༡༽    ལོ་འདིར་ཕྱོགས་བསྡོམས་གནང་བའི་གྲངས་ཐོ་ལྟར་ན། མ་སུ་རི་དང་རྡོར་གླིང༌། སིམ་ལ། ཌལ་ཧོར། པ་ཆ་མ་རི་གཏན་སློབ་དང་བཟོ་སློབ་བཅས་ཁག་ལྔའི་ནང་སློབ་ཕྲུག བུ་ ༡༦༦༡ དང་བུ་མོ་ ༡༢༢༩ ཀ་སྦུག་དང་བྷེལ་ཀོབ། སྦེལ་ཀོབ་ཀ་བེ་རི། མོན་གྷོ། ཨོ་རི་ས། མན་སྤར། ཅང་ལང༌། ཏེ་ཛུ། ཀམ་རའོ། སྤོན་ཊ། སྤུར་ཝ་ལ། བལ་ཡུལ་འཇོ་ལ་འཁེལ། སྤོག་ར་བཀྲ་ཤིས་དཔལ་འཁྱིལ། སྤོག་ར་བཀྲ་ཤིས་གླིང༌། ཤར་ཁུམ་བདེ་གླིང༌། རྡོར་སྤ་ཊན། ཤར་རྨད་དབང་འཕེལ། འཕགས་པ་ཤིང་ཀུན། ལ་དྭགས་སླེ། འབྲུག་དཀར་གཞིས། འབྲུག་འཇིགས་མེད་ནང༌། འབྲུག་བོད་སྒར། འབྲུག་ལྷོངས་འཚོ། འབྲུག་འབུམ་ཐང་བཅས་ཀྱི་ཉིན་སློབ་ ༢༤ ནང་བུ་ ༡༧༡༡ དང་བུ་མོ་ ༡༤༣༣ བཅས་བསྡོམས་སློབ་ཕྲུག་ངོ་ཡོད་ ༦༠༣༤ ཡོད་ཅེས་དང༌། དེ་དག་ལ་སློབ་ཁྲིད་གནང་མཁན་སྤྱི་ཁྱབ་ ༥ དང་དགེ་ཆེ་ ༡༣ འབྲིང་རིམ་དགེ་རྒན་ ༧༠ དམའ་རིམ་དགེ་རྒན་ ༩༠ བོད་དགེ་ ༧༣ ཟློས་གར་དགེ་རྒན་ ༡༧ ཤིང་བཟོའི་དགེ་རྒན་ ༤ འཚེམ་བུའི་དགེ་རྒན་ ༥ ལུས་རྩལ་དགེ་རྒན་ ༧ རི་མོའི་དགེ་རྒན་ ༨ བཟོ་རིག་དགེ་རྒན་ ༡༣ སྨྱུག་ལྷད་དགེ་རྒན་ ༡ ཁྱོན་བསྡོམས་དགེ་རྒན་ ༣༠༦ ཡོད་ཅེས་དང༌། དེ་མིན་ལས་བྱེད་རྩིས་པ་ ༥ དང་གཉེར་པ་ ༤ དྲུང་ཡིག ༡༢ སྨན་ཞབས་ ༦ ཡིག་སྐྱེལ་ ༡༢ ཕ་ཚབ་མ་ཚབ་ ༤ མ་མ་ ༨ མ་བྱན་ ༤༠ ཁང་སྲུང་ ༡༤ གད་པ་ ༢༢ དེ་མིན་ ༡༦ བཅས་བསྡོམས་ ༡༤༣ ཡོད་ལུགས་གསལ་འདུག
༢༽    ལོ་འདིར་མ་སུ་རི་གཏན་སློབ་ནས་བོད་ཕྲུག ༤༣ དང་རྡོར་གླིང་ནས་བོད་ཕྲུག ༡༠ བཅས་ཁྱོན་བསྡོམས་བོད་ཕྲུག ༥༣ གྱིས་འཛིན་རིམ་བཅུ་གཅིག་པའི་ཡིག་རྒྱུགས་སུ་ཞུགས་ཏེ་རྒྱུགས་འཕྲོད། ཨང་སྡེ་དང་པོ་ ༡༠ ལ་བོད་སློབ་འཛིན་ཚོགས་ཀྱིས་མཐོ་རིམ་སློབ་ཡོན་གནང་སྟེ་མཐོ་སློབ་ཏུ་བསྐྱོད། ཨང་སྡེ་གཉིས་པའི་ཁོངས་དྲག་གྲས་ ༧ ལ་ཁེ་ཎ་ཌ་བོད་དོན་རོགས་ཚོགས་དང་འཇར་མན་མཉམ་འབྲེལ་ཚོགས་པ། སུད་སི་རོགས་ཚོགས། དབྱིན་ཡུལ་སྐུ་ཞབས་ཊར་ནར། རྡོར་གླིང་གི་ཁྲིམས་དཔོན་གཅིག་བཅས་ཀྱིས་རོགས་རམ་གནང་སྟེ་རྡོར་གླིང་དང་ལྡི་ལི། ཅན་དྷི་གྷར་བཅས་ཀྱི་མཐོ་སློབ་ཁག་ཏུ་བཏང༌། ཡང་ཨང་སྡེ་གཉིས་པའི་ཁོངས་ནས་སློབ་ཕྲུག༌༣ ཝཱ་ཎ་མཐོ་སློབ་དང༌། སློབ་ཕྲུག ༡༠ བྷེང་ལོར་དུ་དགེ་རྒན་འོས་སྦྱོང༌། ལྡི་ལི་ཧོ་ལི་ ཕེ་ལི་མི་ནར་ནང་སློབ་སྦྱོང་དུ་བུ་མོ་ ༡ གཏན་སློབ་ཁག་ལྔའི་དམིགས་བསལ་དགེ་རྒན་འོས་སྦྱོང་དུ་སློབ་ཕྲུག ༥ དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་དུ་སློབ་ཕྲུག་བུ་ ༢ སིམ་ལ་བུ་མོའི་མཐོ་སློབ་སན་བྷི་ཊིའི་ནང་དགེ་རྒན་འོས་སྦྱོང་དུ་བུ་མོ་ ༥ ཨང་སྡེ་གསུམ་པའི་ཁོངས་ནས་འབྲུག་ཁུལ་གཞིས་ཆགས་ཉིན་སློབ་ཀྱི་དགེ་རྒན་དུ་སློབ་བུ་ ༢ འབྲུག་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་སློབ་བུ་ ༡ དྷ་ས་དང་མན་སྤར་གཞིས་ཆགས་ལས་ཁུངས་ཀྱི་ལས་བྱེད་དུ་སློབ་བུ་ ༣ བཅས་བཏང༌།
༣༽    ལོ་འདིར་ལྡི་ལི་དང་རྡོར་གླིང༌། སིམ་ལ་སོགས་ཀྱི་མཐོ་སློབ་ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པའི་བོད་ཕྲུག༌༥༩ དང་བྷེང་ལོར་ཁུལ་དུ་སློབ་གཉེར་བྱེད་བཞིན་པ་ ༣༤ ནོར་ཝེ་རྒྱལ་ཁབ་ཏུ་ལྕགས་བཟོ་དང་སྨན། གློག་ལས། རྩོམ་སྒྲིག པར་པ་བཅས་ཀྱི་སློབ་གཉེར་བྱེད་བཞིན་པ་ ༩ འཇར་མན་བོད་ཕྲུག་ཁྱིམ་སྡེའི་ནང་གློག་ལས་དང་སྨན་པ། སྨན་ཞབས་བཅས་ཀྱི་སློབ་སྦྱོང་བྱེད་བཞིན་པ་ ༡༦ ཕ་རན་སི་བོད་ཕྲུག་ཁྱིམ་སྡེའི་ནང་དེ་མཚུངས་སློབ་སྦྱོང་བྱེད་བཞིན་པ་ ༢༠ དབྱིན་ཡུལ་འདུར་ཧམ་མཐོ་སློབ་ཏུ་ཁྲིམས་དང་དཔལ་འབྱོར། དགེ་འོས་བཅས་ཀྱི་སློབ་གཉེར་བྱེད་བཞིན་པ་ ༣ དབྱིན་ཡུལ་བོད་ཁྱིམ་ནང་སྨན་ཞབས་དང་འཕྲུལ་ལས་སོགས་སྦྱོང་བཞིན་པ་ ༢༢ ཉི་ཧོང་ཁུལ་དུ་སྨན་ཞབས་དང་དགེ་འོས། སྨན་པ། འཕྲུལ་ལས་པ། ཁྲིམས་རྩོད་པ་སོགས་ཀྱི་སློབ་གཉེར་བྱེད་བཞིན་པ་ ༣༥ ཡོད་ལུགས་གསལ་འདུག
 ༤༽    གཞིས་ཆགས་ཁག་གི་ཉིན་སློབ་ཀྱི་དཀའ་ངལ་གནས་སྟངས་ལ་ཆེད་འཛུགས་ཚོགས་ཆུང་གིས་ཞིབ་འཇུག་གནང་བའི་སྙན་ཐོ་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་ཚོགས་འདུའི་ཐོག་སྙན་སེང་ཞུས་པ་ལྟར་མའི་སོར་དང་མོན་གྷོ་ཉིན་སློབ་གཉིས་ཀྱི་དཀའ་ངལ་སེལ་ཐུབ་པར་མ་ཟད། མའི་སོར་ཉིན་སློབ་འཛིན་རིམ་ ༩ བར་སྤར་ཏེ་ཕྱི་ལོ་ ༡༩༧༤ ལོར་གཏན་སློབ་ཁག་དང་ཁྱད་མེད་འཛིན་རིམ་ ༡༡ པའི་ཡིག་རྒྱུགས་སུ་ཞུགས་ཆོག་པ་བཟོ་རྒྱུར་ཐག་ཆོད། ཨོ་རི་ས་ཕུན་ཚོགས་གླིང་དང༌། ཏེ་ཛུ་གཉིས་ཀྱི་སློབ་ཁང་ཉམས་གསོ་ཞུ་འགོ་བཙུགས།
༥༽    ༡༩༦༩ ལོར་འཛིན་རིམ་ ༡༡ པའི་རྒྱུགས་འཕྲོད་པའི་སློབ་ཕྲུག༌༧ ལོ་འདིའི་ཕྱི་ཟླ་ ༧ པར་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐྱ་རྐྱ་ཡི་སློབ་སྦྱོང་ཐོན།
༦༽    ལོ་འདིར་མའི་སོར་གཞིས་ཆགས་གཉིས་པ་ཀོ་རྦ་རི་སྦད་ལིའི་ནང་ཡོད་པའི་ཉིན་སློབ་ད་བར་གཞིས་ཆགས་རོགས་ཚོགས་མ་ར་ཌ་ནས་འཛིན་སྐྱོང་བྱེད་མུས་དེ་བོད་སློབ་འཛིན་ཚོགས་ཀྱིས་རྩིས་ལེན་བྱས།
༧༽    བོད་གཞུང་ཤེས་རིག་བཀའ་བློན་དང་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་གཉིས་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཕེབས། གཞིས་གྲོང་ཡས་མས་གཉིས་སུ་སློབ་ལོ་སོན་པའི་ཕྲུ་གུ་ ༡༢༩ ཡོད་པ་རྣམས་ཀྱི་ཆེད་དུ་ལོ་འདིའི་ལོ་མཇུག་ནས་གུར་ནང་སྔ་འཕྲོས་སློབ་གྲྭ་གསར་དུ་ཚུགས། གཞིས་ཆགས་སུ་ཚ་བ་ཆེ་སྟབས་འཛིན་ཁང་གསར་སྐྲུན་བྱེད་དགོས་མིན་གཏན་མ་འཁེལ།
༨༽    སློབ་གྲྭ་ཁག་གི་དབྱིན་ཡིག་དགེ་རྒན་རིམ་པས་བོད་རིགས་ཀྱིས་བྱེད་ཐུབ་ན་གང་ཅིའི་ཁྱད་པར་ཡོང་བ་མཐོང་ནས་ལོ་འདིར་འཛིན་རིམ་ ༡༡ ཐོན་པའི་ཁོངས་ནས་བྷེང་ལོར་དུ་བུ་ ༡༠ དང་སིམ་ལར་བུ་མོ་ ༥ དགེ་རྒན་འོས་སྦྱོང་བྱེད་པར་བཏང༌།
༩༽    པ་ཆ་མ་རི་བཟོ་སློབ་ནས་ཕྱི་ཟླ་ ༧ ནང་ལྕགས་དཀྲུགས་ཐོན་པ་ ༡༣ དང་ཤིང་བཟོ་ཐོན་པ་ ༨ འཚེམ་བཟོ་ཐོན་པ་གྲངས་ ༦ བཅས་ཐོན། དེ་ཁོངས་ནས་འཛིན་རིམ་བརྒྱད་པར་མ་སླེབས་པ་རྣམས་མུ་མཐུད་སློབ་སྦྱོང་བྱེད་བཞིན་པ་ཕུད་དེ་མིན་བུ་ ༡༨ དང་བུ་མོ་ ༡ བཅས་ཆ་ཚང་རང་རང་གི་ཕ་མ་གནས་ཡུལ་ས་གནས་སུ་ཕྱིར་སློག་གིས་ལག་ཤེས་བེད་སྤྱོད་བྱེད་དུ་བཅུག
༡༠༽ པ་ཆ་མ་རི་བཟོ་སློབ་ནས་སློབ་ཐོན་པ་མང་པོ་བྱུང་ཟིན་ཞིང༌། ད་ཆ་བཟོ་སློབ་ཏུ་འཛུལ་ཞུགས་བྱེད་མཁན་ཉུང་བར་བརྟེན་བཟོ་སློབ་སྒོ་བརྒྱབ་རྒྱུའི་གྲོས་འཆར་བྱུང༌། དེ་ལ་ཤེས་རིག་ལས་ཁུངས་ཀྱིས་འདི་ལོ་ནས་འཛིན་རིམ་ ༡༡ ཐོན་པ་ཇེ་མང་དུ་འགྲོ་རྒྱུར་བརྟེན། མཐོ་སློབ་ཏུ་འགྲོ་མ་ཐུབ་པ་རྣམས་བཟོ་སློབ་ཏུ་གཏོང་རྒྱུར་ད་ཡོད་བཟོ་སློབ་ཀྱི་བཟོ་ལས་རྣམ་གྲངས་མང་དུ་དང་ཡར་རྒྱས་གཏོང་གནང་ཡོང་བའི་འབོད་སྐུལ་ཞུས། དེའི་ཆེད་ ༡༩༧༡ ཟླ་ ༣ ནང་རྒྱ་བོད་འབྲེལ་ཡོད་མི་སྣ་ཡོད་པའི་ཚོགས་ཆུང་ཟུར་འཛུགས་གནང་བ་ལྟར་ས་གནས་སུ་ངོ་ཕེབས་ཀྱིས་ཞིབ་འཇུག་གནང་སྟེ་ཤེས་རིག་ལས་ཁུངས་ཀྱི་བསམ་འཆར་ལ་རྒྱབ་སྐྱོར་གྱི་སྙན་ཐོ་ཕུལ་བར་བརྟེན་བཟོ་སློབ་རང་འཇགས་འཇོག་གཏན་འཁེལ།
༡༡༽    རྒྱ་གར་ནང་ད་དུང་གཞིས་ཆགས་མ་ཐུབ་པའི་བོད་མི་དང་ཁ་འཐོར་ས་ཁུལ་ཁོངས་སུ་ད་དུང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་བོད་ཕྲུག་མང་པོ་ཡོད་པ་རྣམས་སློབ་འཇུག་ཡོང་བའི་འབོད་སྐུལ་ལན་མང་ཞུས་མཐར་བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་ཚོགས་འདུ་ཐེངས་༡༩ པའི་གྲོས་ཆོད་དགོངས་དོན་རྒྱ་བོད་འབྲེལ་ཡོད་མི་སྣ་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་གནང་སྟེ་རྟོག་ཞིབ་དང་འཆར་འགོད་གནང་དོན་ལྟར། རྒྱ་གར་ནང་ཁུལ་བོད་ཕྲུག་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་ལོ་ ༦ ནས་ ༡༠ བར་དང༌། ༡༡ ནས་ ༡༤ བར་སོན་པ་བསྡོམས་ ༡༢༨༠ ཙམ་ཡོད་ཁོངས་ལོ་ ༡༡ ནས་ ༡༤ བར་སོན་ཞིང་བོད་ནང་སྐྱེས་པ་དངོས་འབྲེལ་ཡིན་པ་ཕ་མའི་ལག་འཁྱེར་སོགས་ནས་ར་འཕྲོད་བྱུང་ཚེ་གཏན་སློབ་ཁག་ནང་སློབ་འཇུག་བྱ་རྒྱུ་དང༌། ལོ་ ༦ ནས་ ༡༠ བར་སོན་ཞིང་སྡོད་ཡུལ་གཏན་སློབ་གང་རུང་གི་ཉེ་འགྲམ་དུ་ཡོད་ཚེ་གཏན་སློབ་དེ་གར་ཉིན་སློབ་ཀྱི་ངོ་བོར་བསྐྱོད་ཆོག་པ། དེ་མིན་བོད་ཕྲུག་མང་ཡང་གཏན་སློབ་མེད་ཁུལ་དྷ་རམ་ས་ལ་དང༌། ཁར་ཤང༌། ཀུ་ལུ་མ་ན་ལི། ཀུ་ལི་པ་ཏི་ཀུལ་བཅས་སུ་ཉིན་སློབ་གསར་འཛུགས་གནང་རྒྱུའི་ཐག་གཅོད་བྱུང༌།
༡༢༽    ཌལ་ཧོར་གཏན་སློབ་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་དེས་ཅམ་བ་རྫོང་ཁོངས་ཀྱི་རུ་ཁག༌༢༢ དང་འགྲན་བསྡུར་བྱས་རྗེས་ཨང་དང་པོ་ཐོབ་པར་བརྟེན། ཧི་མ་ཅལ་མངའ་སྡེའི་རྩེད་འགྲན་རུ་ཁག་ཁོངས་སུ་ཚུད་དེ་སློབ་གྲྭ་ཁག ༥༠ ཙམ་དང་འགྲན་བསྡུར་བྱས་འབྲས་ཨང་དང་པོའི་རྒྱལ་ཁ་ཐོབ། དེ་བཞིན་བོད་མིའི་སློབ་ཁག་གཞན་ཁག་གི་ཁྲོད་དུའང་རྩེད་འགྲན་བྱ་དགའ་ཐོབ་པ་ཁ་ཤས་བྱུང་ཡོད།
༡༣༽    ཅང་ལང་གཞིས་ཆགས་ཡས་མས་གཉིས་ཀར་ཉིན་སློབ་རེ་ཡོད་ཀྱང༌། གཞིས་ཆགས་ཆགས་ཡུལ་ལུང་ཁུག་རི་གཟར་སྟོན་འབྲས་ཞན་པས། གཞིས་མི་མང་པོ་ཡུལ་བྱོལ་དུ་བསྐྱོད་དེ་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་ཉུང་དུ་སོང་ཡོད། དེར་བརྟེན་ཁུལ་དེའི་མལ་ལེ་ ༡༣ གྱི་ཉིན་སློབ་མལ་ལེ་ ༡༨ གྱི་སློབ་གྲྭར་ཟླ་བསྒྲིལ་བྱས།
 

Menu