གསུམ་པ༌། ཨི་ལྡན་གྱི་ཕྲད་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་པ་ནི། རྩ་བ་ལས།

    རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ལྟ་སྟེ། །

    རྗེས་སུ་འཇུག་པའི་ཡི་གེ་རྣམས་གང་ལ་ཞུགས་པའི་མིང་རྣམས་ལ། ཨི་ཡིག་གི་ཕྲད་རྣམས་ཇི་ལྟར་མཐུན་པར་སྦྱོར་བའི་ལུགས་ནི་འདི་ལྟར་ཡིན་ཏེ་ཞེས་བསྟན།
    གཉིས་པ། རྒྱས་པར་བཤད་པ་ལ། འབྲེལ་སྒྲ་བཤད་པ་དང༌། བྱེད་སྒྲ་བཤད་པ་གཉིས་ལས། དང་པོ། འབྲེལ་སྒྲ་ནི། རྩ་བ་ལས།

    དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
    བདུན་པ་ཉིད་ནི་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །
    དེ་དག་ཨི་སྦྱར་འབྲེལ་བའི་ས། །

    ཞེས་གསུངས་པའི་དོན་ནི། རྗེས་སུ་འཇུག་པའི་ཡི་གེ་བཅུ་ཡོད་པ་རྣམས་ལས་རིམ་པར་དང་པོ་དང་གཉིས་པ་སྟེ། ག་ང་གང་རུང་ཞུགས་པའི་མིང་གང་ཡིན་པ་དེ་ལ། རྗེས་སུ་འཇུག་པའི་ཡི་གེ་དང་པོ་ག་ཉིད་མཐུན་པ་སྟེ་སྦྱོར་བ་དང༌། དེ་བཞིན་རྗེས་སུ་འཇུག་པའི་ཡི་གེ་བཅུ་ལས། གསུམ་པ་ད་དང༌། ལྔ་པ་བ་དང༌། བཅུ་པ་ས་བཅས་དང་མཐུན་པ་ནི་ཀྱ་ཡིན་ཞིང་དེ་ཉིད་སྦྱར་བར་བྱ་བ་དང༌། རྗེས་སུ་འཇུག་པའི་ཡི་གེ་བདུན་པ་འ་ལ་འ་ཉིད་དམ་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་མཐུན་པ་དང༌། ལྷག་མ་རྣམས་ཏེ་རྗེས་སུ་འཇུག་པའི་ཡི་གེ་བཞི་པ་ན་དང༌། དྲུག་པ་མ། བརྒྱད་པ་ར་དང༌། དགུ་པ་ལ་བཅས་ཀྱི་རྗེས་སུ་གྱ་ཉིད་སྦྱར་བར་བྱ་བ་དང༌། དེ་དག་ལ་ཨི་སྟེ་དབྱངས་ཡིག་དང་པོས་བརྒྱན་པས། གི་ཀྱི་འི་ཡི་གྱི་ཞེས་གྲུབ། དེ་དག་ཇི་ལྟར་སྦྱོར་ཚུལ་སྡོམ་དུ་བཀོད་ན། གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་སྟེ། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་མེད་འི་དང་ཡི། །རྐང་པ་སྐོང་དང་མི་སྐོང་ཆེད། །ཅེས་སོ། །
    རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི་ཅི་ལྟ་བུ་ཞེ་ན། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། 1ཁྱད་ཆོས་གང་དག་ཁྱད་གཞི་ནི། །གང་དང་འབྲེལ་བའམ་གང་གི་ཡིན། །གོ་བྱེད་གི་ཀྱི་གྱི་འི་རྣམས། །རྣམ་དབྱེ་དྲུག་པ་འབྲེལ་བ་ཡིན། །དཔེར་ན་མིག་གི་དབང་པོ་དང༌། །གོས་ཀྱི་ཁ་དོག་གཞན་གྱི་ནོར། །རྒྱལ་པོའི་མཛོད་དང་ལྷ་ཡི་མིག །ཅེས་པ་ཁྱད་ཆོས་དབང་པོ་ནི། །ཁྱད་གཞི་མིག་གི་ཡིན་པ་སོགས། །གང་གི་ཡིན་པའི་འབྲེལ་གཞི་དེ། །གཙོ་བོར་སྟོན་ལ་གང་ཞིག་གིས། །བྱས་པའི་བྱེད་པོ་སྟོན་པ་མིན། ། ཞེས་གསུངས་པ་ལྟར་ཡིན་ཏེ། གི་ཀྱི་གྱི་འི་ཡི་བཅས་ཕྲད་ལྔ་པོས། ཁྱད་གཞི་དང་ཁྱད་ཆོས་བར་གྱི་འབྲེལ་བ་སྒྲུབ་པར་བྱེད་ཆེད་དུ་དོན་དུ་འཇུག་པ་སྟེ། དཔེར་ན། གོང་འཁོད་བཞིན། མིག་གི་དབང་པོ། བཟང་པོའི་ཡོན་ཏན། བསླབ་པའི་གཞི་སོགས་མང་དུ་འབྱུང༌། དེ་དག་གི་སྐབས་སུ་ཨི་ལྡན་གྱི་ཕྲད་སྦྱར་ས་ཕྱོགས་གཉིས་ཀའི་བར་གྱི་འབྲེལ་བ་བསྒྲུབ་པ་མ་ཟད། གཙོ་བོར་འབྲེལ་གཞི་སྟོན་དགོས་ཏེ། རྣམ་དབྱེ་སྦྱར་ས་དེ་ཉིད་ཡིན་པ་དང༌། མིང་དེ་ཉིད་རྣམ་དབྱེ་རུ་ཤར་དགོས་པས་སོ། །
    རྣམ་དབྱེ་དྲུག་པ་འབྲེལ་སྒྲར་ནང་གསེས་དབྱེ་བ་ཁག་ཅིག་མཆིས་པ་ནི། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 2དེ་ཡང་འབྲེལ་བ་ལ་བདག་ཉིད་གཅིག་པའི་འབྲེལ་བ་དང༌། ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང༌། བདག་པོ་དང་ཡུལ་གྱི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ་བཅས་བཞི་ཡོད་པ་ལས། ཞེས་གསུངས་པ་དང༌། རྡོ་རྗེ་རྒྱལ་པོས། 3ཞིབ་མོར་དབྱེ་ན་ཁང་སྟེང་གི་དར་ཆ་ལྟ་བུ་རྟེན་དང་བརྟེན་པའི་འབྲེལ་སྒྲ་དང༌། ཉི་མའི་འོད་ལྟ་བུ་ངོ་བོ་གཅིག་པའི་འབྲེལ་སྒྲ་དང༌། གསེར་གྱི་རྣ་རྒྱན་ལྟ་བུ་གཞི་མཐུན་གྱི་འབྲེལ་སྒྲ་དང༌། ངའི་ལག་པ་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་སྒྲ་དང༌། རས་ཀྱི་ཁ་དོག་ལྟ་བུ་ཆོས་དང་ཆོས་ཅན་གྱི་འབྲེལ་སྒྲ་དང༌། བདག་པོ་དང་དངོས་པོའི་འབྲེལ་སྒྲ་སོགས་མང་དུ་ཡོད་དོ། །ཞེས་གསུངས་པ་གཉིས་ལ་དབྱེ་བ་མང་ཉུང་གི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་མི་སྣང་མོད། དེའི་ཐོག་ཏུ་དཔེ་དང་དཔེ་ཅན་གྱི་འབྲེལ་བ་སྣོན་དགོས་པར་སྣང༌། གསེར་གྱི་རྣ་རྒྱན། རས་ཀྱི་ཁ་དོག ཉི་མའི་འོད་བཅས་ནི་གཞི་གཅིག་ཏུ་བསྡུས་ན། བདག་ཉིད་གཅིག་པའི་འབྲེལ་བའི་ཁོངས་སུ་སྡུད་ཐུབ་པས་དབྱེ་བ་དེ་གཉིས་ལ་ཁྱད་པར་མེད། འོན་ཀྱང་བློ་གསར་རྣམས་ལ་དབྱེ་བ་མང་དུ་ཕྱེ་ན་གཞུང་དོན་ཞིབ་ཏུ་རྟོགས་སླ་བར་བརྟེན། མང་དུ་ཕྱེ་ནས་སྦྱང་ན་ཕན་པར་སྣང༌། གང་ལྟར་དེ་དག་ནི་མིང་གཉིས་བར་གྱི་འབྲེལ་བ་སྒྲུབ་བྱེད་ལས་མ་འདས་ཏེ། དཔེར་ན། སྟག་གི་རི་མོར་ཉི་མའི་འོད་ཟེར་ཕོག །མཆེ་བའི་མཚོན་གྱི་རྒྱལ་མཚན་ཀུན་ནས་བསྒྲེངས། །སུག་པའི་སྡེར་མོ་གཞན་གྱི་སྲོག་ལ་རྔམ། །ང་རོའི་གདངས་ཀྱིས་རི་དྭགས་སྐྲག་པར་བྱས། །ཞེས་པ་ལྟ་བུ་དང༌། སྐབས་འདིའི་ཕྲད་ནི་འབྲེལ་བ་མ་ཡིན་པའི་དོན་ལ་འཇུག་པ་ཡོད་དེ། ཁྱོད་ནི་སོང་ཟིན་གྱི་གཞན་རྣམས་ནི་གསར་དུ་འགྲོ་དགོས་སོ། །འདི་ནི་བདག་གི་བླ་མ་ཡིན་གྱི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་ནི་མ་ལགས། ཞེས་པ་ལྟ་བུའི་མི་མཐུན་པའི་ཚིག་རྒྱན་དུ་འཇུག་པའི་སྐབས་ཀྱང་མཆིས་སོ། །
    གཉིས་པ། བྱེད་སྒྲ་ནི། རྩ་བ་ལས།

    དེ་རྣམས་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །

    ཞེས་གསུངས་པའི་དོན་ནི། གོང་ནས་བཤད་པའི་གི་ཀྱི་གྱི་འི་ཡི་ལྔ་པོར་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། གིས་ཀྱིས་གྱིས་འིས་ཡིས་ཞེས་སུ་གྲུབ་པ་རྣམས་ནི་བྱེད་པ་པོའམ་བྱེད་པ་སྟོན་པར་བྱེད་པའི་ཕྲད་ཡིན་པར་ཤེས་པར་བྱ་ཞེས་བསྟན། དེའི་སྒྲ་ཡི་སྦྱོར་ཚུལ་ནི་འབྲེལ་སྒྲའི་སྐབས་དང་མཚུངས་པས་ཟུར་དུ་བཤད་དགོས་དོན་མ་དམིགས། བྱེད་སྒྲ་ནི་ཅི་ལྟ་བུ་ཞེ་ན། ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། 4བྱེད་པ་པོ་ཞིག་ཉེར་བཟུང་ནས། །དེ་ཡིས་བྱ་བ་བྱས་པ་རུ། །དངོས་སམ་ཤུགས་ལ་སྟོན་ཀྱང་རུང༌། །དེ་ནི་གསུམ་པ་བྱེད་པ་སྟེ། །དཔེར་ན་འཕགས་པ་རབ་འབྱོར་གྱིས། །ཟབ་ཆོས་སྟོན་ཅེས་བརྗོད་པའི་ཚེ། །བྱེད་པ་པོ་ནི་རབ་འབྱོར་དང༌། །བྱ་བ་ཟབ་ཆོས་སྟོན་པར་གོ །ཟབ་ཆོས་དེ་ཡི་བདག་པོ་ནི། །གང་ཡིན་ཚིག་འདིས་མི་ཤེས་ཕྱིར། །བདག་པོ་མི་སྟོན་བྱེད་པོ་སྟོན། །རབ་འབྱོར་བདག་པོར་སྟོན་ན་ནི། །གྱི་མཐར་ས་ཡིག་མི་འཐོབ་ལ། །དེ་ཕྱིར་ས་ཡིག་སྦྱར་བ་འདི། །གང་གིས་བྱས་པའི་བྱེད་པ་པོ། །སྟོན་ཕྱིར་བྱེད་པའི་རྣམ་དབྱེ་ཉིད། ། ཅེས་གསུངས་པ་ལྟར་ཡིན་ཏེ། རབ་འབྱོར་གྱིས་ཟབ་ཆོས་སྟོན། ཞེས་པའི་རྣམ་དབྱེ་སྦྱར་ས་ནི་རབ་འབྱོར་ཡིན་པས། རབ་འབྱོར་ནི་ཟབ་ཆོས་སྟོན་པ་པོར་བསྟན། སྐབས་འདིར་བྱེད་པ་པོས་བྱ་བ་ཞིག་བྱས་པ་དངོས་སམ་ཤུགས་ནས་སྟོན་དགོས་པར་གསུངས་པ་ནི། མཐའ་སྦྱོར་འོག་མའི་མིང་དོན་ལས་བྱ་བ་བྱས་པའི་རྣམ་འགྱུར་མ་གསལ་ན། རྣམ་དབྱེ་སྦྱར་ས་དེ་ཉིད་བྱེད་པ་པོའི་རྣམ་པར་གསལ་མི་ནུས་ཏེ། བྱ་བ་མ་བྱས་པའི་ཕྱིར། དེ་ལ་བརྟེན་ནས་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས། 5རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །ཉེ་འགྱངས་གང་དུ་བྱ་བ་ཞིག །བྱས་ན་གསུམ་པ་བྱེད་སྒྲ་སྟེ། །ཞེས་གསུངས། བྱེད་པ་པོ་དང་ཉེ་བ་རུ་བྱ་བ་བྱས་པའི་རྣམ་འགྱུར་གསལ་བ་ཞིག་དང༌། འགྱངས་པའི་སྐབས་སུ་བྱ་བ་བྱས་པའི་རྣམ་པ་གསལ་བ་སྟེ་གཉིས་ཡོད་པར་གསུངས་པའི་དོན་ནི། བྱེད་སྒྲའི་ཕྲད་སྦྱར་བ་དེ་མ་ཐག་ཏུ་ལས་ཚིག་སྦྱར་བ་དང༌། ཡང་ན་བྱེད་སྒྲའི་ཕྲད་དང་ལས་ཚིག་གི་བར་མིང་དོན་གཞན་གྱིས་ཆོད་པ་སྟེ་རིགས་གཉིས་ཡོད་པའི་དབང་གིས་ཡིན་ཏེ། དཔེར་ན། བདག་གིས་ཐོས། སངས་རྒྱས་ཀྱིས་གསུངས། ཞེས་དང༌། སངས་རྒྱས་ཀྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམས་རྒྱས་པར་གསུངས། བདག་གིས་སྟོན་པས་ཇི་སྐད་གསུངས་པའི་སྒྲ་རྣམས་ཇི་བཞིན་ཐོས། ཞེས་པ་ལྟ་བུས་ཤེས་པར་བྱ།
    སྐབས་འདིར་བསྟན་པར་བྱ་བ་ནི་བྱེད་པ་པོའམ་བྱེད་པ་གང་རུང་ཡིན་པ་ལས། བདག་པོ་མིན་ཞེས་པའི་དོན་ནི། བྱེད་པ་པོ་དེས་བྱ་བ་བྱས་པའི་རྣམ་པ་གསལ་བ་ཞིག་དགོས་པ་ལས། བྱ་བའི་རྣམ་འགྱུར་གང་ཡང་མེད་པའི་བྱེད་པ་པོ་ཞིག་གིས་སྐབས་དོན་འདི་ཉིད་མི་མཚོན་པར་བསྟན་པ་དང༌། སྐབས་འདིའི་བྱེད་པ་ཞེས་པ་ནི་སེམས་ལྡན་མིན་པའི་བྱ་བར་བྱ་བ་དེའི་རྣམ་འགྱུར་གསལ་བའི་ནུས་པ་འདོན་མཁན་རྣམས་ལ་གོ་དགོས་ཏེ། དཔེར་ན། རླུང་གིས་ཤིང་བཅག གྲིས་ཤ་གཏུབ། ཆུ་ཡིས་ཁང་ཁྱིམ་བརླགས། ཞེས་པ་སོགས་ཡིན། འོན་ཀྱང་བྱ་བྱེད་ཐ་མི་དད་པའི་ལས་ལ་གསུམ་པའི་ཕྲད་མི་འཇུག་པར་སྣང་སྟེ། དཔེར་ན། ང་འགྲོ་ཞེས་བརྗོད་པ་ལས་ངས་འགྲོ་མི་ཟེར་ལ། དེ་བཞིན། རྟ་རྒྱུག སྟག་མཆོངས། ཞེས་པ་རྣམས་ལ་བྱེད་སྒྲའི་ཕྲད་མི་འཇུག དེར་མཚུངས་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 6དེ་བཞིན་དུ་འདེབས་པ་བོ་(པོ)འདེབས་(གདབ་)བྱ། སློབ་པ་བོ་(པོ་)བསླབ་བྱ་སོ་སོར་ཡོད་པས་གསུམ་པ་བྱེད་པ་ཐོབ་ལ། ང་འགྲོ། རྟ་བརྒྱུུགས། བྱ་འཕུར་ལྟ་བུར་གསུམ་པ་བྱེད་སྒྲ་མི་ཐོབ་སྟེ། བྱེད་པ་བོ་(པོ་)དང་བྱ་བ་གཉིས་ངོ་བོ་གཅིག་པའི་ཚུལ་དུ་གནས་པ་ཡིན་པས་སོ། །ཞེས་གསུངས་པ་ལྟར་ལགས་པ་དང༌། 7སླར་ཡང་གཞུང་དེ་ཉིད་ལས། ནོར་མེད་པ་ལ་ནོར་གྱིས་དབུལ། བདེན་པར་མ་གྲུབ་པ་ལ་བདེན་གྲུབ་ཀྱིས་སྟོང་ཞེས་པའི་ནོར་དང་བདེན་གྲུབ་ནི་བྱེད་པ་བོའམ་(པོའམ་)བྱེད་པ་དངོས་མིན་ཡང༌། དབུལ་དང་སྟོང་ནི་བྱ་ཚིག་ཡིན་གཤིས། དེ་གཉིས་ཀྱི་གང་གི་གྱིས་དང་ཀྱིས་ལྟ་བུ་ནི་རྣམ་དབྱེ་གསུམ་པ་རྗེས་མཐུན་པ་ཡིན་ཞེས་བཤད་ཆོག་གོ །གཞན་ཡང་ཀྱིས་སོགས་རྒྱུ་མཚན་སྟོན་པ་ལ་ཡང་འཇུག་སྟེ། རྒྱུ་ཡོད་པའི་སྟོབས་ཀྱིས་འབྲས་བུ་འབྱུང༌། མེ་ཡོད་པས་དུ་བ་བྱུང་ལྟ་བུ་དང༌། ནམ་མཁས་གར་ཁྱབ་ཅེས་དང༌། གཟུགས་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་ཅེས་དང༌། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པའི་ཡིས་དང༌། བསམ་གྱིས་མི་ཁྱབ་ཅེས་སོགས་ཀྱི་པས་དང་ཀྱིས་སོགས་ཀྱང་རྣམ་དབྱེ་གསུམ་པ་ལྟར་སྣང་བའི་ཕྲད་ཡིན་གཤིས་གསུམ་པ་རྗེས་མཐུན་པ་ཡིན་མོད། ལྷུན་གྱིས་གྲུབ། རིམ་གྱིས་གྲུབ། ཁྲ་ལམ་གྱིས་མཐོང༌། ཡུད་ཀྱིས་སོང༌། སྐད་ཅིག་གིས་ཡལ་ལྟ་བུ་རྣམས་ནི་གསུམ་པ་དངོས་བཏགས་གང་ཡང་མིན་ཏེ། ལྷུན་གྱིས་གྲུབ་དང༌། རིམ་གྱིས་གྲུབ་ལྟ་བུའི་གྱིས་ནི་གྲུབ་ཚུལ་གྱི་རྣམ་པ་སྟོན་པའི་ཕྲད་ཙམ་དང༌། ཁྲ་ལམ་གྱིས་མཐོང་ལྟ་བུའི་གྱིས་ནི་མཐོང་ཚུལ་གྱི་རྣམ་པ་སྟོན་པའི་ཕྲད་ཙམ་དང༌། ཡུད་ཀྱིས་སོང་དང༌། སྐད་ཅིག་གིས་ཡལ་ལྟ་བུའི་གྱིས་དང་གིས་ནི། མྱུར་ཚུལ་སྟོན་པའི་ཕྲད་ཙམ་ཡིན་ལ། དེ་ལྟར་གྱིས་ཤིག་ལྟ་བུའང་སྐུལ་ཚིག་ལས་གསུམ་པ་བྱེད་པ་མིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །
    བཞི་པ། རྒྱན་སྡུད་བཤད་པ་ནི། རྩ་བ་ལས།  

    ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །

    ཞེས་གསུངས་པའི་དོན་ནི། སྔར་ཨི་ལྡན་གྱི་ཕྲད་བཤད་པའི་སྐབས་ཀྱི་ཀྱི་འི་གཉིས་ཀྱི་ཨཱ་ལི་སྟེ་གི་གུ་ཕྱིས་ཏེ། རྗེས་འཇུག་ཡི་གེ་གཉིས་པ་ང་ཡིག་སྦྱར་བས། ཀྱང་འང་ཞེས་སུ་གྲུབ་པ་དང༌། དོན་ཐོབ་ཀྱི་ཡང་བཅས་གསུམ་ནི། ཚིག་རྒྱན་གཉིས་ནི་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང༌། སྡུད་པའི་དོན་བཅས་ལ་འཇུག་ཅེས་གསུངས། འདིའི་སྒྲ་ཡི་སྦྱོར་ཚུལ་ནི། ག་ད་བ་ས་དྲག་མཐར་ཀྱང༌། །ང་ན་མ་ར་ལ་མཐར་ཡང༌། །མཐའ་མེད་འང་དང་འ་མཐར་ཡང༌། །སྐབས་དང་བསྟུན་ནས་སྦྱོར་བ་གཅེས། །ཞེས་སོ། །
    ཚིག་རྒྱན་ལ་འཇུག་ཚུལ་ནི། དཔེར་ན། མཛེས་ཀྱང་མཛེས། ལེགས་ཀྱང་ལེགས། མཁས་ཀྱང་མཁས། ལྟ་བུའི་ཚིག་དོན་སྔ་ཕྱི་གཉིས་ཀ་མཐུན་པ་རྣམས་ལ་མཐུན་པའི་ཚིག་རྒྱན་དང༌། བཏུད་ཀྱང་ཁྲོ། མཛའ་ཡང་བསླུ། ལྟ་བུ་ནི་མི་མཐུན་པའི་ཚིག་རྒྱན་ཡིན་པར་ཀུན་མཁྱེན་སི་ཏུས་བཞེད། སྐབས་འདིར་མཁས་པ་གོང་མ་རྣམས་ཀྱིས་བཞེད་སྲོལ་གཉིས་སུ་གྱེས་འདུག་སྟེ། ཚིག་རྒྱན་ནི་སྡུད་པ་མ་ཡིན་པར་འདོད་པའི་ལུགས་གཅིག་དང༌། ཚིག་རྒྱན་ནི་རྩ་བའི་ཆ་ནས་སྡུད་པ་ཡིན་ཞིང༌། སྡུད་པ་ཙམ་དུ་མ་ཟད་ཚིག་མཛེས་པར་བྱེད་པའི་ནུས་པ་ཡོད་ན་དེ་ནི་ཚིག་རྒྱན་དུ་བཞེད། སྐབས་འདིར་མཁྱེན་གཏེར་རྗེས་བཟུང་པྲ་ཏིའི་དགེ་བཤེས་ཆེན་མོས། 8དེ་ལ་མཐུན་པའི་ཚིག་རྒྱན་ནི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང༌། ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། མཛེས་པའང་ཡིན་ཏེ་མདོག་ཀྱང་དཀར།། ཞེས་དང༌། མི་མཐུན་པའི་ཚིག་རྒྱན་ནི། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་ཅིང༌། ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། ཕྱོགས་རིས་མེད་ཀྱང་བདུད་དཔུང་འཇོམས། །ཞེས་གསུངས་པ་དང༌། ཨ་ལག་ཤ་ངག་དབང་བསྟན་དར་གྱིས། 9དེ་ལ་མཐུན་པའི་ཚིག་རྒྱན་ནི། མཐུན་པའི་ཆོས་གཉིས་གཞི་གཅིག་ལ་སྡུད་པ་སྟེ། མདོག་ཀྱང་དཀར་ལ་མཛེས་པའང་ཡིན་ལྟ་བུ་དང༌། མི་མཐུན་པའི་ཚིག་རྒྱན་ནི། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་སྡུད་པ་སྟེ། དཔེར་ན། ལུས་འཁྱོག་ཀྱང་སེམས་དྲང་ལྟ་བུའོ། ། ཞེས་གསུངས་པ་དང༌། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་10དང་ཚེ་ཏན་ཞབས་དྲུང་11རྣམ་གཉིས་དང༌། མཁས་དབང་བློ་བཟང་དབང་ཕྱུག་མཆོག་12གིས་ཀྱང་གོང་བཞིན་བཞེད།
    ཀུན་མཁྱེན་སི་ཏུ་མཆོག་གིས། 13འདིར་ལ་ལ་ཞིག་གིས། མཐུན་པའི་རྒྱན་གྱི་དཔེར། ཨུཏྤལའང་ཡིན་ལ་སྔོན་པོའང་ཡིན་ཞེས་དང༌། གཅིག་ཤོས་ཀྱི་དཔེར། ཇི་ལྟར་པདྨ་ཆུ་ནང་དུ། །སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །དེ་བཞིན་འདི་ནི་འཇིག་རྟེན་དུ། །སྐྱེས་ཀྱང་འཇིག་རྟེན་གྱིས་མ་གོས། །ཞེས་སོགས་བཀོད་མོད། འཐད་པར་མ་མཐོང་སྟེ། སྔ་མ་ནི། གཞི་གཅིག་ལ་མཐུན་པའི་ཆོས་ཨུཏྤལ་དང་སྔོན་པོ་གཉིས་སྡུད་པའི་དོན་ཡིན་ལ། ཕྱི་མ་ནི་གཞི་གཅིག་ལ་མི་མཐུན་པའི་ཆོས་ཆུ་ནང་དུ་སྐྱེས་པ་དང་ཆུས་མ་གོས་པ་གཉིས་སྡུད་པ་སོགས་ཀྱི་དོན་ཡིན་པའི་ཕྱིར་དེ་དག་སྡུད་པའི་དཔེར་འོས་ཀྱི། ཚིག་རྒྱན་གྱི་དཔེར་མི་འོས་པའི་ཕྱིར་རོ། །ཞེས་གསུངས། དེས་ན་སྡུད་པ་ནི་ཚིག་རྒྱན་མ་ཡིན་པར་བཞེད་མོད། འོན་ཀྱང་དཔེར་བརྗོད་ལ་ཅུང་ཟད་བརྟག་པར་བྱ་བ་ཡོད་པར་སྣང་སྟེ། མཛེས་ཀྱང་མཛེས་ཞེས་པའི་དོན་ལ་ནི། གཞི་ཞིག་ལ་སྦྱར་ན། ཁྱོད་སྐུ་བདག་གི་མིག་ངོར་མཛེས་ཀྱང་མཛེས། །ཞེས་བརྗོད་པ་ལ་ཕྱོགས་གཅིག་ནས་འགྲིག་ཀྱང༌། བཏུད་ཀྱང་ཁྲོ། མཛའང་བསླུ། ཞེས་པའི་དོན་ནི། སྡུད་པ་དང་འབྲེལ་ཡོད་པར་སྣང་སྟེ། གཞི་ལ་སྦྱར་ན། ཕར་བཏུད་ཀྱང་ཚུར་ཁྲོ། གྲོགས་ལ་མཛའང་དགྲ་བོ་བསླུ། ལྟ་བུར་སྣང་བས་སྡུད་པའི་དོན་ལས་མ་འདས་པར་མངོན། གནས་ཚུལ་འདི་ལ་བརྟེན་ནས་སྡུད་པ་གཞི་ལ་བཞག་སྟེ། དེ་ལ་མཛེས་པའི་ཉམས་དང་འབྲེལ་བ་ལ་ཚིག་རྒྱན་ཞེས་བཞག་ན་ཅུང་བདེ་བར་སྣང་བས་དཔྱད་པར་འཚལ།
སྡུད་པ་ལ། གཞི་མཐུན་སྡུད་པ་དང༌། གོང་མས་འོག་མ་སྡུད་པ། འོག་མས་གོང་མ་སྡུད་པ་བཅས་ཡོད་པ་ལས། དང་པོ་གཞི་མཐུན་སྡུད་པ་ནི། དཔེར་ན། ཟླ་བ་ཡང་ཡིན་ལ་དཀར་པོའང་ཡིན། ཞེས་པ་ལྟ་བུ་སྟེ་ཁྱད་གཞི་དང་ཁྱད་ཆོས་གཉིས་ཀ་གཞི་མཐུན་དུ་ཡོད་པ་བསྡུས་པ་དང༌། གཉིས་པ། གོང་མས་འོག་མ་སྡུད་པ་ནི། དཔེར་ན། སྤྱིའི་དོན་ལ་ཡང་འབད་དེ། སྒེར་དོན་ལ་ནི་མ་ཡིན་ནོ། །ཞེས་པ་ལྟ་བུ་ནི་གོང་མ་ལ་སྡུད་བྱེད་ཀྱི་ཕྲད་སྦྱར་ནས་འོག་མ་བསྡུས་པ་དང༌། གསུམ་པ། འོག་མས་གོང་མ་སྡུད་པ་ནི། དཔེར་ན༑ ངས་ཟས་ཟ་ལ་ཁྱོད་ཀྱིས་ཀྱང་ཟོ། བདག་གིས་སློབ་གཉེར་ལ་བརྩོན་ལ་ཁྱོད་ཀྱིས་ཀྱང་བརྩོན། ཞེས་པ་ལྟ་བུ་ནི་འོག་མ་ལ་སྡུད་པའི་ཕྲད་སྦྱར་ནས་གོང་མ་བསྡུས་པ་ཡིན། དེ་བཞིན་སྐབས་འདི་ནས་བཤད་པའི་ཡང་སྒྲ་བསྣན་པའི་དོན་ལའང་འཇུག་སྟེ། ཡང་ཡང་བཤད། ཡང་ཡང་སེམས། ཡང་ཡང་སྒོམ། སོགས་འབྱུང་བ་དང༌། དེ་དག་བལྡབས་པའི་དོན་ལ་འཇུག་པ་ཡིན་ནོ། །
    ལྔ་པ། ལྷག་བཅས་བཤད་པ་ལ། ལྷག་བཅས་དངོས་བཤད་པ་དང༌། ཞར་བྱུང་གི་དོན་གཞན་བཤད་པ་གཉིས་ལས། དང་པོ། ལྷག་བཅས་དངོས་བཤད་པ་ནི། རྩ་བ་ལས།

    ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །
    སྟེང་དུ་ཨཱ་ལི་གསུམ་པས་བརྒྱན། །དེ་ནི་ལྷག་མ་དང་བཅས་པའོ། །

    ཞེས་གསུངས་པའི་དོན་ནི། ལ་དོན་གྱི་ཕྲད་རྣམས་ཀྱི་དང་པོ་སུ་ཡིག་གི་ཨུ་སྟེ་ཞབས་ཀྱུ་ཕྱིས་ནས། ས་ཞེས་གྲུབ་པ་དེ་ལ་གསལ་བྱེད་སྡེ་པ་གསུམ་པའི་དང་པོ་ཏ་ཡིག་སྦྱར་བས་སྟ་ཞེས་གྲུབ་པ་དང༌། དེའི་སྟེང་དུ་སླར་ཡང་དབྱངས་ཡིག་གསུམ་པ་ཨེ་སྟེ་འགྲེང་བུ་སྦྱར་བས་སྟེ་ཞེས་གྲུབ་པ་དེ་ནི། ཚིག་དོན་གྱི་ལྷག་མ་འདྲེན་པའི་དོན་དུ་འཇུག་པར་འགྱུར་བས་ལྷག་མ་དང་བཅས་པའི་དོན་དུ་བཤད། ལྷག་བཅས་ཀྱི་དོན་དུ་བསྟན་པའི་ཕྲད་ལ་སྐབས་འདི་ནས་བཤད་པའི་སྟེ་ཡིག་དང༌། དེ་སྒྲ་དོན་དགུ་ལ་འཇུག་པའི་སྐབས་ནས་བཤད་པའི་དེ་སྒྲ་དང༌། དོན་ཐོབ་ཀྱི་དབང་དུ་བཏང་བའི་ཏེ་ཡིག་བཅས་གསུམ་ནི་ལྷག་བཅས་ཀྱི་དོན་ལ་འཇུག དེ་དག་གི་སྒྲ་ཡི་སྦྱོར་ཚུལ་ནི། ད་དེ་ན་ར་ལ་ས་དང༌། །ད་དྲག་མཐར་བཅས་ཏེ་རྐྱང་ངོ༌། །ག་ང་བ་མ་འ་རྣམས་དང༌། མཐའ་མེད་བཅས་ལ་སྟེ་ཉིད་ཐོབ། །
    ལྷག་བཅས་ལ་འཇུག་ཚུལ་ནི་རང་ཉིད་ཀྱིས་བྲིས་པའི་སྨྲ་སྒོའི་འགྲེལ་པ་བློ་གསལ་རིག་པའི་རོལ་རྩེད་ལས། 14སྟེ་ནི་ལྷག་མ་ཡོད་པ་སྟེ། །མཚམས་སྦྱོར་བ་དང་དམ་བཅའ་དང༌། །གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་གསུངས་པའི་དོན་ནི། སྟེ་ཞེས་པའི་སྒྲ་དེ་ནི་ཚིག་གི་ལྷག་མ་ཡོད་པར་སྟོན་པ་དང་འདྲེན་པར་བྱེད་པའི་ཚིག་ཕྲད་ཅིག་ཡིན་ཞིང༌། དེ་ལྟ་བུའི་ཚིག་ཕྲད་དེའི་འཇུག་ཚུལ་མི་འདྲ་བ་གསུམ་ཡོད་དེ། མཚམས་སྦྱོར་བའི་ཚུལ་དང༌། དམ་བཅའ་བའི་ཚུལ་དང༌། ལྷག་མ་དོན་གཞན་འདྲེན་པའི་ཚུལ་བཅས་གསུམ་དུ་འདོད་ཅེས་གསུངས། སྐབས་འདིར་མཚམས་སྦྱོར་བ་ཞེས་པའི་དོན་ནི། ལྷག་བཅས་ཀྱི་ཕྲད་སྦྱར་བྱར་གྱུར་པའི་ཚིག་སྔ་ཕྱི་གཉིས་ཀ་མཚམས་སྦྱོར་བའི་རྣམ་པར་གྲུབ་པ་ཞིག་ལ་འཇོག་པ་དང༌། དམ་བཅའ་ཞེས་པའི་དོན་ནི། ལྷག་བཅས་ཀྱི་ཕྲད་སྦྱར་ཡུལ་དེ་ལ་དོན་དེ་ལྟ་བུ་ཞིག་ལྡན་པར་དམ་བཅས་པའི་རྣམ་པར་གནས་པའི་ཚིག་སྦྱོར་ཞིག་དང༌། གཞན་འདྲེན་ཞེས་པ་ནི་ལྷག་བཅས་ཀྱི་ཕྲད་སྦྱར་ཡུལ་དུ་གྲུབ་པ་དེ་ལས་ཚིག་ཕྱི་མ་འབྲེལ་མེད་དོན་གཞན་དུ་གྱུར་པ་ཞིག་འདྲེན་པ་ལ་གོ་དགོས་པས་གཞན་འདྲེན་ལྷག་བཅས་ཞེས་བརྗོད། འདི་ལ་དེ་དང་ཏེ་གཉིས་ཀྱང་འཇུག་པ་མཉམ་པར་འཇུག་པས་དེ་གསུམ་གྱིས་ལྷག་བཅས་སྟོན་པ་མཉམ། གཞན་ཡང་ལ་དང༌། ནས། ཅིང༌། ཞིང༌། ཤིང་སོགས་ཀྱང་ལྷག་བཅས་སྟོན་པའི་ཕྲད་ཡིན།
    མཚམས་སྦྱོར་ལྷག་བཅས་བསྟན་པ་ནི། རྩ་བ་ལས། བྱེད་དང་བྱ་བ་ཡང་ན་ནི། །བྱ་བ་ཉིད་དུ་སྦྱོར་བ་གང༌། །ཚིག་གཉིས་རིམ་མམ་དུས་གཅིག་ཏུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །ཞེས་གསུངས་པའི་དོན་ནི། མཚམས་སྦྱོར་ལྷག་བཅས་ལ་དབྱེ་ན་གསུམ་དུ་འགྱུར་ཏེ། ཚིག་སྔ་མ་བྱེད་པར་སྦྱར་ཞིང་ཕྱི་མ་བྱ་བར་སྦྱར་བ་དུས་མི་མཉམ་པ་རིམ་ཅན་དུ་གནས་པ་ཞིག་དང༌། ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱར་ཞིང་དུས་མི་འདྲ་བ་རིམ་ཅན་དུ་གནས་པ་ཞིག་དང༌། དུས་མཐུན་པ་ཅིག་ཅར་དུ་གནས་པ་སྟེ་གསུམ་ཡོད་པ་ལ་མཚམས་སྦྱོར་ལྷག་བཅས་ཟེར་ཏེ། དཔེར་ན། མདའ་འཕངས་ཏེ་ཕོག ལན་བསྐྱལ་ཏེ་འབྱོར། ནང་བསྒྲིགས་ཏེ་འགྲིག་སོགས་ཀྱི་ཚིག་སྔ་མ་བྱེད་པ་དང༌། ཕྱི་མ་བྱ་བར་སྦྱར་བ་མ་ཟད་ཚིག་སྔ་ཕྱི་གཉིས་ཀ་མཚམས་སྦྱར་བའི་རྣམ་པར་གནས་པའི་ལྷག་བཅས་ཡིན་པ་དང༌། དེ་བཞིན་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱར་བ་དུས་རིམ་ཅན་པ་ནི། དཔེར་ན། གྲོས་བྱས་ཏེ་ལས་བརྩམས། ཐབ་བཟོས་ཏེ་མེ་བཏང༌། མགྲོན་བོས་ཏེ་སྲི་ཞུ་བསྒྲུབས་སོགས་ནི་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱར་བ་མ་ཟད། དུས་རིམ་པར་འཇུག་པ་དང༌། དེ་བཞིན་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱར་བ་དུས་མཉམ་པར་འཇུག་པ་ནི། དཔེར་ན། འཕར་ཏེ་འགྲོ འཛུམ་དམུལ་ཏེ་མདངས་བྱུང་སོགས་ནི་ཚིག་སྔ་ཕྱི་གཉིས་ཀ་བྱ་བར་སྦྱར་ཞིང་དུས་མཉམ་པ་དང༌། སྔ་ཕྱི་མཚམས་སྦྱར་བའི་རྣམ་པར་གསལ་བས་མཚམས་སྦྱར་བའི་རྣམ་པར་གནས་སོ། །
    དམ་བཅའ་ལྷག་བཅས་ནི། རྩ་བ་ལས། གང་ཞིག་གིས་ནི་སྔ་མ་ལ། ། གསལ་བར་བྱེད་པ་དམ་བཅའ་བ། །ཞེས་གསུངས་པའི་དོན་ནི། ལྷག་བཅས་ཀྱི་ཕྲད་གང་ཡིན་པ་དེས་དྲངས་པའི་དོན་ཕྱི་མ་དེ་ཉིད། ཚིག་སྔ་མའི་དོན་གསལ་བྱེད་དུ་གྱུར་ན། དེ་ལ་དམ་བཅའ་ལྷག་བཅས་ཞེས་བརྗོད་དེ། སྐབས་དེར་ཚིག་སྔ་མ་དེ་ལ་དོན་དེ་ལྟ་བུ་ཞིག་ཡོད་པར་དམ་བཅས་པའི་རྣམ་པར་གནས། དེ་ལ་དབྱེ་ན་བཞི་ཡོད་དེ། རྣམ་གྲངས་འདྲེན་པའི་དམ་བཅའ་ལྷག་བཅས་དང༌། གཏན་ཚིགས་འདྲེན་པའི་དམ་བཅའ་ལྷག་བཅས་དང༌། ངེས་ཚིག་འདྲེན་པའི་དམ་བཅའ་ལྷག་བཅས་དང༌། བསྟེན་པ་བཤད་པ་སྟེ་རྒྱས་བཤད་འདྲེན་པའི་དམ་བཅའ་ལྷག་བཅས་དང་བཅས་བཞི་ཡོད་པ་ལས། དང་པོ་ནི། རྣམ་གྲངས་འདྲེན་པའམ་དབྱེ་བ་འདྲེན་པ་ནི། ཚིག་སྔ་མ་དབྱེ་བའི་གཞི་གང་ཡིན་པ་དེ་ཉིད་བཀོད་དེ། དེ་ལ་དབྱེ་བ་དེ་ལྟ་བུ་ཡོད་པར་དམ་བཅས་པའི་རྣམ་པ་དང་བཅས་ཚིག་ཕྱི་མ་རྣམས་གསལ་བྱེད་ཀྱི་ཚུལ་དུ་བཀོད་པ་ཞིག་སྟེ། དཔེར་ན། ཕུང་པོ་ལྔ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སོ། །ཞེས་པ་ལྟ་བུ་དང༌། གཉིས་པ་གཏན་ཚིགས་འདྲེན་པ་ནི། ཚིག་སྔ་མ་དོན་གང་ལ་ལྷག་བཅས་ཀྱི་ཕྲད་སྦྱར་བ་དེར། ཚིག་ཕྱི་མ་གཏན་ཚིགས་བཀོད་པ་ཞིག་ལ་གཏན་ཚིགས་འདྲེན་པ་ཞེས་བརྗོད། དཔེར་ན། དོན་ལྷག་སྟེ། བརྗོད་པ་མ་ཚང་བའི་ཕྱིར། ལྟ་བུ་དང༌། གསུམ་པ་ནི་ངེས་ཚིག་འདྲེན་པ་ནི། ཚིག་སྔ་མ་རྗེས་གྲུབ་ཀྱི་མིང་ཞིག་བཀོད་ནས་དེ་ལ་ངེས་ཚིག་ཡོད་པར་དམ་བཅས་ཤིང༌། ཚིག་ཕྱི་མ་གསལ་བྱེད་ཀྱི་ཚུལ་དུ་ངེས་ཚིག་བཀོད་པ་ཞིག་ལ་འཇོག དཔེར་ན། རྣམ་དབྱེ་སྟེ། མིང་དེ་ཉིད་དོན་གྱི་རྣམ་པ་མི་འདྲ་བ་བདུན་ནམ་བརྒྱད་དུ་དབྱེ་བར་ནུས་པས་སོ། །ཞེས་པ་ལྟ་བུ་དང༌། བཞི་པ་རྒྱས་བཤད་འདྲེན་པ་ནི། ཚིག་སྔ་མ་རྒྱས་བཤད་དྲང་བའི་ཡུལ་དེར་ལྷག་བཅས་ཀྱི་ཕྲད་སྦྱར་ཏེ། རྒྱས་བཤད་ཡོད་པར་དམ་བཅས་པ་དང༌། ཚིག་ཕྱི་མ་རྒྱས་བཤད་དྲངས་ནས་དོན་དེ་ཉིད་གསལ་བར་བྱེད་པ་ཞིག་ལ། རྒྱས་བཤད་འདྲེན་པའི་ལྷག་བཅས་སུ་འཇོག་སྟེ། དཔེར་ན། མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེ་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་ཏེ། དོན་གྱི་ངོ་བོ་སྟོན་པ་མིང་དང༌། དོན་གྱི་ཁྱད་པར་སྟོན་པ་ཚིག་དང༌། བརྗོད་བྱའི་དོན་ཞིག་ཚང་བར་སྟོན་པ་བརྗོད་པ་སྟེ། དེ་གསུམ་གྱི་གཞི་འཛིན་པ་ནི་ཡི་གེའོ། །ཞེས་པ་ལྟ་བུ་ལ་གོ་དགོས་སོ། །
    གཞན་འདྲེན་ལྷག་བཅས་ནི། རྩ་བ་ལས། ལྷག་མ་ཡོད་ཙམ་སྟོན་གྱུར་ཅིང༌། །དེ་ལས་གཞན་གྱུར་གཞན་འདྲེན་པའོ། །ཞེས་གསུངས་པའི་དོན་ནི། ལྷག་བཅས་ཀྱི་ཕྲད་སྦྱར་གཞི་ཚིག་དོན་གྱི་ལྷག་མ་ཡོད་པར་སྟོན་ཅིང༌། ལྷག་མའི་དོན་དེ་ཉིད་ཚིག་སྔ་མ་ལས་དོན་གཞན་ཞིག་འདྲེན་པ་ལ། གཞན་འདྲེན་ལྷག་བཅས་ཞེས་བརྗོད་དེ། དཔེར་ན། འདི་ནི་ལྷ་སྟེ། དེ་ནི་ཀླུའོ། །ཞེས་པ་ལྟ་བུ་ལ་གཞན་འདྲེན་ལྷག་བཅས་ཞེས་བརྗོད། གནས་ཚུལ་དེ་དག་ལ་བརྟེན་ནས་ལྷག་བཅས་ཀྱི་དོན་ངོ་འཕྲོད་དགོས་པ་དང༌། ལྷག་བཅས་ཀྱི་ཕྲད་གཞན་རྣམས་ཀྱི་འཇུག་ཚུལ་ཡང་འདི་ཉིད་ལས་མ་འདས། ཞེས་བྱུང་བ་དང༌། དེ་དག་ལ་དཔོག་ནས་ཞིབ་ཏུ་ཤེས་པར་བྱ་བ་གལ་ཆེའོ། །
གོང་གི་ལྷག་བཅས་ཀྱི་ཕྲད་དེ་དག་ལས་དེ་ཡིག་ནི་ཕྲད་རང་དབང་ཅན་ཡིན་ཡང༌། སྐབས་འདིར་གཞན་དབང་ཅན་དུ་བཤད་ཡོད་པས། ཕྲད་འདི་ཉིད་མགོ་གཉིས་མ་ལྟ་བུར་སྣང་བས། འདི་ཐུགས་སུ་མི་འཇུག་པའི་མཁས་པའང་མཆིས་ཀྱང༌། དོན་དངོས་སྟེང་ནས་རང་དབང་ཅན་ཡིན་པའི་ཕྲད་ནི། མིང་གི་ཡ་ཐ་ན་གནས་པའི་དེ་ཡིག་ཡིན་པ་ལས། མིང་གི་མ་ཐ་ན་ཡོད་པའི་དེ་ཡིག་མ་ཡིན་པ་མཁྱེན་དགོས། དེ་སྒྲ་ལྷག་བཅས་ལ་འཇུག་སྐབས་མིང་གི་མ་ཐ་ན་ཡོད་པའི་དེ་སྒྲ་ཡིན་པ་ལས། མིང་གི་ཡ་ཐའི་དེ་སྒྲ་མིན་པས་སོ། །གནས་ཚུལ་འདི་ལ་བརྟེན་ནས་དེ་སྒྲ་མགོ་གཉིས་མར་གྱུར། དཔེར་ན། དེ་མ་བཤད། ཤིང་བཅད་དེ། ཞེས་པའི་དེ་སྒྲ་གཉིས་ལ་ཁྱད་པར་ཡོད་པ་འདི་གཅིག་པུས་དེ་གཉིས་ཀྱི་དབྱེ་བ་ཕྱེ་ནུས་སོ། །
    གཉིས་པ། ཞར་བྱུང་གི་དོན་གཞན་བཤད་པ་ནི། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། 15མཁས་པ་ཁ་ཅིག་གིས། སུམ་ཅུ་པར་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་མ་བསྟན་ཟེར་བ་ནི་འཐད་པར་མི་སེམས་ཏེ། གོ་ངོ་དོ་ནོ་སོགས་དངོས་སུ་བསྟན་པའི་དགོས་པ་ནི། ཁྱེད་ལྟར་ན་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་དངོས་སུ་བསྟན་ཟེར་ན། ཏོ་ཏེ་ཏུ་སོགས་ཀྱང་རྒྱུ་མཚན་དེ་ལས་མ་འདས་པས་བཟློག་སྟེ་བཤད་པའི་གནད་ཀ་དེས་ལོག་རྟོག་ཇི་ལྟར་སེལ་ནུས། ཞེས་དང༌། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས། ཞེས་པ་བདེན་ན། སུམ་ཅུ་པར་དངོས་སུ་བསྟན་ཅིང་མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ནི་སྒྲ། དང་སྒྲ། གང་སྒྲ། དགག་སྒྲ་རྣམས་ལ་ཅི་ཟེར། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་ཅེས་པ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་ཡིན་པ་སྨོས་མ་དགོས་ལ། དེས་ན་བདག་སྒྲ་ཙམ་ལས་མ་གསུངས་ཞེས་པའི་ཙམ་སྒྲ་དེས་མགོ་བོ་རྨོངས་པར་བྱེད་པ་ལས་དགོས་པ་ཅི་བྱུང་ཞེས་འདྲིའོ། །ཞེས་དང༌། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །ཞེས་པ་ལ་བརྟག་པར་བྱ་བ་འདི་ཡོད་དེ། ཀྱི་ཀྱིས་ཀྱང་སྟེ་ཞེས་གི་གྱི་འི་གིས་གྱིས་འང་རྣམས་ལས་བཀར་བའི་རྒྱུ་མཚན་སྟོན་རྒྱུ་མེད་པ་དང༌། འདིར་ཡང་ཞེས་པའི་ཡང་སྒྲ་ལ་ནུས་པ་ཅི་ཡོད་མི་གསལ་ལོ། །དེ་ཡང་ཞིབ་ཏུ་དཔྱད་ན་འདི་ལྟར། ཁྱོད་ཀྱིས་བཤད་པའི་ཀྱི་སོགས་བཞི་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་སྐྱེས་པའི་སྒྲ་གཙོ་བོར་གྱུར་པ་ཡིན་ན་ཁྱོད་ཀྱིས་མ་བཤད་པའི་གི་གྱི་འི་གིས་གྱིས་འང་སྟེ་དྲུག་འཇུག་པའི་ཡི་གེ་དང་ལྷན་ཅིག་སྐྱེས་པའི་སྒྲ་གཙོ་བོ་མ་ཡིན་པའི་ཚུལ་གང་ལ་ཐུག ཏོ་སྒྲ་གཅིག་པུ་མ་ཟད་ལྷག་བཅས་ཀྱི་ཏེ་སོགས་མ་བསྟན་པའི་ཚུལ་ཤུགས་ནས་སྒྲུབ་སྐབས། ཀྱི་ཀྱིས་ཀྱང་སྟེ་རྣམས་འདིར་ཡང་གསུངས། ཞེས་པའི་ཡང་སྒྲ་སྦྱར་བ་ལ་མཁས་པའི་གསུང་གི་བཟོ་ལྟ་ཅི་ཡོད་མཐོང་དཀའ་འོ། །ཞེས་གསུངས་པ་ལ། འཇམ་དབྱངས་གྲགས་པས་ཀུན་མཁྱེན་སི་ཏུའི་སྐབས་དེའི་གསུང་ཡོངས་རྫོགས་ཤིག་དྲངས་མཐར། རང་ཉིད་ཀྱིས་གཟིགས་ཚུལ་བླ་མའི་གསུང་བཞིན་བཀོད་པ་ཞིག་ཀྱང་མཆིས་མོད། དེར་བརྟག་པར་བྱ་བ་མང་དུ་མཆིས་པ་ལས་གལ་ཆེ་བ་ནི། 16དེ་དག་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་ཚུལ་ནི། ཀྱི་ནི་གི་གྱི་ལྟར་འབྲེལ་སྒྲར་འཇུག་པ་དང༌། ཀྱིས་ནི་གིས་ཀྱིས་ལྟར་བྱེད་སྒྲར་འཇུག་པ་དང༌། ཀྱང་ནི་འང་ལྟར་རྒྱན་སྡུད་ལ་འཇུག་པ་དང༌། སྟེ་ནི་དེ་ལྟར་ལྷག་བཅས་ལ་འཇུག་པ་ཡིན། ཞེས་གསུངས་པ་དེ་ནི། ཀུན་མཁྱེན་སི་ཏུའི་དགོངས་པ་ལོན་མེད་པ་མ་ཟད། སྟོད་སྨད་ཀྱི་ཁྲིད་རྒྱུན་གཉིས་ཀའི་ལུགས་སུ་མི་སྣང་བའི་གཏམ་དུ་ཟད་པས། ཅུང་ཞིག་དེའི་དོན་བཤད་དགོས་བྱུང༌། སྐབས་འདིའི་འཇུག་པའི་ཡི་གེ་དང་ལྷན་ཅིག་སྐྱེས་པའི་སྒྲ་ཞེས་པའི་དོན་ནི། ཀྱི་ཀྱིས་ཀྱང་སྟེ་བཞི་པོ་ཡིན་ཞིང༌། དེ་ལས་ཀྱི་དོར་བའི་ལྷག་མ་གསུམ་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་རྣམ་འགྱུར་ཤིན་ཏུ་གསལ་ཏེ། ཀྱིས་ནི་འཇུག་པའི་ཡི་གེ་ས་དང་ལྷན་ཅིག་པའི་སྒྲ་ཡིན་པ་དང༌། ཀྱང་ནི་འཇུག་པའི་ཡི་གེ་ང་དང་ལྷན་ཅིག་པའི་སྒྲ་ཡིན་པ་དང༌། སྟེ་ནི་འཇུག་པའི་ཡི་གེ་ས་དང་ལྷན་ཅིག་པའི་སྒྲ་ཡིན་པས་དེ་གསུམ་ངོ་འཕྲོད་བདེ། འོ་ན་ཀྱི་ནི་ཇི་ལྟར་ཡིན་ཞེས་ན། ཀྱི་ནི་འཇུག་པའི་ཡི་གེ་འ་དང་ལྷན་ཅིག་ཏུ་སྐྱེས་པའི་སྒྲ་ཡིན་ཏེ། ཀྱའི་ཡ་སྟ་དང་འ་གཉིས་སྡེ་བ་གཅིག་པ་མ་ཟད། ཕྲད་དུ་གྲུབ་པའི་གནས་སྐབས་སུ་འཇུག་པའང་མཉམ་སྟེ། རྒྱན་སྡུད་ཀྱི་འང་ཡང་གཉིས་ནི་འཇུག་པ་མཉམ་པ་དེས་གསལ་ལ། ཕྱོགས་གཞན་ཞིག་ནས་རང་ཉིད་འ་དང་ལྷན་དུ་སྐྱེས་པ་དེས་བཞག་གོ །འདི་ཉིད་ཀྱི་དོན་ཚུལ་བཞ
ིན་མ་བཤད་པར། མི་དགོས་པའི་ཀྱི་ནི་གི་དང་གྱི་བཞིན་འབྲེལ་སྒྲར་འཇུག་པ་སོགས་ཀྱིས་བཤད་ན། ཏོ་ནི་དོ་བཞིན་སླར་བསྡུ་ལ་འཇུག་པ་དང༌། ཏམ་ནི་དམ་བཞིན་འབྱེད་སྡུད་ལ་འཇུག་པ་དང༌། ཏུ་ནི་དུ་བཞིན་ལ་དོན་ལ་འཇུག་གོ་ཞེས་བརྗོད་ན་ལན་མེད་པར་འགྱུར་བས་གོང་བཞིན་ཁས་ལེན་དུ་མི་རུང་བར་སྣང༌།
    སྐབས་འདིར་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་ཚང་གིས་དོན་གནད་འདི་དག་མ་གཟིགས་པས་ཡིན་ནམ་ཞེ་ན། གུས་པས་དམ་པ་འདི་ཉིད་ཀྱི་སློབ་རྒྱུན་རྣམས་ནས་འདིའི་སྐོར་གྱི་གནས་ཚུལ་མང་དུ་ཐོས་པའི་དབང་གིས་མིན་ཞེས་ལན་སྟབས་བདེ་ཞིག་འབུལ་ནུས། དེང་སྐབས་རྩོམ་པ་པོས་གཞུང་དེ་ཉིད་དགོས་པ་གང་གི་ཕྱིར་བརྩམས་མིན་གྱི་གནས་ཚུལ་བརྩད་གཅོད་མི་བྱེད་པར། བརྩམས་ཆོས་ངོས་ཟིན་ཁོ་ན་དང༌། དེ་ཡང་དེབ་ཐོག་ཁོ་ནར་གསལ་བ་དོན་གཉེར་བྱས་པའི་དབང་གིས་དམ་པ་འདིའི་དགོངས་གཞི་རྣམས་རིམ་བཞིན་དམིགས་མེད་དུ་ཡལ། དེའི་རྒྱུ་མཚན་ནི༑ དམ་པ་འདིས་ཀུན་མཁྱེན་སི་ཏུའི་གཞུང་ལུགས་དགག་དགོས་དོན་ཅི་ཡིན་ནམ་ཞེས་དྲི་ན། དེ་ལ་དེ་ཉིད་དགག་དགོས་དོན་ནི། སྐབས་དེར་བརྡ་སྤྲོད་པའི་གཞུང་ལ་ཐོས་པ་བྱེད་མཁན་ཉུང་བ་དང༌། ལྷག་པར་ཀུན་མཁྱེན་སི་ཏུའི་གཞུང་ལུགས་ཀྱི་ཕྲིན་ལས་མདོ་སྨད་དུ་ཤིན་ཏུ་དམན་པ་མ་ཟད། གཟིགས་མཁན་ཡང་རེ་ཟུང་ལས་མེད་པ་ལྟ་བུ་དང༌། གཟིགས་མཁན་རེ་ཟུང་ཡོད་པ་དེ་དག་གིས་ཀྱང་གཞུང་ལུགས་ཚུལ་བཞིན་གཟིགས་རྟོགས་གནང་བ་མིན་པར། ཕྱོགས་རིས་པ་དང་ལྷག་པར་ཁྲིད་རྒྱུན་གཙང་མ་ཞིག་དོན་གཉེར་བྱེད་མཁན་ཉུང་བ་བཅས་ལ་བརྟེན་ནས། སི་ཏུའི་གཞུང་གི་དགོངས་དོན་ལ་འབད་པ་མི་བྱེད་པ་རྣམས་ལ་སྐུལ་མ་གཏོང་ཆེད། ཕྱོགས་གཅིག་ནས་སི་ཏུའི་གཞུང་བཞིན་སུམ་རྟགས་ཀྱི་དགོངས་པ་བཀྲལ་བ་དང༌། ཕྱོགས་མཚུངས་རིགས་པའི་རོལ་རྩེད་གནང་བའི་རྐྱེན་བྱས། དུས་ཐུང་ནང་དུ་མདོ་སྨད་དུ་སི་ཏུའི་གཞུང་ལུགས་ཀྱི་ཕྲིན་ལས་ཆེས་ཆེར་འཕེལ་བའང་དམ་པ་འདི་ཉིད་ཀྱི་སྐུ་དྲིན་དང༌། ལྷག་པར་གཞུང་འདིའི་སྐུ་དྲིན་ཡིན་པ་སེམས་ལྡན་མཐའ་དག་གིས་རྟོགས་སླ་བར་སྣང༌། འདི་ཉིད་ཀྱི་གནས་བབ་ལ་བསམ་གཞིག་ཅི་ཡང་མ་བྱས་པར། གཞུང་འདི་ཉིད་ནི་ཀུན་མཁྱེན་སི་ཏུའི་གཞུང་ལུགས་སུན་འབྱིན་བྱེད་དུ་བརྩམས་པ་ལྟ་བུར་ངོས་འཛིན་མཁན་གྱི་ཚན་པ་ཞིག་དང༌། ཡང་ཁག་ཅིག་གིས་དམ་པ་འདིའི་གསུང་ཡིག་ཐོག་ཏུ་གསལ་བ་ཇི་བཞིན་ཁས་བླངས་ནས་སྐབས་དོན་དངོས་མ་རྟོགས་མུར། གཞན་ལུགས་ཞེས་ཀུན་མཁྱེན་སི་ཏུའི་གཞུང་ལུགས་ལ་དམའ་འབེབས་བྱེད་གང་ཐུབ་བྱེད་མཁན་གྱི་ཚན་པ་ཞིག་སྟེ། ཕྱོགས་གཉིས་སུ་གྱེས་འདུག་པ་དང༌། དེ་གཉིས་ཀས་དམ་པ་འདི་ཉིད་ཀྱི་དགོངས་པ་ཇི་བཞིན་རྟོགས་མེད་ཅེས་མགྲིན་པ་གཟེངས་སུ་བསྟད་ནས་ཞུ་འདོད་བྱུང༌།
    དམ་པ་འདི་ཉིད་སྐབས་དེར་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གནང་བཞིན་པའི་སྐབས་ཡིན་ཞིང༌། སློབ་ཆེན་རང་གི་དགེ་སློབ་མང་པོ་ཞིག་གིས་བརྡ་སྤྲོད་པའི་གཞུང་ལ་ཞིབ་འཇུག་བྱེད་རྒྱུ་མེད་པ་དང༌། ལྷག་པར་རྣམ་དབྱེ་རྣམས་དགོས་མཁོ་ཡོད་མེད་ཀྱི་གླེང་མོལ་ཞིག་ཀྱང་སློབ་ཆེན་དེའི་ཁོར་ཡུག་ན་ཡོད་པ་དེ་ནི། དམ་པ་འདི་ཉིད་ཀྱིས་གཞུང་འདི་བརྩམས་དགོས་པའི་གནས་ཚུལ་གཅིག་དང༌། ལྷག་པར་མདོ་སྨད་ཀྱི་མཁས་པ་མཐའ་དག་གིས་གླུ་བརྒྱ་གདངས་གཅིག་ལྟ་བུས། སུམ་རྟགས་ལ་པྲ་ཏི་ལས་ལྷག་མེད་པ་དང༌། དེ་ཡང་ལེགས་སྦྱར་གྱི་བརྡ་སྤྲོད་པའི་དབང་དུ་བཏང་ན། པཎྜིཏའི་ལུགས་སུ་བཞག་ལ་ཟླ་བའི་ཞབས་ཀྱི་བརྡ་སྤྲོད་པའི་གཞུང་དང༌། རྒྱལ་པོའི་ལུགས་སུ་བཞག་པ་ཆ་བསགས་ཀྱི་གཞུང་ཡིན་པ་བཞིན། བོད་དུའང་གདན་ས་ཆེན་པོའི་ལུང་དང་རིགས་པ་དབང་འབྱོར་བ་རྣམས་ཀྱི་ལུགས་ནི་པྲ་ཏིའི་གཞུང་དང༌། ལུང་དང་རིགས་པའི་གཞུང་ལ་ཐོས་པ་བྱེད་མ་ཐུབ་པ་རྣམས་ཀྱི་ལུགས་སུ་བཞག་པ་སི་ཏུའི་གཞུང་ཡིན་ཞེས་མཁས་བླུན་གཉིས་ཀའི་ངག་སྒོ་ན་ཆུ་བཞུར་བཞུར་བྱེད་པ་འདི་ཉིད་ཀྱི་མགོ་གནོན་ལྟ་བུར་གཞུང་འདིའི་ལུགས་སུ་འགྲེལ་པ་དང༌། ཕྱོགས་མཚུངས་བརྒལ་ལན་གྱི་རིགས་པས་གཏན་འབེབ་བྱ་དགོས་དོན་ཡང་འདི་ལ་བརྟེན་ནས་བྱུང། ཕྱོགས་གཞན་ཞིག་ནས་སི་ཏུའི་གཞུང་ལ་འཇུག་ཆེད་དམ་པ་འདིའི་སྔ་རྒོལ་དུ་བཞག་པའི་ལུང་རྣམས་ལ་བཟོ་བཅོས་བརྒྱབ་སྟེ། དེ་ལ་རིགས་པའི་གནོད་བྱེད་འཕངས་ཡོད་པ་ལྟ་བུ་ཡིན་པས། གནས་ཚུལ་འདི་ཙམ་ཡང་དེང་གི་དུས་སུ་རྟོགས་མ་ཐུབ་པར། ད་དུང་སི་ཏུའི་གཞུང་ཉིད་རིང་ལུགས་སུ་ཞལ་གྱིས་བཞེས་མཁན་ཕལ་མོ་ཆེས། དམ་པ་འདིས་སྔ་རྒོལ་དུ་བཞག་པའི་གཞུང་ཚིག་བཟོ་བཅོས་བརྒྱབ་པ་དེ་ཉིད་ཇི་བཞིན་ཡིན་པར་སེམས་ཏེ༑ དེ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་དམ་པ་འདིའི་གཞུང་ལ་རྒོལ་བ་དག་ནི༑ ལུང་དེ་ཉིད་གཞུང་དེ་གའི་ནང་དུ་ཡོད་པ་བཞིན་ཡིན་མིན་ཙམ་ཡང་མ་གཟིགས་པ་ནི་མཚང་ཤིན་ཏུ་ཆེའོ། །
    མདོ་སྨད་དུ་སི་ཏུའི་ཕྲིན་ལས་ཀྱི་ཁྱབ་ཚུལ་ཇི་འདྲ་ཞིག་ཡིན་མིན་ནི༑ རྒན་འཇམ་དབྱངས་གྲགས་པས་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲའི་གོ་དོན་བཀྲལ་བ་དེ་གས་ཀྱང་ཤེས་ནུས། རྒན་ཁོང་ནི་རིག་པའི་གནས་ལ་འཇུག་པ་ཡངས་པ་མ་ཟད། མདོ་སྨད་ཕྱོགས་སུ་བཞུགས་པའི་མིང་དོན་མཚུངས་པའི་མཁས་པ་ཞིག་ཀྱང་ཡིན་ལ། སྐབས་དོན་འདི་ཉིད་འཆད་སྐབས་གཞུང་དོན་དང་མི་མཐུན་པ་ཞིག་བཀྲལ་བ་མ་ཟད། རྒན་ཁོང་ཉིད་ཀྱང་ཐུགས་བདེ་བོ་མ་བྱུང་བའི་རྣམ་པ་གསལ་བར་བསྟན་ཡོད་པ་དེས། མཁས་པའི་རང་བཞིན་མཚོན་པའི་རྣམ་འགྱུར་ཡིན་ཏེ། མཁས་པ་རྣམས་ཀྱིས་གནས་ཚུལ་ཞིག་གསར་དུ་གཟིགས་སྐབས་དོན་དངོས་དང་མཐུན་མིན་དང༌། རིགས་པས་གནོད་བྱེད་ཕོག་མིན་བཅས་ལ་ཞིབ་ཏུ་གཟིགས་པ་དང༌། གལ་ཏེ་སྐབས་དོན་དེ་ལ་རིགས་པའི་གནོད་བྱེད་ཕོག་ཀྱང་དེའི་ལྷག་གསར་དུ་མ་རེག་ན་དེ་ག་རང་གི་ལུགས་སུ་བྱས་ཏེ། དཔྱད་པའི་གཞིར་འཇོག་པ་མ་ཟད། རང་བློས་བཟོ་བཅོས་བརྒྱབ་ནས་འདྲ་འདྲ་དང་འགྲིག་འགྲིག་གིས་གཞུང་དོན་བསྒྲིབས་པར་མི་བྱེད་པ་ནི་མཁས་པའི་རང་བཞིན་དུ་ངེས་པས། རྒན་ཁོང་གིས་ཀྱང་དེ་ལྟར་གནང་ཡོད་པ་དེར་བླ་ན་མེད་པའི་གུས་འདུད་ཞུ་ཡུལ་དུ་སྣང༌།
    གནས་ཚུལ་དེ་དག་ལ་བརྟེན་ནས་སྐབས་དོན་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་ཚང་གིས། མིང་གཞི་རྐྱང་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་(གཞན་འདིར་)མ་གསུངས། ཞེས་པ་ལ་གཞན་འདིར་ཞེས་པའི་མིང་གཉིས་དོར་བར་མཛད་པ་དང༌། དོར་བའི་ཚིག་དེ་དག་དེར་བཅུག་ན་སྐབས་དོན་དེར་རྩོད་གླེང་འབྱུང་གཞི་མེད་པ་མ་ཟད། ཡང་སྒྲའི་ནུས་པའང་འཕྲལ་དུ་རྟོགས་པར་འགྱུར་མོད། དེ་ལྟར་བཟོས་པ་ངོ་འཕྲོད་ན་སྔ་རྒོལ་དེ་ཉིད་ཀུན་མཁྱེན་སི་ཏུ་མིན་པར། དོགས་པ་སྔོན་བསུ་ལྟ་བུའི་གནས་ཤིག་ཡིན་པའང་མཁྱེན་པར་འགྱུར། གནས་ཚུལ་འདིའི་ཐོག་ནས་གང་ཞིག་ངོ་སྤྲོད་བཞིན་ཡོད་དམ། དེ་ཉིད་ཞིབ་ཚགས་ཀྱིས་དཔྱད་ནས་རྟོགས་པར་བྱ་རྒྱུ་ནི་མཁས་པའི་དགོངས་པ་དངོས་མ་ཡིན་པར་སྣང༌།
    ཡང་ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །ཞེས་པའི་སྐབས་སུ་གི་གྱི་འི་གིས་གྱིས་འང་དྲུག་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོ་མ་ཡིན་པའི་ཚུལ་གང་ལ་ཐུག་ཅེས་དྲི་བར་མཛད་པ་དེ་ཡང༌། དམ་པ་འདི་ཉིད་ཀྱིས་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གང་ཡིན་མ་མཁྱེན་པ་དང༌། དེ་དང་འཇུག་པའི་ཡི་གེ་གཉིས་ཀྱི་ཁྱད་པར་མ་མཁྱེན་པ་ཅི་ལ་སྲིད། མཁྱེན་བཞིན་སྐབས་དེའི་དོན་དངོས་ར་སྤྲོད་པར་དྲི་བའི་ཚུལ་དུ་འཇོག་དགོས་དོན་གང་ཡིན་ནམ། འདི་ཉིད་ལས་ང་ཚོས་མཐོང་ཐུབ་པ་ནི། འཇུག་པའི་ཡི་གེ་དང་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཉིས་སོ་སོར་ཕྱེ་བར་མཛད་པ་དེ་ཡིན། དོན་དངོས་སྟེང་ནས་མི་མངོན་པའི་ཚུལ་དུ་གཅིག་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་ཡིན་པ་དང༌། གཅིག་ནི་དེ་ཉིད་མིན་ཏེ་རྗེས་འཇུག་ལས་གྲུབ་པའི་ཕྲད་ཡིན་པའི་ཕྱིར། ལྟ་བུའི་རྣམ་འགྱུར་མངོན་གསལ་གྱིས་མཐོང་ཐུབ། གཤམ་དེར་ཀྱི་ཀྱིས་ཀྱང་སྟེ་རྣམས་འདིར་ཡང་གསུངས། ཞེས་འགོད་པར་མཛད་མོད། ཚིག་དེ་ཉིད་ཇི་མ་ཇི་བཞིན་སི་ཏུའི་གཞུང་དུ་འདུག་གམ། ལྷག་པར་ཏོ་དང་ཏེ་སོགས་ཤུགས་ནས་སྟོན་དགོས་པའི་ཚུལ་བཤད་པའི་སྐབས་སུ་འདུག་གམ། དོན་དངོས་སྟེང་ནས་གཤམ་གྱི་ཚིག་དེ་ཉིད་གང་གི་ཚིག་དེ་བཟོ་བཅོས་བརྒྱབ་པའམ་བརྗོད་པའི་ཐོག་མའི་ཚིག་དང་མཐའ་མའི་ཚིག་གཉིས་ལྷན་དུ་བསྡུས་ནས་བར་གྱི་ཚིག་རྣམས་དོར་བར་མཛད་ཡོད་དེ། ཡང་ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །ཞེས་འབྱུང་བ་དེ་ཉིད་ཡིན། དེས་ན་འདི་ལ་དམིགས་བསལ་རྩོད་གླེང་མེད་པ་མ་ཟད་ཡང་སྒྲའི་ནུས་པའང་ར་འཕྲོད་ནུས།
    སྐབས་འདིར་ཀུན་མཁྱེན་སི་ཏུ་མཆོག་གིས། རྗེས་འཇུག་ལས་གྲུབ་པའི་ཕྲད། འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྲད། མིང་གཞི་རྐྱང་པ་ལས་བྱུང་བའི་ཕྲད་བཅས་སུམ་ཅུ་པའི་སྐབས་ཀྱི་ཕྲད་ལ་དབྱེ་བ་གསུམ་དུ་ཕྱེ། དེ་ལས་མིང་གཞི་རྐྱང་པ་ཞེས་པའི་དོན་ལ། ཕྲད་དུ་གྲུབ་པའི་སྐབས་སུ་རྗེས་འཇུག་དང་དབྱངས་སོགས་ཀྱི་གཞིར་གྱུར་ཡོད་མེད་ཀྱིས་མིན་པར། ཕྲད་དུ་བསྒྲུབ་བྱའི་ཡི་གེ་དེ་ཉིད་རྗེས་འཇུག་བཅུའི་ནང་གསེས་ཡིན་མིན་གྱིས་འཇོག་དགོས་པ་དང༌། དེ་ལྟར་བཞག་ན་བདག་སྒྲའི་པ་ཡིག་ལས་གཞན་མེད། བདག་སྒྲའི་པ་ཡིག་ལས་གཞན་མེད་ཅེས་པ་འདི་ཡང་དངོས་བསྟན་གྱི་ཕྲད་ཀྱིས་འཇོག་དགོས་པ་མ་ཟད། འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲས་བཞག་པའི་ཕྲད་བཞི་ཡང་དོར་དགོས། དེ་དག་དོར་བའི་ལྷག་མའི་ཕྲད་ཀྱི་ནང་དུ་པ་ཡིག་ལས་མི་སྣང་བ་དེས་ཡིན། སྐབས་འདིའི་རྐྱང་པ་ཞེས་པར་ཁྱད་ཆོས་གཉིས་ཀྱིས་འཇོག་སྟེ། རྗེས་སུ་མི་འཇུག་པའི་མིང་གཞི་རྐྱང་པའི་ཡི་གེ་ལས་གྲུབ་པས་རྐྱང་པ་དང༌། བརྩེགས་འདོགས་ཀྱིས་མ་བརྒྱན་པས་རྐྱང་པ་ཞེས་ཀྱང་བརྗོད། ཁྲིད་རྒྱུན་ན་ད་དུང་འདིར་ཁྱད་ཆོས་བཞི་བཤད་པ་ནི། སྐབས་དོན་དང་བསྟུན་ནས་གསར་དུ་སྦྱར་བའི་ཕྲད་ཡིན་པ་དང༌། དངོས་སུ་བསྟན་པ། མིང་གཞི་རྐྱང་པའི་ཡི་གེ་ལས་གྲུབ་པ། བརྩེགས་འདོགས་མེད་པར་རྐྱང་པར་གནས་པ་བཅས་ཀྱིས་འཇོག་པའང་མཁྱེན་གལ་ཆེ། དེ་ལྟ་ར་བཞག་ན་པ་ཡིག་ལས་གཞན་མི་རྙེད་པ་ནི་མངོན་གསལ་ཡིན་ནོ། །
    དེ་བཞིན་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་འགྱུར་ཚུལ་སྔོན་ནས་བཤད་པ་ཡིན་ཞིང༌། དེ་ནི་ཟུར་དུ་འབྱེད་དགོས་པའི་རྒྱུ་མཚན་ནི། ཕྲད་ཀྱི་བསྒྲུབ་གཞིའི་ཡི་གེ་མིང་གཞི་ལས་གྲུབ་ཀྱང༌། རྗེས་འཇུག་དང་འབྲེལ་ནས་ཕྲད་དུ་གྲུབ་པས་དེ་ལྟར་འཇོག་དགོས་བྱུང༌། དེས་ན་སྐབས་འདིའི་ཕྲད་ལའང་ཁྲིད་རྒྱུན་ནས་ཁྱད་ཆོས་བཞི་བཤད་པ་ཡིན་ཏེ༑ སྐབས་དོན་དང་བསྟུན་ནས་གསར་དུ་སྦྱར་བའི་ཕྲད་ཡིན་པ། དངོས་སུ་བསྟན་པ། རྗེས་འཇུག་དང་ལྷན་དུ་སྐྱེས་པ། བརྩེགས་འདོགས་གང་རུང་གི་རྣམ་པར་གསལ་བ་བཅས་ཡིན། དེ་ལྟར་དཔྱད་ན་སུམ་ཅུ་པའི་དངོས་བསྟན་གྱི་ཕྲད་རྣམས་རིགས་གསུམ་དུ་གནས་པའི་རྣམ་འགྱུར་མཐོང་ཐུབ། དེ་དག་གི་སྟེང་ན་ཤུགས་བསྟན་གྱི་ཕྲད་ཚན་པ་གཅིག་ཡོད་པ་བསྣན་ན། སུམ་ཅུ་པར་དངོས་ཤུགས་གཉིས་ཀ་ནས་བསྟན་པའི་ཕྲད་རྣམས་སྡེ་ཚན་བཞི་རུ་འདུས།
    སུམ་ཅུ་པའི་བསྟན་བྱ་གཙོ་བོ་ནི་རྗེས་འཇུག་གི་བྱ་བ་ཡིན་ཞེས་པའི་དོན་ནི། ཀུན་མཁྱེན་སི་ཏུས་སྐབས་དེར་གསལ་པོར་གསུངས་ཡོད་མོད། འདི་ཉིད་གལ་ཆེ་བར་བསྟན་ཅིང་འདིར་ཡང་ཅུང་ཞིག་བཤད་ན། སུམ་ཅུ་པའི་སྐབས་སུ་དོན་གནད་གང་ཞིག་བཤད་བཞིན་ཡོད་པ་དང༌། དེ་ཉིད་གང་ལ་ཐུག་ཡོད་པའི་གནས་ཚུལ་གཉིས་དངོས་སུ་མཐོང་ཐུབ་པར་བྱ་དགོས། སུམ་ཅུ་པའི་སྐབས་སུ་ཕྲད་དང་རྣམ་དབྱེའི་སྦྱོར་བ་བསྟན་པ་ཡིན་ལ། དེ་ལྟའི་ཕྲད་རྣམས་ནི་རྗེས་འཇུག་གི་ཡི་གེ་ལས་གྲུབ་པ་ཤུགས་ཆེ་བ་དང༌། གལ་ཏེ་རྗེས་འཇུག་ལས་མ་གྲུབ་ཀྱང་ཕྲད་དེ་དག་གི་སྦྱར་ས་རྗེས་འཇུག་གི་ཡི་གེ་ལས་མ་འདས། གནས་ཚུལ་འདི་ལ་བརྟེན་ནས་སུམ་ཅུ་པའི་སྐབས་སུ་རྗེས་འཇུག་གི་སྦྱོར་བ་བཤད་ཅེས་གསུངས། སྐབས་འདིའི་རྗེས་འཇུག་གི་སྦྱོར་བ་ཞེས་པ་དེ་ནི། རྗེས་འཇུག་ལས་ཕྲད་གྲུབ་ཚུལ་དང༌། ཕྲད་དེ་དག་རྗེས་འཇུག་ལ་སྦྱོར་ཚུལ་གཉིས་ཀྱིས་བཞག སྤྱིར་རྗེས་འཇུག་གི་སྦྱོར་བ་ནི། ཡི་གེ་རྣམས་མིང་དུ་གྲུབ་པར་བྱེད་པ་དང༌། མིང་རྣམས་ཚིག་ཏུ་གྲུབ་པར་བྱེད་པ། ཚིག་རྣམས་བརྗོད་པར་གྲུབ་པར་བྱེད་པ་བཅས་ཡིན་ཏེ། སྔ་མ་ནི་ཚེག་ཁྱིམ་རེ་རེ་མིང་དུ་གྲུབ་པ་ལ་འཇུག་པའི་ཡི་གེ་ངེས་པར་དུ་དགོས་པ་དང༌། ཕྱི་མ་གཉིས་ནི་ཕྲད་ཀྱིས་མཚམས་སྦྱོར་དགོས་པའི་དབང་གིས་ཡིན། དེས་ན་རྗེས་འཇུག་གི་སྦྱོར་བ་ཞེས་པ་ནི། མིང་དུ་འགྲུབ་པར་བྱེད་པ་དང༌། མཚམས་སྦྱོར་བར་བྱེད་པ་གཉིས་ཀྱིས་འཇོག སྐབས་འདིར་བཤད་པ་ནི་ཕྱི་མ་མཚམས་སྦྱོར་བའི་དོན་གྱིས་བཞག མཚམས་སྦྱོར་ཞེས་པ་འདི་ལ་སྦྱར་བྱ་མིང་སྔ་ཕྱི་གཉིས་དང༌། སྦྱོར་བྱེད་ཚིག་ཕྲད། ཇི་ལྟར་སྦྱོར་ཚུལ་ནི་རྟགས་མཚུངས་དང་བརྗོད་བདེ་གཉིས་ཀྱིས་སྔ་མའི་མིང་མཐའི་རྗེས་འཇུག་ལ་སྦྱོར་བར་བྱེད་པ་དང༌། ཅི་ཕྱིར་སྦྱོར་ཞེ་ན། དོན་གསལ་བ་དང༌། བརྗོད་བདེ་བའི་ཚིག་དང་བརྗོད་པར་འགྲུབ་པའི་ཆེད་དུ་ཡིན་པ་བཅས་ཀྱང་མཁྱེན་དགོས་པ་གལ་ཆེ། གནས་ཚུལ་དེ་དག་རྟོགས་པར་གྱུར་ན་ཀུན་མཁྱེན་སི་ཏུའི་དགོངས་པ་མི་ལོན་པའི་དཀའ་ངལ་གང་ཡང་མེད། གུས་པས་འདིར་གསལ་བཤད་ཐུང་ངུ་ཞིག་ཞུས་པ་ནི། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་ལ་གསལ་བཤད་ཞུས་པ་མིན་པར། དེ་ཉིད་ཀྱི་དགོངས་པ་ཇི་བཞིན་མ་ལོན་པ་ཕྱོགས་གཉིས་སུ་གྱེས་པ་དེ་དག་ལ་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ལགས།
    དྲུག་པ། འབྱེད་སྡུད་བཤད་པ་ནི། རྩ་བ་ལས།

    རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །

    ཞེས་གསུངས་པའི་དོན་ནི། རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་དག་ནི་མིང་གང་ཡང་རུང་བའི་མཐའ་ན་གནས་པ་དེ་དག་ལ། རྗེས་སུ་འཇུག་པའི་ཡི་གེ་དྲུག་པ་སྦྱར་བའི་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་བཅས་བཅུ་དང༌། དོན་ཐོབ་ཀྱི་དབང་གིས་ཏམ་བཅས་བཅུ་གཅིག་ཏུ་གྲུབ་པ་དེ་དག་ནི། གཞི་གཅིག་ནས་དོན་མང་པོ་སོ་སོར་འབྱེད་པ་དང༌། དོན་མང་པོ་ཞིག་གཞི་གཅིག་ཏུ་སྡུད་པར་བྱེད་པའི་དོན་སྟོན་པར་འཇུག་སྟེ། དཔེར་ན། དངོས་པོ་ནི་གསུམ་སྟེ། གཟུགས་སམ། ཤེས་པའམ། ལྡན་མིན་འདུ་བྱེད་རྣམས་སོ། །ཕུང་པོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་རྣམས་སོ། །ཤེས་བྱ་ལ་གཉིས་ཏེ། རྟག་པའམ། དངོས་པོའོ། །ཞེས་པ་ལྟ་བུ་རྣམས་ནི། དབྱེ་གཞི་ཞིག་ལས་དབྱེ་བ་རྣམས་སོ་སོར་ཕྱེ་བའི་རྣམ་པར་འཇུག་པ་འདི་དག་ནི་འབྱེད་པའི་དོན་དུ་འཇུག་པ་ཡིན་ཞིང༌། དེ་བཞིན་སྡུད་པའི་དོན་དུའང་འཇུག་སྟེ། དཔེར་ན། གཟུགས་སམ། ཤེས་པའམ། ལྡན་མིན་འདུ་བྱེད་རྣམས་ནི་དངོས་པོའོ། །གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་རྣམས་ནི་ཕུང་པོའོ། །རྟག་པའམ། དངོས་པོ་ནི་ཤེས་བྱའོ། །ཞེས་པ་ལྟ་བུ་རྣམས་ནི་དབྱེ་བ་རྣམས་དབྱེ་གཞིར་སྡུད་པའི་རྣམ་པར་གསལ་བ་འདི་དག་ནི་སྐབས་འདིའི་སྡུད་པའི་དོན་ཡིན་ནོ། །
    སྐབས་འདིར་ཀུན་མཁྱེན་སི་ཏུ་མཆོག་གིས། 17འཇིག་རྟེན་མཐའ་དང་ལྡན་ནམ་མི་ལྡན། རྟག་གམ་མི་རྟག ལྟ་བུའི་དྲི་བ་དང་ཐེ་ཚོམ་གྱི་ཚིག་ཅན་རྣམས་ཀྱང་དོན་གྱི་ཁྱད་པར་བརྟག་ཅིང་འབྱེད་པའི་དོན་ཅན་ཡིན་པས། དེ་འདྲའི་འམ་ལ་སོགས་པའི་སྒྲའང་འབྱེད་པའི་སྒྲ་ཉིད་དུ་ངེས་སོ། ། ཞེས་གསུངས་པ་དང༌། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 18དབྱེ་གཞི་གཅིག་ལས་རྣམ་གྲངས་དུ་མར་འབྱེད་པ། བརྟག་པ་དང་དྲི་བའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ། གདམ་ངའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ་སྟེ་གསུམ་མོ། །ཞེས་གསུངས་པའི་དང་པོ་དང་གཉིས་པ་གོང་འཁོད་བཞིན་ཡིན་པས་རྟོགས་སླ་ཞིང༌། གསུམ་པ་ནི། གསེར་ལེན་ནམ་དངུལ་ལེན། ཟས་དགོས་སམ་གོས་དགོས། ཞེས་དཔེར་བརྗོད་བཞག་འདུག་པས། དོན་དངོས་སྟེང་ནས་དྲི་བ་དང་འབྲེལ་མོད། ཅུང་མི་འདྲ་བ་ནི་གདམ་ངའི་ཚུལ་གྱིས་འབྱེད་པ་དེ་ཡིན་ཞིང༌། དེ་ལ་བརྟེན་ནས་བློ་གྲོས་འཕེལ་བར་ངེས་པས་འདི་དག་གི་དོན་ཞིབ་ཏུ་སེམས་པ་གལ་ཆེ། སྡུད་པ་བཤད་པའི་སྐབས་སུ་གཞུང་དེ་ལས། སྡུད་པ་ལའང་གསུམ་ཡོད་དེ། ཕྱོགས་གཅིག་ཏུ་སྡུད་པ། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱར་བ་སྡུད་པ། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱར་བ་སྡུད་པའོ། །ཞེས་གསུངས། དེ་དག་ལས་དང་པོ་གཞུང་དུ་འཁོད་པ་དེ་ཡིན་པས་རྟོགས་སླ་མོད། གཉིས་པ་ནི། མུ་ཏིག་ནི་རིན་ཐང་ཆེ་སྟེ། མུ་མེན་ནམ། བྱུ་རུ་ཡང་ངོ༌། །ཞེས་བཞག་འདུག་པ་དང༌། གསུམ་པ་ལ། མུ་ཏིག་གམ། མུ་མེན་ནམ། བྱུ་རུ་ཡང་རིན་ཐང་ཆེའོ། །ཞེས་བཀོད་འདུག་པས་དབྱེ་བ་དེ་ལྟར་ཕྱེ་ནས་སྦྱང་ན། གཞུང་དོན་རྟོགས་པ་དང་བློ་གྲོས་འཕེལ་བ་གཉིས་ཀར་ཕན་པར་སྣང༌། ཚིག་ཕྲད་སྦྱོར་ཚུལ་ནི་སླར་བསྡུ་དང་མཚུངས་པས་གསར་དུ་བཤད་པར་དགོས་པ་མ་མཆིས་པས་བཞག་གོ །
    བདུན་པ། འབྱུང་ཁུངས་བཤད་པ་ལ། འབྱུང་ཁུངས་དངོས་བཤད་པ་དང༌། དགར་བ་དང་སྡུད་པ་བཤད་པ་བཅས་ལས། དང་པོ། འབྱུང་ཁུངས་དངོས་བཤད་པ་ནི། རྩ་བ་ལས།

    རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་བཅུ་པ་པ(ལ་བཅུ་པ)། །
    སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །

    ཞེས་གསུངས་པའི་དོན་ནི། རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་ལས་བཞི་པ་ན་ཡིག་དང༌། དགུ་པ་ལ་ཡིག་གཉིས་ལ། རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བས། ནས་ལས་ཞེས་གྲུབ་པ་དེ་ནི་འབྱུང་ཁུངས་སྟོན་པའི་དོན་དུ་འགྱུར་ཞེས་བསྟན། སྐབས་འདིའི་འབྱུང་ཁུངས་ནི་རྣམ་དབྱེ་ལྔ་པ་ཡིན་ལ། དེ་ནི་ནས་ལས་གང་རུང་སྦྱར་བས་སྦྱར་སའི་མིང་དེ་ཉིད་འབྱུང་སའི་ཁུངས་ཀྱི་རྣམ་པར་སྐྱེད་པ་དེ་ལ་རྣམ་དབྱེ་ལྔ་པ་ཞེས་བརྗོད། སྐབས་འདིར་བཤད་པའི་འབྱུང་ཁུངས་ལ་དངོས་དང་ཆ་འདྲ་ཞེས་མཁས་པ་གོང་མ་ཚོས་རིགས་གཉིས་སུ་དབྱེ་ནས་གསུང་བཞིན་འདུག་པ་དེ་ཉིད་ལེགས་པར་སྣང་བས། གུས་པས་ཀྱང་འབྱུང་ཁུངས་ལ་དངོས་དང་ཆ་འདྲ་གཉིས་སུ་འདོད། དང་པོ་དངོས་ནི། དཔེར་ན། རྒྱ་མཚོ་ལས་ནོར་བུ་བླངས། བླ་མ་ལས་རིག་པ་ལེན། བ་ལས་འོ་མ་འཇོ། ལ་སོགས་པ་ནི་འབྱུང་སའི་ཁུངས་དང༌། དེ་ལས་འབྱུང་ཆོས་སོ་སོར་སྣང་དུ་ཡོད་པ་མ་ཟད། འབྱུང་ཆོས་དེ་དག་གི་ཁུངས་ཀྱང་དེ་ཉིད་ཡིན་པ་དང༌། དེ་ལྟར་ཡིན་པར་སྟོན་པར་བྱེད་པའི་ཕྲད་ནས་ལས་གང་ཡིན་པ་དེས་སྟོན་པར་བྱེད་པས་འབྱུང་ཁུངས་དངོས་སུ་འདོད།
    གཉིས་པ་འབྱུང་ཁུངས་ཆ་འདྲ་ལ་འབྱུང་སའི་ཁུངས་དངོས་མིན་པ་དང༌། འབྱུང་གཞི་འབྱུང་ཆོས་ཀྱི་རྣམ་པར་འཕོས་པ། འབྱུང་ཆོས་ཀྱི་གནས་སྐབས་སུ་འབྱུང་གཞིའི་རྣམ་འགྱུར་གཞན་དུ་འཕོས་པ། འབྱུང་ཆོས་གྲུབ་པའི་གནས་སྐབས་སུ་འབྱུང་གཞིའི་རྣམ་པ་འགག་པ་བཅས་བཞི་ནི་ཆ་འདྲར་འདོད། དེ་ལས་དང་པོ་ནི། དཔེར་ན། རྟ་ལས་ལྷུང༌། སྐས་ལས་བབས། གནམ་ནས་ཆར་འབབ། ཤར་ཕྱོགས་ནས་འོད་སྣང༌། སོགས་ནི་འབྱུང་ཆོས་དེ་དག་གི་འབྱུང་སའི་ཁུངས་དེ་དག་མིན་པར། དེ་རྣམས་དེ་དག་དང་བྲལ་བ་ཙམ་སྟོན་པས། སྐབས་འདིར་འབྱུང་ཁུངས་ཆ་འདྲར་བཞེད། གཉིས་པ་ནི༑ དཔེར་ན། གསེར་ལས་རྣ་རྒྱན་བཟོས། དངུལ་ལས་བུམ་པ་གྲུབ། སོགས་ནི་འབྱུང་གཞི་དེ་དག་འབྱུང་ཆོས་སུ་འཕོས་པས་འབྱུང་ཁོངས་དངོས་མིན། གསུམ་པ་ནི། དཔེར་ན། འོ་མ་ལས་མར་བླངས། ཞེས་པ་ལྟ་བུ་སྟེ། མར་བླངས་པའི་རྗེས་སུ་འོ་མའི་རྣམ་པ་གཞན་དུ་འཕོས་ནས་ད་རར་འགྱུར། བཞི་པ་ནི། དཔེར་ན། ས་བོན་ལས་མྱུ་གུ་སྐྱེས། ཞེས་པ་ལྟ་བུ་སྟེ། མྱུ་གུའི་གནས་སྐབས་སུ་འབྱུང་གཞིའི་ས་བོན་འགག་ནས་མེད་པས་འདི་ཡང་འབྱུང་ཁུངས་དངོས་སུ་མི་འཇོག ཚུལ་འདིར་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། 19འབྱུང་ཁུངས་དངོས་དང་ཕྱོགས་འདྲའི་ཁྱད་པར་ནི། བཟའ་ཤིང་ལས་ཤིང་ཏོག་བླངས་ལྟ་བུ་ནི་འབྱུང་ཁུངས་བཟའ་ཤིང་དང་ཤིང་ཏོག་དེ་ལས་ལོགས་སུ་ལེན་རྒྱུ་ཡོད་པ་དེ་འདྲ་ནི་འབྱུང་ཁུངས་དངོས་ཡིན་ལ། འོ་མ་ལས་ཞོ་ལྟ་བུ་ནི་འོ་མ་དེ་ཞོའི་ངོ་བོར་གྱུར་ཟིན་པ་ན་ཟུར་དུ་འོ་མ་འདིའོ་ཞེས་སྟོན་རྒྱུ་མེད་པ་དེ་འདྲ་ནི་འབྱུང་ཁུངས་ཕྱོགས་འདྲ་ཞེས་སྨོས་པ་ཡིན་ནོ། །ཞེས་གསུངས་པ་དང༌། ཀུན་མཁྱེན་སི་ཏུས་ཀྱང་20འབྱུང་ཁུངས་དངོས་མ་ཡིན་ཡང་སྐབས་དེར་དེ་ལས་བྱུང་བ་འབྱུང་ཁུངས་དང་འདྲ་བ། རྟ་ལས་ལྷུང༌། རི་ལས་ལྷུང༌། སྐས་ནས་བབས། ཤར་ཕྱོགས་ནས་འོད་སྣང་ལྟ་བུ་རྣམས་སུ་ཤེས་པར་བྱའོ། །ཞེས་གསུངས། གནས་ཚུལ་འདི་དག་གིས་འབྱུང་ཁུངས་དངོས་དང་ཆ་འདྲའི་ཁྱད་པར་ཤེས་པ་གལ་ཆེ། དེ་བཞིན་ནས་ལས་ཀྱི་ཕྲད་གཉིས་ནི་རྒྱུ་མཚན་སྟོན་པའི་དོན་དུའང་འཇུག་སྟེ། དཔེར་ན། མི་རྟག་པ་ལས་དངོས་པོར་ཤེས། སྐད་གདངས་ལ་བལྟས་ནས་ངོ་ཤེས། ལྟ་བུ་དང༌། ནས་སྒྲ་མཚམས་སྦྱོར་ལྷག་བཅས་སྟོན་པའི་དོན་དུའང་འཇུག་སྟེ། དཔེར་ན། ཤིང་བཅད་ནས་མེར་འབུད། མདའ་འཕངས་ནས་འབེན་ལ་ཕོག ཞེས་པ་ལ་སོགས་པའོ། །
    གཉིས་པ། དགར་སྡུད་བཤད་པ་ནི། རྩ་བ་ལས།

    དགར་དང་སྡུད་པའང་དེ་བཞིན་ཡིན། །

    ཞེས་པའི་དོན་ནི། གོང་ནས་བཤད་པའི་ནས་དང་ལས་ནི་འབྱུང་ཁུངས་ཀྱི་དོན་ཙམ་དུ་མ་ཟད། ཆོས་སོ་སོར་དགར་བ་དང༌། ཡུལ་དུས་སོགས་སྡུད་པའི་དོན་དུའང་འཇུག དེ་ལས་དགར་བ་ལ་རིགས་སོགས་བཞི་འདོད་པ་དང༌། རྫས་མི་འདོད་པས་རིགས་སོགས་གསུམ་འདོད་མཁན་གཉིས་སུ་ཡོད་པ་ལས། རང་ཉིད་ལ་མཚོན་ན་རིགས་སོགས་བཞིར་བཞག་ན་བདེ་བར་སྣང༌། དེས་ན་རིགས་ལ་འཇུག་པའི་དགར་བ་ནི། དཔེར་ན། ལྷ་ལས་ལྷ་མ་ཡིན་གཞན་ནོ། ཞེས་པ་ནི་དགར་གཞི་དང་དགར་བྱ་གཉིས་ཀ་རིགས་ལ་སྦྱར་བ་དང༌། ལྷ་རྣམས་ལས་བརྒྱ་བྱིན་མཆོག ཞེས་པ་ལྟ་བུ་ནི་དགར་གཞི་རིགས་ཡིན་ཞིང་དགར་བྱ་ནི་གང་ཟག་ཅིག་མཆོག་ཏུ་དགར་བ་དང༌། དེ་བཞིན་བྱ་བ་དགར་བ་ནི། དཔེར་ན། ལྷ་མཆོད་པ་ལས་གསུང་རབ་ཀློག་པ་མཆོག དགར་གཞི་དང་དགར་བྱ་གཉིས་ཀ་བྱ་བར་སྦྱར་བ་དང༌། ཡོན་ཏན་དགར་བ་ནི། དཔེར་ན། ལྷ་མ་ཡིན་ལས་ལྷ་སྐྱིད། དགར་གཞི་དང་དགར་བྱ་རིགས་གཉིས་ཀ་རིགས་ལ་སྦྱར་ཞིང༌། ཡོན་ཏན་གྱིས་དགར་བ་དང༌། ལྷ་རྣམས་ལས་བརྒྱ་བྱིན་མཁས། དགར་གཞི་རིགས་དང་དགར་བྱ་ཡོན་ཏན་གྱིས་དགར་བ་དང༌། མགྲིན་སྔོན་ཅན་ལས་ཚངས་པ་མཁས། ལྟ་བུ་ནི་ཡོན་ཏན་གྱིས་དགར་བ་ཡིན། དེ་བཞིན་རྫས་ལའང་སྦྱར་དུ་རུང་སྟེ། དཔེར་ན། ལྷ་རྣམས་ལས་རལ་གྲི་ཅན་ནི་འཇམ་པའི་དབྱངས་སོ། །ཞེས་པ་ལྟ་བུ་ནི་དགར་གཞི་རིགས་དང་དགར་བྱ་འཇམ་པའི་དབྱངས། འགེར་བྱེད་རྫས་རལ་གྲི་ཡིན་པ་དང༌། དེ་བཞིན་བྱམས་འཇམ་དབྱངས་གཉིས་ལས་རལ་གྲི་ཅན་ནི་འཇམ་པའི་དབྱངས་སོ། །ལྟ་བུ་ནི་རྫས་རྐྱང་གིས་དགར་བ་ལས་མ་དམིགས། གནས་ཚུལ་འདིའི་ཐོག་ནས་རྫས་རྐྱང་གིས་དགར་བ་མངོན་སུམ་དུ་གྲུབ་པར་བརྟེན། རྫས་དགར་བར་སྣང་བས་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་རིགས།
    སྡུད་པ་ནི། ནས་སྒྲ་སྡུད་པ་ལ་འཇུག་པ་ནི། དཔེར་ན། ལྷ་ས་ནས་གཞིས་རྩེ་བར། དྷ་ས་ནས་རྡོར་གདན་བར། ཞེས་པ་ལྟ་བུ་ནི་ཡུལ་སྡུད་པ་དང༌། གཅིག་ནས་བརྒྱ་བར། ལྟ་བུ་ནི་གྲངས་སྡུད་པ་དང༌། དེ་རིང་ནས་སང་གི་བར། རྫོགས་ལྡན་ནས་རྩོད་ལྡན་གྱི་བར། སོགས་ནི་དུས་སྡུད་པ་དང༌། གཟུགས་ནས་རྣམ་མཁྱེན་བར། གཟུགས་ནས་འདུ་ཤེས་བར། ལྟ་བུ་ནི་ཆོས་སྡུད་པ་ཡིན་པས་དེ་དག་ལ་དཔོག་ནས་ཤེས་པར་བྱ་དགོས། ལས་སྒྲ་སྡུད་པར་འདོད་མཁན་དང་མི་འདོད་མཁན་ཅི་རིགས་ཤིག་སྣང་མོད། ཞིབ་ཏུ་དཔྱད་ན། ལས་སྒྲ་སྡུད་པར་བཞེད་མཁན་རྣམས་ཀྱིས་ལསྩོགས་པ་ཙམ་ལས་གཞན་མི་སྣང་བ་དང༌། དེང་གི་དུས་སུ་ལས་སྒྲ་སྡུད་པར་མི་འཇུག་པ་མངོན་སུམ་དུ་གྲུབ་པས། ལས་སྒྲ་སྡུད་པར་མ་བཤད་ན་བདེ་བར་སྣང་བས་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་འཚལ་ལོ། །
བརྒྱད་པ། འབོད་པ་ནི། རྩ་བ་ལས།

    གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་ན་ནི་བོད་པར་འགྱུར། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བ་ཞིག་བརྗོད་པ་དེའི་དང་པོའམ་ཐོག་མ་ལ་ཀྱེ་སྦྱར་ན་ནི་འབོད་པའི་དོན་དུ་འགྱུར་ཞེས་གསུངས། དེས་ན་སྐབས་འདིར་བཤད་པ་ནི་རྣམ་དབྱེ་བརྒྱད་ཡིན་ཞིང་དེ་ཉིད་འབོད་པའི་དོན་ཅན་དུ་སྦྱར་བ་ཡིན་ཏེ། དཔེར་ན། ཀྱེ་ལྷ། ཀྱེ་རྒྱལ་སྲས་ལགས། ཞེས་པ་ལྟ་བུ་དང༌། དེའི་ཐོག་ཀ་ཡེ་དང༌། ཝ་ཡེ་གཉིས་ཀྱང་འབོད་སྒྲར་འགྱུར་ཏེ༑ དཔེར་ན། ཀ་ཡེ་གྲོགས་པོ་ལགས། ཝ་ཡེ་ཁྱེད་རང་གང་དུ་ཕྱིན། ཞེས་པ་སོགས་ཀྱིས་རྟོགས་པར་ནུས། སྤྱིར་ཀྱེ་ནི་ཀ་ཡེ་ལས་གྲུབ་པར་གསུངས་པ་ནི་ཐུགས་མད་པར་སྣང་སྟེ། ས་ཐག་རིང་པོར་འབོད་དགོས་པའི་སྐབས་སུ། ཀ་ཡེ་ཞེས་སྐད་ཤུགས་ཆེན་པོས་འབོད་པའི་སྲོལ་ད་དུང་མཆིས་པ་དང༌། དེ་བཞིན་ཝ་ཡེ་ཞེས་པ་བསྡུས་ནས་ཝེ་ཞེས་དེང་སྐབས་ཡོངས་སུ་སྤྱོད་བཞིན་པའི་འབོད་སྒྲ་ཞིག་ཡིན་མོད། ཡིག་ཐོག་ཏུ་འབྲི་བའི་སྲོལ་མེད་པར་སྣང༌། དེ་དག་གིས་མཚོན་ནས་ཤེས་པར་བྱ་རྒྱུ་གལ་ཆེ། ཕལ་སྐད་ནང་དུ་འབོད་སྒྲ་ཤིན་ཏུ་མང་པོ་ཡོད་པས། དེ་དག་ལ་ཞིབ་ཏུ་དཔྱད་ན་དགོས་ཕན་ཆེ། དེང་སྐབས་ངག་ཐོག་ན་ཀྱེ་ལྟ་བུའི་འབོད་སྒྲ་སྦྱོར་མཁན་མིང་གི་ལྷག་མར་ཟད་ཀྱང༌། ཡིག་ཐོག་གི་འབོད་སྒྲ་གཙོ་བོ་ནི་ཀྱེ་ཡིན། འབོད་སྒྲ་ཡིན་ན་མིང་གི་ཐོག་མར་སྦྱོར་དགོས་པའི་ངེས་པ་མ་མཆིས་ཏེ། དཔེར་ན། བདག་ལ་སྲུངས་ཤིག་ལྷ་མཆོག་ཀྱེ། ལྟ་བུའང་སྣང་བས་དེ་དག་སྦྱོར་ཚུལ་ལ་མིང་གི་ཐོག་མར་སྦྱོར་བ་ཤུགས་ཆེ་བས་དེ་ལྟར་གསུངས་པ་ལས། མིང་གི་ཐོག་མ་ཁོ་ནར་སྦྱོར་དགོས་པའི་ངེས་པ་ནི་མེད་དོ། །

ཟུར་མཆན།

  1. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་བསྒྲིགས་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ ལོའི་པར་ངོས་༢༡༦ ནས་༢༡༧ པར་གསལ།
  2. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་སྐྲུན་བྱས་པའི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་༣༥ བར་གསལ།
  3. རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་༡༩༩༢ ལོའི་པར་མའི་ཤོག་ངོས་༡༢ བར་གསལ།
  4. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་བསྒྲིགས་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ ལོའི་པར་ངོས་༢༡༥ ནས་༢༡༦ པར་གསལ།
  5. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༣༨༧ ངོས་སུ་གསལ།
  6. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༥༨ ངོས་སུ་གསལ།
  7. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༦༡ དང་༦༢ ངོས་སུ་གསལ།
  8. པྲ་ཏིའི་སུམ་རྟགས་འགྲེལ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༣༧ ན་གསལ།
  9. སུམ་རྟགས་ཀྱི་ཁྲིད་རྒྱུན་དཀོན་པོ་འགའ་ཕྱོགས་བསྒྲིགས་མུ་ཏིག་འཁྲི་ཤིང་ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་༡༩༩༧ ལོའི་པར་ངོས་༡༡༦ པར་གསལ།
  10. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་དཔར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་ངོས་༣༩ ངོས་སུ་གསལ།
  11. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༤༣ དང་༡༤༤ ན་གསལ།
  12. དགུ་བཅུ་གསུམ་གྱིས་༢༠༠༤ལོར་བཏོན་པའི་ཆབ་བཙོན་ལོ་རྒྱུས་དེབ་ཕྲེང་༩ པ་མཁས་དབང་འདི་ཉིད་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་གྲངས་༣༣ ན་གསལ།
  13. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༧༦ དང་༧༧ ངོས་སུ་གསལ།
  14. བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད་པོད་དང་པོ། ས་རཱ་བོད་ཀྱི་མཐོ་སློབ་ཀྱིས་༢༠༠༨ ལོར་དཔར་བའི་ཤོག་ངོས་༣༤༨ ནས་༣༥༣ བར་གསལ།
  15. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༡༥ དང་༡༡༦ ན་གསལ།
  16. ཀན་སུ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༥ ལོར་པར་དུ་བསྐྲུན་པའི་དཀའ་ཟིན་གངས་རིའི་ཆུ་རྒྱུན་གྱི་ཤོག་གྲངས་༩༩ ན་གསལ།
  17. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༨༣ ངོས་སུ་གསལ།
  18. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་སྐྲུན་བྱས་པའི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་ངོས་༤༤ དང་༤༥ ན་གསལ།
  19. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༥༣ ན་གསལ།
  20. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༨༥ ངོས་སུ་གསལ།

མདུན་ཤོག

Menu