བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ཁང་ནས་རྩོམ་སྒྲིག་བྱས།

ཟབ་ཡངས་ཡོན་ཏན་རྒྱ་མཚོའི་འཇིངས། །བགྲོད་པའི་གཟིངས་ཆེན་ཡི་གེ་སྟེ། །
རྟག་ཏུ་བརྩོན་འགྲུས་སྐྱ་འདེབས་ཀྱིས། །བརྡ་དག་ཕ་མཐར་མྱུར་དེངས་ཤིག །

ཀ༷་བ་ཀ༷་ར་ཀ༷་ཏོ་ར། །ཀ༷་ཅི་ཀ༷་མད་ཀ་རྐྱང་ཡིན། །དཀ༷འ་ལས་དཀ༷འ་ངལ་ད་དཀའ་དང༌། །བཀ༷འ་མོལ་བཀ༷འ་སློབ་བ་བཀའ་འོ། །ཡུར་བུའི་རྐ༷་ནི་ར་རྐ་དང༌། །གོས་ཀྱི་སྐ༷་རགས་ས་སྐ་ཡིན། །ལམ་སོགས་བཀ༷ག་པ་བ་བཀག་ལ། །ལོ་ཡི་སྐ༷ག་ནི་ས་སྐག་ཡིན། །སྣོད་སོགས་ཆུས་བཀ༷ང་བ་བཀང་དང༌། །རྐ༷ང་ལག་གཞི་རྐ༷ང་ར་རྐང་ངོ༌། །སྐ༷ད་རིགས་སྐ༷ད་ཆ་ས་སྐད་དང༌། །སྐ༷ས་འཛེག་སྐས་ལ་རྗེས་འཇུག་ས། །ཁ་ཡི་རྐ༷ན་ནི་ར་རྐན་ལ། །རྒྱུག་པས་བཀ༷ན་པ་བ་བཀན་ཡིན། །རྐང་ལག་སྐུ༷མ་པ་ས་སྐུམ་མོ། །ཁེབས་སོགས་བཀ༷བ་པ་བ་འཕུལ་དང༌། །གནས་སྐ༷བས་སྐ༷བས་འཕྲལ་ས་སྐབས་ཡིན། །ཉི་མར་སྐ༷མ་པ་ས་སྐམ་མོ། །ཁ་དོག་དཀ༷ར་པོ་ད་དཀར་དང༌། །ནམ་མཁའི་སྐ༷ར་མ་ས་སྐར་ཡིན། །སྐ༷ལ་བཟང་ས་སྐལ་སྔོན་འཇུག་མེད།། དུས་ཀྱི་བསྐ༷ལ་པར་སྔོན་འཇུག་བ། །ཀུ༷་ཤུ་ཀུ༷་ཅོ་ཀ་རྐྱང་དང༌། །ལུས་ཀྱི་སྐུ༷་ནི་ས་སྐུ་ལ། །རྐུ༷་མ་རྐུ་བ་ར་རྐུ་ཡིན། །ཤིང་སོགས་བཀུ༷ག་པ་བ་བཀུག་དང༌། །ལྐུ༷གས་པ་དག་ནི་ལ་ལྐུགས་ཡིན། །སྐུ༷ད་པའི་སྐུད་ནི་ས་སྐུད་དོ། །རྫུན་རྐུ༷བ་རྐུ༷བ་སྟེགས་ར་རྐུབ་ཡིན། །བརྩི་བཀུ༷ར་བཀུ༷ར་བསྟི་བ་བཀུར་དང༌། །སྐུ༷ར་མ་སྐུ༷ར་བ་ས་སྐུར་ཡིན། །ལས་ཀ་སྐུ༷ལ་དང་སྐུ༷ལ་ལྕག་དང༌། །སྐུ༷ལ་སློང་བྱེད་སོགས་ས་སྐུལ་ལོ། །གཡག་ཀོ༷་ཕག་ཀོ༷་ཀ་རྐྱང་ངོ༌། །ལས་གནས་བསྐོ༷་གཞག་ས་བསྐོ་དང༌། །ས་རྡོ་རྐོ༷་བ་ར་སྐོ་ཡིན། །ཡིག་སྐོ༷གས་དག་ནི་ས་སྐོགས་དང༌། །ལྐོ༷ག་གཡོ་ལྐོ༷ག་གྱུར་ལ་ལྐོག་ཡིན། །སྣོད་སོགས་ཀོ༷ང་ཀོ༷ང་ཀ་ཀོང་དང༌། །ཚིག་རྐང་ཁ་སྐོ༷ང་ས་སྐོང་ཡིན། །འབྱོར་ཐོ་བཀོ༷ད་དང་བཀོ༷ད་སྒྲིག་སོགས། །བ་བཀོད་ཡིན་པ་ཤེས་པར་བྱ། །ལམ་བུ་ཀྱ༷ག་ཀྱོག་འཕུལ་མེད་དང༌། །སྣོད་སོགས་བཀྱ༷ག་པར་བ་ཡི་འཕུལ། །མི་གཙང་སྐྱ༷ག་པ་ས་སྐྱག་ཡིན། །སྐྱ༷་རེངས་སྐྱ༷་བར་མགོ་ཅན་ས། །ས་ཆ་ཀྱོ༷ང་ཀྱོ༷ང་ཀ་ཀྱོང་དང༌། །རྐང་ལག་རྐྱོ༷ང་དང་གདན་རྐྱོ༷ང་གདན། །ར་རྐྱོང་ཡིན་པ་ཤེས་པར་བྱ། །དྲིན་གྱིས་སྐྱོ༷ང་བ་ས་སྐྱོང་ངོ༌། །གཞན་དུ་སྐྱེ༷ལ་བ་ས་སྐྱེ༷ལ་ལོ། །ཁེར་རྐྱ༷ང་རྐྱ༷ང་པོ་ར་རྐྱང་ཡིན། །ཐག་པས་བཀྱི༷གས་པ་བ་བཀྱིགས་སོ། །གཡར་བའི་སྐྱི༷ན་པ་ས་སྐྱིན་ཡིན། །དབུས་ཀྱི་དཀྱི༷ལ་ནི་ད་དཀྱིལ་ལོ། །སྐྱུ༷ག་བྲོ་སྐྱུ༷ག་མེར་ས་སྐྱུག་ལ། །བྲོ་བ་སྐྱུ༷ར་དང་གཡང་ལ་སྐྱུ༷ར། །ས་སྐྱུར་ཡིན་པ་ཤེས་པར་བྱ། །དཀྱུ༷ས་རིང་དཀྱུ༷ས་མ་ད་དཀྱུས་ཡིན། །སྐྱེ༷ས་མ་ལེགས་སྐྱེ༷ས་ས་སྐྱེས་དང༌། །རྒྱ་སྐྱེ༷ད་ཐོན་སྐྱེ༷ད་རྗེས་འཇུག་ད། །དངོས་པོ་སྐྱེ༷ལ་བ་ས་སྐྱེལ་ལོ། །ཆ་རྐྱེ༷ན་མཐུན་རྐྱེ༷ན་ར་རྐྱེན་ཡིན། །རྐང་པ་ཀྱོ༷ག་ཀྱོ༷ག་ཀ་ཀྱོག་དང༌། །རག་སྐྱོ༷གས་ཚལ་སྐྱོ༷གས་ས་སྐྱོགས་ཡིན། །རྒྱབ་སྐྱོ༷ར་ལག་སྐྱོ༷ར་ས་སྐྱོར་རོ། །ཉེས་སྐྱོ༷ན་གནོད་སྐྱོ༷ན་ས་སྐྱོན་ཡིན། །བཀྲ༷ག་མདངས་བཀྲ༷ག་རྩི་བ་བཀྲག་དང༌། །འཇིགས་སྐྲ༷ག་དངངས་སྐྲ༷ག་ས་སྐྲག་ཡིན། །ལུས་པོ་སྐྲ༷ངས་པ་ས་སྐྲངས་སོ། །ནད་ཀྱི་སྐྲ༷ན་ནི་ས་སྐྲན་ལ། །དངོས་པོ་བཀྲ༷མ་པ་བ་བཀྲམ་ཡིན། །སྐུད་པ་དཀྲི༷་དང་འགན་དཀྲི༷་བ། །ད་དཀྲི་ཡིན་པ་བློ་རུ་ངེས། །ཆུ་ལ་བཀྲུ༷ས་པ་བ་བཀྲུས་ཡིན། །ཁམ་སྡོང་སྐྲུ༷གས་སོགས་ས་སྐྲུགས་དང༌། །ཕན་ཚུན་དཀྲུ༷ག་པ་ད་དཀྲུག་ཡིན། །འོ་ཞོ་དཀྲོ༷ག་པ་ད་དཀྲོག་གོ །ཀླ༷་ཀློའི་ཀླ་ནི་ཀ་ཀླ་དང༌། །གླ༷་ཆ་གླ༷་རྩི་ག་གླ་འོ། །བླ༷་མ་བླ༷་མེད་བླ༷་སྲོག་ནི། །བ་བླ་ཡིན་པ་ཤེས་པར་བྱ། །གར་སླ༷འི་སླ་དང་ལས་སླ༷་པོ། །སླ༷་ང་ལ་སོགས་ས་སླ་དང༌། །རྐང་པའི་བརླ༷་ཤ་ར་བརླ་ཡིན། །ཀླ༷ད་ཀོར་ཀླ༷ད་པ་ཀ་ཀླད་དང༌། །རྗེས་མའི་སླ༷ད་དང་སླ༷ད་སྐྱོན་ནི། །ས་སླད་ཡིན་པ་ངེས་དགོས་སོ། །ལྷ་ཀླུ༷འི་ཀླུ་ནི་ཀ་ཀླུ་དང༌། །གླུ༷་གཞས་གླུ༷་དབྱངས་ག་གླུ་ཡིན། །བླུ༷་ཉོ་བླུ༷་ཡོན་བ་བླུ་དང༌། །གཞན་སེམས་སླུ༷་བ་ས་སླུ་འོ། །རི་ཀླུ༷ང་ཆུ་ཀླུ༷ང་ཀ་ཀླུང་དང༌། །རླུང་འཁོར་རླུ༷ང་ལངས་ར་རླུང་ངོ༌། །ཡི་གེ་
ཀློ༷ག་པ་ཀ་ཀློག་དང༌། །གློ༷ག་བརྙན་ལ་སོགས་ག་གློག་གོ །མགོ་རྟིང་སློ༷ག་དང་ས་སློ༷ག་པ། །ས་ལ་ལ་བཏགས་ཡིན་པར་ངེས། །
    ཁ༷་བ་ཁ༷་མཆུ་ཁ་རྐྱང་ཡིན། །ལག་གི་འཁ༷ར་རྒྱུག་འ་འཁར་དང༌། །མཁ༷ར་རྫོང་མཁར་ནི་མ་མཁར་རོ། །རྫ་མཁ༷ན་ཡིག་མཁ༷ན་མ་མཁན་དང༌། །དྲི་བཟང་འཁ༷ན་པ་འ་འཁན་ཡིན། །བལ་སོགས་འཁ༷ལ་བར་འ་འཕུལ་དང༌། །ལུས་ཀྱི་མཁ༷ལ་མར་མ་འཕུལ་ཡོད། །འབྲུ་ཁ༷ལ་ཁ༷ལ་མར་འཕུལ་མེད་དོ། །ལྟག་ཁུ༷ང་ས་ཁུ༷ང་ཡང་འཇུག་མེད། །ལས་ཁུ༷ངས་འབྱུང་ཁུ༷ངས་ཡང་འཇུག་ཡོད། །རྐང་ལག་འཁུ༷མ་པ་འ་འཁུམ་དང༌། །ཁུར་པོ་འཁུ༷ར་བ་འ་འཁུར་རོ། །གཏན་ལ་འཁེ༷ལ་བ་འ་འཁེལ་ཡིན། །མཁོ༷་བྱེད་མཁོ༷་འདོན་མ་མཁོ་འོ། །ཁོ༷ང་ཁྲོ་ཁོ༷ང་ཚོར་ཡང་འཇུག་མེད། །མངའ་ཁོ༷ངས་ཁོ༷ངས་གཏོགས་ཡང་འཇུག་ཡོད། །བདེ་བར་འཁོ༷ད་དང་ཡི་གེར་འཁོ༷ད། །འ་འཁོད་ཡིན་པ་ཤེས་པར་བྱ། །ཁོ༷་ར་ཁོ༷ར་ཡུག་འཕུལ་མེད་དང༌། །འཁོ༷ར་ལོ་འཁོར་བར་འ་འཕུལ་ཡོད། །མི་འཁྱ༷མ་སྤྲང་འཁྱ༷མ་འ་འཁྱམ་དང༌། །ཁང་པའི་ཁྱ༷མས་ལ་སྔོན་འཇུག་མེད། །ཆུ་སོགས་འཁྱི༷ལ་བ་འ་འཁྱིལ་ཡིན། །ལུས་པོ་འཁྱོ༷ར་བ་འ་འཁྱོར་རོ། །ཁ་དོག་ཁྲ༷་ཁྲ༷་ཁ་ཁྲ་དང༌། །ཕྲ༷་སྦོམ་ཕྲ༷་མོ་ཕྲ༷་ཞིབ་སོགས། །ཕ་ཕྲ་ཡིན་པ་ཤེས་པར་བྱ། །ཤ་ཁྲ༷ག་ཟུངས་ཁྲ༷ག་ཁ་ཁྲག་དང༌། །དཔུང་པའི་ཕྲ༷ག་པ་ཕྲ༷ག་དོག་ཅན། །ཕ་ལ་ར་བཏགས་ཡིན་པར་ངེས། །ཁྲ༷ལ་རིགས་ཁྲ༷ལ་པ་ཁ་ཁྲལ་དང༌། །ཕན་ཚུན་ཕྲ༷ལ་བ་ཕ་ཕྲལ་ཡིན། །སྐབས་འཕྲ༷ལ་འཕྲལ་ལ་འ་འཕུལ་ཡོད། །གར་སོགས་འཁྲ༷བ་པ་འ་འཁྲབ་དང༌། །གོ་ཆའི་ཁྲ༷བ་ལ་སྔོན་འཇུག་མེད། །གྲངས་ཀྱི་ཁྲི༷་སྟོང་ཁ་ཁྲི་དང༌། །ལས་ཀའི་འགན་འཁྲི༷་འ་འཁྲི་ཡིན། །འགོ་ཁྲི༷ད་སློབ་ཁྲི༷ད་རྗེས་འཇུག་ད། །འགྲམ་གྱི་འཁྲི༷ས་ལ་རྗེས་འཇུག་ས། །སྒྲིག་ཁྲི༷མས་རྩ་ཁྲི༷མས་ཁ་ཁྲིམས་སོ། །འཐབ་མོའི་འཁྲུ༷ག་ནི་ཁ་འཁྲུག་དང༌། །སློབ་ཕྲུ༷ག་བྱ་ཕྲུ༷ག་མིང་གཞི་ཕ། །ནོར་བ་འཁྲུ༷ལ་བ་ཁ་འཁྲུལ་དང༌།། འཕྲུ༷ལ་འཁོར་འཕྲུ༷ལ་ཆས་ཕ་འཕྲུལ་ཡིན། །དངོས་པོ་མཁྲེ༷གས་པོ་མ་མཁྲེགས་སོ། །ལྕགས་རིགས་ཁྲོ༷་དང་ཁོང་ཁྲོ༷་སོགས། །ཁ་ཁྲོ་ཡིན་ལ་སྔོན་འཇུག་མེད། །འོད་ཟེར་འཕྲོ༷་དང་འཕྲོ༷་བརླག་སོགས། །ཕ་འཕྲོ་ཡིན་ལ་སྔོན་འཇུག་འ། །གཞན་ནོར་འཕྲོ༷ག་པ་ཕ་འཕྲོ༷ག་དང༌། །གྲོད་ཁོག་འཁྲོ༷ག་པ་ཁ་འཁྲོག་ཡིན། །དུར་ཁྲོ༷ད་རི་ཁྲོ༷ད་དམངས་ཁྲོ༷ད་སོགས། ། ཁ་ལ་ར་བཏགས་ཡིན་པ་དང༌། །ལག་ཏུ་འཕྲོ༷ད་དང་འཕྲོ༷ད་བསྟེན་སོགས། །ཕ་འཕྲོད་ཡིན་ལ་སྔོན་འཇུག་འ། །
    གུ༷ས་པ་གུ༷ས་ཞབས་རྗེས་འཇུག་ས། །ཉམས་རྒུ༷ད་དར་རྒུ༷ད་རྗེས་འཇུག་ད། །གོ༷མ་བགྲོད་གོ༷མ་སྟབས་ཡང་འཇུག་མེད། །གོ༷མས་གཤིས་གོ༷མས་འདྲིས་ཡང་འཇུག་ཡོད། །གྲངས་གནས་གྱ༷་གཅིག་གྱ༷་གཉིས་ནས། །གྱ༷་དགུ་ལ་སོགས་གྱ་རྐྱང་ངོ༌། །རྒྱ༷་མཚོ་རྒྱ༷་ལྕོག་རྒྱ༷་ཁྱོན་དང༌། །རྒྱ༷་སྐྱེད་རྒྱ༷་ཕིབས་ར་མགོ་ཡོད། །གྲངས་ཀྱི་བརྒྱ༷་ལ་སྔོན་འཇུག་བ། །སློབ་གྲྭ༷་གྲྭ༷་པར་ཝ་ཟུར་ཡོད། །གྲ༷་རྒྱས་གྲ༷་སྒྲིག་སྙེ་མའི་གྲ༷། །པགས་སྤུའི་གྲ༷་ལ་ཝ་ཟུར་མེད། །སྐད་གྲ༷གས་སྙན་གྲ༷གས་ག་གྲགས་ཡིན། །ཞི་དྲ༷ག་དྲ༷ག་ཞན་ད་དྲག་དང༌། །མཐོ་དྲ༷གས་དམའ་དྲ༷གས་མང་དྲ༷གས་པ། །ཐལ་བའི་དྲ༷གས་ལ་ཡང་འཇུག་ཡོད། །བྲ༷ག་རྡོ་བྲ༷ག་ཕུག་བ་བྲག་ཡིན། །ཆུ་སོགས་གྲ༷ང་མོ་ག་གྲང་དང༌། །བགྲང་བྱའི་གྲ༷ངས་ལ་ཡང་འཇུག་ཡོད། །དྲ༷ང་པོ་དྲ༷ང་བཞག་ད་དྲང་དང༌། །ཟས་སོགས་དྲ༷ངས་པར་ཡང་འཇུག་ཡོད། །ཕོ་བྲ༷ང་བླ་བྲ༷ང་བྲ༷ང་ཁོག་སོགས། །བ་བྲང་ཡིན་པས་ཤེས་པར་བྱ། །གྲ༷ལ་བསྟར་གྲ༷ལ་རིམ་ག་གྲལ་དང༌། །ཐོག་གི་དྲ༷ལ་མ་ད་དྲལ་ཡིན། །ཁ་བྲ༷ལ་ལྷུ་བྲ༷ལ་བ་བྲལ་ལོ། །རིམ་གྲ༷ས་ལ་སོགས་ག་གྲས་དང༌། །རས་སོགས་དྲ༷ས་པ་ད་དྲས་ཡིན། །རལ་གྲི༷་གློ་གྲི༷་ག་གྲི་དང༌། །དྲི༷་བ་དྲི༷་མ་ད་དྲི་ལ། །ཡི་གེ་བྲི༷་རྒྱུ་བ་བྲི་ཡིན། །བསྐྱངས་པའི་དྲི༷ན་ནི་ད་དྲིན་ནོ། །སྤྱང་གྲུ༷ང་གྲུ༷ང་ནི་ག་གྲུང་དང༌། །སྐུ་དྲུ༷ང་དྲུ༷ང་ཡིག་ད་དྲུང་ཡིན། །སྒྲུ༷ང་གཏམ་སྒྲུ༷ང་དཔེར་ས་མགོ་ཡོད། །ཁྲོ༷ན་པ་བྲུ༷ས་པ་བ་བྲུས་དང༌། །ས་ལ་དྲུ༷ས་པ་ད་དྲུས་ཡིན། །བརྩོན་འགྲུ༷ས་འགྲུ༷ས་ནི་ག་འགྲུས་སོ། །མགྲིན་པའི་གྲེ༷་བ་ག་གྲེ་དང༌། །འཇལ་བྱེད་བྲེ༷་ནི་བ་བྲེ་ཡིན། །གྲོ༷་ཞིབ་གྲོ༷་མ་ག་གྲོ་དང༌། །དྲོ༷་སྐྱིད་དྲོ༷་པོ་ད་དྲོ་འོ། །ཟས་ཀྱི་བྲོ༷་བ་འཁྲབ་བྱའི་བྲོ༷། །བ་བྲོ་ཡིན་པས་མ་ནོར་ཅིག །གྲོ༷ག་རོང་གྲོ༷ག་མར་ཡང་འཇུག་མེད། །གྲོ༷གས་པོའི་གྲོགས་ལ་ཡང་འཇུག་ཡོད། །གྲོ༷ང་ཁྱེར་གྲོ༷ང་གསེབ་ག་གྲོང་དང༌། །ཤི་བའི་གྲོ༷ངས་པར་ཡང་འཇུག་ཡོད། །གྲོ༷ས་མོལ་ག་གྲོས་རྗེས་འཇུག་ས། ལུས་ཀྱི་གྲོ༷ད་པར་རྗེས་འཇུག་ད། ཉི་མའི་དྲོ༷ད་ནི་ད་དྲོད་དང༌། །བྲོ༷ས་བྱོལ་བྲོས་ནི་བ་བྲོས་ཡིན། །གྲོ༷ན་ཆུང་འགྲོ་གྲོ༷ན་ག་གྲོན་ནོ། །གནད་འག༷ག་འག༷ག་སྒོར་སྔོན་འཇུག་འ། །གལ་འག༷ངས་འགངས་ནི་འ་འགངས་དང༌། །རི་སྒ༷ང་སྒ༷ང་གཤོངས་ས་སྒང་ལ། །ལྒ༷ང་བུ་ལྒ༷ང་བཞུ་ལ་ལྒང་ཡིན། །གད་མོ་བག༷ད་པ་བ་བགད་དང༌། ། ལོ་ན་རྒ༷ས་པ་ར་རྒས་ཡིན། །འག༷ན་ཁུར་འག༷ན་སྲུང་འ་འགན་དང༌། །དགེ་རྒ༷ན་རྒ༷ན་རབས་ར་རྒན་ནོ༑ ༑ལྕགས་སྒ༷མ་ཤིང་སྒ༷མ་ས་སྒམ་ཡིན། །དག༷འ་སྤྲོ་དག༷འ་སྟོན་ད་དགའ་དང༌། །རྟ་སྒ༷་ཁལ་སྒ༷་ས་སྒ་ལ། །འག༷འ་ཤས་འག༷འ་ཞིག་འ་འགའ་ཡིན། །ལྕགས་བཟོའི་མག༷ར་བ་མ་མགར་དང༌། །དམག་སྒ༷ར་བཞུགས་སྒ༷ར་ས་སྒར་ཡིན། །སྒ༷ལ་པ་སྒ༷ལ་ཚིགས་ས་སྒལ་དང༌། །ཁྲིམས་འག༷ལ་རྒྱབ་འག༷ལ་འ་འགལ་ལ། །ཆུ་སོགས་རྒ༷ལ་བ་ར་རྒལ་ཡིན། །སེམས་པ་མགུ༷་བ་མ་མགུ་དང༌། །གྲངས་ཀྱི་ད༷གུ་ནི་ད་དགུ་ཡིན།། ཉིན་དགུ༷ང་དགུ༷ང་ལོ་ད་དགུང་ངོ༌། །དབྱར་དགུ༷ན་དགུ༷ན་ནི་ད་དགུན་དང༌། །ཤིང་ཏོག་རྒུ༷ན་འབྲུམ་ར་རྒུན་ནོ། །གཡོ་འགུ༷ལ་ལས་འགུ༷ལ་འ་འགུལ་དང༌། །མགྲིན་པའི་མགུ༷ལ་ནི་མ་མགུལ་ཡིན། །ད༷གེ་སྐྱོན་དགེ་ནི་ད་དགེ་དང༌། །ཁང་པའི་སྒེ༷འུ་ཁུང་ས་སྒེ་ཡིན། །དགོ༷ང་མོ་དགོ༷ང་ཚོགས་ད་དགོང་དང༌།། དགོ༷ངས་ཞུ་ཐུགས་དགོ༷ངས་ཡང་འཇུག་ཡོད། །ལམ་གྱི་འགྲུ༷ལ་པ་ག་འགྲུལ་དང༌། །སྲོག་ཆགས་བྲུ༷ལ་ནི་བ་བྲུལ་ལོ། །བྱ་རྒོ༷ད་ས་རྒོ༷ད་རྟ་རྒོད་མ། །མི་རྒོ༷ད་ལ་སོགས་ར་མགོ་ཡོད། །འགྲུལ་པའི་ལམ་རྒྱ༷གས་ཤ་རྒྱ༷གས་པར། །ཡང་འཇུག་ཡོད་ལ་སྔོན་འཇུག་མེད། །གཡོ་སྒྱུ༷་སྒྱུ༷་མ་ས་སྒྱུ་དང༌། །ནང་ཁྲོལ་རྒྱུ༷་མ་ར་རྒྱུ་ཡིན། །སྒྱུ༷ར་བཅོས་ཡིག་སྒྱུ༷ར་ས་སྒྱུར་དང༌། །འབྱུང་འགྱུ༷ར་ཉམས་འགྱུ༷ར་འ་འགྱུར་ཡིན། །མི་རྒྱུ༷ད་རི
གས་རྒྱུ༷ད་རྗེས་འཇུག་ད། །ལོ་རྒྱུ༷ས་ལམ་རྒྱུ༷ས་རྗེས་འཇུག་ས། །སྒྲ༷་གདངས་སྒྲ༷་སྙན་ས་སྒྲ་དང༌། །དགྲ༷་བོའི་དགྲ་ནི་ད་དགྲ་ཡིན། །འདེམས་སྒྲུ༷ག་སྒྲུག་ནི་ས་སྒྲུག་དང༌། །འབྲུ༷ག་སྐད་འབྲུ༷ག་པ་འ་འབྲུག་ཡིན།། མིང་ཚིག་འགྲེ༷ལ་བཤད་མིང་གཞི་ག །མཉམ་དུ་འབྲེ༷ལ་བར་མིང་གཞི་བ། །ཞེ་འགྲ༷ས་འཁོན་འགྲ༷ས་མིང་གཞི་ག །འབྲ༷ས་དང་འབྲ༷ས་བུ་མིང་གཞི་བ། །གླ༷ང་ཆེན་གླ༷ང་གོག་ག་གླང་དང༌། །བླ༷ང་བྱ་བླ༷ང་དོར་བ་བླང་ཡིན། །
    བང་མི་མང༷གས་པ་མ་མངགས་དང༌། །བསྔ༷གས་བརྗོད་བསྟོད་བསྔ༷གས་ས་བསྔགས་ཡིན། །དང༷ངས་སྐྲག་དང༷ངས་འཚབ་ད་དངངས་སོ། །སྟེར་བའི་རྔ༷ན་པ་ར་རྔན་ནོ། །འདོད་རྔ༷མ་ཟིལ་རྔ༷མ་ར་རྔམ་ཡིན། །མང༷འ་ཁོངས་མང༷འ་ཐང་མང༷འ་འབངས་དང༌། ཐུགས་ལ་མང༷འ་བ་མ་མངའ་ལ། ། གྲངས་ཀྱི་ལྔ༷་ནི་ལ་ལྔ་དང༌། །རྡུང་བའི་རྔ༷་ནི་ར་རྔ་ཡིན། །སྔ༷་དྲོ་སྔ༷་མོ་ས་སྔ་འོ། །བྲོ་བ་མང༷ར་བ་མ་མངར་དང༌། །ཚར་དུ་དང༷ར་བ་ད་དངར་ཡིན། །སྔས་མགོའི་སྔ༷ས་ནི་ས་སྔས་དང༌། །སྟོན་ཐོག་བརྔ༷ས་པ་ར་བརྔས་སོ། །ལུས་ཀྱི་རྔུ༷ལ་ཆུ་ར་རྔུལ་དང༌། གསེར་དངུ༷ལ་དངུ༷ལ་ལོར་ད་དངུལ་ཡིན། །ཡོས་སོགས་རྔོ་བ་ར་རྔོ་དང༌། །ཁ་དོག་སྔོ༷་བ་ས་སྔོ་ཡིན། །གྲི་ཡི་དངོ༷་ནི་ད་དངོ་འོ། །མངོ༷ན་སུམ་མངོ༷ན་གསལ་མ་མངོན་དང༌། །དུས་ཀྱི་སྔོ༷ན་མ་ས་སྔོན་ཡིན། །རི་དྭགས་རྔོ༷ན་པ་ར་རྔོན་ནོ། །དངོ༷ས་འབྲེལ་དངོ༷ས་གཞི་དངོས་ཡོད་དང༌། །དངོས་པོ་ལ་སོགས་ད་དངོས་ཡིན། །
    རྟ་ལྕ༷ག་སྐུལ་ལྕ༷ག་ལ་ལྕག་དང༌། །ལྕག༷ས་དང་ལྕག༷ས་རིར་ཡང་འཇུག་ཡོད། །རྫ་སོགས་བཅ༷ག་པ་བ་བཅག་གོ །ཡིད་ལ་བཅ༷ངས་པ་བ་བཅངས་དང༌། །ལྕ༷ང་ལོ་ལྕ༷ང་མ་ལ་ལྕང་ཡིན། །རིག་པ་སྤྱ༷ང་དང་སྤྱ༷ང་ཀི་ལ། །ས་ཡི་མགོ་ཅན་ཡོད་པར་ཤེས། །ཤིང་སོགས་བཅ༷ད་པར་བ་འཕུལ་དང༌། །བརྟག་དཔྱ༷ད་དཔྱ༷ད་གཞི་ད་དཔྱད་ཡིན། །གཅ༷ན་གཟན་གཅན་ནི་ག་འཕུལ་དང༌། །སྤྱ༷ན་བསྟར་སྤྱ༷ན་གཟིགས་ས་མགོ་ཅན། །སྤུན་མཆེད་ལྕ༷མ་སྲིང་ཁང་པའི་ལྕམ། །ལྕ༷མ་ཆུང་ལ་སོགས་ལ་ལྕམ་ཡིན། །རྡོ་གཅ༷ལ་པང་གཅལ༷་ག་གཅལ་ལོ། །ཕྱུགས་ཀྱི་ལྕི༷་བ་ལ་ལྕི་དང༌། །ལུས་ཀྱི་དཔྱི༷་མགོ་ད་དཔྱི་ལ། །སྤྱི༷་རྫས་སྤྱི༷་ཚོགས་ས་སྤྱི་ཡིན། །ཁ་ཅི༷ག་ལྷན་ཅི༷ག་ཆབས་ཅི༷ག་དང༌། །སྐད་ཅི༷ག་ལ་སོགས་འཕུལ་མེད་ཅིང༌། ། གྲངས་ཀྱི་གཅི༷ག་ལ་ག་འཕུལ་ཡོད། །ཐག་པས་བཅི༷ངས་པ་བ་བཅིངས་སོ། །དྲི་ཆུ་གཅི༷ན་པ་ག་གཅིན་དང༌། །སྦྱོར་བྱེད་སྤྱི༷ན་ནི་ས་སྤྱིན་ཡིན། །གྲངས་ཀ་བཅུ༷་ལ་བ་འཕུལ་ཡོད། །སུམ་ཅུ༷་དྲུག་ཅུ༷་བདུན་ཅུ༷་དང༌། །བརྒྱད་ཅུ༷་བཅས་ལ་བ་འཕུལ་མེད། །ཅུ༷ང་ཟད་ཅུང་ལ་འཕུལ་མེད་དང༌། །གཅུ༷ང་པོ་གཅུ༷ང་མོར་ག་འཕུལ་ཡོད། །ཟས་བཅུ༷ད་རོ་བཅུ༷ད་བ་འཕུལ་དང༌། །ཆུ་སོགས་གཅུ༷ས་པ་ག་འཕུལ་ཡིན། །ཁའི་ལྕི༷་མེ་ལྕེ༷་ལ་ལྕེ་འོ། །གཅེ༷ས་སྐྱོང་གཅེ༷ས་སྤྲས་ག་གཅེས་ཡིན། །ལས་ཀ་ལྕོ༷གས་དང་མི་ལྕོ༷གས་ནི། །ལ་ལྕོགས་ཡིན་ལ་ཡང་འཇུག་ཡོད། །ཁང་པའི་ལྕོ༷ག་དང་མགོ་ལྕོ༷ག་ལྕོ༷ག །ལ་ལྕོག་ཡིན་ལ་ཡང་འཇུག་མེད། །གཟུགས་པོ་གཅོ༷ང་པོ་ག་གཅོང་དང༌། །སྦལ་ཕྲུག་ལྕོ༷ང་མོ་ལ་ལྕོང་ཡིན། །དོན་གཅོ༷ད་མཚམས་གཅོ༷ད་ག་གཅོད་དང༌། །བཟོ་བཅོ༷ས་སྨན་བཅོ༷ས་བ་བཅོས་སོ། །བེད་སྤྱོ༷ད་ཀུན་སྤྱོ༷ད་ས་སྤྱོད་ཡིན། །དགྲ་བོ་བཅོ༷མ་དང་འཕྲོག་བཅོ༷མ་སོགས། །བ་ཡིས་འཕུལ་བ་ཤེས་པར་བྱ། །བཅ༷འ་ཁྲིམས་བཅ༷འ་སྡོད་བ་འཕུལ་དང༌། །དཔྱ༷་ཁྲལ་ད་འཕུལ་ཡིན་པར་ངེས། །
    ཆ༷་རྐྱེན་ཆ༷་ཚང་ཆ་རྐྱང་དང༌། །འཕྱ༷་སྨོད་འཕྱ་ནི་འ་འཕྱ་ཡིན། །ཆ༷ག་སྐྱོན་ཆ༷ག་སྒོར་ཡང་འཇུག་མེད། །སེམས་ཆ༷གས་ཆ༷གས་སྡང་ཡང་འཇུག་ཡོད། །གད་སྙིགས་ཕྱ༷གས་དང་ཕྱ༷གས་མ་ནི། །ཕ་ཕྱགས་ཡིན་ལ་ཡང་འཇུག་ཡོད། །ལག་པའི་ཕྱ༷ག་དང་ཕྱ༷ག་བྲིས་སོགས། །ཡང་འཇུག་མེད་པ་ངེས་དགོས་སོ། །བཏུང་བྱའི་ཆ༷ང་ལ་འཕུལ་མེད་དང༌། །ལག་པ་འཆ༷ང་བར་འ་འཕུལ་ཡོད། །སྐུད་པ་ཆ༷ད་དང་ཆ༷ད་ལྷག་དང༌། །སྔོན་ཆ༷ད་ཕྱིན་ཆ༷ད་རྗེས་འཇུག་ད། །ལྟོ་ཆ༷ས་འཕྲུལ་ཆ༷ས་རྗེས་འཇུག་ས། །མིག་གི་མཆི༷་མ་མ་མཆི་དང༌། །མི་རྟག་འཆི༷་བ་འ་འཆི་འོ། །ཕྱི༷་རྒྱལ་ཕྱི༷་ནང་ཕ་ཕྱི་ཡིན། །འདུམ་འགྲིགས་ཆི༷ངས་ཡིག་ཆ་ཆིངས་དང༌། །ཕྱི༷ང་ཞྭ་ཕྱི༷ང་གུར་ཕ་ཕྱིང་ཡིན། །གཙང་མར་ཕྱི༷ས་པ་རྗེས་འཇུག་ས། ། གངས་འཕྱད་འཁྱགས་འཕྱི༷ད་རྗེས་འཇུག་ད། །ཁ་ཡི་མཆི༷ལ་མ་སྔོན་འཇུག་མ། །རྦ་རླབས་ཆི༷ལ་ཆི༷ལ་སྔོན་འཇུག་མེད། །ནང་ཁྲོལ་མཆི༷ན་པ་མ་མཆིན་དང༌། །ལམ་དུ་ཕྱི༷ན་དང་མཐར་ཕྱི༷ན་པ། །ཕྱི༷ན་ཅི་ལོག་སོགས་ཕ་ཕྱིན་ནོ། །གྱོན་བྱའི་ཕྱུ༷་པ་ཕ་ཕྱུ་དང༌། །གཙང་ཆུ༷་རྒྱུག་ཆུ༷་ཆུ་རྐྱང་ལ། །གྱོད་གཞི་ཁ་མཆུ༷་ཁའི་མཆུ༷་ཏོ། །མ་མཆུ་ཡིན་པ་བློ་རུ་ངེས། །ཕྱུ༷ག་པོའི་ཕྱུག་ལ་ཡང་འཇུག་མེད། །སྒོ་ཕྱུ༷གས་ཕྱུགས་ལ་ཡང་འཇུག་ཡོད། །ཁ་ནང་མཆེ༷་བ་མ་མཆེ་དང༌། །རྒྱགས་ཕྱེ༷་སྨན་ཕྱེ༷་ཕྱེ༷་མ་ལེབ། །ཕ་ཕྱེ་ཡིན་པ་ངེས་དགོས་སོ། །ཆེ༷ད་མངགས་ཆེ༷ད་བརྗོད་ཆ་རྐྱང་དང༌། །ཤ་ཉེ་སྤུན་མཆེ༷ད་མ་མཆེད་ཡིན། །ཕྱེ༷ད་ཀའི་ཕྱེད་ནི་ཕ་ཕྱེད་དོ། །གསེར་འོད་ཆེ༷མ་ཆེ༷མ་ཡང་འཇུག་མེད། །འཆི་ཁའི་ཁ་ཆེ༷མས་ཡང་འཇུག་ཡོད། ། ཆོ༷ག་དང་མི་ཆོ༷ག་འཕུལ་མེད་དང༌། ། ལེགས་པའི་མཆོ༷ག་ལ་མ་འཕུལ་ཡོད། །ཁ་ཕྱོ༷གས་ཕྱོ༷གས་ལྷུང་ཕྱོ༷གས་སྡོམ་སོགས། །ཕ་ཕྱོགས་ཡིན་པ་ཤེས་པར་བྱ། །དབྱེ་བ་ཆོ༷ད་སོགས་རྗེས་འཇུག་ད། །ཁྱད་ཆོ༷ས་ཆོ༷ས་ལུགས་རྗེས་འཇུག་ས། །ལས་ཕྱོ༷ད་ཕྱོད་ནི་ཕ་ཕྱོད་ཡིན། །
    བཏུང་བྱའི་ཇ༷་ནི་ཇ་རྐྱང་དང༌། །ནམ་མཁའི་བྱ༷་ནི་བ་བྱ་ཡིན། །ཇི༷་ལྟར་ཇི༷་སྲིད་ཇ་ཇི་དང༌། །བྱི༷་བ་བྱི༷་ལ་བ་བྱི་དང༌། །ཇེ༷་མང་ཇེ༷་ཞན་ཇེ་རྐྱང་དང༌། །གྲངས་གནས་བྱེ༷་བ་བྱེ༷་ཐང་སོགས། །བ་བྱེ་ཡིན་པ་ཤེས་པར་བྱ། །ངོ་མཇ༷ལ་མཇ༷ལ་དར་མ་མཇལ་དང༌། །ཁྲལ་སོགས་འཇ༷ལ་བ་འ་འཇལ་ཡིན། །འཇི༷ག་རྟེན་འཇིག་ལ་ཡང་འཇུག་མེད། །འཇི༷གས་སྐྲག་ཆུས་འཇི༷གས་ཡང་འཇུག་ཡོད། །ལུས་ཀྱི་མཇི༷ང་པ་མ་མཇིང་ངོ༌། །མཇུ༷ག་མ་མཇུ༷ག་སྒྲོ་མ་འཕུལ་དང༌། །རྗེས་སུ་འཇུ༷ག་པ་འ་འཕུལ་ཡིན། །དགོངས་འཇ༷གས་བདེ་འཇ༷གས་འ་འཇགས་དང༌། །རོ་འཛིན་ལྗ༷གས་ནི་ལ་ལྗགས་སོ། །འཇི༷མ་བརྙན་འཇི༷མ་བཟོ་འ་འཇིམ་མོ། །ལྟོ་ཆས་འཇུ༷་དང་ལག་པས་འཇུ༷། །ཁྱི་ཤིག་འཇུ༷་བ་འ་འཇུ་ཡིན། །བོད་ལྗོ༷ངས་ཡུལ་ལྗོངས་ལ་ལྗོངས་དང༌། །གཟུགས་དབྱིབས་འཇོ༷ང་འཇོ༷ང་འ་འཇོང་ཡིན། །འགྲུལ་པ་འབྱོ༷ར་བ་འ་འབྱོར་རོ། །རྗེ༷ད་ངས་རྗེ༷ད་ཐོར་རྗེས་འཇུག་ད། །བྱས་རྗེ༷ས་སྔོན་རྗེ༷ས་རྗེས་འཇུག་ས། །དངོས་པོ་བརྗེ༷ས་པར་སྔོན་འཇུག་བ། །སེམས་ཀྱིས་བརྗེ༷ད་པར་རྗེས་འཇུག་ད། །ལོ་ཏོག་ལྗ༷ང་པ་མདོག་ལྗ༷ང་ཁུ། །ལ་ལྗང་ཡིན་པ་ཤེས་པར་བྱ། །ལྗི༷ད་ཚད་ལྗི༷ད་འདེགས་ལ་ལྗིད་དང༌། །བརྗི༷ད་ཆགས་གཟི་བརྗི༷ད་ར་བརྗིད་ཡིན། །
    ཆུ་ནང་ཉ༷་མོ་ཉ་རྐྱང་དང༌། །རྐང་པའི་ཉྭ༷་ལ་ཝ་ཟུར་ཡོད། །ཉ༷མ་ཆུང་ཉ༷མ་ཐག་ཡང་འཇུག་མེད། །ཉམ༷ས་འགྱུར་ཉམ༷ས་རྒུད་ཉམ༷ས་མྱོང་དང༌། །ཉམ༷ས་ལེན་སོགས་ལ་ཡང་འཇུག་ཡོད། །སྙ༷ན་ངག་སྙ༷ན་གྲགས་སྒྲ་སྙ༷ན་པོ། །སྙ༷ན་སྒྲོན་ལ་སོགས་ས་སྙན་དང༌། །གཟུགས་བརྙ༷ན་ར་བརྙན་བ་འཕུལ་ཡོད། །མཇིང་པའི་གཉ༷འ་དང་གཉ༷འ་གནོན་དང༌། །གཉ༷འ་ཤིང་ལ་སོགས་ག་གཉའ་འོ། །དོ་མཉ༷མ་འདྲ་མཉ༷མ་མཉ༷མ་ལས་ཁང༌། །མ་མཉམ་ཡིན་པ་ཤེས་པར་བྱ། །ཆང་སོགས་བསྙ༷ལ་བ་ས་བསྙལ་ལོ། །ཉལ་བའི་གཉི༷ད་ལ་རྗེས་འཇུག་ད། །གྲངས་ཀ་གཉི༷ས་ལ་རྗེས་འཇུག་ས། །ཀོ་བ་མཉེ༷ད་པར་རྗེས་འཇུག་ད། །དགའ་བའི་མཉེ༷ས་ལ་རྗེས་འཇུག་ས། །ལུས་སོགས་མཉེ༷ན་པོ་མ་འཕུལ་དང༌། །དགྲ་གཉེ༷ན་གཉེ༷ན་ཚན་ག་འཕུལ་ཡིན། །ཅ་ལག་རྙི༷ང་པ་ར་རྙིང་ལ། །ནང་ཁྲོལ་སྙི༷ང་དང་སྙི༷ང་རུས་དང༌། །སྙི༷ང་གཏམ་སྙི༷ང་རྗེ་ས་སྙིང་ཡིན། །དུས་ཀྱི་སྙི༷གས་དང་གད་སྙི༷གས་སོགས། །ས་སྙིགས་ཡིན་པ་ཤེས་པར་བྱ། །
པོ་ཏ༷་ལ་ནི་ཏ་རྐྱང་དང༌། །འཇིག་རྟེན་ལྟ༷་བ་ལ་ལྟ་ལ། །ཅང་ཤེས་རྟ༷་ནི་ར་རྟ་ཡིན། །ཤིང་གཅོད་སྟ༷་རེ་ས་སྟ་འོ། །ཁྱི་སོགས་བཏ༷གས་པ་བ་བཏགས་དང༌། །རྒྱལ་རྟ༷གས་རྟ༷གས་མཚན་ར་རྟགས་ཡིན། །ལྟ༷ག་ཁུང་ལྟ༷ག་སྒོ་ལ་ལྟག་དང༌། །གཅན་གཟན་སྟ༷ག་དང་ཤིང་སྟ༷ག་མ། །ས་སྟག་ཡིན་པས་མ་ནོར་ཅིག །ནན་ཏ༷ན་ཡོན་ཏ༷ན་འཕུལ་མེད་དང༌། །ལས་ཀ་གཏ༷ན་འཁེལ་དུས་གཏ༷ན་དུ། །ག་གཏན་ཡིན་པ་ཤེས་པར་བྱ། །སྲ་ཞིང་བརྟ༷ན་པར་ར་བརྟན་དང༌། །མིག་ལ་བསྟ༷ན་པ་ས་བསྟན་ཡིན། །སྦྱིན་པ་བཏ༷ང་དང་རླངས་འཁོར་བཏ༷ང༌། །བཏ༷ང་སྙོམས་ལ་སོགས་བ་བཏང་ངོ༌། །གདན་སོགས་བཏི༷ང་བ་བ་བཏིང་དང༌། །རྒྱ་མཚོའི་གཏི༷ང་ནི་ག་གཏིང་ངོ༌། །རྐང་པའི་རྟི༷ང་པ་ར་རྟིང་ལ། །ཁྲིམས་ལ་གཏུ༷གས་དང་མཐར་གཏུ༷གས་པ། །ཐོད་པ་གཏུ༷གས་སོགས་ག་གཏུགས་དང༌། །འོག་རླུང་རྟུ༷ག་དྲི་ར་རྟུག་ལ། །ནགས་ཚལ་སྟུ༷ག་པོ་ས་སྟུག་ཡིན།། ཇ་ཆང་བཏུ༷ངས་པ་བ་བཏུངས་སོ། །སྐབས་བསྟུ༷ན་སྟབས་བསྟུ༷ན་ས་བསྟུན་ཡིན། །ཉེས་ཅན་གཏེ༷་པོ་གཟུགས་གཏེ༷་པོ། །ག་གཏེ་ཡིན་པ་ཤེས་དགོས་ལ། །ལུས་ཀྱི་ལྟེ༷་བ་ལ་ལྟེ་ཡིན། །གོང་དུ་བཏེ༷གས་པ་བ་བཏེགས་དང༌། །ཀ་སྟེ༷གས་རྐུབ་སྟེ༷གས་ས་སྟེགས་ཡིན། །འཇིག་རྟེ༷ན་རྟེ༷ན་འབྲེལ་ར་རྟེན་དང༌། །སྨན་པ་བསྟེ༷ན་སོགས་ས་བསྟེན་ཡིན། །ལྕགས་གཏེ༷ར་ལ་སོགས་ག་གཏེར་རོ། །ཁོངས་སུ་གཏོ༷གས་པ་ག་གཏོགས་དང༌། །རྟོ༷ག་ཞིབ་རྟོ༷ག་དཔྱོད་ར་རྟོག་ལ། །གོ་རྟོ༷གས་ཤེས་རྟོ༷གས་ཡང་འཇུག་ཡོད། །བང་མི་གཏོ༷ང་སོགས་ག་གཏོང་དང༌། །གྲངས་ཀྱི་སྟོ༷ང་སོགས་ས་སྟོང་ཡིན། །སྟོ༷ད་སྨད་སྟོ༷ད་ཐུང་ས་སྟོད་དང༌། །བསྟོ༷ད་བསྔགས་གཟེངས་བསྟོ༷ད་སྔོན་འཇུག་བ། །གསར་གཏོ༷ད་རྒྱབ་གཏོ༷ད་ག་གཏོད་དང༌། །ཉིན་མཚན་ལྟོ༷ས་མེད་ལ་ལྟོས་ཡིན། །མིག་ལ་སྟོ༷ན་དང་སློབ་སྟོ༷ན་དང༌། །དུས་ཀྱི་སྟོ༷ན་ཁ་སྟོ༷ན་ཐོག་སོགས། །ས་སྟོན་ཡིན་པ་ངེས་དགོས་སོ། །བློ་སྟོ༷བས་སྟོ༷བས་འབྱོར་ས་སྟོབས་ཡིན། །གཏོ༷ར་བརླགས་གཏོ༷ར་བཤིག་ག་གཏོར་རོ། །
    ཐ༷་ཤལ་ཐ༷་མ་ཐ༷་སྙད་དང༌། །ཐ༷་ཐོར་ལ་སོགས་ཐ་རྐྱང་ཡིན། །མཐ༷འ་མཚམས་མཐ༷འ་འཁྱོལ་མ་ཡིས་འཕུལ། །ཐ༷ག་པ་ཐ༷ག་ཉེ་འཕུལ་མེད་དང༌། །སྣམ་བུ་འཐ༷ག་དང་རྩམ་པ་འཐ༷ག །འཁལ་འཐ༷ག་ལ་སོགས་འ་འཕུལ་ཡོད། །ཐ༷བས་ཤེས་ཐ༷བས་རྡུགས་ཡང་འཇུག་དང༌། །ཐ༷བ་ཚང་ཐ༷བ་ཀར་ཡང་འཇུག་མེད། །དགྲ་ལ་འཐ༷བ་པར་འ་འཕུལ་ཡོད། །ཆུ་ཡི་ཐི༷གས་པར་ཡང་འཇུག་ཡོད། །ཐི༷ག་ཚད་ཐི༷ག་ཤིང་ཡང་འཇུག་མེད། །ཐག་པ་འཐེ༷ན་པར་འ་འཐེན་ནོ། །མུན་པ་འཐི༷བ་པར་འ་འཐིབ་ཡིན། །ཕན་ཚུན་ཐུ༷ག་འཕྲད་ཡང་འཇུག་མེད། །ཐུ༷གས་དགོངས་ཐུ༷གས་བསུན་ཡང་འཇུག་ཡོད། །གོས་སོགས་མཐུ༷ག་པོར་སྔོན་འཇུག་མ། །ལས་ཀ་འཐུ༷ས་ཚང་འཐུ༷ས་ཤོར་དང༌། །ཚབ་ཀྱི་འཐུ༷ས་མིར་འ་འཐུས་ཡིན། །ཆད་ནས་མཐུ༷ད་པ་མ་མཐུད་དང༌། །བཟའ་བྱའི་ཐུ༷ད་ལ་སྔོན་འཇུག་མེད། །ཐོ༷་རེངས་ཐོ༷་བ་ཐ་རྐྱང་དང༌། །ལག་པའི་མཐོ༷་དང་ཚད་མཐོ༷་པོ། །མ་མཐོ་ཡིན་པ་ངེས་དགོས་སོ། །ཁང་པའི་ཐོ༷ག་དང་དུས་ཐོ༷ག་མར། །ཡང་འཇུག་སྔོན་འཇུག་གང་ཡང་མེད། །ལག་ཏུ་ཐོ༷གས་པར་ཡང་འཇུག་ཡོད། །ཞིང་ཆས་ཐོ༷ང་གཤོལ་ཐ་རྐྱང་དང༌། །མིག་གིས་མཐོ༷ང་བར་མ་འཕུལ་ཡོད། །ཕྱོགས་ཐོ༷ན་ཐོ༷ན་སྐྱེད་འཕུལ་མེད་དང༌། །རི་བོ་མཐོ༷ན་པོར་མ་ཡིས་འཕུལ། །རྣ་བས་ཐོ༷ས་པར་རྗེས་འཇུག་ས། །མགོ་བོའི་ཐོ༷ད་པར་རྗེས་འཇུག་ད། །
    སྡུ༷ག་བསྔལ་སྡུ༷ག་རུས་ས་སྡུག་གོ །ཁང་པའི་གདུ༷ང་མར་ག་གདུང་དང༌། །མཚོན་ཆ་མདུ༷ང་ནི་མ་མདུང་ལགས། །རྡུ༷ང་རྡེག་ཉེས་རྡུ༷ང་ར་རྡུང་ཡིན། །དུ༷ད་འགྲོ་དུ༷ད་ཚང་རྗེས་འཇུག་ད། །དུ༷ས་ཚོད་ནམ་དུ༷ས་རྗེས་འཇུག་ས། །གྲལ་གྱི་མདུ༷ན་ནི་མ་འཕུལ་དང༌། །སེམས་ཀྱི་འདུ༷ན་པར་འ་འཕུལ་ཡོད། །བདེ༷་ཐང་བདེ༷་སྐྱིད་བ་བདེ་དང༌། །ཡུལ་སྡེ༷་སྡེ༷་ཚན་ས་སྡེའོ། །རྗེས་འདེ༷ད་སྐུལ་འདེ༷ད་འ་འཕུལ་དང༌། །མེ་མད༷འི་མདེལ་ནི་མ་འཕུལ་ཡིན། །གྱང་གི་ལྡེ༷བས་ནི་ལ་ལྡེབས་དང༌། །སྡེ༷བ་སྦྱོར་མཉམ་སྡེ༷བ་ས་སྡེབ་ཡིན། །ཤིང་གི་འད༷བ་མར་འ་འདབ་དང༌། །རི་ཡི་འད༷བས་ལ་ཡང་འཇུག་ཡོད། །གྲངས་ཀྱི་ལྡ༷བ་ནི་ལ་ལྡབ་ཡིན། །ཚེ་འད༷ས་དུས་འད༷ས་འ་འདས་དང༌། །ས་ལ་བསྡ༷ད་པར་ས་བསྡད་ཡིན། །ལུང་པའི་མད༷འ་དང་འཕེན་བྱའི་མད༷འ། །མ་ཡིས་འཕུལ་བ་ཤེས་པར་བྱ། །ནམ་མཁར་ལྡི༷ང་བར་ལ་ལྡིང་དང༌། །ས་ཆའི་སྡི༷ངས་ནི་ས་སྡིངས་ཡིན། །མེ་ཏོག་ལྡུ༷མ་རར་ལ་ལྡུམ་དང༌། །བར་འདུ༷མ་འདུ༷མ་འགྲིག་འ་འདུམ་ཡིན། ། རྒྱ་མ་དོ༷་དང་འབྲུ་དོ༷་པོ། །དོ༷་ཟླ་བྲལ་བ་ད་རྐྱང་ངོ༌། །བྲག་རྡོ༷་གཏེར་རྡོ༷་ར་རྡོ་དང༌། །ཁང་པའི་མདོ༷་ནི་མ་མདོ་ཡིན། །ཚོན་གྱི་མདོ༷ག་ནི་མ་འཕུལ་དང༌། །མིང་སོགས་འདོ༷གས་པ་འ་འཕུལ་ཡིན། །ལྕགས་མདོ༷ང་ཇ་མདོ༷ང་མ་འཕུལ་དང༌། །ངོ་གདོ༷ང་གདོ༷ང་ལེན་ག་ཡིས་འཕུལ། །ཤིང་གི་སྡོ༷ང་པོ་ས་སྡོང་ཡིན། །འདོ༷ད་ཡོན་རེ་འདོ༷ད་འ་འཕུལ་དང༌། །སྡོ༷ད་གནས་སྡོ༷ད་ཁང་ས་སྡོད་ཡིན། །ཡི་གེ་འདོ༷ན་པར་འ་འདོན་དང༌།། གདོ༷ན་འདྲེའི་གདོན་ནི་ག་གདོན་ཡིན། །འཇལ་ཚད་འདོ༷མ་ལ་ཡང་འཇུག་མེད། །བཀོད་འདོ༷མས་འདོམས་ལ་ཡང་འཇུག་ཡོད། །གྲངས་ཀྱི་སྡོ༷མ་ནི་ས་སྡོམ་ཡིན། །
    གན༷འ་དུས་གནའ་ནི་ག་གནའ་དང༌། །མན༷འ་མའི་མནའ་ནི་མ་མནའ་ཡིན། །ཉན་བྱེད་རྣ༷་བ་ར་རྣ་དང༌། །སྣ༷་ཚོགས་སྣ༷་ཁུང་ས་སྣའོ། །ཁ་དོག་ན༷ག་པོར་ཡང་འཇུག་མེད། །ན༷གས་ཚལ་ནགས་ལ་ཡང་འཇུག་ཡོད། །གན༷ག་ཕྱུགས་གན༷ག་སེམས་ག་གནག་དང༌། །སྣ༷ག་ཚ་སྣ༷ག་བུམ་ས་སྣག་ཡིན། །བཀའ་མོལ་གན༷ང་སོགས་ཡང་འཇུག་མེད། །གན༷ངས་ཉིན་གན༷ངས་དགོང་ཡང་འཇུག་ཡོད། །ཞིང་གི་རྣང༷་མ་ར་རྣང་དང། །སེམས་ཀྱི་སྣང༷་བ་ས་སྣང་ཡིན། །གན༷ད་འགག་གན༷ད་དོན་རྗེས་འཇུག་ད། །གན༷ས་སྐབས་གན༷ས་ཚུལ་རྗེས་འཇུག་ས། །འོག་ཏུ་མན༷ན་པ་མ་མནན་དང༌། །གྲངས་ཀ་བསྣ༷ན་པ་ས་བསྣན་ཡིན། །ན༷མ་མཁའ་ན༷མ་ཞིག་ཡང་འཇུག་མེད། །བསོད་ན༷མས་ནམས་ལ་ཡང་འཇུག་ཡོད། །རྣམ༷་གྲངས་རྣམ༷་འགྱུར་ཡང་འཇུག་མེད། །མང་པོའི་རྣམ༷ས་ལ་ཡང་འཇུག་ཡོད། །གན༷མ་གྲུ་གན༷མ་གཤིས་ག་གནམ་དང༌། །གྱོན་ཆས་སྣམ༷་བུ་ས་སྣམ་ཡིན། །ནད་ཀྱིས་མན༷ར་བར་མ་མནར་དང༌། །མཇུག་མ་བསྣར༷་བར་ས་བསྣར་རོ། །མནོ༷་བསམ་མནོ་ནི་མ་མནོ་དང༌། །གྲི་ཡི་རྣོ༷་ནི་ར་རྣོ་ཡིན། །གནོ༷ད་སྐྱོན་གནོ༷ད་འཚེར་ག་འཕུལ་དང༌། །ལྟོ་སྣོ༷ད་ཆང་སྣོ༷ད་ས་མགོ་ཡོད། །གཉའ་གནོ༷ན་གནོ༷ན་ཤུགས་ག་གནོན་དང༌། །ཁ་སྣོ༷ན་ཤུགས་སྣོ༷ན་ས་སྣོན་ཡིན། །
    རེས་གཟའ་པ༷་སངས་པ་རྐྱང་དང༌། །རི་ཤིང་སྤ༷་མ་སྐྲའི་སྤ༷་ལོ། །པ་ལ་ས་ཡི་མགོ་ཅན་ཡོད། །དཔ༷འ་བོ་དཔ༷འ་མོར་ད་འཕུལ་ལོ། །སྟག་ལྤ༷གས་གཟིག་ལྤ༷གས་ལ་ལྤགས་དང༌། །བཟའ་བྱའི་སྤ༷གས་ནི་ས་སྤགས་ཡིན། །པ༷ང་གདན་པ༷ང་ལེབ་པ་རྐྱང་དང༌། །སྤ༷ང་རི་སྤ༷ང་གཤོངས་ས་སྤང་ཡིན། །སྤ༷ངས་བླང་སྤངས་ལ་ཡང་འཇུག་ཡོད། །དཔ༷ང་པོའི་དཔང་ནི་ད་དཔང་དང༌། །མཐོ་དམའི་དཔ༷ངས་ལ་ཡང་འཇུག་ཡོད། །འབྲུ་སོགས་སྤུ༷ངས་པ་ས་སྤུངས་དང༌། །ཕྲག་པའི་དཔུ༷ང་དང་དམག་དཔུ༷ང་ནི། །ད་དཔུང་ཡིན་པ་བློ་རུ་ངེས། ། རྐང་པའི་པུ༷ས་མོ་པ་རྐྱང་དང༌། །དངོས་པོའི་སྤུ༷ས་ཀ་ས་སྤུས་ཡིན། །རེས་གཟའ་སྤེ༷ན་པ་ས་སྤེན་ནོ། །དར་སྤེ༷ལ་ལེགས་སྤེ༷ལ་ས་སྤེལ་ཡིན། །ཡི་གེ་དཔོ༷ད་པ་ད་དཔོད་དང༌། །གནས་སོགས་སྤོ༷ས་པ་ས་སྤོས་ཡིན། །
    ཕ༷ག་པ་ས་ཕ༷ག་ཕག་རྐྱང་དང༌། །ཁྱད་དུ་འཕ༷གས་པར་འ་འཕགས་ཡིན། །ཕ༷ངས་སེམས་ཕངས་ལ་འཕུལ་མེད་དང༌། །མདའ་སོགས་འཕ༷ངས་པར་འ་འཕུལ་ཡོད། །ཕ༷ར་ཕྱོགས་ཕ༷ར་རྒོལ་སྔོན་འཇུག་མེད། །གྲངས་འབོར་འཕ༷ར་བར་སྔོན་འཇུག་ཡོད། །བྲག་ཕུ༷ག་ཕུ༷ག་རོན་ཡང་འཇུག་མེད། །ཕུ༷གས་བསམ་ཕུ༷གས་རེར་ཡང་འཇུག་ཡོད། །ཕུ༷ར་བུ་ལྕགས་ཕུ༷ར་སྔོན་འཇུག་མེད། །ནམ་མཁར་འཕུ༷ར་བར་སྔོན་འཇུག་འ། །ཕྱག་ཏུ་ཕུ༷ལ་བར་སྔོན་འཇུག་མེད། །སྔོན་འཇུག་འཕུ༷ལ་ཡིག་འ་འཕུལ་ཡོད། །གོང་འཕེ༷ལ་འཕེ༷ལ་རྒྱས་འ་འཕེལ་ལོ། །བང་མི་ཕོ༷་ཉར་ཕ་རྐྱང་དང༌། །ལས་ཀའི་འཕོ༷་འགྱུར་འ་འཕོ་ཡིན། །ཕོ༷ག་ཐུག་ཕོག་ལ་ཡང་འཇུག་མེད། །གླ་ཕོ༷གས་ཕོགས་ལ་ཡང་འཇུག་ཡོད། །རླུང་འཕྲི༷ན་འཕྲི༷ན་ཡིག་འཕྲི༷ན་ལས་སོགས། །སྔོན་འཇུག་འ་ཡིས་འཕུལ་བར་ངེས། །
    དབུ༷་སྐྲ་དབུ༷་བརྙེས་ད་ཡིས་འཕུལ། །ཨུ༷་ཚུགས་ཨུ་ནི་ཨུ་རྐྱང་ཡིན། །གཡ༷ང་གཟར་གཡ༷ང་ལུག་ག་གཡང་དང༌། །ཡི་གེའི་དབྱ༷ངས་དང་གླུ་དབྱངས་ནི། །ད་དབྱངས་ཡིན་པ་ཤེས་པར་བྱ། །དུས་ཀྱི་དབྱ༷ར་ནི་ད་དབྱར་དང༌། །དངོས་པོ་གཡ༷ར་བ་ག་གཡར་ཡིན། །གཟུགས་ཀྱི་དབྱི༷བས་ནི་ད་དབྱིབས་སོ། །བག་གཡེ༷ང་ལྷོད་གཡེ༷ང་ག་གཡེང་ངོ༌། །མངའ་འབ༷ངས་སྦྱི་འབ༷ངས་འ་འབངས་དང༌། །ཆང་གི་སྦ༷ང་མར་ས་སྦང་ངོ༌། །ཐོན་འབ༷བ་ཡོང་འབ༷བ་འ་འབབ་དང༌། །རི་ཡི་རྦ༷བ་རྡོར་ར་རྦབ་ཡིན། །འབོ༷ད་སྐུལ་འབོ༷ད་སྒྲར་འ་འབོད་དང༌། །གྲོད་ཁོག་སྦོ༷ས་པར་ས་སྦོས་ཡིན། །གྲངས་ཀྱི་འབོ༷ར་ནི་འ་འབོར་རོ། །ཆུ་ཡི་རྦ༷་རླབས་ར་རྦ་དང༌། །ཤིང་རིགས་སྦ༷་ནི་ས་སྦ་ལ། །སྐེ་ཡི་ལྦ༷་བར་ལ་ལྦ་ཡིན། །ཆུ་ཡི་ལྦུ༷་བར་ལ་ལྦུ་དང༌། །འབུ༷་སྲིན་འབུ་ནི་འ་འབུ་ཡིན། །བློ་ཐག་རྦ༷ད་བཅད་ར་རྦད་དང༌། །འབ༷ད་བརྩོན་འབ༷ད་འབུངས་འ་འབད་ལ། །དངོས་པོ་སྦ༷ས་པ་ས་སྦས་ཡིན། །ཕྱི་ལ་འབུ༷ད་པར་འ་འབུད་དང༌། །མེ་གཏོང་སྦུ༷ད་པར་ས་སྦུད་ཡིན། །ཆར་ཟིམ་སྦྲ༷ང་ཆར་འབུ་སྦྲ༷ང་མ། །ས་སྦྲང་ཡིན་པ་བློ་རུ་ངེས། །
    ལྟ་བྱེད་མི༷ག་ལ་རྗེས་འཇུག་ག །མགྲིན་པའི་མི༷ད་པར་རྗེས་འཇུག་ད། །མེ༷ས་རྒྱལ་མེ༷ས་པོར་རྗེས་འཇུག་ས། །ཡོད་མེ༷ད་མེད་ལ་རྗེས་འཇུག་ད། །དམ༷ག་དཔུང་དམག་ནི་ད་དམག་དང༌། །མུན་པའི་སྨ༷ག་རུམ་ས་སྨག་གོ །དམ༷ངས་གཙོའི་དམངས་ནི་ད་དམངས་དང༌། །རྨང་གཞིའི་རྨང་ནི་ར་རྨང་ཡིན། །མཆོག་དམ༷ན་དམ༷ན་ཤར་ད་དམན་དང༌། །སྨ༷ན་པ་སྨ༷ན་བཅོས་ས་སྨན་ཡིན། །ངོ་མཚར་རྨ༷ད་བྱུང་ར་རྨད་དང༌། །ལུས་ཀྱི་སྨ༷ད་སོགས་ས་སྨད་ཡིན། །རིམ་པ་དམ༷འ་དང་དམའ་འབེབས་དང༌། །རིན་གོང་དམ༷འ་སོགས་ད་འཕུལ་ཡོད། །རྨ༷་དང་རྨ༷་བྱར་ར་རྨ་དང༌། །སྐད་ཆ་སྨྲ༷་བར་ས་སྨྲ་ཡིན། །ཉལ་བའི་རྨི༷་ལམ་ར་རྨི་འོ། །དམི༷གས་ཡུལ་དམི༷གས་བསལ་ད་དམིགས་དང༌། །རྟ་ཡི་རྨི༷ག་པར་ར་རྨིག་ཡིན། །ལོ་ཏོག་སྨི༷ན་པ་ས་སྨིན་ནོ། །ཁྱི་ཡིས་རྨུ༷གས་པར་ར་རྨུགས་དང༌། །ས་གཞི་སྨུ༷ག་དང་རིའི་སྨུ༷ག་པ། །ས་སྨུག་ཡིན་པས་མ་ནོར་ཅིག །ས་ཞིང་རྨོ༷་བར་ར་རྨོ་ལགས། །རྨོ༷ངས་པ་མགོ་རྨོ༷ངས་ར་རྨོངས་སོ། །སྨོ༷ན་ཚིག་སྨོ༷ན་འདུན་ཡིད་སྨོན་ནི། །ས་སྨོན་ཡིན་པས་ཤེས་པར་བྱ། །
    གཙ༷ང་མ་གཙ༷ང་ཆུར་སྔོན་འཇུག་ག །བཀའ་བཙ༷ན་ཁུངས་བཙ༷ན་བཙ༷ན་ཤེད་དང༌། །བཙ༷ན་འཛུལ་སོགས་ལ་བ་འཕུལ་ཡོད། །ཕྲན་ཙ༷མ་ལེགས་ཙ༷མ་ཙ་རྐྱང་དང༌། །བཟའ་བྱའི་རྩ༷མ་པར་ར་རྩམ་ཡིན། །རྩ༷་བ་རྩ༷་རྒྱུས་ར་རྩ་དང༌། །གཟན་རྩྭ༷འི་རྩྭ་ལ་ཝ་ཟུར་ཡོད། །གླ་རྩི༷་སྦྲང་རྩི༷ར་འཕུལ་མེད་དང༌། ། བརྩི༷་བཀུར་བརྩི༷་འཇོག་བ་འཕུལ་ཡོད། །གཡག་གི་རྩི༷ད་པར་རྗེས་འཇུག་ད། །གྲངས་ཀྱི་རྩི༷ས་ལ་རྗེས་འཇུག་ས། །མགོ་བོའི་སྤྱི་གཙུ༷ག་ག་གཙུག་དང༌། །ཤིང་སོགས་བཙུ༷གས་པར་བ་བཙུགས་ཡིན། །བཙུ༷ན་པ་བཙུ༷ན་མོར་བ་བཙུན་ནོ། །ཚིག་རྩུ༷བ་གདུག་རྩུ༷བ་ར་རྩུབ་ཡིན། །རི་ཡི་རྩེ༷་མོ་ར་རྩེ་དང༌། །བརྩེ༷་དུང་བརྩེ༷་བར་བ་འཕུལ་ཡོད། །གཙོ༷་བོ་གཙོ༷་འཛིན་ག་གཙོ་དང༌། །གསེར་སྦྱང་བཙོ༷་མར་བ་བཙོ་ཡིན། །བཙོ༷ན་པ་བཙོ༷ན་ར་བ་བཙོན་དང༌། །བརྩོ༷ན་འགྲུས་སྦྱང་བརྩོ༷ན་ར་བརྩོན་ཡིན། །
    ཉི་མ་ཚ༷་དང་སྤུན་ཚ༷་བོ། །ན་ཚ༷་ལ་སོགས་ཚ་རྐྱང་ངོ༌། །བཟའ་བྱའི་ཚྭ༷་ལ་ཝ་ཟུར་ཡོད། །ལུས་ཀྱི་མཚ༷ང་རར་མ་འཕུལ་དང༌། །ཁྱིམ་ཚ༷ང་གྲངས་ཚ༷ང་འཕུལ་མེད་ཅིང༌། །གོས་ཀྱི་བར་འཚ༷ང་འ་འཕུལ་ཡིན། །རྟགས་མཚ༷ན་མཚ༷ན་མོར་མ་མཚན་དང༌། །སྡེ་ཚ༷ན་ནང་ཚ༷ན་སྔོན་འཇུག་མེད། །ཚ༷བས་ཆེ་གནོད་ཚ༷བས་ཡང་འཇུག་ཡོད། །སྐྱིན་ཚ༷བ་ངོ་ཚ༷བ་ཡང་འཇུག་མེད། །བྲེལ་འཚ༷བས་འཚབ་ནི་འ་འཚབ་བོ། །ངོ་མཚ༷ར་མཚར༷་སྡུག་མ་མཚར་དང༌། །ལས་ཀ་ཚ༷ར་བར་སྔོན་འཇུག་མེད། །ལས་ཀ་མཚ༷མས་འཇོག་མཚ༷མས་སྤྲིན་དང༌། །བར་མཚ༷མས་ལ་སོགས་མ་མཚམས་ཡིན། །རིང་ཐུང་འཚ༷མས་པར་འ་འཚམས་སོ།། ཚོས་གཞི་མཚ༷ལ་ཀར་སྔོན་འཇུག་མ། །ནགས་ཚ༷ལ་སྐྱེད་ཚ༷ལ་སྔོན་འཇུག་མེད། །ལྷུ་ཚི༷གས་ཚིགས་ལ་ཡང་འཇུག་ཡོད། །མིང་ཚི༷ག་ཚིག་ལ་ཡང་འཇུག་མེད། །མེ་ཡིས་འཚི༷གས་པར་འ་འཚིགས་སོ། །གྲོང་པ་ཁྱིམ་མཚེ༷ས་མ་མཚེས་དང༌། །ཚེ༷ས་གྲངས་ཚེས་ལ་སྔོན་འཇུག་མེད། །ཕྱུགས་ཟོག་འཚོ༷་བར་འ་འཚོ་དང༌། །རྒྱ་མཚོའི་མཚོ་ནི་མ་མཚོ་འོ། །མཚོ༷ན་ཆ་མཚོ༷ན་རྟགས་མ་མཚོན་དང༌། །ཚོ༷ན་རྩི་ཚོ༷ན་ཁྲར་སྔོན་འཇུག་མེད། ཐེ་ཚོ༷མ་ཚོ༷མ་བུར་འཕུལ་མེད་དང༌། །དགོངས་པ་འཚོ༷མ་པར་འ་འཕུལ་ཡོད། །
    མཛ༷འ་བརྩེ་མཛ༷འ་མཐུན་མ་མཛའ་དང༌། །རྫ༷་ཁོག་རྫ༷་གཡམ་ར་རྫ་ཡིན། །མཁས་མཛ༷ངས་མཛ༷ངས་མར་མ་འཕུལ་དང༌། །ལག་པ་འཛ༷ངས་པར་འ་འཛངས་ཡིན། །མཛ༷ད་འཕྲིན་མཛ༷ད་རྫེས་མ་མཛད་དང༌། །འཛ༷ད་སྤྲོད་འཛ༷ད་སྤྱོད་འ་འཛད་ཡིན། །འཐབ་འཛི༷ང་འཛིང་ནི་འ་འཛིང་དང༌། །ཆུ་ཡི་རྫི༷ང་བུར་ར་རྫིང་ཡིན། །ལག་ཏུ་འཛིན་དང་འཁོན་འཛི༷ན་ནི། །འ་འཛིན་ཡིན་པ་ཤེས་པར་བྱ། །རྫུ༷་འཕྲུལ་ན་རྫུ༷ར་ར་རྫུ་དང༌། །རྫུ༷ན་གཏམ་རྫུ༷ན་པར་རྗེས་འཇུག་ན། །ཞལ་འཛུ༷མ་འཛུ༷མ་དམུལ་འ་འཛུམ་མོ། །ནང་དུ་འཛུ༷ལ་བར་འ་འཛུལ་ཡིན། །ཁ་སོགས་འཛེ༷མ་པར་འ་འཛེམ་མོ། །མཛེ༷ས་པོ་མཛེ༷ས་སྡུག་མ་མཛེས་དང༌། །གོས་སོགས་བརྫེ༷ས་པར་ར་བརྫེས་ཡིན། །མཛོ༷་དང་མཛོ༷་མོར་མ་མཛོ་འོ། །ཡོངས་སུ་རྫོ༷གས་པར་ར་རྫོགས་ཡིན། །ཆུ་མཛོ༷ད་མཛོ༷ད་ཁང་མ་མཛོད་ལ། །མཉམ་དུ་འཛོ༷མ་པ་འ་འཛོམ་ཡིན། །
    ཝ༷་སྐྱེས་ཝ༷་ལེར་ཝ་རྐྱང་ངོ༌། །
    རྐང་ལག་ཞ༷་བོ་ཞ་རྐྱང་དང༌། །མགོ་ཡི་ཞྭ༷་མོར་ཝ་ཟུར་ཡོད། །ཉིན་ཞ༷ག་ཞ༷ག་ཚིར་ཡང་འཇུག་མེད། །ཐག་པའི་ཞ༷གས་པར་ཡང་འཇུག་ཡོད། །ས་ལ་བཞ༷ག་པར་བ་བཞག་དང༌། །སློབ་གསོའི་བྱ་གཞ༷ག་ག་གཞག་གོ །མེ་ཏོག་བཞ༷ད་པར་བ་བཞད་དང༌། །གླུ་གཞ༷ས་གཞས་ནི་ག་གཞས་ཡིན། །སྤུས་ཀ་ཞ༷ན་པར་སྔོན་འཇུག་མེད། །རང་གཞ༷ན་གཞན་ལ་སྔོན་འཇུག་ག །ཞ༷ར་བྱུང་ཞ༷ར་ཞོར་སྔོན་འཇུག་མེད། །སྐྲ་སོགས་བཞ༷ར་བར་སྔོན་འཇུག་བ། །ཞི༷་དྲག་ཞི༷་བདེར་སྔོན་འཇུག་མེད། །གྲོས་གཞི༷་རྨང་གཞི༷ར་སྔོན་འཇུག་ག །མདའ་ཡི་གཞུ༷་ནི་ག་གཞུ་དང༌། །མར་ཁུ་བཞུ༷་བར་བ་བཞུ་ཡིན། །ལམ་གྱི་གཞུ༷ང་དང་སྲིད་གཞུ༷ང་སོགས། །ག་གཞུང་ཡིན་པ་བློ་རུ་ངེས། །ཉི་མ་བཞུ༷ད་པར་བ་བཞུད་དང༌། །རྡོ་སོགས་གཞུ༷ས་པར་ག་གཞུས་ཡིན། །གདན་ནས་བཞེ༷ངས་པར་བ་བཞེངས་དང༌། །ཁ་ཞེ༷ང་ཞེང་ལ་སྔོན་འཇུག་མེད། །ཕྱག་ཏུ་བཞེ༷ས་པར་རྗེས་འཇུག་ས། །དགོངས་པ་བཞེ༷ད་པར་རྗེས་འཇུག་ད། །ཞོ༷ག་ཁོག་ཞོག་ལ་ཡང་འཇུག་མེད། །སྔ་དྲོའི་ཞོ༷གས་པར་ཡང་འཇུག་ཡོད། །བཤུ་གཞོ༷ག་ཤིང་གཞོག་སྔོན་འཇུག་ག །གཞོ༷གས་འདེགས་གཞོགས་ལ་ཡང་འཇུག་ཡོད། །སྒང་ཞོ༷ང་ཞོང་ལ་སྔོན་འཇུག་མེད། །ཤིང་གི་གཞོ༷ང་པར་སྔོན་འཇུག་ག །རྟ་སོགས་བཞོ༷ན་པར་བ་བཞོན་དང༌། །ན་སོ་གཞོ༷ན་པར་ག་གཞོན་ནོ། །
    ཁོང་ཁྲོ་ཟ༷་དང་ཟ༷་མ་དང༌། །ཟ༷་རུ་ལ་སོགས་ཟ་རྐྱང་ཡིན། །གཟ༷འ་འཁོར་གཟ༷འ་འཛིན་ག་གཟའ་དང༌། །བཟ༷འ་ཚང་ན་བཟ༷འ་བ་བཟའ་ཡིན། །ལྕགས་རིགས་ཟ༷ངས་ལ་འཕུལ་མེད་དང༌། མི་བཟ༷ང་ལས་བཟང་བ་འཕུལ་ཡོད། །ཚེ་སོགས་ཟ༷ད་པར་རྗེས་འཇུག་ད། །ཁ་ཟ༷ས་ཟས་ལ་རྗེས་འཇུག་ས། །སེམས་ལ་གཟ༷ན་པར་ག་གཟན་དང༌། །ནང་ཟ༷ན་མར་ཟ༷ན་འཕུལ་མེད་ཡིན། །གཟ༷བ་མཆོར་གཟ༷བ་རྒྱས་ག་གཟབ་དང༌། །གཏིང་ཟ༷བ་ཟ༷བ་བརླིང་སྔོན་འཇུག་མེད། །ཆང་གིས་བཟི༷་བར་བ་བཟི་དང༌། །གཟི༷་བརྗིད་མིག་གཟི༷ར་ག་གཟི་ཡིན། །གཅན་གཟན་གཟི༷ག་ལ་ཡང་འཇུག་མེད། །སྤྱན་གྱིས་གཟི༷གས་པར་ཡང་འཇུག་ཡོད། །སྐྲ་སོགས་ཟི༷ང་བར་སྔོན་འཇུག་མེད། །གྲུ་གཟི༷ངས་གཟིངས་ལ་སྔོན་འཇུག་ག །གཟི༷མ་ཁང་གཟི༷མ་ཤག་ག་གཟིམ་དང༌། །ཆར་ཟིམ་རླུང་ཟི༷མ་འཕུལ་མེད་ཡིན། །གཟུ༷གས་བརྙན་གཟུ༷གས་དབྱིབས་སྔོན་འཇུག་ག །ན་ཟུ༷ག་ཟུག་ལ་སྔོན་འཇུག་མེད། །ཐབས་ཤེས་ཟུ༷ང་འབྲེལ་ཡང་འཇུག་མེད། །ལུས་ཀྱི་ཟུ༷ངས་ཁྲག་ཡང་འཇུག་ཡོད། །མེ་ཏོག་ཟེ༷་འབྲུར་ཟེ་རྐྱང་ངོ༌། །ཉི་མའི་འོད་ཟེ༷ར་འཕུལ་མེད་དང༌། །ལྕགས་གཟེ༷ར་ཟུག་གཟེ༷ར་སྔོན་འཇུག་ག །གཟེ༷ངས་སུ་ཐོན་པར་ག་གཟེངས་སོ། །བཟོ༷་ལས་བཟོ༷་པར་བ་བཟོ་དང༌། །དྲིན་དུ་གཟོ༷་བར་ག་གཟོ་ཡིན། །ཤིང་བཟོ༷འི་གཟོང་ནི་ག་འཕུལ་དང༌། །ནོར་གྱི་ཟོ༷ང་ནི་འཕུལ་མེད་ཡིན། །བཟོ༷ད་སྒོམ་བཟོ༷ད་བསྲན་བ་བཟོད་དང༌། །ད་གཟོ༷ད་གཟོད་ནི་ག་གཟོད་ཡིན། །
    འོ༷ད་ཟེར་འོ༷ད་མདངས་རྗེས་འཇུག་ད། །འོ༷ས་འགན་འོ༷ས་བབ་རྗེས་འཇུག་ས། །ཡིད་དུ་འོ༷ང་བར་ཡང་འཇུག་མེད། །མ་འོ༷ངས་འོངས་ལ་ཡང་འཇུག་ཡོད། །
    ཁུར་པོ་ཡ༷ང་པོར་ཡང་འཇུག་མེད། །གུ་ཡ༷ངས་ཡངས་ལ་ཡང་འཇུག་ཡོད། །ཡ༷མ་མེ་ཡོ༷མ་མེར་ཡང་འཇུག་མེད། །ནད་ཡ༷མས་སོགས་ལ་ཡང་འཇུག་ཡོད། །ཡི༷་གེ་ཡི༷་རངས་ཡི༷་རྐྱང་དང༌། །བོད་ཡི༷ག་རྒྱ་ཡི༷ག་རྗེས་འཇུག་ག །ཡོ༷ང་འབབ་ཡོ༷ང་རྐྱེན་ཡང་འཇུག་མེད། །ཡོ༷ངས་རྫོགས་ཡོ༷ངས་ཁྱབ་ཡང་འཇུག་ཡོད། །ཡོ༷ད་མེད་ཡོད་ལ་རྗེས་འཇུག་ད། །གྲོ་ཡོ༷ས་ནས་ཡོ༷ས་རྗེས་འཇུག་ས། །
    ར༷་ལུག་ར༷་སྤྲོད་ར་རྐྱང་དང༌། །ཕྱུགས་ཀྱི་རྭ༷ཅོར་ཝ་ཟུར་ཡོད། །ཟངས་སེར་ར༷ག་ལ་ཡང་འཇུག་མེད། །ཆུ་ར༷གས་རགས་ལ་ཡང་འཇུག་ཡོད། །རི༷ག་གནས་རི༷ག་གཞུང་ཡང་འཇུག་མེད། །མི་རི༷གས་ལས་རི༷གས་ཡང་འཇུག་ཡོད། །གོ་རི༷མ་རིམ་ལ་ཡང་འཇུག་མེད། །ནད་རིམ༷ས་རིམས་ལ་ཡང་འཇུག་ཡོད། །
    ལ༷་ཀླུང་ལ༷་རྒྱར་ལ་རྐྱང་དང༌། །གྱོན་གོས་ལྭ༷་བར་ཝ་ཟུར་ཡོད། །རྗེས་ཟློས་ལ༷ད་མོར་རྗེས་འཇུག་ད། །བྱ་བ་ལ༷ས་པར་རྗེས་འཇུག་ས། །ར་ལུ༷ག་ལུག་ལ་ཡང་འཇུག་མེད། །ལུག༷ས་སྲོལ་ལུགས་ལ་ཡང་འཇུག་ཡོད། །ཁ་ལུ༷ད་སྣ་ལུ༷ད་ཞིང་ཁའི་ལུ༷ད། །ཐུག་པ་ལུ༷ད་པར་རྗེས་འཇུག་ད། །གཟུགས་པོའི་ལུ༷ས་དང་རྗེས་སུ་ལུ༷ས། །རྗེས་འཇུག་ས་ཡིན་བློ་རུ་ངེས། །ལོ༷ག་ལྟ་ལོ༷ག་སྤྱོད་ཡང་འཇུག་མེད། །ལོ༷གས་སྐད་ལོ༷གས་བཞག་ཡང་འཇུག་ཡོད། །ལོ༷ང་བའི་ལོང་ལ་ཡང་འཇུག་མེད། །ལོ༷ངས་སྤྱོད་ལོངས་ལ་ཡང་འཇུག་ཡོད། །
    ཚག་ཤ༷་ལུག་ཤ༷ར་ཤ་རྐྱང་དང༌། །ཤྭ༷་འོད་ཤྭ༷་བར་ཝ་ཟུར་ཡོད། །ཤིང་སོགས་གཤ༷གས་པར་ག་གཤ༷གས་དང༌། །འགྱོད་པ་བཤ༷གས་ནི་བ་བཤ༷གས་སོ། །ཡིག་ཤ༷ད་བལ་ཤ༷ད་རྗེས་འཇུག་ད། །ཆ་ཤ༷ས་འགའ་ཤ༷ས་རྗེས་འཇུག་ས། །སྒོ་ཡི་ཤ༷མ་བུར་སྔོན་འཇུག་མེད། །གཤ༷མ་འོག་གཤ༷མ་གསལ་ག་གཤམ་དང༌། །སྟོན་མོ་བཤ༷མས་པར་བ་བཤམས་ཡིན། །ལུས་པོའི་ཤི༷ག་ལ་སྔོན་འཇུག་མེད། །གྱང་སོགས་བཤི༷གས་པར་སྔོན་འཇུག་བ། །ཞིང་ས་གཤི༷ན་པོར་ག་གཤིན་ནོ། །དཔུང་པ་མཉམ་གཤི༷བས་ག་གཤིབས་ཡིན། །ཤིང་རིགས་ཤུ༷ག་པར་ཡང་འཇུག་མེད། །སྟོབས་ཤུ༷གས་སེམས་ཤུ༷གས་ཡང་འཇུག་ཡོད། །ཕྱུགས་ཀྱི་ཤ་ཤེ༷ད་རྗེས་འཇུག་ད། །ཤེ༷ས་བྱ་ཤེ༷ས་ཡོན་རྗེས་འཇུག་ས། །ཡུལ་གྱི་གཤེ༷ད་མར་ག་གཤེད་དང༌། །གཉེན་བཤེ༷ས་མཛའ་བཤེ༷ས་བ་བཤེས་ཡིན། །ཤོག་བུའི་ཤོ༷ག་ལ་སྔོན་འཇུག་མེད། །བྱ་ཡི་གཤོ༷ག་པར་སྔོན་འཇུག་ག །ཡག་ཤོ༷ས་སྡུག་ཤོ༷ས་རྗེས་འཇུག་ས། །སྟེང་ཤོ༷ད་ཤོད་ལ་རྗེས་འཇུག་ད། །གྲབས་གཤོ༷མ་ལྐོག་གཤོ༷མ་ག་གཤོམ་མོ། ། ཐོང་གཤོ༷ལ་ལྕགས་གཤོ༷ལ་ག་གཤོལ་དང༌། །གོམ་པ་ཕྱི་བཤོ༷ལ་བ་བཤོལ་ཡིན། །
    ས༷་བོན་ས༷་བཀྲ་ས་རྐྱང་དང༌། །སྲ༷་བརྟན་སྲ༷་མཁྲེགས་ར་བཏགས་ཡོད། །ས༷ང་ཉིན་སང་ལ་ཡང་འཇུག་མེད། །མུན་པ་ས༷ངས་ལ་ཡང་འཇུག་ཡོད། །ཡོ་བསྲ༷ང་བ་འཕུལ་ར་བཏགས་དང༌། །བྲེ་སྲང་སྲ༷ང་ལ་འཕུལ་མེད་ཡིན། །གཉིད་ས༷ད་ས༷ད་སེར་འཕུལ་མེད་དང༌། །ལུག་སོགས་བས༷ད་པར་བ་འཕུལ་ཡོད། ། ཁ་གས༷བ་གུན་གས༷བ་ག་གསབ་དང༌། །རྟ་ཡི་སྲ༷བ་དང་གདན་སྲ༷བ་པོ། །ས་ལ་ར་བཏགས་ཡོད་པར་ཤེས། །གས༷ལ་བསྒྲགས་གསལ་ནི་ག་གསལ་དང༌། །དམིགས་བས༷ལ་བསལ་ནི་བ་བསལ་ཡིན། །སྲི༷ན་བལ་འབུ་སྲི༷ན་རྗེས་འཇུག་ན། །སྤུན་མཆེད་སྲི༷ང་མོར་རྗེས་འཇུག་ང༌། །ལྷགས་བསི༷ལ་བསི༷ལ་གྲིབ་བ་བསིལ་དང༌།། སི༷ལ་མ་སི༷ལ་ཚོང་སྔོན་འཇུག་མེད། །སུ༷་ཞིག་སུ༷་འདྲར་འཕུལ་མེད་དང༌། །དགའ་བསུ༷་ཕེབས་བསུར་བ་འཕུལ་ཡོད། །རུལ་སུ༷ངས་སུངས་ནི་ས་སུངས་དང༌། །སྒོ་སྲུང་ཉེན་སྲུ༷ང་སྲུ༷ང་སྐྱོབ་སོགས། །ས་ལ་ར་བཏགས་ཡོད་པར་ཤེས། །བཀའ་མོལ་གསུ༷ང་ནི་ག་གསུང་དང༌། །དྲི་བསུ༷ང་བསུང་ནི་བ་བསུང་ཡིན། ། ཡི་གེ་བསུ༷བ་པར་བ་བསུབ་དང༌། །སེར་ཁའི་སྲུ༷བས་དང་ཇ་སྲུ༷བས་མར། །ས་ལ་ར་བཏགས་ཡོད་པར་ཤེས། །གྲངས་ཀྱི་གསུ༷མ་ནི་ག་གསུམ་དང༌། །སུ༷མ་ཅུ་སུ༷མ་བརྒྱར་སྔོན་འཇུག་མེད། །རི་དྭགས་སེ༷ང་གེར་སྔོན་འཇུག་མེད། །གུང་གསེ༷ང་བར་གསེ༷ང་སྔོན་འཇུག་ག །གྲོང་གསེ༷བ་ནགས་གསེ༷བ་ག་གསེབ་བོ། །ཁ་དོག་སེ༷ར་དང་སེ༷ར་སྣ་ཆེ། །སེ༷ར་བ་བབ་པ་ས་རྐྱང་ཡིན། །རིན་ཆེན་གསེ༷ར་དང་སྨན་གསེ༷ར་ཏིག །ག་ཡི་འཕུལ་བར་ཤེས་པར་བྱ། །ཆ་གསེ༷ས་ནང་གསེ༷ས་ག་གསེས་དང༌། །བལ་སོགས་བསེ༷ད་པ་བ་བསེད་ཡིན། ། སོ༷་དང་སོ༷་ནམ་ས་རྐྱང་དང༌། །གསོ༷་སྐྱོང་སེམས་གསོ༷ར་ག་འཕུལ་ཡོད། །ལག་པའི་སོ༷ག་པ་སོ༷ག་ལེ་དང༌། །སོ༷ག་རིགས་ལ་སོགས་ཡང་འཇུག་མེད། །མང་ཚིག་སོ༷གས་ལ་ཡང་འཇུག་ཡོད། །བླ་སྲོ༷ག་ཚེ་སྲོ༷ག་ལུས་སྲོ༷ག་སོགས། །ས་ལ་ར་བཏགས་ཡོད་པར་ཤེས། །ནར་སོ༷ན་མཐར་སོ༷ན་འཕུལ་མེད་དང༌། །འཆི་གསོ༷ན་གསོན་ལ་ག་འཕུལ་ཡོད། །ཐེ་ཚོམ་སོ༷མ་ཉིར་སྔོན་འཇུག་མེད། །ཤིང་རིགས་གསོ༷མ་ལ་སྔོན་འཇུག་ག ། ཤིང་སོ༷ལ་རྡོ་སོ༷ལ་སྔོན་འཇུག་མེད། །གསོ༷ལ་རས་གསོལ་སྟོན་སྔོན་འཇུག་ག །
    ཧ༷་ཅང་ཧ་ནི་ཧ་རྐྱང་དང༌། །ཧྭ༷་ཤང་ཧྭ་ལ་ཝ་ཟུར་ཡོད། །ཡི་གེ་ཧྲ༷ལ་ཧྲ༷ལ་རྩབ་ཧྲ༷ལ་སོགས། །ཧ་ལ་ར་བཏགས་ཡོད་པར་ཤེས། །ལྕགས་ཧྲེ༷ང་མི་ཧྲེ༷ང་ཡང་འཇུག་མེད། །ཀོ་བ་ཧྲེ༷ངས་པར་ཡང་འཇུག་ཡོད། ། ལྷ༷ག་པ་ལྷ༷ག་མར་ཡང་འཇུག་མེད། །རླུང་པོའི་ལྷ༷གས་པར་ཡང་འཇུག་ཡོད། །འདྲེས་ལྷ༷ད་ལྷད་ལ་རྗེས་འཇུག་ད། །ལྷ༷ས་མའི་ལྷས་ལ་རྗེས་འཇུག་ས། །
    ཉོན་ཨ༷ང་གསོན་ཨ༷ང་བྲིས་ཨ༷ང་སོགས། །རྗེས་འཇུག་ཡོད་པ་ཤེས་པར་གྱིས། །
    སྒྲ་མཚུངས་གོ་སླའི་དག་ཡིག་འདི། །བློ་གསར་རྣམས་ཀྱི་ཆེད་དུ་བསྒྲིགས། །
མཆན།    སློབ་ཆུང་དག་ཡིག་འདི་ནི། བོད་ལྗོངས་སློབ་གསོ་ཐིང་སློབ་གཞི་རྩོམ་སྒྱུར་ཁང་ནས་བརྩམས་ཤིང༌། ཕྱི་ལོ་༡༩༨༧ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་དེའི་ཕྱི་ལོ་༡༩༩༤ ལོའི་དཔར་ཐེངས་དྲུག་པ་ལས་བདམས་བཀོད་ཞུས་པ་ཡིན།

མདུན་ཤོག

Menu