཁྱད་ཆོས་དང་ཁྱད་གཞི་སོ་སོར་འབྱེད་པ་ཞེས་པ་དེ་ལའང་རྣམ་དབྱེ་མི་དགོས་ཏེ། ཁྱད་ཆོས་སྟོན་པའི་མིང་དང་ཁྱད་གཞི་སྟོན་པའི་མིང་གཉིས་མཉམ་སྦྲགས་བྱས་ན༑ སྐབས་དེར་ཁྱད་གཞི་གང་ཡིན་དང་ཁྱད་ཆོས་གང་ཡིན་མ་འདྲེས་པར་གསལ་ནུས་པའི་ཕྱིར་ཏེ། ཀ་བ་རིང་པོ་ལྟ་བུ་དེ་ལྟར་ཡིན་པའི་ཕྱིར།
    མིང་ཡིན་ན་མིང་དེ་ཉིད་རྣམ་དབྱེ་བརྒྱད་དམ་བདུན་གྱི་རྣམ་པར་བསྐྱེད་དུ་ཡོད་དེ། དཔེར་ན། བུམ་པ། ཞེས་བརྗོད་པའི་སྒྲ་དེ་ཉིད་བུམ་པའི་ངོ་བོ་ཙམ་ལས་མི་སྟོན་པས་དང་པོ་དང༌། བུམ་པ་ལ་ཆུ་བླུག ཅེས་བརྗོད་པའི་གནས་སྐབས་སུ་བུམ་པ་དེ་ཉིད་ཆུ་བླུག་སའི་གཞིའི་རྣམ་པར་གསལ་བས་གཉིས་པ་དང༌། བུམ་པས་ཁྲུས་བྱས། ཞེས་བརྗོད་པའི་གནས་སྐབས་སུ་བུམ་པ་དེ་ཉིད་ཁྲུས་བྱེད་མཁན་གྱི་བྱེད་པར་གྱུར་པས་གསུམ་པ་དང༌། བུམ་པར་རྒྱན་ཉོས། ཞེས་བརྗོད་པའི་བུམ་པ་ནི་རྒྱན་ཉོ་བའི་ཆེད་ཀྱི་གཞིར་གྱུར་པས་བཞི་པ་དང༌། བུམ་པ་ལས་ཆུ་བྱུང༌། ཞེས་བརྗོད་པའི་སྐབས་བུམ་པ་དེ་ཉིད་ཆུ་བྱུང་སའི་ཁུངས་སུ་གྱུར་པས་ལྔ་པ་དང༌། བུམ་པའི་ཁ་དོག ཅེས་བརྗོད་པའི་སྐབས་སུ་བུམ་པ་དེ་ཉིད་འབྲེལ་བར་བྱ་བའི་གཞིའི་རྣམ་པར་སྐྱེད་པས་དྲུག་པ་དང༌། བུམ་པར་ལྷ་གནས། ཞེས་བརྗོད་པའི་སྐབས་སུ་བུམ་པ་དེ་ཉིད་གནས་གཞིའམ་ལྷ་གནས་པར་བསྟན་པས་བདུན་པ་དང༌། ཀྱེ་བུམ་པ་ལྟ་བུ་སྦྱོར་བའི་སྲོལ་མེད་པས་རྣམ་དབྱེ་བདུན་ལས་འཇུག་པར་མི་འགྱུར་ཏེ། བེམ་པོ་ལ་བོད་པ་སྦྱར་ན་ཅུང་མི་བདེ་བར་མངོན། འོན་ཀྱང་ལེགས་སྦྱར་གྱི་བརྡ་སྤྲོད་རྣམས་སུ་སྦྱར་བ་མང་ངོ༌། །
    དཔེར་ན། ཀ་བ། ཀ་བར་རི་མོ་བྲིས། ཀ་བས་གདུང་མ་བཏེགས། ཀ་བར་ཚོན་ཉོས། ཀ་བ་ལས་འབུ་བྱུང༌། ཀ་བའི་རི་མོ། ཀ་བར་ཕྱི་ཐུམ་ཡོད། དེ་བཞིན་མིང་ཐམས་ཅད་དུ་འཇུག་ཏུ་རུང་སྟེ། ལྷ། ལྷ་ལ་གསོལ་བ་བཏབ། ལྷ་ཡིས་ལུང་བསྟན། ལྷ་ལ་ཞལ་ཟས་བཙལ། ལྷ་ལས་དངོས་གྲུབ་བྱུང༌། ལྷ་ཡི་ན་བཟའ་མཛེས། ལྷ་ལ་མངོན་ཤེས་ལྡན། ཀྱེ་ལྷ། ཞེས་པ་ལྟ་བུ་ཡིན་པས་ཀུན་ལ་རིགས་བསྒྲེས་པར་བྱ། སྤྱིར་ལེགས་སྦྱར་ལྟ་བུ་ཡིན་ན། རྣམ་དབྱེའི་རྐྱེན་དང་དེ་སྦྱར་སའི་མིང་གཉིས་འདུས་སྟོབས་ཀྱིས་རྣམ་དབྱེ་དེའི་རྣམ་པར་ཤར་ཐུབ་ཀྱང༌། བོད་སྐད་ལ་དེ་ལྟར་ཅུང་ཁེག་པར་བརྟེན། མཐའ་སྦྱོར་འོག་མའི་མིང་དང་བཅས་པས་གོང་གིས་རྣམ་དབྱེའི་ཕྲད་སྦྱར་ས་དེ་ཉིད་རྣམ་དབྱེ་དེའི་རྣམ་པར་སྐྱེད་པར་བྱེད་དེ། དཔེར་ན། ཤིང༌། ཞེས་པ་དང་པོར་བསྐྱེད་ཐུབ་མོད། ཤིང་ལ། ཞེས་པ་དང༌། ཤིང་ལ་རྟགས་བརྒྱབ། ལྟ་བུ་གཉིས་ལས་དང་པོ་དེ་ཉིད་རྣམ་དབྱེ་གང་ཡིན་མ་ངེས་པ་དང༌། ཕྱི་མ་ནི་རྣམ་དབྱེ་གཉིས་པར་ངེས་པས་ཁྱད་པར་སྣང་བ་མ་ཟད། ཕྱི་མ་རྣམ་དབྱེ་གཉིས་པ་ཡིན་པར་ཤེས་ནུས་པ་ནི། མཐའ་སྦྱོར་འོག་མའི་མིང་དོན་དེ་ཡང་ཡིན་པས་ལེགས་སྦྱར་དང་ཁྱད་པར་ཆེ། བོད་ཀྱི་རྣམ་དབྱེ་གྲུབ་པ་ལ་གཉིས་པ་ནས་བདུན་པའི་བར་ལ། རྣམ་དབྱེ་སྦྱར་སའི་མིང་དང༌། དེ་ལ་རྣམ་དབྱེ་དེའི་ཕྲད། མཐའ་སྦྱོར་འོག་མའི་མིང་དོན་བཅས་ཕྱོགས་གསུམ་འདུས་པ་ལས་གྲུབ་མོད། ཕྱི་མ་གཉིས་ནི་རྣམ་དབྱེ་དེའི་རྣམ་པར་གྲུབ་པར་བྱེད་པའི་ཆ་རྐྱེན་ལྟ་བུ་དང༌། དང་པོ་ནི་རྣམ་པར་དབྱེ་བར་བྱ་བ་དངོས་ཡིན་པས། དེ་དག་གི་ཁྱད་པར་ཇི་བཞིན་ཤེས་པར་བྱ་རྒྱུ་ནི་གལ་ཆེའོ། །
    རྣམ་དབྱེ་སྟོན་པའི་ཕྲད་དང་རྣམ་དབྱེ་མི་སྟོན་པའི་ཕྲད་གཉིས་ཀྱི་ཁྱད་པར་ནི། སྤྱིར་ཕྲད་ཡིན་ན་ཚིག་སྔ་ཕྱི་མཚམས་སྦྱོར་བར་བྱེད་པ་དང༌། དོན་གསལ་བར་བྱེད་པ། བརྗོད་བདེ་བར་བྱེད་པ་བཅས་ནི་ཕྲད་སྤྱིའི་ཁྱད་ཆོས་ལྟ་བུ་ཡིན་པས་དེ་རྣམས་ཕྱོགས་གཉིས་ཀར་དགོས་མོད། རྣམ་དབྱེ་སྟོན་པའི་ཕྲད་ནི་དེའི་ཐོག་ལ་རང་ཉིད་སྦྱར་ས་དེ་ཉིད་ལས་སོགས་ཀྱི་རྣམ་པར་སྐྱེད་པའི་ནུས་པ་ལྡན་པ་དང༌། གཞན་རྣམས་ལ་དེ་ལྟའི་ནུས་པ་མེད་པས་དེ་གཉིས་ཀྱི་ཁྱད་པར་འབྱེད་སླའོ། །
དེས་ན་གུས་པའི་རྣམ་དབྱེ་རྣམས་ཀྱི་གོ་དོན་ནི་འདི་ལྟར་བྲི་བར་བྱ་སྟེ།

    མིང་གང་དོན་གྱི་ངོ་བོ་ཙམ། །སྟོན་པ་རྣམ་དབྱེ་དང་པོ་དང༌། །
    མིང་དེ་ལས་སམ་གཞི་ཉིད་དུ། །གྲུབ་པ་རྣམ་དབྱེ་གཉིས་པ་ཡིན། །
    མིང་གང་བྱེད་པོ་བྱེད་པ་རུ། །སྣང་ན་རྣམ་དབྱེ་གསུམ་པ་ཡིན། །
    མིང་དེ་དགོས་པའི་གཞིར་གྱུར་ན། །དེ་ཚེ་རྣམ་དབྱེ་བཞི་པར་བརྗོད། །
    མིང་གང་འབྱུང་སའི་ཁུངས་ཉིད་དུ། །གྲུབ་ན་རྣམ་དབྱེ་ལྔ་པ་དང༌། །
    མིང་གང་འབྲེལ་བའི་གཞི་ཉིད་དུ། །སྣང་ན་དྲུག་པ་འབྲེལ་བ་སྟེ། །
    མིང་དེ་གཞི་འམ་རྟེན་གནས་སུ། །གྲུབ་པ་བདུན་པ་གནས་གཞི་སྟེ། །
    མིང་དེ་འབོད་པར་མཚོན་པ་ན། །སྐབས་དེར་བརྒྱད་པར་འདོད་པ་ཡིན། །
    བོད་ཀྱི་རྣམ་དབྱེ་གྲུབ་པ་ལ། །རྣམ་དབྱེ་ཕྲད་དང་དེ་སྦྱོར་ཡུལ། །
    མཐའ་སྦྱོར་འོག་མའི་མིང་དོན་བཅས། །འདུས་ན་རྣམ་དབྱེ་གསལ་བར་ནུས། །
    ཡི་གེ་འདུས་པའི་མིང་ཉིད་ནི། །རྣམ་དབྱེ་གཟུགས་སུ་ཤར་པ་ནི། །
    ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །དོན་གྱི་ཁྱད་པར་སྟོན་པར་ནུས། །
    འོན་ཀྱང་དང་པོ་མིང་ཉིད་ལས། །མ་འདས་ཕྱིར་ན་རྣམ་དབྱེ་ལ། །
    ངོ་བོ་ཙམ་དང་ལྡོག་པ་གཉིས། །སྟོན་པས་བོད་ཀྱི་ལུགས་ལ་གཉིས། །
    དོན་འདི་མཚོན་པའི་ཚིག་ཕྲད་རྣམས། །རྣམ་དབྱེ་ཞེས་སུ་བརྗོད་པ་ལགས། །
    རྣམ་དབྱེ་ཕྲད་དང་ཕྲད་རྐྱང་གཉིས། །མ་འདྲེས་སོ་སོར་ཕྱེ་བ་གལ། །
    སྤྱིར་ན་ལེགས་པར་སྦྱར་བ་ལ། །མ་དབྱེ་གཉིས་སུ་གྲུབ་པ་སྟེ། །
    མིང་རྐྱང་ཚིག་ཏུ་སྒྲུབ་པ་ལ། །ལས་སོགས་རྣམ་དབྱེ་བརྒྱད་པོ་དང༌། །
    བྱིངས་དོན་ཚིག་ཏུ་སྒྲུབ་པ་ལ། །ཀུན་བཤད་རྐྱེན་ནི་བརྒྱ་བརྒྱད་ཅུ། །
    ཡོད་ཀྱང་བོད་ཀྱི་ལུགས་ལ་ནི། །མིང་རྐྱང་སྒྲུབ་པ་གཞུང་བཞིན་གསུངས། །
    འོན་ཀྱང་ལས་ཀྱི་རྣམ་དབྱེ་ནི། །བདག་གཞན་དུས་གསུམ་ཡིན་ན་ཡང༌། །
    དེ་ལ་རྣམ་དབྱེ་འདོགས་མིན་གྱི། །ཁྱད་པར་ཡོད་པ་ཤེས་དགོས་སོ། །
    སྤྱིར་ན་ལུང་དུ་སྟོན་པ་ལ། །མིང་རྐྱང་ལས་ཚིག་ཕྲད་བཅས་ལས། །
    མེད་པས་ལུང་དུ་བསྟན་བྱ་ནི། །དེ་དག་ཉིད་ལས་མ་འདས་སོ། །
    ཇི་ལྟར་ལུང་དུ་སྟོན་ཚུལ་ཡང༌། །དེ་གསུམ་སྦྱོར་ལུགས་མ་ཡིན་པའི། །
    གནས་ཤིག་ཡོད་པ་མ་ཡིན་ན། །འདི་དག་ཞིབ་ཏུ་སྦྱང་བར་རིགས། །
    ཞེས་སྡོམ་གྱི་ཚུལ་བཀོད་པའོ། །

ཟུར་མཆན།

  1. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༢༣༣ ནས་༢༣༥ ངོས་སུ་གསལ།
  2. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༣༨༤ ངོས་སུ་གསལ།
  3. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༢༣༡ ངོས་སུ་གསལ།
  4. དཔལ་སྐྱའི་གསུང་རབ་པོད་གཉིས་པ་སུམ་རྟགས་དག་ཡིག་ཅེས་པ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༡༥༢ དང་༡༥༣ ན་གསལ།
  5. དཔལ་ས་སྐྱའི་གསུང་རབ་པོད་གཉིས་པ་སུམ་རྟགས་དག་ཡིག་ཅེས་པ་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༡༥༣ དང་༡༥༤ ན་གསལ།
  6. ཆོས་རྗེ་མཆོག་གི་གསུང་འབུམ་གངས་ཅན་རིག་མཛོད་དེབ་ཕྲེང་༢༣ པ་བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གི་༡༩༩༢ ལོའི་པར་མའི་ཤོག་གྲངས་༥༠༨ལ་གསལ།
  7. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༣༤ ངོས་སུ་གསལ།
  8. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༣༤ དང་༣༥ ངོས་སུ་གསལ།
  9. བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད་པོད་དང་པོ། ས་རཱ་བོད་ཀྱི་མཐོ་སློབ་ཀྱིས་༢༠༠༨ ལོར་དཔར་བའི་ཤོག་ངོས་༢༦༡ ནས་༢༦༥ བར་གསལ།
  10. བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད་པོད་དང་པོ། ས་རཱ་བོད་ཀྱི་མཐོ་སློབ་ཀྱིས་༢༠༠༨ ལོར་དཔར་བའི་ཤོག་ངོས་༢༦༥ ནས་༢༧༠ བར་གསལ།
  11. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༢༥ ན་གསལ།
  12. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༤༥ ངོས་སུ་གསལ།
  13. མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ ལོར་དཔར་དུ་བསྐྲུན་པའི་ཡིག་བཤད་མཁས་པའི་ཁ་རྒྱན་ཞེས་པའི་ཤོག་ངོས་༢༥ ངོས་སུ་གསལ།

མདུན་ཤོག

Menu