༡༽    ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སྔོན་ཡོད་སློབ་གྲྭ་ ༨༦ ཐོག་འདི་ལོ་གྷོ་པར་པུར་བོད་ཁྱིམ་བསྣན་པས་སློབ་གྲྭ་ ༨༧ ༼བོད་སློབ་འཛིན་ཚོགས་སློབ་ཁག ༣༠ ཤེས་རིག་ཐད་འཛིན་སློབ་ཁག ༣༢ ཟུར་སྐྱོང་སློབ་ཁག ༢༥༽ ཡོད་པའི་ནང་སློབ་ཕྲུག་ཕོ་མོ་ ༢༦༣༦༩ དང༌། དགེ་རྒན་ལས་བྱེད་ ༢༣༥༣ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༢༢༣ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༡༢༧ ཨང་སྡེ་གཉིས་པ་ ༡༥༢ ཨང་སྡེ་གསུམ་པ་ ༨ བསྐྱར་རྒྱུགས་གཏོང་དགོས་ ༢༥ རྒྱུགས་མ་འཕྲོད་པ་ ༡༡ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༡༣༡ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༡༤༠ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་ ༡༥ ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌། ༡༩༩༨ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས།
        ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་ལོ་བཞིའི་སློབ་སྦྱོང་ཆེད་བོད་ཕྲུག་གཉིས་སྔ་ལོ་འདེམས་སྒྲུག་ཟིན་པ་ཡང་འདི་ལོ་བཏང་ཞིང༌། ལོ་རྗེས་མའི་སློབ་ཕྲུག་གཉིས་སྔར་བཞིན་འདེམས་སྒྲུག་བྱས།
༤༽    དབྱིན་ཡུལ་བོད་དོན་ཚོགས་པས་ཝེ་སེ་ཊོན་སུབ་པར་མ་རེ་ཞེས་པའི་མཐོ་སློབ་ཏུ་བོད་ཕྲུག་གཉིས་ལ་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གནང་བ་ལྟར་སློབ་ཕྲུག་གཉིས་བཏང་ཞིང་ཨ་རིའི་ཝ་ས་ཆ་སློབ་སྡེའི་ནང་དུའང་སློབ་ཕྲུག་གཉིས་བཏང༌།
༥༽    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་སྐབས་ཡུལ་དེའི་སུན་ཀྲུང་ཧྲན་གཙུག་ལག་སློབ་ཁང་གིས་བོད་མི་བཞི་ལ་སློབ་ཡོན་གནང་རྒྱུའི་ཞལ་བཞེས་གནང་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་མཇུག་སྐྱོང་འབྲེལ་ལམ་ཞུས་ཏེ་མཐར་མི་འགྲོ་ ༤ འདེམས་སྒྲུག་བྱས།
༦༽    དབྱིན་ཡུལ་དགེ་རྩ་ཚོགས་པས་བོད་ཕྲུག ༡ ལ་ཡུལ་དེར་རྡོ་རྐོས་སློབ་སྦྱོང་གི་སློབ་ཡོན་གནང་བ་ལྟར་མི་འགྲོ་འདེམས་སྒྲུག་བྱས།
༧༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༩༡༢ གསར་འཚོལ་ཐུབ་པ་བྱུང༌། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག ༩༩༨ སློབ་འཇུག་བྱས། ལོ་འདིར་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་སློབ་ཡོན་དང་འཚོ་སྣོན་རོགས་རམ་ཐོབ་པའི་ཕྲུ་གུའི་སྤྱི་ཡོངས་གྲངས་འབོར་ ༦༧༩༠ ཡིན།
༨༽    ནང་སྲིད་དང་ཤེས་རིག འཕྲོད་བསྟེན་བཅས་གསུམ་གྱི་བཀའ་བློན་དབུ་བཞུགས་ཐོག་ཉམ་ཐག་ཚོགས་ཆུང་གིས་འདེམས་སྒྲུག་གནང་བའི་ཉམ་ཐག་བུ་ཕྲུག་རྣམས་ཤེས་རིག་དང་བོད་ཁྱིམ་ཁག་གཉིས་ལ་ཆ་བགོས་གནང་བ་ལྟར་ཤེས་རིག་གིས་གཟིགས་སྐྱོང་གནང་དགོས་བུ་ཕྲུག༌༤༤༢ ཡོད་པའི་ཁོངས་ནས་ ༤༠ ཐམ་པ་སློབ་ལོ་སོན་བསྟུན་སློབ་ཡོན་རྩ་ཆག་ཐོག་སློབ་འཇུག་བྱས། འཕྲོས་རྣམས་ལ་ལོ་འདིའི་ཟླ་བ་ ༥ ནས་བཟུང་ཟླ་རེར་འཚོ་སྣོན་སྒོར་ ༣༠༠ རེ་གནང་འགོ་བཙུགས།
༩༽    ༡༩༩༧ ཟླ་བ་ ༡ ཚེས་ ༢༥།༢༦ ཉིན་གཉིས་རིང་བཀའ་ཤག་ལྷན་ཚོགས་ཁང་དུ་བོད་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་བཟོ་བཀོད་ཚོགས་ཆུང་གི་ལྷན་ཚོགས་དང་པོ་དེ་འཚོགས། ཚོགས་འདུའི་ཐོག་སྲིད་བྱུས་ཀྱི་འཆར་ཟིན་དེ་དབྱིན་ཡིག་ཐོག་བཟོ་རྒྱུ་དང༌། ད་ཡོད་ཚོགས་ཆུང་གི་སློབ་སྟོན་པའི་ཐོག་ཡང་བསྐྱར་རྒྱ་གར་བའམ་ཕྱི་རྒྱལ་མི་རིགས་མཁས་མྱོང་ཅན་ཞིག་སློབ་སྟོན་པར་བསྐོ་བཞག་བྱ་རྒྱུ། ཐོག་མར་བཙན་བྱོལ་དུ་ལག་བསྟར་བྱ་རྒྱུའི་ཤེས་ཡོན་སྲིད་བྱུས་བཟོ་རྒྱུ་དང༌། དེ་རྗེས་བོད་ལ་རང་དབང་བྱུང་རྗེས་ལག་བསྟར་བྱ་རྒྱུའི་སྲིད་བྱུས་བཟོ་རྒྱུ། དེ་ལྟར་བཟོ་བར་བོད་མིའི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་གནས་སྟངས་ཤེས་རྟོགས་སླད་བསམ་ཤོག་བསྡུས་ཏེ་ཉམས་ཞིབ་བྱ་རྒྱུ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་ཅིག་ཐག་གཅོད་བྱུང༌།
༡༠༽    ༡༩༩༥ ལོར་ཤེས་རིག་གིས་ས་རཱ་རིགས་སློབ་ཏུ་གོ་སྒྲིག་གནང་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཐེངས་གསུམ་པའི་ཁོངས་སུ་ཤེས་རིག་གི་སློབ་གྲོན་ཁོངས་གཏོགས་གྲངས་ ༢༠ དང༌། རིགས་སློབ་ཀྱི་སློབ་གྲོན་ཁོངས་གཏོགས་གྲངས་ ༢༠ རང་འཚོ་ ༥ བཅས་ཁྱོན་མི་གྲངས་ ༤༥ ཡོད་པ་རྣམས་ ༡༩༩༧ ཟླ་བ་ ༣ ནང་སློབ་ཐོན་བྱུང་བསྟུན་ཤེས་རིག་དང་རིགས་སློབ་ཟུང་འབྲེལ་ཐོག་ནས་ཨང་རིམ་གཞིར་བཟུང་སློབ་གྲྭ་ཁག་དང་དགོན་སྡེ་ཁག་སོགས་ལ་བསྐོ་བཞག་བྱས།
༡༡༽    སྒང་ཏོག་ཏུ་ས་ཆ་ཉོས་ཏེ་གཏན་སློབ་གསར་རྒྱག་གནང་གཏན་སྔོན་འཁེལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འདི་ཁུལ་ཆིབས་སྒྱུར་བསྐྱངས་སྐབས་གདན་ཞུས་གསོལ་འདེབས་ཞུས་པ་ལྟར་སློབ་གྲྭའི་རྨང་རྡོ་འཛུགས་འཇོག་བཀའ་དྲིན་ཆེ་བ་བྱུང་ཞིང༌། འཆར་གསལ་འཛིན་ཁང་ ༢༠ དང༌། སློབ་ཕྲུག ༣༠༠ ལྷག་ཤོང་བའི་ཉལ་ཁང༌། འཛིན་སྐྱོང་སྡེ་ཚན། སྨན་ཁང་བཅས་གསར་རྒྱག་གི་ཨར་ལས་འགོ་འཛུགས་བྱས། འགྲོ་གྲོན་ཧིན་སྒོར་ ༢༠༧༧༢༧༥༦ འགྲོ་ངེས་པའི་ཁོངས་འདི་ལོ་ཧིན་སྒོར་འབུམ་ ༥༧ ཤེས་རིག་གིས་བཏང༌།
༡༢༽    མ་ན་ལི་སློབ་གྲྭའི་དགེ་རྒན་ལས་བྱེད་ཀྱི་ཆེད་ལས་ཤག་ཐབ་ཚང་དང་ཁྲུས་ཁང་གསང་སྤྱོད་ཆ་ཚང་ཡོད་པའི་ཁང་མིག ༡༣ གསར་རྒྱག་བྱེད་འགོ་བཙུགས་པར་མ་ཟད། སློབ་གྲྭར་ས་རུད་ཉེན་སྐྱོབ་ཀྱི་ར་བ་ཡང་བསྐོར་ཟིན། འགྲོ་གྲོན་ཧིན་སྒོར་ ༣༠༤༩༤༣༨ འགྲོ་ངེས་པ་ནས་འབུམ་ ༢༢ བཏང་ཟིན།
སྤོན་ཊ་གཏན་སློབ་ཏུ་འཛིན་ཁང་གསར་སྐྲུན་བྱེད་བཞིན་པ།

༡༣༽    སྤོན་ཊ་གཏན་སློབ་ཏུ་འཛིན་ཁང་ ༥ དང༌། ལས་ཁུངས་ཁང་མིག ༤ བཅས་ཀྱི་ཨར་ལས་ལེགས་གྲུབ་ཟིན་པར་འགྲོ་སོང་ཧིན་སྒོར་ ༡༡༦༢༧༥༦ བཏང༌།
༡༤༽    ཅོན་ཏ་ར་གཏན་སློབ་ནང་རྒྱ་གར་ཤར་ཕྱོགས་ཀྲུའུ་ཀྲིང་ཁུལ་གྱི་བོད་ཕྲུག ༣༠༠ སྐོར་ལ་ཤེས་ཡོན་ཚད་ལྡན་སྤྲོད་ཆེད་གནས་སྤོ་བྱ་གཏན་འཁེལ་བའི་ལས་རིམ་དང་པོར། སློབ་ཕྲུག༌༡༠༠ ཤོང་བའི་ཉལ་ཁང་བཞི་དང་ཐབ་ཚང་གསར་རྒྱག་དང༌། ས་མཚམས་ལ་ར་བ་བསྐོར་རྒྱུ། འཐུང་ཆུང་འཁྲིད་འཛུགས་བཅས་ཟིན་ཏེ་དམིགས་ཡུལ་ལྟར་བེད་སྤྱོད་བྱེད་འགོ་བཙུགས། ཡང་བསྐྱར་ལས་རིམ་གཉིས་པར་སློབ་ཕྲུག ༢༠༠ ཤོང་བའི་ཉལ་ཁང་དང་ཚོགས་ཁང༌། ཐབ་ཚང༌། ལས་ཤག སྨན་ཁང་བཅས་གསར་སྐྲུན་བྱེད་འགོ་བཙུགས། འགྲོ་སོང་ཧིན་སྒོར་འབུམ་ཉིས་བརྒྱ་སྐོར་འགྲོ་ངེས་པ་ནས་འབུམ་བརྒྱ་ཙམ་ཐབས་འཚོལ་བྱས་ཟིན།
        བྷེལ་ཀོབ་གཏན་སློབ་ཏུ་ཧིན་སྒོར་ ༩༢༥༠༠༠ ཤེས་རིག་ནས་གནང་སྟེ་ཚོགས་ཁང་ཆེ་བ་ཞིག་གསར་སྐྲུན་བྱེད་འགོ་བཙུགས།
༡༥༽    བྷེལ་ཀོབ་བོད་ཁྱིམ་དུ་ཤེས་རིག་ནས་འགྲོ་གྲོན་ཧིན་སྒོར་ ༡༩༥༦༨༧༦ བཏང་སྟེ་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སྔོན་འགྲོའི་དགེ་རྒན་ ༤༠ ལ་ལོ་གཉིས་རིང་སྔོན་འགྲོའི་དགེ་རྒན་གྱི་འོས་སྦྱོང་གོ་སྒྲིག་བྱས།
༡༦༽    སློབ་གྲྭ་ཁག་ཏུ་ཚན་རིག་སློབ་ཁྲིད་ཀྱི་མཐུན་རྐྱེན་ཡར་རྒྱས་ཆེད་ཧིན་སྒོར་ ༥༣༠༦༤ དང༌། རྒྱལ་སྤྱིའི་ཚན་རིག་དང་ཤེས་ཡོན་རིག་གཞུང་ལྟ་རྟོག་ཚོགས་པས་གནང་བའི་ཧིན་སྒོར་ ༣༧༡༤༢༣༢ རྣམས་བགོ་འགྲེམས་བྱས།
༡༧༽    འཛིན་གྲྭ་གསུམ་པའི་ཨང་རྩིས་སློབ་དེབ་སློབ་གྲྭ་ཁག་ལ་ཚོད་བལྟའི་ངོ་བོར་འགྲེམས་སྤེལ་བྱས་པ་དེར་བསམ་འཆར་བསྡུས་ཏེ་མཐའ་མའི་ཞུ་དག་དང་བཅས་གཏན་འབེབས་པར་སྐྲུན་བྱས། དེ་བཞིན་ལེགས་བཤད་ལས་བྱུང་བའི་གཏམ་བརྒྱུད་གཅེས་བསྡུས་པར་སྐྲུན་བྱས།
༡༨༽    ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་དང་ས་མིང་མི་མིང་སོགས་སྒྲ་རང་སོར་འབྲི་ཐབས་འཁོད་པའི་སྒྲ་བསྒྱུར་ལག་དེབ་ཀྱི་མ་ཟིན་དང་གླིང་སྒྲུང་དོན་བསྡུས་དེབ་ཕྲེང་དང་པོའི་མ་ཟིན། ཐང་སྟོང་རྒྱལ་པོའི་རྣམ་ཐར་གོ་བདེར་བཅོས་པའི་མ་ཟིན་བཅས་རྩོམ་སྒྲིག་བྱས།
༡༩༽    ཆེས་མཐོའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ལྷན་ཚོགས་ཐེངས་གཉིས་པ་གོ་སྒྲིག་ཐོག་སློབ་དེབ་ཁག་གི་ཐད་བོད་དགེ་ཡོངས་ཀྱི་བསམ་འཆར་བསྡུ་ལེན་བྱས།
༢༠༽    བར་ལམ་ནས་སློབ་གྲྭ་ཁག་གི་ཕྱིའི་འཛུགས་སྐྲུན་དང་མཐུན་རྐྱེན་ཡར་རྒྱས་བཏང་བར་བསྐྱར་ཞིབ་དང་སྦྲགས་ཤེས་རིག་ཐད་འཛིན་སློབ་གྲྭ་ཁག་གི་དགོས་མཁོའི་མཐུན་རྐྱེན་ཚད་གཞི་གཏན་འབེབས་གནང་སྟེ། ཕྱི་ལོ་ ༢༠༠༠ ལོར་སླེབས་སྐབས། ཐད་འཛིན་སློབ་ཁང་ནང་འཛིན་ཁང་ ༦ དང༌། དཔེ་མཛོད་ཁང་ ༦ བརྙན་འཕྲིན་ཁང་ ༡ རི་མོ་ཁང་ ༡༠ ཚན་རིག་ཁང་ ༤ ཟློས་གར་འཁྲབ་ཆས་དང་རྩེད་ཆས་ཁང་ ༣ དགེ་ཆེའི་ཡིག་ཚང་ ༡ དགེ་རྒན་གྱི་དག་བཅོས་ཁང་ ༥ དེབ་ཟོག་ཁང་ ༦ སྨན་ཁང་ ༢ ཐབ་ཚང་ ༢ སྐམ་ཟས་དང་ཇ་ཁང་ ༤ དེ་མིན་ ༡༡ བཅས་འཛུགས་སྐྲུན་ཟིན་པ་བྱ་རྒྱུའི་དམིགས་ཚད་གཏན་འབེབས་བྱས།
 

Menu